དྭགས་པོ་ཐར་རྒྱན།/16

From Wikisource
Jump to navigation Jump to search
དྭགས་པོ་ཐར་རྒྱན། by སྒམ་པོ་པ་བསོད་ནམས་རིན་ཆེན།
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ།
English title: The Jewel Ornament of Liberation: Chapter 16 — .

Author: Gampopa Sonam Rinchen (sgam po pa bsod nam rin chen) 1079-1153

༈བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ།

སྡོམ་ནི།

སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །
ངོ་བོ་དང་ནི་དབྱེ་བ་དང་། །
ཕྱེ་བ་སོ་སོའི་མཚན་ཉིད་དང་། །
སྤེལ་དང་དག་པར་བྱ་བ་དང་། །
འབྲས་བུ་དང་ནི་དོན་བདུན་གྱིས། །
བསམ་གཏན་ཕ་རོལ་ཕྱིན་བསྡུས་སོ། །

ཞེས་པའོ། །དེ་ལ་དང་པོ་བཤད་ན། གང་ཞིག་སྦྱིན་པ་ལ་སོགས་པ་དང་ལྡན་ཡང་། བསམ་གཏན་དང་མི་ལྡན་ན། དེ་རྣམ་པར་གཡེང་བའི་དབང་དུ་གྱུར་ནས་སེམས་ཉོན་མོངས་པའི་མཆེ་བས་རྨས་པར་འགྱུར་རོ། །དེ་ལྟར་ཡང་སྤྱོད་འཇུག་ལས། སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་གསུངས་སོ། །

ཡང་བསམ་གཏན་དང་མི་ལྡན་ན་མངོན་ཤེས་མི་སྐྱེ་ལ། མངོན་ཤེས་མ་སྐྱེས་ན་སེམས་ཅན་གྱི་དོན་མི་ནུས་སོ། །དེ་ལྟར་ཡང་བྱང་ཆུབ་ལམ་སྒྲོན་ལས། ཞི་གནས་གྲུབ་པ་མ་ཡིན་པས། །མངོན་ཤེས་འབྱུང་བ་མ་ཡིན་ལ། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །སེམས་ཅན་དོན་བྱེད་ནུས་པ་མིན། །ཞེས་གསུངས་སོ། །

ཡང་བསམ་གཏན་དང་མི་ལྡན་ན། ཤེས་རབ་མི་སྐྱེ་ལ། ཤེས་རབ་མ་སྐྱེས་ན་བྱང་ཆུབ་མི་ཐོབ་བོ། །དེ་ལྟར་ཡང་བཤེས་སྤྲིང་ལས། བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །ཅེས་གསུངས་སོ། །

དེ་ལས་ལྡོག་སྟེ་བསམ་གཏན་དང་ལྡན་ན་དངོས་པོ་དམན་པ་ལ་ཞེན་པ་འདོར། མངོན་པར་ཤེས་པ་འབྱུང་། ཏིང་ངེ་འཛིན་གྱི་སྒོ་མང་པོ་རྒྱུད་ལ་སྐྱེ་བའོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིགས་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་འགྲུབ། །ཅེས་གསུངས་སོ། །

ཡང་བསམ་གཏན་དང་ལྡན་ན་དེས་ཤེས་རབ་བསྐྱེད་ནས་རང་གི་ཉོན་མོངས་པ་ཐམས་ཅད་འཇོམས་པ་ཡིན་ནོ། །དེ་ལྟར་སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཞེས་གསུངས་སོ། །

ཡང་བསམ་གཏན་དང་ལྡན་ན་ཡང་དག་པའི་དོན་མཐོང་ཞིང་སེམས་ཅན་ལ་སྙིང་རྗེ་སྐྱེའོ། །དེ་ལྟར་ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཡིད་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བས། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོར་འཇུག་གོ། ཞེས་གསུངས་སོ། །

ཡང་བསམ་གཏན་དང་ལྡན་ན། གདུལ་བྱ་ཐམས་ཅད་བྱང་ཆུབ་ལ་འགོད་ནུས་པ་ཡིན་ནོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བསམ་གཏན་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད། །ཅེས་གསུངས་སོ། །

བསམ་གཏན་གྱི་ངོ་བོ་ནི། ཞི་གནས་ཀྱི་རང་བཞིན་སེམས་ནང་དུ་དགེ་བ་ལ་རྩེ་གཅིག་ཏུ་གནས་པའོ། །དེ་ལྟར་ཡང་བྱང་སའི་བསམ་གཏན་གྱི་ངོ་བོ་ཉིད་བསྟན་པའི་སྐབས་ནས། སེམས་རྩེ་གཅིག་པ་དགེ་བ་ལ་སེམས་གནས་པ། ཞེས་གསུངས་སོ། །

དེ་ལྟ་བུའི་བསམ་གཏན་དེ་ཡང་མི་མཐུན་པའི་ཕྱོགས་རྣམ་པར་གཡེང་བ་སྤངས་པ་ལས་ཐོབ་པ་ཡིན་པས། དང་པོ་རྣམ་པར་གཡེང་བ་སྤང་བར་བྱའོ། ། དེ་ཡང་རྣམ་པར་གཡེང་བ་སྤང་བ་ནི་དབེན་པ་སྟེ། ལུས་འདུ་འཛི་ལས་དབེན་པ་དང་། སེམས་རྣམ་པར་རྟོག་པ་ལས་དབེན་པར་བྱའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་འབྱུང་སྟེ། །ཞེས་གསུངས་སོ། །

དེ་ལ་དང་པོ་ལུས་འདུ་འཛི་ལས་རྣམ་པར་དབེན་པར་བྱ་བ་དོན་དྲུག་གིས་ཤེས་པར་བྱ་སྟེ། འདུ་འཛིའི་མཚན་ཉིད་དང་། འདུ་འཛིའི་རྒྱུ་དང་། འདུ་འཛིའི་ཉེས་པ་དང་། དབེན་པའི་མཚན་ཉིད་དང་། དབེན་པའི་རྒྱུ་དང་། དབེན་པའི་ཡོན་ཏན་ནོ། །

