དྭགས་པོ་ཐར་རྒྱན།/17

From Wikisource
Jump to navigation Jump to search
དྭགས་པོ་ཐར་རྒྱན། by སྒམ་པོ་པ་བསོད་ནམས་རིན་ཆེན།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ།
English title: The Jewel Ornament of Liberation: Chapter 17 — The Perfection of Wisdom.

Author: Gampopa Sonam Rinchen (sgam po pa bsod nam rin chen) 1079-1153

༈ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ།
སྡོམ་ནི།

སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །
ངོ་བོ་དང་ནི་དབྱེ་བ་དང་། །
ཕྱེ་བ་སོ་སོའི་མཚན་ཉིད་དང་། །
ཤེས་དང་གོམས་པར་བྱ་བ་དང་། །
འབྲས་བུ་དང་ནི་དོན་བདུན་གྱིས། །
ཤེས་རབ་ཕ་རོལ་ཕྱིན་བསྡུས་སོ། །

ཞེས་པའོ། །དེ་ལ་དང་པོ་བཤད་ན། བྱང་ཆུབ་སེམས་དཔའ་གང་ཞིག་སྦྱིན་པ་ལ་གནས་པ་ནས། བསམ་གཏན་གྱི་བར་དུ་ལྡན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། དེས་ཐམས་ཅད་མཁྱེན་པའི་གོ་འཕང་མི་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ལོང་ཁྲིད་མེད་པའི་ལོང་བའི་ཚོགས་ཀྱིས་ཡིད་ལ་འདོད་པའི་གྲོང་ཁྱེར་དུ་བགྲོད་པར་མི་ནུས་པ་དང་འདྲའོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་སོ། །

དེ་ལས་བཟློག་སྟེ་ཤེས་རབ་དང་ལྡན་ན། ལོང་ཁྲིད་ཀྱིས་ལོང་བའི་ཚོགས་གྲོང་ཁྱེར་དུ་ཁྲིད་པ་ལྟར་སྦྱིན་པ་ལ་སོགས་པ་དགེ་བའི་ཚོགས་ཐམས་ཅད་སངས་རྒྱས་ཀྱི་ལམ་དུ་བསྒྱུར་ནས། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་བོ། །དེ་ལྟར་ཡང་དབུ་མ་འཇུག་པ་ལས། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་ཁྲིད་པ་དེ་བཞིན་ཤེས་རབ་ཀྱིས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་བར་ཁྲིད། །ཅེས་གསུངས་སོ། །འཕགས་པ་སྡུད་པ་ལས་ཀྱང་། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་གསུངས་སོ། །

འོ་ན་ཤེས་རབ་ཁོ་ནས་ཆོག་མོད། སྦྱིན་པ་ལ་སོགས་པའི་ཐབས་རྣམས་ཅི་དགོས་ཤེ་ན། མི་ཆོག་སྟེ། བྱང་ཆུབ་ལམ་སྒྲོན་ལས། ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་བའི་ཐབས་དག་ཀྱང་། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ཀ་སྤང་མི་བྱ། །ཞེས་གསུངས་སོ། །

འོ་ན་ཐབས་ཤེས་ཡ་བྲལ་དུ་ཉམས་སུ་བླངས་ན་གང་དུ་འཆིང་ཞེ་ན། བྱང་ཆུབ་སེམས་དཔས་ཐབས་དང་བྲལ་བའི་ཤེས་རབ་བརྟེན་ན། ཉན་ཐོས་ཀྱི་འདོད་པའི་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་དེར་ལྷུང་ནས་བཅིངས་པ་བཞིན་དུ་འགྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་རོ། །

དེ་ཡང་ཐེག་པ་གསུམ་དུ་འདོད་པའི་ལུགས་ཀྱིས་ནི་གཏན་དུ་དེར་བཅིངས་པར་འདོད་ལ། ཐེག་པ་གཅིག་ཏུ་འདོད་པས་ཀྱང་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་དེར་བཅིངས་པར་འདོད་དོ། །ཤེས་རབ་དང་བྲལ་བའི་ཐབས་བརྟེན་ན་ཡང་བྱིས་པ་སོ་སོ་སྐྱེ་བོའི་ས་ལས་མི་འདའ་བས། འཁོར་བ་ཉིད་དུ་བཅིངས་པ་ཁོ་ནར་འགྱུར་བའོ། །དེ་ལྟར་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ཀྱིས་མྱ་ངན་ལས་འདས་པར་འཆིང་ལ། ཤེས་རབ་དང་བྲལ་བའི་ཐབས་ཀྱིས་འཁོར་བར་འཆིང་བས་ཟུང་དུ་འབྲེལ་བ་ཞིག་དགོས་སོ། །ཞེས་གསུངས་སོ། །འཕགས་པ་དྲི་མ་མེད་པའི་གྲགས་པས་བསྟན་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་ནི་གང་། ཐར་པ་ནི་གང་ཞེ་ན། ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་འཆིང་བའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་ཐར་པའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་འཆིང་བའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་པའོ། །ཞེས་གསུངས་སོ། །

དེས་ན་ཐབས་དང་ཤེས་རབ་ཡ་བྲལ་དུ་ཉམས་སུ་ལེན་པ་ནི་བདུད་ཀྱི་ལས་ལ་སྤྱོད་པ་ཡིན་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། བདུད་ཀྱི་ལས་ནི་གཉིས་ཏེ། ཤེས་རབ་དང་བྲལ་བའི་ཐབས་དང་། ཐབས་དང་བྲལ་བའི་ཤེས་རབ་སྟེ། བདུད་ཀྱི་ལས་སུ་ཤེས་པས་སྤང་བར་བྱའོ། །ཞེས་གསུངས་སོ། །

ཡང་དཔེར་ན། ཡིད་ལ་འདོད་པའི་གྲོང་ཁྱེར་དུ་འགྲོ་བར་འདོད་པ་ལ་ལམ་བརྟག་པའི་མིག་དང་། ས་གཅོད་པའི་རྐང་པ་གཉིས་འཛོམ་དགོས་པ་ལྟར། །མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་ལ། ཤེས་རབ་ཀྱི་མིག་དང་ཐབས་ཀྱི་རྐང་པ་གཉིས་ཟུང་དུ་འབྲེལ་དགོས་པ་ཡིན་ནོ། །ག་ཡ་གོ་རིའི་མདོ་ལས་ཀྱང་། ཐེག་པ་ཆེན་པོའི་ལམ་མདོར་བསྡུ་ན་གཉིས་ཏེ། ཐབས་དང་ཤེས་རབ་བོ། །ཞེས་གསུངས་སོ། །