དེ་ལ་འདུ་འཛིའི་མཚན་ཉིད་ནི། བདག་བུ་དང་ཆུང་མ་དང་འཁོར་དང་ལོངས་སྤྱོད་དང་ལྷན་ཅིག་ཏུ་གཡེངས་པའོ། །

འདུ་འཛིའི་རྒྱུ་ནི། ཆགས་པ་སྟེ་བུ་སྨད་དང་གཡོག་འཁོར་ལ་སོགས་པ་སེམས་ཅན་ལ་ཆགས་པ་དང་། ཟས་ནོར་ལ་སོགས་པ་རྙེད་པ་ལ་ཆགས་པ་དང་། བསྟོད་པ་ལ་སོགས་པ་སྙན་གྲགས་ལ་ཆགས་པས་འདུ་འཛི་མི་སྤོང་བ་ཡིན་ནོ། །དེ་ལྟར་ཡང་། ཆགས་པའི་ཕྱིར་དང་རྙེད་སོགས་ལ། སྲེད་པས་འཇིག་རྟེན་མི་སྤོངས་ཏེ། །ཞེས་གསུངས་སོ། །

འདུ་འཛིའི་ཉེས་པ་ནི། སྤྱི་དང་བྱེ་བྲག་གཉིས་སུ་ཤེས་པར་བྱའོ། །དེ་ལ་སྤྱིའི་དབང་དུ་བྱས་ན། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། བྱམས་པ་འདུ་འཛིའི་ཉེས་དམིགས་ཉི་ཤུ་པོ་འདི་དག་ཡིན་ཏེ། ཉི་ཤུ་གང་ཞེ་ན། ལུས་ཀྱིས་མ་བསྡམས་པ་ཡིན། ངག་གིས་མ་བསྡམས་པ་ཡིན། ཡིད་ཀྱིས་མ་བསྡམས་པ་ཡིན། ཉོན་མོངས་པ་ཆེ་བ་ཡིན། འཇིག་རྟེན་པའི་གཏམ་གྱིས་ཀྱང་གོས་པ་ཡིན། བདུད་ཀྱིས་གླགས་རྙེད་པ་ཡིན། བག་མེད་པ་ལ་བརྟེན་པ་ཡིན། །ཞི་གནས་དང་ལྷག་མཐོང་མི་ཐོབ་པ་ཡིན། །ཞེས་པ་ལ་སོགས་པ་གསུངས་སོ། །

བྱེ་བྲག་གི་དབང་དུ་བྱས་ན་སེམས་ཅན་ལ་ཆགས་པའི་ཉེས་པས་ནི་བྱང་ཆུབ་མི་ཐོབ་བོ། །དེ་ལྟར་ཡང་། ཟླ་བ་སྒྲོན་མེའི་མདོ་ལས། འདོད་པ་དག་ནི་རབ་ཏུ་བསྟེན་བྱེད་ཅིང་། བུ་དང་ཆུང་མ་དག་ལ་སྲེད་བསྐྱེད་ནས། སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་དེས། །ནམ་ཡང་བླ་མེད་བྱང་ཆུབ་མཆོག་མི་ཐོབ། །ཅེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། སེམས་ཅན་ཉིད་ལ་ཆགས་བྱས་ན། །ཡང་དག་ཉིད་ལ་ཀུན་ནས་བསྒྲིབས། །ཞེས་གསུངས་སོ། །

དེས་ན་དེ་ལ་ཆགས་པ་སྤང་བར་བྱ་སྟེ། ཇི་སྐད་དུ། དེས་ཀྱང་བདག་དོན་མི་བྱེད་ལ། བདག་ཀྱང་དེ་དོན་མི་འགྱུར་བས། །བྱིས་ལས་ཐག་རིང་བྱོལ་བར་བྱ། །ཞེས་གསུངས་སོ། །

དེ་དག་སྤངས་པའི་ཕན་ཡོན་ཡང་། ཟླ་བ་སྒྲོན་མེའི་མདོ་ལས། བུ་དང་ཆུང་མ་དག་ལ་སྲེད་སྤངས་ནས། །ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ལས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་ནི་རྙེད་མི་དཀའ། །ཞེས་གསུངས་སོ། །

རྙེད་པ་དང་གྲགས་པ་ལ་ཆགས་པའི་ཉེས་པ་ཡང་གཉིས་ཏེ། རྙེད་གྲགས་དེ་གཏན་དུ་གཟུང་བར་མི་ནུས་པ་དང་། དེ་དག་གིས་སྡུག་བསྔལ་བསྐྱེད་པའོ། །དང་པོ་ནི། སྤྱོད་འཇུག་ལས། རྙེད་དང་གྲགས་པའི་ཚོགས་བཅས་ཏེ། །གང་དུ་འགྲོ་བའི་གཏོལ་མེད་དོ། །ཞེས་གསུངས་སོ། །གཉིས་པ་ཡང་དེ་ཉིད་ལས། གང་དང་གང་ལ་ཆགས་གྱུར་པ། དེ་དང་དེ་བསྡོངས་སྟོང་འགྱུར་དུ། །སྡུག་བསྔལ་ཉིད་དུ་འགྱུར་ཞིང་ལྡང་། །ཞེས་གསུངས་སོ། །

དབེན་པའི་མཚན་ཉིད་ནི། འདུ་འཛི་དེ་དག་དང་བྲལ་བའོ། །
དབེན་པའི་རྒྱུ་ནི། གཅིག་པུར་དགོན་པར་གནས་པའོ། །


དེ་ལ་དགོན་པ་ཞེས་བྱ་བ་ནི། དུར་ཁྲོད་དམ་ནགས་གསེབ་བམ་བྱ་སྐྱིབས་སམ་ཐང་ལ་སོགས་པ་གང་ཡིན་ནའང་ཡིན་ཏེ། གཞུ་འདོམ་ལྔ་བརྒྱ་སྲིད་དུ་ཡོད་པ་དེ་ལ་རྒྱང་གྲགས་བྱ་བ་ཡིན་ལ་གྲོང་ལས་རྒྱང་གྲགས་གཅིག་ཕན་ཆད་འདས་པ་དེ་ལ་དགོན་པ་བྱ་བ་ཡིན་ནོ། །ཆོས་མངོན་པ་མཛོད་ལས་ཀྱང་། གཞུ་འདོམ་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །ཅེས་གསུངས་སོ། །

དབེན་པའི་ཡོན་ཏན་ནི། བྱང་ཆུབ་དང་སེམས་ཅན་གྱི་ཆེད་དུ། འདུ་འཛི་ལས་བྲོས་ཏེ་དགོན་པ་བརྟེན་ན་ཡོན་ཏན་མང་སྟེ། སངས་རྒྱས་རྣམས་ལ་བསྙེན་བཀུར་གྱི་མཆོག་ཏུ་འགྱུར་བ་དང་། འཁོར་བ་ལ་ཡིད་དབྱུང་བར་འགྱུར་བ་དང་། འཇིག་རྟེན་གྱི་ཆོས་བརྒྱད་དང་བྲལ་བར་འགྱུར་བ་དང་། ཉོན་མོངས་པ་མི་འཕེལ་བ་དང་། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའོ། །

དེ་ལ་དང་པོ་བཤད་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཟས་སྐོམ་དང་། མེ་ཏོག་ལ་སོགས་པའི་མཆོད་པ་སྣ་ཚོགས་ཕུལ་བ་བས། བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་གྱི་དོན་དུ་དགོན་པར་བསྡད་པའི་བསམ་པས། དགོན་པའི་ཕྱོགས་སུ་གོམ་པ་བདུན་བོར་བ་ཙམ་ལ་མཉེས་པ་ཡིན་ནོ། །ཟླ་བ་སྒྲོན་མེའི་མདོ་ལས་ཀྱང་། ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། །ཁྱུ་མཆོག་རྒྱལ་ལ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་པས་ཡིད་འབྱུང་སེམས་ཅན་གྱི། །དོན་དུ་དགོན་པར་གནས་ཏེ་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་སོ། །

འཁོར་བ་ལས་ཡིད་དབྱུང་བ་དང་། ཆོས་བརྒྱད་དང་བྲལ་བ་དང་། ཉོན་མོངས་པ་མི་འཕེལ་བ་ཡང་མདོ་སྡེ་དེ་ཉིད་ལས། །དེ་བཞིན་འདུས་བྱས་རྟག་ཏུ་ཡིད་དབྱུང་འགྱུར། །དེ་ནི་འཇིག་རྟེན་ཅི་ལའང་འདོད་པ་མེད། །ཟག་པ་རྣམས་ནི་རྣམ་པར་འཕེལ་མི་འགྱུར། །ཞེས་གསུངས་སོ། །

དགོས་པ་རྣམས་ཀྱི་གཙོ་བོ་ཏིང་ངེ་འཛིན་མྱུར་དུ་སྐྱེ་བ་ཡང་། མདོ་སྡེ་དེ་ཉིད་ལས། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤོངས་ལ། །རྟག་ཏུ་དབེན་ཞིང་ནགས་ཁྲོད་བསྟེན་པར་གྱིས། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར། །ཞེས་གསུངས་སོ། །ལུས་འདུ་འཛི་ལས་དབེན་པ་བཤད་ཟིན་ཏོ། ། སེམས་རྣམ་པར་རྟོག་པ་ལས་དབེན་པར་བྱ་བ་ནི། དགོན་པར་བསྡད་ལ། བདག་དགོན་པར་འོང་བ་འདི་ཅིའི་ཕྱིར་འོངས་སྙམ་དུ་བསམ་པར་བྱའོ། །དེ་ལ་བདག་དགོན་པར་འོངས་པ་འདི་གྲོང་དང་གྲོང་ཁྱེར་ལ་སོགས་པ་གཡེང་བའི་ས་ཕྱོགས་ནས་འཇིགས་ཤིང་སྐྲག་ནས་བྲོས་ཏེ། དགོན་པར་འོངས་པ་ཡིན་ནོ། །

དེ་ཡང་ཅིས་འཇིགས་ན། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། འདུ་འཛིས་འཇིགས་ཤིང་སྐྲག་གོ། རྙེད་པ་དང་བཀུར་སྟིས་འཇིགས་ཤིང་སྐྲག་གོ། སྡིག་པའི་གྲོགས་པོས་འཇིགས་ཤིང་སྐྲག་གོ། མི་དགེ་བའི་བཤེས་གཉེན་གྱིས་འཇིགས་ཤིང་སྐྲག་གོ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱིས་འཇིགས་ཤིང་སྐྲག་གོ། ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ། དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་གསུམ་གྱིས་འཇིགས་ཤིང་སྐྲག་གོ། བདག་དེ་ལྟ་བུས་འཇིགས་ཤིང་སྐྲག་ནས་དགོན་པར་འོངས་སོ། །ཞེས་གསུངས་སོ། །དེ་ལྟར་འཇིགས་ཤིང་སྐྲག་ནས། ད་ལྟ་བདག་དགོན་པ་ན་ལུས་ངག་ཡིད་གསུམ་ཅི་བྱེད་ཅིང་འདུག་སྙམ་དུ་བརྟག་པར་བྱའོ། །