ཡང་ཤེས་རབ་དེ་ཡང་རང་དགར་མི་སྐྱེ་སྟེ། དཔེར་ན་ཤིང་ཉུང་ཟད་ཙམ་ལ་མེ་སྤར་ཡང་། མེ་ཆེ་ལ་ཡུན་རིང་བ་མི་འབྱུང་ལ། ཤིང་ཤིན་ཏུ་སྐམ་ཞིང་མང་བ་བསགས་ནས་མེ་སྤར་ན། མེ་ཆེ་ལ་ཡུན་རིང་བ་བསད་ཀྱང་མི་སོད་པ་འབྱུང་ངོ་། །དེ་བཞིན་དུ་བསོད་ནམས་ཉུང་ཟད་ཙམ་ལས་མ་བསགས་པ་ལ་ཤེས་རབ་ཆེན་པོ་མི་སྐྱེ་ལ། །སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་བསོད་ནམས་ཆེན་པོ་བསགས་པ་ལ་ཤེས་རབ་ཆེན་པོ་འབྱུང་སྟེ། སྒྲིབ་པ་ཐམས་ཅད་བསྲེག་གོ། དེས་ན་ཤེས་རབ་ཉིད་ཀྱི་ཆེད་དུ་སྦྱིན་པ་ལ་སོགས་པ་བརྟེན་དགོས་སོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་འབྱུང་ངོ་། །

ཤེས་རབ་ཀྱི་ངོ་བོ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དེ་ལྟར་ཡང་མངོན་པ་ཀུན་ལས་བཏུས་པ་ལས། ཤེས་རབ་གང་ཞེ་ན། ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །ཞེས་གསུངས་སོ། །

ཤེས་རབ་ལ་དབྱེ་ན། མདོ་སྡེ་རྒྱན་གྱི་འགྲེལ་པ་ལས་རྣམ་པ་གསུམ་གསུངས་ཏེ། འཇིག་རྟེན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་དམན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་བོ། །

དེ་དག་སོ་སོའི་མཚན་ཉིད་བཤད་ན། འཇིག་རྟེན་པའི་ཤེས་རབ་ནི། གསོ་བ་རིག་པ་དང་། གཏན་ཚིགས་རིག་པ་དང་། སྒྲ་རིག་པ་དང་། བཟོ་རིག་པ་སྟེ། རིག་པའི་གནས་བཞི་པོ་དག་ལ་བརྟེན་ནས་སྐྱེས་པའི་ཤེས་རབ་གང་ཡིན་པ་དེའོ། །

འཇིག་རྟེན་ལས་འདས་པའི་ཤེས་རབ་གཉིས་པོ་ནང་རིག་པ་ཞེས་བྱ་བ་དམ་པའི་ཆོས་ལ་བརྟེན་ནས་སྐྱེས་པའི་ཤེས་རབ་གང་ཡིན་པའོ། །དེ་ཡང་དང་པོ་འཇིག་རྟེན་ལས་འདས་པ་དམན་པའི་ཤེས་རབ་ནི། ཉན་ཐོས་དང་རང་རྒྱལ་བ་དག་གི་ཐོས་བསམ་སྒོམ་གསུམ་ལས་བྱུང་བའི་ཤེས་རབ་སྟེ། ཉེ་བར་ལེན་པའི་ཕུང་པོ་འདི་མི་གཙང་བ་དང་། སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མེད་པར་རྟོགས་པའོ། །

གཉིས་པ་འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་ནི། ཐེག་པ་ཆེན་པོ་པའི་ཐོས་བསམ་སྒོམ་གསུམ་ལས་བྱུང་བའི་ཤེས་རབ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཉིད་སྐྱེ་བ་མེད་པ་གཞི་མེད་རྩ་བྲལ་དུ་ཤེས་པའོ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས། ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པར་ཤེས་པ་གང་ལགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །ཞེས་གསུངས་སོ། །འཕགས་པ་སྡུད་པ་ལས་ཀྱང་། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ལམ་སྒྲོན་ལས་ཀྱང་། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་པའི། །རང་བཞིན་སྟོང་ཉིད་ཤེས་པ་ལས། ། ཤེས་རབ་ཅེས་ནི་ཡོངས་སུ་བཤད། །ཅེས་གསུངས་སོ། །

ཤེས་རབ་ཤེས་པར་བྱ་བ་ནི། ཤེས་རབ་ལ་གསུམ་ཡོད་པ་ལས། འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་དེ་ཤེས་པར་བྱ་དགོས་པ་ཡིན་ནོ། ། དེ་འཆད་པ་ལ་དོན་རྣམ་པ་དྲུག་གིས་སྟོན་ཏེ། དངོས་པོར་འཛིན་པ་དགག་པ་དང་། དངོས་མེད་དུ་འཛིན་པ་དགག་པ་དང་། མེད་པར་འཛིན་པའི་སྐྱོན་དང་། འཛིན་པ་གཉིས་ཆར་གྱི་སྐྱོན་དང་། གྲོལ་བར་འགྱུར་བའི་ལམ་དང་། གྲོལ་བའི་རང་བཞིན་མྱ་ངན་ལས་འདས་པའོ། །

དེ་ལ་དང་པོ་དངོས་པོར་འཛིན་པ་དགག་པ་ནི། ཇོ་བོའི་བྱང་ཆུབ་ལམ་སྒྲོན་དུ། ཡོད་པ་སྐྱེ་བར་རིགས་མིན་ཏེ། །མེད་པའང་ནམ་མཁའི་མེ་ཏོག་བཞིན། །ཞེས་པ་ལ་སོགས་པ་གཏན་ཚིགས་ཆེན་པོ་རྣམས་ཀྱིས་དཔྱད་ནས་གསུངས་ཏེ། ལམ་རིམ་དུ་གསུང་ཙ་ན། དངོས་པོའམ་དངོས་འཛིན་ཐམས་ཅད་བདག་གཉིས་སུ་འདུས་ལ། བདག་གཉིས་པོ་དེ་རང་བཞིན་གྱིས་སྟོང་ཉིད་ཡིན་པར་གསུངས་སོ། །

འོ་ན་བདག་རྣམ་པ་གཉིས་སམ། སེམས་ཞེས་བྱ་བ་གང་ཡིན་ན། གང་ཟག་གི་བདག་ཅེས་བྱ་བ་དང་། ཆོས་ཀྱི་བདག་ཅེས་བྱ་བའོ། །

དེ་ལ་གང་ཟག་གི་བདག་གམ་སེམས་ཞེས་བྱ་བ་དེ་གང་ཡིན་ན། འདི་ལའང་འདོད་ལུགས་མང་སྟེ། དོན་ལ་གང་ཟག་ཅེས་བྱ་བ་ནི། རིག་པ་དང་བཅས་པའི་ཉེ་བར་ལེན་པའི་ཕུང་པོའི་རྒྱུན་ནམ་མི་བྱེད་དགུ་བྱེད་རིག་རིག་གྱུ་གྱུ་པོ་འདི་ཡིན་ནོ། །དེ་ལྟར་ཡང་མདོ་སིལ་བུ་ལས། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །གྱ་གྱུ་འཕྲོ་བ་འདི་རང་ཡིན། །ཞེས་གསུངས་སོ། །