དེ་ལ་བདག་དགོན་པ་ན་ལུས་ཀྱིས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་བྱེད་ཅིང་འདུག་ན། འོ་ན་བདག་གཅན་ཟན་དང་། རྔོན་པ་དང་། ཆོམ་རྐུན་དང་ཡང་ཁྱད་མེད་ན། དེས་འདོད་པའི་དོན་ཅང་འགྲུབ་བམ་སྙམ་དུ་བསམས་ལ་དེ་ལས་ལྡོག་པར་བྱའོ། །

ངག་ལ་བརྟགས་ལ་བདག་དགོན་པ་ན་ངག་འཁྱལ་དང་། ཕྲ་མ་དང་ངན་སྨྲས་ལ་སོགས་པ་སྨྲ་ཞིང་འདུག་ན། འོ་ན་བདག་རྨ་བྱ་དང་ནེ་ཙོ་དང་འཇོལ་མོ་དང་ཅོ་ག་ལ་སོགས་པ་དང་ཡང་ཁྱད་མེད་ན། དེས་འདོད་པའི་དོན་ཅང་འགྲུབ་བམ་སྙམ་དུ་བསམས་ལ་དེ་ལས་བཟློག་པར་བྱའོ། །

སེམས་ལ་བརྟགས་ལ་བདག་དགོན་པ་ན་འདོད་ཆགས་དང་། ཞེ་སྡང་དང་ཕྲག་དོག་ལ་སོགས་པ་སེམས་ཤིང་འདུག་ན། འོ་ན་བདག་རི་དྭགས་དང་། སྦྲ་དང་སྤྲེའུ་དང་དོམ་དང་དྲེད་ལ་སོགས་པ་དང་ཁྱད་མེད་ན། དེས་འདོད་པའི་དོན་ཅང་འགྲུབ་བམ་སྙམ་དུ་བསམས་ལ་དེ་ལས་བཟློག་པར་བྱའོ། །སེམས་རྣམ་པར་རྟོག་པ་ལས་དབེན་པར་བྱ་བ་བཤད་ཟིན་ཏོ། །

དེ་ལྟར་ལུས་སེམས་གཉིས་དབེན་པས་རྣམ་པར་གཡེང་བ་མི་འབྱུང་ངོ་། །རྣམ་པར་གཡེང་བ་མེད་པས་བསམ་གཏན་ལ་འཇུག་པ་ཡིན་ནོ། །དེ་ནས་རང་གི་སེམས་སྦྱང་བར་བྱ་སྟེ། དེ་ཡང་རང་ཉོན་མོངས་པ་ཤས་གང་ཆེ་བརྟགས་ལ། དེའི་གཉེན་པོ་བསམ་པར་བྱའོ། །

དེ་ཡང་འདོད་ཆགས་ཀྱི་གཉེན་པོ་ནི་མི་སྡུག་པ་བསྒོམ་པའོ། །ཞེ་སྡང་གི་གཉེན་པོ་ནི་བྱམས་པ་བསྒོམ་པའོ། །གཏི་མུག་གི་གཉེན་པོ་ནི་རྟེན་འབྲེལ་བསྒོམ་པའོ། །ཕྲག་དོག་གི་གཉེན་པོ་ནི་བདག་གཞན་མཉམ་པ་བསྒོམ་པའོ། །ང་རྒྱལ་གྱི་གཉེན་པོ་ནི་བདག་གཞན་རྗེ་བ་བསྒོམ་པའོ། །ཉོན་མོངས་པ་ཆ་མཉམ་དུ་རགས་པའམ་རྣམ་རྟོག་མང་ན། རླུང་བསྒོམ་པའོ། །

དེ་ལ་རང་འདོད་ཆགས་ཆེ་ན་མི་སྡུག་པ་བསྒོམ་ན་འདི་ལྟར་བྱ་སྟེ། དང་པོ་རང་གི་ལུས་འདི་ཤ་དང་ཁྲག་དང་། པགས་པ་དང་། རུས་པ་དང་། རྐང་དང་། ཆུ་སེར་དང་། མཁྲིས་པ་དང་།

བད་ཀན་དང་། སྣབས་དང་། མཆིལ་མ་དང་། ཕྱི་ས་ལ་སོགས་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་ཡིན་སྙམ་དུ་བསམ། དེ་ནས་དུར་ཁྲོད་དུ་སོང་སྟེ། རོ་དུར་ཁྲོད་དུ་བསྐྱལ་བ་ཤི་ནས་ཞག་གཅིག་ལོན་པ། དེ་བཞིན་དུ་ཤི་ནས་གཉིས་དང་། གསུམ་དང་། བཞི་དང་། ལྔ་ལོན་པ། རྣམ་པར་བམ་པ་དང་། རྣམ་པར་སྔོ་བ་དང་། རྣམ་པར་གནགས་པ་དང་། རྣམ་པར་འབུས་གཞིགས་བའི་རོ་མཐོང་ན། བདག་གི་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན། དེ་ལྟ་བུའི་ཆོས་ཅན། ཆོས་ཉིད་དེ་ལས་མ་འདས་པ་ཡིན་སྙམ་དུ་སྦྱར་རོ། །

ཡང་ཤི་བའི་རོ་དུར་ཁྲོད་དུ་བསྐྱལ་བ་ཀེང་རུས་ལ་ཤ་ར་རི་ཆགས་པ་དང་། རྒྱུས་པའི་དྲ་བ་བྲང་བྲེང་དུ་འདུག་པ་དང་། ཀེང་རུས་དུམ་བུ་དུམ་བུར་གྱེས་པ་དང་། ཤི་ནས་ལོ་དུ་མ་ལོན་པ་རུས་པ་དུང་གི་མདོག་ལྟ་བུར་གྱུར་པ་དང་། ཐལ་བའི་མདོག་ལྟར་གྱུར་པ་མཐོང་ན་ཡང་། བདག་གི་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན། དེ་ལྟ་བུའི་ཆོས་ཅན་ཆོས་ཉིད་དེ་ལས་མ་འདས་པ་ཡིན་སྙམ་དུ་སྦྱར་རོ། །

ཡང་རང་ཞེ་སྡང་ཤས་ཆེ་ན་དེའི་གཉེན་པོར་བྱམས་པ་བསྒོམ་པ་ལ། སྤྱིར་བྱམས་པ་གོང་དུ་བཤད་པ་ལྟར་གསུམ་ཡོད་པ་ལས། འདིར་ནི་སེམས་ཅན་ལ་དམིགས་པའི་བྱམས་པ་སྟེ། གང་ཐོག་མར་སྙིང་དུ་སྡུག་པའི་སེམས་ཅན་ལ་ཕན་པ་དང་བདེ་བ་བསྒྲུབ་པ་བསམ་པར་བྱེད་ཅིང་། དེ་དང་མཐུན་པའི་བྱམས་པ་དེ་ཉེ་བར་བསྒྲུབ་པའོ། །དེའི་འོག་ཏུ་འདྲིས་པ་རྣམས་ལའོ། །

དེའི་འོག་ཏུ་ཐ་མལ་པ་རྣམས་ལའོ། །དེའི་འོག་ཏུ་ཉེ་འཁོར་བ་རྣམས་ལའོ། །དེའི་འོག་ཏུ་རང་གི་གྲོང་ན་གནས་པ་རྣམས་ལའོ། །དེ་ནས་ཤར་ལ་སོགས་པ་ཕྱོགས་བཅུར་ཡང་དེ་བཞིན་དུ་བསྒོམ་མོ། །

ཡང་རང་གཏི་མུག་ཤས་ཆེ་ན་དེའི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པ་ནི། སཱ་ལུ་ལྗང་པའི་མདོ་ལས། དགེ་སློང་གང་ཞིག་གིས་སཱ་ལུ་ལྗང་པ་འདི་ཤེས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་སོ། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་དེས་ཆོས་ཤེས་སོ། །གང་གིས་ཆོས་ཤེས་པ་དེས་སངས་རྒྱས་ཤེས་སོ། །ཞེས་གསུངས་སོ། །

དེ་ཡང་ལུགས་ནས་འབྱུང་བ་ལྟར་འཁོར་བའི་རྟེན་འབྲེལ་དང་། ལུགས་ལས་བཟློག་པ་མྱ་ངན་ལས་འདས་པའི་རྟེན་འབྲེལ་གཉིས་ཡོད་དོ། །དང་པོ་ལ་ཡང་གཉིས་ཏེ། ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ནང་རྟེན་ཅིང་འབྲེལ་བར་འབྱུང་བའོ། །འདི་ལ་ཡང་གཉིས་ཏེ། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་བཅས་པ་དང་། ནང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བའོ། །

དེ་ལ་དང་པོ་ནི། དགེ་སློང་དག་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །

དེ་ཡང་འདི་ནི་ཁམས་ཀྱི་དབང་དུ་བྱས་ན་འདོད་ཁམས་སུའོ། །སྐྱེ་གནས་ཀྱི་དབང་དུ་བྱས་ན་མངལ་སྐྱེས་ལའོ། ། དེ་ཡང་ཐོག་མ་ཁོ་ནར་ཤེས་བྱ་ལ་རྨོངས་པའི་མ་རིག་པ་ཞེས་བྱ་བ་གྲུབ་སྟེ། །དེས་ཀུན་ནས་བསླང་ནས་ཟག་བཅས་ཀྱི་ལས་དགེ་བའམ་མི་དགེ་བ་མི་མངོན་པར་འདུ་བྱེད་དེ། །དེ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱའོ། །ལས་དེའི་ས་བོན་བསྒོས་པའི་སེམས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །ལས་ཀྱི་སྟོབས་ཀྱིས་སེམས་ཕྱིན་ཅི་ལོག་ཏུ་བསྒྱུར་ནས། མའི་མངལ་དུ་ཉིང་མཚམས་སྦྱར་ནས་ནུར་ནུར་པོ་ལ་སོགས་པར་འགྱུར་ཏེ་དེ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ། །མིང་དང་གཟུགས་དེ་ཉིད་འཕེལ་བས་མིག་དང་རྣ་བ་ལ་སོགས་པའི་དབང་པོ་རྣམས་རྫོགས་པར་འགྱུར་ཏེ། དེ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ། །མིག་ལ་སོགས་པའི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་འདུས་ནས་ཡོངས་སུ་སྤྱད་པ་ནི། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ། །ཇི་ལྟར་རེག་པ་བྱུང་བ་དེ་ལྟར་བདེ་བའམ་སྡུག་བསྔལ་ལམ་བཏང་སྙོམས་སུ་མྱོང་བའི་ཚོར་བ་འབྱུང་སྟེ། དེ་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །ཚོར་བ་མྱོང་བ་ལ་དགའ་བ་དང་། ཞེན་པ་དང་། ལྷག་པར་ཞེན་པ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ། །དེ་ལྟར་ཞེན་པ་ལ་བྲལ་བར་མ་གྱུར་ཅིག་སྙམ་དུ་མི་གཏོང་བ་དང་ཕྱིར་ཞིང་དོན་དུ་གཉེར་བ་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ། །དེ་ལྟར་དོན་དུ་གཉེར་བ་ན། ཡང་སྲིད་པ་སྐྱེད་པའི་ལས་ལུས་དང་ངག་དང་ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ། །ལས་དེ་ལས་སྐྱེས་པའི་ཕུང་པོ་ལྔ་རྣམས་གྲུབ་པ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ། །སྐྱེས་ནས་མངོན་དུ་གྲུབ་པའི་ཕུང་པོ་འཕེལ་བ་དང་། སྨིན་པ་ནི་རྒས་པ་དང་། འཇིག་པ་ནི་འཆི་བ་ཡིན་ཏེ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ། །འཆི་བ་ནི་རྨོངས་པས་མངོན་པར་ཞེན་ཅིང་ཆགས་པ་དང་བཅས་པའི་ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ནོ། །མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་སོ། །རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པའི་མི་བདེ་བ་མྱོང་བ་ནི་སྡུག་བསྔལ་ལོ། །ཡིད་ལ་བྱེད་པ་དང་ལྡན་པའི་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ། །གཞན་ཡང་འདི་ལྟ་བུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུག་པ་ཞེས་བྱའོ། །