གང་ཟག་དེ་ལ་རྟག་པ་དང་གཅིག་པུར་གཟུང་ནས་ང་དང་བདག་ཏུ་ཞེན་ཅིང་ཆགས་པ་དེ་ལ་གང་ཟག་གི་བདག་གམ་སེམས་ཞེས་བྱ་སྟེ། བདག་དེས་ནི་ཉོན་མོངས་པ་བསྐྱེད་དོ། །ཉོན་མོངས་པ་དེས་ལས་བསྐྱེད་དོ། །ལས་ཀྱིས་སྡུག་བསྔལ་བསྐྱེད་དོ། །དེས་ན་སྡུག་བསྔལ་དང་ཉེས་པ་ཐམས་ཅད་ཀྱི་རྩ་བ་ནི་བདག་གམ་སེམས་དེ་ཡིན་ནོ། །དེ་ལྟར་ཡང་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་སོ། །

ཆོས་ཀྱི་བདག་དེ་གང་ཡིན་ན། དེ་ལ་ཆོས་ཞེས་པ་ནི། ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་སོ། །

ཅིའི་ཕྱིར་དེ་དག་ལ་ཆོས་ཞེས་བྱ་ཞེ་ན། དེ་དག་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །དེ་ལྟར་ཡང་མདོ་སིལ་བུ་ལས། མཚན་ཉིད་འཛིན་ལ་ཆོས་ཞེས་བྱ། །ཞེས་གསུངས་སོ། །དེ་ལྟར་གཟུང་འཛིན་གཉིས་པོ་དངོས་པོར་བཟུང་ནས་ཞེན་པ་ནི་ཆོས་ཀྱི་བདག་ཅེས་བྱའོ། །

བདག་དེ་གཉིས་རང་བཞིན་གྱིས་སྟོང་ཉིད་ཡིན་པར་འཆད་པ་ལ། དང་པོར་གང་ཟག་གི་བདག་དགག་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བ་ལས། བདག་ཡོད་བདག་གིར་ཡོད་ཅེས་པ། །འདི་ནི་དམ་པའི་དོན་དུ་ལོག། ཅེས་གསུངས་ཏེ། བདག་དེ་དོན་དམ་པར་མ་གྲུབ་པའི་དོན་ཏོ། །

གལ་ཏེ་བདག་གམ་སེམས་དོན་དམ་པར་གྲུབ་ནས་ཡོད་ན། བདེན་པ་མཐོང་བའི་དུས་ན་ཡང་ཡོད་དགོས་པ་ལ། བདེན་པ་མཐོང་བའི་སེམས་ཀྱིས་ངོ་བོ་མཐོང་བའི་དུས་ན་བདག་དེ་མེད་པས་ན་མ་གྲུབ་པ་ཡིན་ནོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། གང་ཕྱིར་ཡང་དག་ཇི་ལྟ་བ། །ཡོངས་སུ་ཤེས་པས་གཉིས་མི་འབྱུང་། །ཞེས་གསུངས་ཏེ། དེ་ལ་ཡང་དག་པ་ཇི་ལྟ་བ་ཞེས་པ་ནི་བདེན་པ་མཐོང་བའམ་སེམས་སམ། གཉིས་མི་འབྱུང་བ་ནི་བདག་དང་བདག་གིར་འཛིན་པ་མི་འབྱུང་བའོ། །

ཡང་གལ་ཏེ་བདག་གམ་སེམས་དེ་ཡོད་པར་གྱུར་ན་རང་ལས་སྐྱེ་བའམ། གཞན་ལས་སྐྱེ་བའམ། གཉིས་ཀ་ལས་སྐྱེ་བའམ། དུས་གསུམ་ལས་སྐྱེ་བ་ཞེས་བརྟགས་པར་བྱའོ། ། དེ་ལ་རང་ལས་མི་སྐྱེ་སྟེ། རང་གྲུབ་ཟིན་ནམ་མ་ཟིན། གྲུབ་མ་ཟིན་ན་རྒྱུར་མི་རུང་ལ། གྲུབ་ཟིན་ན་འབྲས་བུར་མི་རུང་ཞིང་། རང་ལ་རང་བྱེད་པ་འགལ་བས་སོ། །

གཞན་ལས་ཀྱང་མི་སྐྱེ་སྟེ། དེ་ནི་རྫས་ཡིན་པའི་ཕྱིར་རོ། །རྒྱུ་ཇི་ལྟར་མ་ཡིན་ན། འདི་ལྟར་རྒྱུ་ནི་འབྲས་བུ་ལ་ལྟོས་པ་ཡིན་པས་ཇི་སྲིད་འབྲས་བུ་མ་བྱུང་བ་དེ་སྲིད་ནི་རྒྱུ་མ་ཡིན་ནོ། །

གང་གི་ཚེ་རྒྱུ་མ་ཡིན་པ་དེའི་ཚེ་འབྲས་བུ་ཡང་མི་སྐྱེ་བས་སྔ་མ་ཁོ་ན་བཞིན་ནོ། །

གཉིས་ཀ་ལས་ཀྱང་མི་སྐྱེ་སྟེ། ཕྱོགས་གཉིས་ཀ་སྔར་བཤད་པ་ལྟར་སྐྱོན་ཅན་ཡིན་པའི་ཕྱིར་རོ། །

དུས་གསུམ་ལས་ཀྱང་མི་སྐྱེ་སྟེ། འདས་པས་མི་བསྐྱེད་པ་ནི་དེ་ཉིད་ས་བོན་རུལ་པ་ནུས་པ་ཟད་པ་བཞིན་ནོ། །མ་འོངས་པས་མི་སྐྱེ་བ་ནི་མོ་གཤམ་གྱི་བུ་བཞིན་ནོ། །ད་ལྟར་བས་མི་སྐྱེ་བ་ནི་ཕན་གདགས་བྱ་འདོགས་བྱེད་མི་འཐད་པས་སོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་དུ་མ་ཐོབ་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །ཞེས་གསུངས་ཏེ། མ་ཐོབ་པ་ནི་མི་སྐྱེ་བའི་དོན་ཏོ། །

ཡང་ན་འདི་ལྟར་གོ་བར་བྱ་སྟེ། བདག་ཅེས་བྱ་བ་དེ་རང་གི་ལུས་ལ་ཡོད་དམ། སེམས་ལ་ཡོད་དམ། མིང་ལ་ཡོད་ཅེས་བརྟག་པར་བྱའོ། །

ལུས་འདི་འབྱུང་བ་བཞིའི་རང་བཞིན་ཡིན་ཏེ། དེ་ལ་ལུས་ཀྱི་སྲ་བ་ནི་ས་ཡིན། གཤེར་བ་ནི་ཆུ་ཡིན། དྲོད་ནི་མེ་ཡིན། དབུགས་དང་གཡོ་འགུལ་ནི་རླུང་ཡིན་ནོ། །དེ་ལྟར་འབྱུང་བ་བཞི་ལ་བདག་གམ་སེམས་མེད་དེ། དཔེར་ན་ཕྱི་རོལ་གྱི་ས་ཆུ་ལ་སོགས་པའི་འབྱུང་བ་བཞི་ལ་བདག་གམ་སེམས་མེད་པ་བཞིན་ནོ། །

སེམས་ལ་བདག་ཡོད་དོ་ཞེ་ན། སེམས་ནི་ཅིར་ཡང་མ་གྲུབ་སྟེ། རང་གཞན་གཉིས་ཀས་མ་མཐོང་བའི་ཕྱིར་རོ། །དེས་ན་སེམས་རང་མ་གྲུབ་པས། བདག་གྲུབ་པ་མེད་དོ། །

མིང་ལ་བདག་གམ་སེམས་ཡོད་དོ་ཞེ་ན། མིང་ནི་བློ་བུར་དུ་བཏགས་པ་ཡིན་ཏེ། རྫས་སུ་ཡང་མ་གྲུབ་ལ། བདག་དང་ཡང་འབྲེལ་བ་མེད་དོ། །

དེ་ལྟར་ན་རྒྱུ་མཚན་གསུམ་གྱི་སྒོ་ནས་གང་ཟག་གི་བདག་གམ་སེམས་མ་གྲུབ་པར་བསྟན་ཏོ། །

ད་ནི་ཆོས་ཀྱི་བདག་དགག་པ་ལ་གཉིས་ཏེ། ཕྱི་གཟུང་བའི་ཡུལ་མ་གྲུབ་པར་བསྟན་པ་དང་། ནང་འཛིན་པའི་སེམས་མ་གྲུབ་པར་བསྟན་པའོ། །

དེ་ལ་དང་པོ་བཤད་ན། ཁ་ཅིག་ཕྱི་གཟུང་བའི་ཡུལ་དངོས་པོར་གྲུབ་པར་འདོད་དེ། དེ་ཡང་བྱེ་བྲག་ཏུ་སྨྲ་བ་ན་རེ། རྡུལ་ཕྲ་རབ་ཀྱི་ངོ་བོ་ཟླུམ་གོང་ཆ་ཤས་མེད་པ་ཞིག་རྫས་སུ་ཡོད། དེ་དག་ཚོགས་པ་ནི་གཟུགས་ལ་སོགས་པའི་ཡུལ་འདི་ཡིན་ཏེ། དེ་ཡང་རྡུལ་དེ་རྣམས་སིལ་བུར་སོ་སོར་བསྐོར་བ་བར་དང་བཅས་པར་ཡོད་དེ། ད་ལྟ་ཕྱོགས་གཅིག་ཏུ་སྣང་བ་ནི་དཔེར་ན་གཡག་རྔ་དང་ནེའུ་སིང་གི་ཚུལ་ལྟར་ཡིན། མི་གྱེས་པ་ནི་སེམས་ཅན་གྱི་ལས་ཀྱིས་བསྡུས་པ་ཡིན། ཞེས་ཟེར་རོ། །མདོ་སྡེ་པ་ན་རེ། རྡུལ་དེ་དག་ཀྱང་བསྐོར་བ་བར་མེད་པ་འབྱར་ལ་མ་རེག་པར་ཡོད། ཅེས་ཟེར་རོ། །

དེ་ལྟར་འདོད་ཀྱང་དེ་མ་གྲུབ་སྟེ། རྡུལ་དེ་གཅིག་ཏུ་ཡོད་དམ་དུ་མར་ཡོད། གཅིག་ཡིན་ན་རྡུལ་དེ་ལ་ཕྱོགས་ཆའི་དབྱེ་བ་ཡོད་དམ་མེད། ཕྱོགས་ཆའི་དབྱེ་བ་ཡོད་ན་ཤར་ནུབ་དང་ལྷོ་བྱང་དང་སྟེང་འོག་གི་ཆ་སྟེ། ཆ་དྲུག་ཏུ་སོང་བས་གཅིག་ཏུ་འདོད་པ་ཉམས་སོ། །

ཕྱོགས་ཆའི་དབྱེ་བ་མེད་ན་དངོས་པོ་ཐམས་ཅད་ཀྱང་རྡུལ་གཅིག་གི་ངོ་བོར་འགྱུར་དགོས་ན་དེ་ལྟར་ཡང་མ་ཡིན་ཏེ། མངོན་སུམ་གྱི་བསལ་བ་ཡོད་དེ། དེ་ལྟར་ཡང་། ཉི་ཤུ་པའི་རབ་ཏུ་བྱེད་པ་ལས། དྲུག་གིས་གཅིག་ཆར་སྦྱར་བ་ན། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་སོ། །

དུ་མ་ཡིན་ནོ་ཞེ་ན། གཅིག་གྲུབ་ན་གཅིག་བསགས་པའི་དུ་མ་གྲུབ་ཏུ་རུང་བ་ལས། གཅིག་མ་གྲུབ་པས་དེ་བསགས་པའི་དུ་མ་ཡང་མ་གྲུབ་བོ། །དེས་ན་རྡུལ་ཕྲ་རབ་རྫས་སུ་མ་གྲུབ་པས་དེའི་རང་བཞིན་ཕྱིའི་ཡུལ་འདི་ཡང་མ་གྲུབ་བོ། །

འོ་ན་ད་ལྟ་མངོན་སུམ་དུ་སྣང་ཞིང་འདུག་པ་འདི་ཅི་ཡིན་སྙམ་ན། འདི་ནི་རང་སེམས་ཉིད་འཁྲུལ་ནས་ཕྱི་རོལ་གྱི་ཡུལ་དུ་སྣང་བ་འདི་རང་གི་སེམས་ལ་དེ་ལྟར་དུ་ཤར་བས་སྣང་བ་ཡིན་ནོ། །


དེ་ལྟར་ཡིན་པར་ཅིས་ཤེས་ན། ལུང་དང་། རིགས་པ་དང་། དཔེ་དང་གསུམ་གྱིས་ཤེས་པར་བྱའོ། །

དེ་ལ་ལུང་ནི། ཕལ་པོ་ཆེའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་སོ། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། བག་ ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པའོ། །ཞེས་གསུངས་སོ། །

རིགས་པ་ནི། ཕྱི་སྣང་བ་འདི་ཆོས་ཅན་སེམས་ཀྱི་འཁྲུལ་སྣང་ཡིན་པར་དམ་བཅའ། མེད་པ་སྣང་ཞིང་འདུག་པའི་ཕྱིར་མེའི་རྭ་བའམ་བསྒོམ་པའི་ལྗོན་ཤིང་ལྟ་བུ། ཞེས་པ་ནི་གཏན་ཚིགས་སོ། །དེ་བཞིན་དུ་ཡོད་པ་མི་སྣང་བའི་ཕྱིར་དང་༧སྣང་བ་རྐྱེན་གྱི་སྟོབས་ཀྱིས་འགྱུར་བ་དང་། སྣང་བ་འགྱུར་ཞིང་༧གོམས་པའི་སྟོབས་ཀྱིས་འགྱུར། འགྲོ་བའི་ཕྱིར་དང་། སྣང་བ་ཐ་༧རིགས་དྲུག་གིདད་པའི་ཕྱིར་སྣང་བ་འདི་སེམས་ཀྱིས་འཁྲུལ་སྣང་ཁོ་ན་ཡིན་ནོ། །