དེ་ཡང་དུམ་བུ་གསུམ་དུ་ཤེས་པར་བྱའོ། །མ་རིག་པ་དང་སྲེད་པ་དང་ལེན་པ་གསུམ་ནི་ཉོན་མོངས་པ་ཡིན་ནོ། །འདུ་བྱེད་དང་སྲིད་པ་གཉིས་ནི་ལས་ཡིན་ནོ། །རྣམ་པར་ཤེས་པ་ལ་སོགས་པ་བདུན་ནི་སྡུག་བསྔལ་ཡིན་ནོ། །དེ་ལྟར་ཡང་དབུ་མ་རྟེན་འབྱུང་ལས། ཡན་ལག་བྱེ་བྲག་བཅུ་གཉིས་གང་། །དུམ་བུ་གསུམ་དུ་ཤེས་པར་བྱ། །ཐུབ་པས་རྟེན་འབྱུང་གསུངས་དེ་དག། ཉོན་མོངས་ལས་དང་སྡུག་བསྔལ་དང་། །གསུམ་པོ་དག་ཏུ་ཟད་པར་འདུས། །དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཞེས་གསུངས་སོ། །

ཡང་དཔེར་ན་མ་རིག་པ་ནི་ས་བོན་འདེབས་མཁན་ལྟ་བུའོ། །ལས་ནི་ཞིང་ས་ལྟ་བུའོ། །རྣམ་པར་ཤེས་པ་ནི་ས་བོན་ལྟ་བུའོ། །སྲིད་པ་ནི་རླན་ལྟ་བུའོ། །མིང་དང་གཟུགས་ནི་མྱུ་གུ་ལྟ་བུའོ། །གཞན་ནི་ཡལ་ག་དང་ལོ་མ་ལ་སོགས་པ་ལྟ་བུའོ། །

གལ་ཏེ་མ་རིག་པ་མ་བྱུང་ན་འདུ་བྱེད་ཀྱང་མི་མངོན་ཞིང་། དེ་བཞིན་དུ་སྐྱེ་བ་མ་བྱུང་དུ་ཟིན་ན་རྒ་ཤིའི་བར་དུ་ཡང་མི་མངོན་པ་ཞིག་ན། འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་གྲུབ་པར་འགྱུར་བས་ན། སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་གྲུབ་པར་འགྱུར་རོ། །

དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད་རྣམས་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ། །འདུ་བྱེད་རྣམས་ནི་འདི་སྙམ་དུ་བདག་ཅག་ནི་མ་རིག་པས་མངོན་པར་བསྒྲུབས་སོ་སྙམ་དུ་ཡང་མི་སེམས་པ་ནས། དེ་བཞིན་དུ་སྐྱེ་བ་ཡང་འདི་སྙམ་དུ་བདག་གིས་རྒ་ཤི་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ། །རྒ་ཤི་ཡང་འདི་སྙམ་དུ་བདག་ནི་སྐྱེ་བས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པའི་བར་དུ་སྟེ། འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་གྲུབ་ཅིང་འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་སྐྱེ་བ་ཡོད་པས་རྒ་ཤིའི་བར་དུ་མངོན་པར་གྲུབ་ཅིང་འབྱུང་བར་འགྱུར་བ་ནས། དེ་བཞིན་དུ་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་གྲུབ་ཅིང་འབྱུང་བར་འགྱུར་ཏེ། དེ་ལྟར་ན་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་བཅས་པར་ལྟའོ། །

ཡང་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་ཡང་འབྲེལ་བ་ཡིན་ཏེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པ་སྟེ་ཁམས་དྲུག་ཏུ་འདུས་པའི་ཕྱིར་རོ། །དེ་ལ་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་སྒྲུབ་པར་བྱེད་པ་འདི་ནི་སའི་ཁམས་ཞེས་བྱའོ། །ལུས་སྡུད་པའི་བྱ་བ་བྱེད་པ་འདི་ནི་ཆུའི་ཁམས་ཞེས་བྱའོ། །ཟོས་པ་དང་འཐུངས་པ་ལ་སོགས་པ་འཇུ་བར་བྱེད་པ་འདི་ནི་མེའི་ཁམས་ཞེས་བྱའོ། །དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པ་འདི་ནི་རླུང་གི་ཁམས་ཞེས་བྱའོ། །ལུས་ཀྱི་ནང་སྲུབས་ཡོད་པ་འདི་ནི་ནམ་མཁའི་ཁམས་ཞེས་བྱའོ། །རྣམ་པར་ཤེས་པ་ལྔའི་ཚོགས་དང་། ཟག་བཅས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །རྐྱེན་འདི་དག་མེད་པར་ལུས་སྐྱེ་བར་མི་འགྱུར་གྱི་ནང་གི་ཁམས་དྲུག་ཚང་བར་གྱུར་པ་ཐམས་ཅད་འདུས་པ་དེ་ལས་ལུས་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་ཁམས་དྲུག་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་སྲ་བ་ལ་སོགས་པ་བསྒྲུབ་པོ་སྙམ་དུ་མི་སེམས་སོ་ལུས་ཀྱང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རྐྱེན་འདི་དག་ལས་ཡོངས་སུ་སྐྱེ་བར་འགྱུར་རོ། །