དཔེ་ནི། རྨི་ལམ་དང་སྒྱུ་མ་ལ་སོགས་པ་བཞིན་ནོ། །དེ་དག་གིས་ཕྱི་གཟུང་བའི་ཡུལ་མ་གྲུབ་པར་བསྟན་ཏོ། ། གཉིས་པ་བཤད་ན། ཁ་ཅིག་ནང་འཛིན་པའི་སེམས་རང་རྒྱལ་བ་དང་སེམས་ཙམ་པས། རང་རིག་རང་གསལ་དུ་དངོས་སུ་གྲུབ་པར་འདོད་དོ། ། དེ་ལྟར་འདོད་ཀྱང་དེ་མ་གྲུབ་པའི་རྒྱུ་མཚན་གསུམ་སྟེ། སེམས་དེ་སྐད་ཅིག་མར་བརྟགས་པས་མ་གྲུབ་པ་དང་། སེམས་དེ་སུས་ཀྱང་མཐོང་བ་མེད་པས་དངོས་སུ་མ་གྲུབ་པ་དང་། ཡུལ་མེད་པས་སེམས་མ་གྲུབ་པའོ། །

དེ་ལ་དང་པོ་ནི། ཁྱོད་འདོད་པའི་སེམས་རང་རིག་རང་གསལ་དེ་སྐད་ཅིག་ཏུ་ཡོད་དམ། དུ་མར་ཡོད། སྐད་ཅིག་ཏུ་ཡོད་ཅེ་ན། དེ་ལ་དུས་གསུམ་གྱི་ཆ་ཤས་ཡོད་དམ། དེ་ལ་དུས་གསུམ་གྱི་ཆ་ཤས་མེད། །དང་པོ་ལྟར་ན་སྐད་ཅིག་མ་མ་གྲུབ་སྟེ་དུ་མར་ཐལ་ལོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། དེ་བཞིན་ཐོག་ཐ་དབུས་བརྟགས་དགོས། །དེ་ལྟར་སྐད་ཅིག་གསུམ་བརྟགས་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གསུངས་སོ། །དེ་ལ་དུས་གསུམ་གྱི་ཆ་ཤས་མེད་ན་སྐད་ཅིག་མ་དེ་དངོས་མེད་དུ་ཐལ་ལོ། །དེས་ན་སྐད་ཅིག་མ་མ་གྲུབ་པས་སེམས་ཀྱང་མ་གྲུབ་བོ། །

དུ་མར་ཡོད་དོ་ཞེ་ན། སྐད་ཅིག་གྲུབ་ན་སྐད་ཅིག་བསགས་པའི་དུ་མ་གྲུབ་ཏུ་རུང་བ་ལ། སྐད་ཅིག་མ་གྲུབ་པས་དེ་བསགས་པའི་དུ་མ་ཡང་མ་གྲུབ་བོ། །དུ་མ་མ་གྲུབ་པས་སེམས་ཀྱང་མ་གྲུབ་བོ། །

དོན་གཉིས་པ་བཤད་ན། སེམས་ཞེས་བྱ་བ་འདི་ལུས་ཀྱི་ཕྱི་ནང་བར་གསུམ་སྟོད་སྨད་གང་དུ་གནས་པ་བཙལ། གཟུགས་སམ་ཁ་དོག་ཅི་ལྟར་འདུག་པ་ལེགས་པར་བརྟགས་ལ། ངེས་ཤེས་ཅི་སྐྱེས་སུ་འཚོལ་བ་དང་། དམིགས་རིམ་སྤོ་བ་ལ་སོགས་པ་ཞལ་ལས་ཤེས་པ་ལྟར་འཚོལ། དེ་ཅི་ལྟར་བཙལ་ཡང་མ་མཐོང་མ་རྙེད་ན། མཐོང་རྒྱུའམ་ཁ་དོག་དངོས་པོའི་མཚན་མ་ཅུང་ཟད་ཀྱང་མེད། ཡོད་པ་དེ་མ་མཐོང་མ་རྙེད་པ་མ་ཡིན། བཙལ་བ་པོ་རང་འཚོལ་རྒྱུའམ། འཚོལ་མཁན་རང་བློའི་ཡུལ་ལས་འདས་པ། སྨྲ་བསམ་ཤེས་བརྗོད་ཀྱི་ཡུལ་ལས་འདས་པ་ཡིན་པས་གང་དུའང་བཙལ་བས་མི་མཐོང་སྟེ། ཇི་སྐད་དུ་འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། འོད་སྲུངས་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀའི་བར་ལ་ཡང་མི་དམིགས་སོ། །འོད་སྲུངས་སེམས་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྙེད་དུ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་པ་མེད་པའོ། །འོད་སྲུངས་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་གསུངས་སོ། །དམ་པའི་ཆོས་ཡོངས་སུ་འཛིན་པའི་མདོ་ལས་ཀྱང་། དེ་ཕྱིར་སེམས་ནི་གསོག་དང་གསོབ། །ཡོད་པ་རིམ་པར་རབ་ཤེས་ནས། །དེ་ལ་སྙིང་པོར་མི་བཟུང་སྟེ། །དེ་དག་ངོ་བོ་ཉིད་ཀྱིས་སྟོང་། །ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས། །དེ་དག་ལ་ནི་གྲུབ་པ་མེད། །ཆོས་རྣམས་ཐམས་ཅད་བཏགས་པ་སྟེ། །རང་བཞིན་དེ་ལྟར་རབ་ཏུ་བསྟན། །མཐའ་གཉིས་ཟིལ་གྱིས་མནན་ནས་སུ། །མཁས་རྣམས་དབུ་མར་སྤྱོད་པར་བྱེད། །ངོ་བོ་ཉིད་ཀྱིས་ཆོས་སྟོང་པ། དེ་ནི་བྱང་ཆུབ་ལམ་ཡིན་ཏེ། །ངས་ཀྱང་དེ་ནི་བསྟན་པ་ཡིན། །ཞེས་གསུངས་སོ། །ཆོས་ཉིད་མི་གཡོ་བའི་མདོ་ལས་ཀྱང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་བ། རྟོག་པ་དང་མི་རྟོག་པའི་ཡུལ་ལས་འདས་པའོ། །ཞེས་གསུངས་སོ། །