དེ་ཡང་རྟེན་འབྲེལ་བཅུ་གཉིས་པོ་འདི་ཚེ་དུ་ལ་རྫོགས་ཤེ་ན། འཕགས་པ་ས་བཅུ་པའི་མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནི་སྔོན་གྱི་མཐའ་ལ་ལྟོས་པའོ། །རྣམ་པར་ཤེས་པ་ནས་ཚོར་བའི་བར་ནི་ད་ལྟ་བྱུང་བ་ལ་ལྟོས་པའོ། །སྲེད་པ་དང་སྲིད་པའི་བར་ནི་ཕྱི་མ་ལ་ལྟོས་པ་སྟེ། དེ་ཕན་ཆད་ཀྱང་རབ་ཏུ་འབྱུང་ངོ་། །ཞེས་གསུངས་སོ། །

ལུགས་ལས་བཟློག་པ་མྱ་ངན་ལས་འདས་པའི་རྟེན་འབྲེལ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད་དུ་རྟོགས་པས་མ་རིག་པ་འགག་པར་འགྱུར་ལ། །དེ་འགགས་པས་རྒ་ཤིའི་བར་དུ་རིམ་གྱིས་འགག་སྟེ། ཇི་སྐད་དུ། དེ་ནས་མ་རིག་པ་འགགས་པས་འདུ་བྱེད་འགག། ཅེས་བྱ་བ་ནས། སྐྱེ་བ་འགག་པས། རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །ཞེས་གསུངས་སོ། །

རང་ཕྲག་དོག་ཤས་ཆེ་ན་དེའི་གཉེན་པོར་བདག་གཞན་མཉམ་པར་བསྒོམ་པ་ནི། བདག་བདེ་བ་འདོད་པ་བཞིན་དུ་སེམས་ཅན་གཞན་ཡང་བདེ་བ་འདོད་ལ། བདག་སྡུག་བསྔལ་མི་འདོད་པ་བཞིན་དུ་སེམས་ཅན་གཞན་ཡང་སྡུག་བསྔལ་མི་འདོད་པས་ན། བདག་དང་སེམས་ཅན་གཅེས་པ་མཉམ་པོར་བསྒོམ་མོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་བསྒོམ། །བདེ་དང་སྡུག་བསྔལ་མཉམ་པས་ན། །ཐམས་ཅད་བདག་བཞིན་བསྲུང་བར་བྱ། །ཞེས་གསུངས་སོ། །

རང་ང་རྒྱལ་ཤས་ཆེ་ན་དེའི་གཉེན་པོར་བདག་གཞན་རྗེ་བ་བསྒོམ་པ་ནི། བྱིས་པ་སེམས་ཅན་རྣམས་ཀྱིས་རང་ཁོ་ན་གཅེས་པར་བཟུང་ནས་རང་ཚིས་བྱས་པས་འཁོར་བ་ན་སྡུག་བསྔལ་ལ། སངས་རྒྱས་རྣམས་ཀྱིས་གཞན་གཅེས་པར་བཟུང་ནས་གཞན་དོན་ཁོ་ན་མཛད་པས་སངས་རྒྱས་ཐོབ་བོ། །དེ་ལྟར་ཡང་། བྱིས་པས་རང་དོན་བྱས་པ་དང་། །ཐུབ་པས་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས་སོ། །

དེས་ན་བདག་གཅེས་པར་འཛིན་པ་དེ་ནི་སྐྱོན་ཅན་དུ་ཤེས་པར་བྱས་ལ་བདག་འཛིན་དོར། གཞན་གཅེས་པར་འཛིན་པ་དེ་ཡོན་ཏན་དུ་ཤེས་པར་བྱས་ལ་གཞན་བདག་ཏུ་བྱའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བདག་ཉིད་སྐྱོན་ཅན་གཞན་དག་ལ། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་ཏུ་འཛིན་པ་དོར་བ་དང་། །གཞན་བླང་བ་ནི་བསྒོམ་པར་བྱ། །ཞེས་གསུངས་སོ། །

རང་ཉོན་མོངས་པ་ཆ་མཉམ་པའམ། རྣམ་པར་རྟོག་པ་ཤས་ཆེ་ན་རླུང་ལ་བསླབ་སྟེ། བགྲང་བ་དང་རྗེས་འགྲོ་ལ་སོགས་པ་དྲུག་བསྒོམ་མོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས། བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་པ་དང་ནི་བསྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་གསུངས་སོ། །

ཉོན་མོངས་པ་དེ་དག་སྤང་སྒྲུབ་སྒྱུར་གསུམ་མེད་པར་ཉམས་སུ་ལེན་པ་གསང་སྔགས་ཀྱི་ལུགས་སམ། མར་པ་ཡབ་སྲས་ཀྱི་ཕྱག་སྲོལ་དང་བཞེད་པ་ནི་ཞལ་ལས་ཤེས་པར་བྱ་ཞིང་། ལྷན་ཅིག་སྐྱེས་སྦྱོར་དང་དཔལ་ནཱ་རོ་པའི་ཆོས་དྲུག་རྣམས་ལས་ཤེས་པར་བྱའོ། །དེ་དག་ནི་སེམས་སྦྱོང་བའི་རིམ་པ་སྟེ་བསམ་གཏན་ལ་འཇུག་པར་བྱེད་པའོ། །

བསམ་གཏན་དངོས་ལ་དབྱེ་ན་གསུམ་སྟེ། མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་དང་། ཡོན་ཏན་སྒྲུབ་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནོ། །

དེ་ཡང་དང་པོ་ནི་རང་གི་རྒྱུད་སྣོད་དུ་རུང་བར་བྱེད་པའོ། །གཉིས་པ་ནི་རང་སྣོད་དུ་རུང་ནས་སངས་རྒྱས་ཀྱི་ཆོས་བསྒྲུབ་པའོ། །གསུམ་པ་ནི་སེམས་ཅན་གྱི་དོན་བྱེད་པའོ། །