དེས་ན་སེམས་དེ་སུས་ཀྱང་མ་མཐོང་བས་ན། རང་རིག་རང་གསལ་དུ་བརྗོད་པ་དོན་མེད་དོ། །བྱང་ཆུབ་སྤྱོད་འཇུག་ལས་ཀྱང་། གང་ཚེ་འགས་ཀྱང་མཐོང་མེད་ན། །གསལ་བའམ་ནི་མི་གསལ་བ། །མོ་གཤམ་བུ་ཡི་འགྱིང་བག་བཞིན། །དེ་ནི་བརྗོད་ཀྱང་དོན་མེད་དོ། །ཞེས་གསུངས་སོ། །ཏཻ་ལོ་པས་ཀྱང་། ཀྱཻ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཞེས་གསུངས་སོ། །

དོན་གསུམ་པ་བཤད་ན། ཡང་གོང་དུ་བཤད་པ་ལྟར་གཟུགས་ལ་སོགས་པ་ཕྱིའི་ཡུལ་མ་གྲུབ་པས་ན། དེ་འཛིན་པའི་ནང་གི་སེམས་ཀྱང་མ་གྲུབ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་ལེའུ་ལས་ཀྱང་། སེམས་འདི་ནི་སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། བཙོད་ཁའམ། ཤེལ་གྱི་ཁ་དོག་ལྟ་བུའམ། ཡང་དག་པའམ། ཡང་དག་པ་མ་ཡིན་པའམ། རྟག་ཅེས་བྱ་བའམ། །མི་རྟག་ཅེས་བྱ་བའམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ཞིག་ཅེས་སོ་སོར་རྟོགས་ཤིག། སེམས་ནི་གཟུགས་ཅན་མ་ཡིན་པ། བསྟན་དུ་མེད་པ། སྣང་བ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་བྱེད་མ་ཡིན་པས། ནང་ན་མི་གནས་ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་པའི་ཕྱིར། ཡོངས་སུ་དག་པ། ཡོངས་སུ་མ་གྲུབ་པ་ཡིན་ཞིང་དེ་ལ་རྣམ་པར་གྲོལ་བ་མེད་དེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཞེས་གསུངས་སོ། །བྱང་ཆུབ་སྤྱོད་འཇུག་ལས་ཀྱང་། ཤེས་བྱ་མེད་ན་ཅི་རིག་གནས། །གང་གིས་ཤེས་པ་དེ་རྗོད་བྱེད། །ཅེས་པ་དང་། དེས་ན་ཤེས་བྱ་ཉེར་གནས་པ། །མེད་པར་ཤེས་པ་མེད་ཅེས་དེས། །ཞེས་གསུངས་སོ། །

དེ་དག་གིས་ནང་འཛིན་པའི་སེམས་མ་གྲུབ་པར་བསྟན་ཏེ། དེ་ལྟར་དངོས་པོར་འཛིན་པ་བཀག་ནས། དོན་གཉིས་པ་དངོས་མེད་དུ་འཛིན་པ་དགག་པ་ལ། གལ་ཏེ་བདག་གཉིས་པོ་དེ་དངོས་པོ་ཅིར་ཡང་མ་གྲུབ་པས་དངོས་མེད་ཅིག་ཡིན་ནམ་ཞེ་ན། དེ་ནི་དངོས་མེད་དུ་ཡང་མ་གྲུབ་སྟེ། ཅི་ལྟར་ཞེ་ན། བདག་གཉིས་པོའམ། སེམས་དེ་སྔར་དངོས་པོར་ཡོད་པ་ལ། ཕྱིས་མེད་པ་ཡིན་ན་དངོས་མེད་ཅེས་བྱར་རུང་སྟེ། བདག་གཉིས་སམ། སེམས་ཞེས་བྱ་བའི་ཆོས་ཡེ་ནས་རང་བཞིན་གྱིས་མ་གྲུབ་པས་ན། དངོས་པོར་ཡོད་པ་དང་མེད་པའི་མཐའ་ལས་འདས་སོ། །ས་ར་ཧ་པས། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བ་སྟེ། །དངོས་མེད་འཛིན་ན་དེ་བས་ཀྱང་ནི་བླུན། །ཞེས་གསུངས་སོ། །ལང་ཀར་གཤེགས་པ་ལས་ཀྱང་། ཕྱི་རོལ་དངོས་པོ་ཡོད་མེད་མིན། །སེམས་ཀྱང་ཡོངས་སུ་བཟུང་བ་མེད། །ལྟ་བ་ཐམས་ཅད་རབ་སྤངས་པ། །དེ་ནི་སྐྱེ་མེད་མཚན་ཉིད་དོ། །ཞེས་གསུངས་སོ། །རིན་ཆེན་འཕྲེང་བ་ལས་ཀྱང་། གང་ཚེ་དངོས་པོ་མི་རྙེད་པ། དེ་ཚེ་དངོས་མེད་ག་ལ་འགྱུར། །ཞེས་གསུངས་སོ། །དོན་གསུམ་པ་མེད་པར་འཛིན་པའི་སྐྱོན་འཆད་པ་ལ། །

འོ་ན་དོན་དངོས་པོར་འཛིན་པ་ནི་འཁོར་བའི་རྩ་བར་འདུག་ན། དངོས་མེད་དུ་བལྟས་ན་འཁོར་བ་ལས་གྲོལ་བར་འགྱུར་བ་མིན་ནམ་ཞེ་ན། སྔ་མ་བས་ཕྱི་མ་སྐྱོན་ཆེ་སྟེ། ས་ར་ཧས། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བ་སྟེ། །དངོས་མེད་འཛིན་ན་དེ་བས་ཀྱང་ནི་བླུན། །ཞེས་གསུངས་སོ། །ཇི་སྐད་དུ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་གང་ཟག་ཏུ་བལྟ་བ་རི་རབ་ཙམ་ལ་གནས་པ་ནི་སླ་ཡི། མངོན་པའི་ང་རྒྱལ་གྱིས་སྟོང་པ་ཉིད་དུ་བལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་སོ། །ཡང་ཇི་སྐད་དུ། སྟོང་པ་ཉིད་ལ་བལྟ་ཉེས་པས། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས་སོ། །རྩ་བ་ཤེས་རབ་ལས་ཀྱང་། གང་དག་སྟོང་པ་ཉིད་བལྟ་བ། །དེ་དག་གསོར་མི་རུང་བར་གསུངས། །ཞེས་གསུངས་སོ། །

གསོར་ཅི་ལྟར་མི་རུང་ཞེ་ན། དཔེར་ན་ནད་པ་ལ་འཁྲུ་སྨན་བཏང་བས། ནད་དང་འཁྲུ་སྨན་གཉིས་ཆར་འཁྲུས་ན་ནད་སོས་པ་ཡིན་ལ། ནད་འཁྲུས་ནས་འཁྲུ་སྨན་མ་ཞུ་ན། ནད་པ་གསོར་མི་རུང་སྟེ། འཆི་བར་འགྱུར་རོ། །དེ་བཞིན་དུ་དངོས་པོར་བལྟ་བ་དེ་སྟོང་ཉིད་བསྒོམས་པས་བུད་ཀྱང་། སྟོང་ཉིད་ལ་ཞེན་ཅིང་བལྟ་ན། སྟོང་པའི་བདག་པོ་སྟོང་པར་འགྲོ་སྟེ། ངན་འགྲོར་ཕྱོགས་པར་འགྱུར་བའོ། །རིན་ཆེན་ཕྲེང་བ་ལས་ཀྱང་། ཡོད་པ་པོ་ནི་བདེ་འགྲོར་འགྲོ། །མེད་པ་པོ་ནི་ངན་འགྲོར་འགྲོ། །ཞེས་གསུངས་སོ། །དེ་ལ་སྔ་མ་བས་ཕྱི་མ་སྐྱོན་ཆེའོ། །

དོན་བཞི་པ་འཛིན་པ་གཉིས་ཆར་གྱི་སྐྱོན་འཆད་པ་ལ། དོན་ལ་ཡོད་པར་འཛིན་པ་དང་། མེད་པར་འཛིན་པ་གཉིས་ཆར་སྐྱོན་ཅན་ཡིན་ཏེ། རྟག་ཆད་གཉིས་ཀྱི་མཐར་ལྟུང་བའི་ཕྱིར། རྩ་བ་ཤེས་རབ་ལས་ཀྱང་། ཡོད་ཅེས་བྱ་བ་རྟག་པར་ལྟ། མེད་ཅེས་བྱ་བ་ཆད་པར་ལྟ། །ཞེས་གསུངས་སོ། །རྟག་ཆད་ཀྱི་མཐར་ལྟུང་བ་ནི་རྨོངས་པའོ། །རྨོངས་པ་ནི་འཁོར་བ་ལས་གྲོལ་བར་མི་འགྱུར་བའོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས་ཀྱང་། དེ་ལྟར་སྨིག་རྒྱུ་ལྟ་བུ་ཡི། འཇིག་རྟེན་ཡོད་པའམ་མེད་པ་ཞེས། །འཛིན་པ་དེ་ནི་རྨོངས་པ་སྟེ། །རྨོངས་པ་ཡོད་ན་མི་གྲོལ་ལོ། །ཞེས་གསུངས་སོ། །

དོན་ལྔ་པ་གྲོལ་བར་འགྱུར་བའི་ལམ་འཆད་པ་ལ། འོ་ན་གང་གིས་གྲོལ་ཞེ་ན། མཐའ་ལ་མི་གནས་པ་དབུ་མའི་ལམ་གྱིས་གྲོལ་བར་འགྱུར་རོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཡང་དག་ཅི་བཞིན་ཆོས་ཐམས་ཅད་ཡེ་ནས་སྐྱེ་མེད་དུ། ཡོངས་ཤེས་པ། །གཉིས་རྟག་ཆད། ལ་མི་བརྟེན་འཁོར་བ་ལས། ཐར་བར་འགྱུར། །ཞེས་པ་དང་། དེས་ན་གཉིས་རྟག་ཆད་གཉིས་ཀྱི་མཐའ་ལ། མི་བརྟེན་པ་གྲོལ། །ཞེས་གསུངས་སོ། །རྩ་བ་ཤེས་རབ་ལས་ཀྱང་། དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་སོ། །

འོ་ན་མཐའ་གཉིས་སྤང་བའི་དབུ་མ་ཉིད་ཅི་ལྟ་བུ་ཡིན་སྙམ་ན། འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་བྱང་ཆུབ་སེམས་དཔས་ཚུལ་བཞིན་དུ་ཆོས་ལ་སྦྱོར་བ་གང་ཞེ་ན། འདི་ལྟ་སྟེ། དབུ་མའི་ལམ་ཆོས་རྣམས་ལ་སོ་སོ་ཡང་དག་པར་རྟོག་པའོ། །འོད་སྲུངས་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་གང་ཞེ་ན། དེ་བཞིན་དུ་སྦྱར་ཏེ། འོད་སྲུངས་རྟག་ཅེས་བྱ་བ་ནི་མཐའ་གཅིག་གོ། མི་རྟག་ཅེས་བྱ་བ་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་སྟེ། འོད་སྲུངས་འདི་ནི། དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུངས་བདག་ཅེས་བྱ་བ་ནི་མཐའ་གཅིག་གོ། བདག་མེད་ཅེས་བྱ་བ་ནི་མཐའ་གཉིས་སོ། །དེ་བཞིན་དུ་སྦྱར་ཏེ། འོད་སྲུངས་འཁོར་བ་ཞེས་བྱ་བ་འདི་ནི་མཐའ་གཅིག་གོ། མྱ་ངན་ལས་འདས་པ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་གསུངས་སོ། །ཞི་བ་ལྷས་ཀྱང་། ནང་ཡང་སེམས་མིན་ཕྱི་མིན་ཞིང་། །གཞན་དུ་ཡང་ན་རྙེད་མ་ཡིན། །འདྲེས་མིན་ལོགས་སུ་འགར་མེད་དེ། །འདི་ནི་ཅུང་ཟད་མིན་དེའི་ཕྱིར། །སེམས་ཅན་རང་བཞིན་མྱ་ངན་འདས། །ཞེས་གསུངས་སོ། །དེས་ན་མཐའ་གཉིས་ལ་མི་རྟོག་ཅིང་དབུ་མའི་ལམ་བྱས་ཀྱང་། དབུ་མ་ཉིད་ལ་ཡང་བརྟག་ཏུ་མེད་དེ། དོན་ལ་དེར་འཛིན་གྱི་ཤེས་པ་དང་བྲལ་བ་བློ་ལས་འདས་པར་གནས་པའོ། །

ཇོ་བོས་ཀྱང་། དེ་ཡང་འདི་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག། མ་འོངས་པའི་སེམས་ནི་མི་སྐྱེ་ཞིང་མི་འབྱུང་། ད་ལྟར་གྱི་སེམས་ནི་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་པ། དབྱིབས་དང་བྲལ་བ་ནི་ནམ་མཁའ་དང་འདྲ་བར་མ་གྲུབ་བོ། །ཞེས་གསུངས་སོ། །མངོན་རྟོགས་རྒྱན་ལས་ཀྱང་། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས་སོ། །

དོན་དྲུག་པ་གྲོལ་བའི་རང་བཞིན་མྱ་ངན་ལས་འདས་པའི་རང་བཞིན་འཆད་པ་ལ། འོ་ན་འཁོར་བའི་ཆོས་ཐམས་ཅད་དངོས་པོའམ། དངོས་མེད་གང་དུ་ཡང་མ་གྲུབ་པ་ཡིན་ན། མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་དངོས་པོ་ཞིག་ཡིན་ནམ། དངོས་མེད་ཅིག་ཡིན་ཞེ་ན། དམིགས་པ་ཅན་ལ་ལ་དག་མྱ་ངན་འདས་དངོས་པོར་ཡོད་པ་སྙམ་དུ་སེམས་སོ། །