དེ་དག་སོ་སོའི་མཚན་ཉིད་བཤད་ན། དང་པོར་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ནི། བྱང་ས་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ལུས་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་པ། མཆོག་ཏུ་རབ་ཏུ་ཞི་བ། རློམ་སེམས་དང་བྲལ་བ། རོ་མྱོང་བ་མེད་པ། མཚན་མ་ཐམས་ཅད་དང་བྲལ་བ་གང་ཡིན་པ་འདི་ནི། དེ་དག་གིས་ཚེ་འདི་ལ་བདེ་བར་གནས་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །

དེ་ལ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ནི། ཡོད་མེད་ལ་སོགས་པར་རྟོག་པའི་ཡིད་ཀྱི་གྱ་གྱུ་མེད་པར་རྩེ་གཅིག་ཏུ་གནས་པའོ། །ལུས་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་པ་ཞེས་པ་ནི། ལུས་དང་སེམས་ཀྱི་གནས་ངན་ལེན་ཐམས་ཅད་འཇིག་པའོ། །མཆོག་ཏུ་རབ་ཏུ་ཞི་བ་ཞེས་པ་ནི། ངང་གིས་འཇུག་པའོ། །རློམས་སེམས་དང་བྲལ་བ་ཞེས་པ་ནི། ལྟ་བའི་ཉོན་མོངས་པ་དང་བྲལ་བའོ། །རོ་མྱོང་བ་མེད་པ་ཞེས་པ་ནི། སྲིད་པའི་ཉོན་མོངས་པ་མེད་པའོ། །མཚན་མ་དང་བྲལ་བ་ཞེས་པ་ནི། གཟུགས་ལ་སོགས་པའི་ལོངས་སྤྱོད་དང་བྲལ་བའོ། །

ཡང་ཐམས་ཅད་ཀྱི་སྒོ་ལྟར་ན། །བསམ་གཏན་བཞི་སྟེ། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའོ། །

དེ་ལ་བསམ་གཏན་དང་པོ་ནི། རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པའོ། །བསམ་གཏན་གཉིས་པ་ནི། དགའ་བ་དང་ལྡན་པའོ། །བསམ་གཏན་གསུམ་པ་ནི། སིམ་པའི་བདེ་བ་དང་ལྡན་པའོ། །བསམ་གཏན་བཞི་པ་ནི་བཏང་སྙོམས་དང་ལྡན་པའོ། །

ཡོན་ཏན་བསྒྲུབ་པའི་བསམ་གཏན་ལ་གཉིས་ཏེ། ཐུན་མོང་མ་ཡིན་པ་དང་། ཐུན་མོང་པའོ། །དེ་ལ་དང་པོ་ནི། སྟོབས་བཅུའི་རིགས་ཀྱིས་བསྡུས་པའི་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ཚད་མེད་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མིང་ཙམ་ཡང་མི་ཤེས་ན། སྙོམས་པར་འཇུག་པ་ལྟ་ག་ལ་འགྱུར་བ་རྣམས་སོ། །ཐུན་མོང་བ་ནི། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པ་དང་། ཟད་པར་གྱི་སྐྱེ་མཆེད་དང་། སོ་སོ་ཡང་དག་པར་རིག་པ་ལ་སོགས་བ་ཉན་ཐོས་དང་ཐུན་མོང་བ་རྣམས་སོ། །དེ་ཡང་མིང་ཐུན་མོང་བ་ཡིན་གྱི་རང་གི་ངོ་བོ་མཚུངས་པ་ནི་མ་ཡིན་ནོ། །

སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནི། བསམ་གཏན་གང་ལ་བརྟེན་ནས་ལུས་དཔག་ཏུ་མེད་པ་སྤྲུལ་ཏེ། སེམས་ཅན་གྱི་དགོས་པའི་གྲོགས་བྱེད་པ་ལ་སོགས་པ་བཅུ་གཅིག་པོ་བྱེད་པའི་བསམ་གཏན་ནོ། །

འོ་ན་ཞི་གནས་དང་ལྷག་མཐོང་ཞེས་གྲགས་པ་ལ། ཞི་གནས་ནི་ཅི་ཙམ། ལྷག་མཐོང་ནི་ཅི་ཙམ་ཞེ་ན། དེ་ལ་ཞི་གནས་ནི་ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ལ་སེམས་འཇོག་པ་དེའོ། །ལྷག་མཐོང་ནི། །དེའི་རྗེས་ལ་བྱ་བ་དང་བྱ་བ་མ་ཡིན་པར་ཤེས་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དེའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་གསུངས་སོ། །དེ་ཡང་ཞི་གནས་ནི་བསམ་གཏན་དངོས་སོ། །ལྷག་མཐོང་ནི་ཤེས་རབ་ཀྱི་ཆའོ། །

བསམ་གཏན་སྤེལ་བ་ནི། ཡེ་ཤེས་དང་། ཤེས་རབ་དང་། བསྔོ་བ་གསུམ་གྱིས་སྤེལ་བ་སྟེ། གོང་དུ་བསྟན་པ་ལྟར་རོ། །
བསམ་གཏན་དག་པར་བྱེད་པ་ནི། སྟོང་པ་དང་སྙིང་རྗེས་ཟིན་པ་སྟེ། གོང་དུ་བསྟན་པ་ལྟར་རོ། །

བསམ་གཏན་གྱི་འབྲས་བུ་ནི། མཐར་ཐུག་དང་གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། དེ་ལྟར་ཡང་བྱང་ས་ལས། བྱང་ཆུབ་སེམས་དཔས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་གསུངས་སོ། །

གནས་སྐབས་སུ་འདོད་ཆགས་དང་བྲལ་བའི་ལྷའི་ལུས་ཐོབ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང་། འདོད་སྤྱོད་དགའ་དང་བདེ་དང་སྡུག་བསྔལ་དག། རྣམ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང་། །འབྲས་བུ་ཆེ་ལྷ་རྣམས་དང་བསྐལ་མཉམ་ཐོབ། །ཅེས་གསུངས་སོ། །

དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་དྲུག་པའོ། །། །