དེ་མ་ཡིན་ཏེ་རིན་ཆེན་ཕྲེང་བ་ལས། མྱ་ངན་འདས་པ་དངོས་མེད་པའང་། །མིན་ན་དངོས་པོ་ག་ལ་ཡིན། །ཞེས་གསུངས་སོ། །

གལ་ཏེ་དངོས་པོ་ཡིན་ན་མྱ་ངན་ལས་འདས་པ་འདུས་བྱས་སུ་འགྱུར་རོ། །འདུས་བྱས་ཡིན་ན་མཐར་འཇིག་པར་འགྱུར་རོ། །དེས་ན་རྩ་བ་ཤེས་རབ་ལས། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །དངོས་པོ་མེད་པའང་མ་ཡིན་ཏེ། དེ་ཉིད་ལས། དེ་ལ་དངོས་མེད་ཡོད་མ་ཡིན། །ཞེས་གསུངས་སོ། །

འོ་ན་ཅི་ཙམ་ལ་བྱ་ཞེ་ན། དངོས་པོར་འཛིན་པ་དང་། དངོས་མེད་དུ་འཛིན་པའི་བློ་ཐམས་ཅད་ཟད་པ། བློ་འདས་བརྗོད་བྲལ་དེ་ལ་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ལྟར་ཡང་། རིན་ཆེན་འཕྲེང་བ་ལས། །དངོས་པོ་དངོས་པོར་མེད་འཛིན་པ། ཟད་པ་མྱ་ངན་འདས་ཞེས་བྱ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། གང་ཚེ་དངོས་དང་དངོས་མེད་དག། བློ་ཡི་མདུན་ན་མི་གནས་པས། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་སོ། །འཕགས་པ་ཚངས་པས་ཞུས་པའི་མདོ་ལས་ཀྱང་། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བགྱི་བ་ནི། གང་མཚན་མ་ཐམས་ཅད་རབ་ཏུ་ཞི་བ། །གཡོ་བ་ཐམས་ཅད་དང་བྲལ་བའོ། །ཞེས་གསུངས་སོ། །

དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང་། འོད་སྲུངས་ཆོས་ཐམས་ཅད་མཉམ་པ་ཉིད་ཁོང་དུ་ཆུད་པ་ནི་མྱ་ངན་ལས་འདས་པའོ། །ཞེས་གསུངས་སོ། །

དེ་ལྟར་མྱ་ངན་ལས་འདས་པ་དེ་ནི། བློ་ཡི་འཇུག་པ་ཞི་བ་ཙམ་ལས་མ་གཏོགས་པའི་སྐྱེ་འགག་གམ། སྤང་ཐོབ་ལ་སོགས་ཆོས་གང་དུ་ཡང་གྲུབ་པ་མེད་དོ། །དེ་ལྟར་རྩ་བ་ཤེས་རབ་ལས། སྤངས་པ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པའོ། །ཞེས་གསུངས་སོ། །

དེ་ལྟར་སྐྱེ་འགག་གམ། །སྤང་ཐོབ་ལ་སོགས་པ་གང་ཡང་མེད་པས་ན། །མྱ་ངན་ལས་འདས་པ་དེ་ལ་རང་གིས་བྱས་པའམ། །བཅོས་པའམ། བསྒྱུར་བ་མེད་དོ། །དེ་ལྟར་ཡང་ནམ་མཁའ་རིན་པོ་ཆེའི་མདོ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །

དེ་ལྟར་ཤེས་རབ་བམ། །རང་སེམས་ཤེས་པར་བྱ་བའི་ཚིག་དེ་དག་ཀྱང་། རྟོག་པས་དཔྱད་པའི་ངོས་ནས་ཡིན་ལ། ཤེས་རབ་བམ། སེམས་ཀྱི་དོན་ནི་ཤེས་པར་བྱ་བའམ། བརྗོད་པར་བྱ་བ་ལས་འདས་པ་ཡིན་ནོ། །དེ་ལྟར་ཡང་། རབ་རྩལ་གྱིས་རྣམ་པར་གནོན་པས་ཞུས་པའི་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། ཚིག་ཐམས་ཅད་ལས་འདས་པའོ། །ཞེས་གསུངས་སོ། །སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས་ཀྱང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་ཤེས་རབ་ཅེས་བྱ་བ་བཤད་ཟིན་ཏོ། །

ད་ནི་སེམས་སམ་ཤེས་རབ་དེ་གོམས་པར་བྱ་བ་འཆད་དེ། འོ་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན། ཤེས་པ་དེ་ལ་གོམས་པར་བྱ་བ་ཅང་དགོས་སམ་ཞེ་ན་དགོས་ཏེ། དཔེར་ན་དངུལ་རྡོ་དེ་དངུལ་གྱི་རང་བཞིན་ཡིན་ཡང་། བཞུ་བཏུལ་མ་བྱས་ཀྱི་བར་དུ་དངུལ་མི་སྣང་། དངུལ་ཆུ་འདོད་ན་དངུལ་རྡོ་དེ་བཞུ་གཏུལ་བྱ་དགོས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་ཡེ་ནས་རང་བཞིན་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ཡང་། སེམས་ཅན་རྣམས་ལ་དངོས་པོ་སྣ་ཚོགས་སུ་སྣང་ཞིང་སྡུག་བསྔལ་སྣ་ཚོགས་མྱོང་བས་ཤེས་པ་དང་གོམས་པར་བྱ་དགོས། །

དེས་ན་གོང་ལྟར་ཤེས་པར་བྱས་ནས། དེ་གོམས་པར་བྱེད་པ་ལ་བཞི་སྟེ། སྔོན་འགྲོ་དང་། མཉམ་བཞག་དང་། རྗེས་ཐོབ་དང་། གོམས་རྟོགས་སོ། །

དེ་ལ་སྔོན་འགྲོ་ནི། སེམས་རྣལ་དུ་དབབ་པའོ། ཅི་ལྟར་དབབ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དབེན་པའི་མལ་སྟན་བརྟེན་པར་བྱ། འདུ་འཛི་མེད་པ་ལ་དགའ་བར་བྱ། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པར་སྐྱིལ་ཀྲུང་བཅའ་སྟེ་འདུག་ནས། ཞེས་པ་ལ་སོགས་པ་དང་། ཕྱག་རྒྱ་ཆེན་པོའི་སྔོན་འགྲོ་ལྟར་བྱའོ། །དེ་ནས་མཉམ་པར་བཞག་པའི་ཐབས་རྣམས་ཀྱང་། ཕྱག་རྒྱ་ཆེན་པོ་ཁྲིད་ལུགས་ལྟར་བྱས་ནས། ཡོད་མེད་བླང་དོར་ཅི་ལ་ཡང་མི་སེམས་པར་འབད་རྩོལ་དང་བྲལ་བར་བཞག་གོ། དེ་ལྟར་ཡང་ཏཻ་ལོས། མི་མནོ་མི་བསམ་མི་དཔྱད་ཅིང་། །མི་བསྒོམ་མི་སེམས་རང་བབ་བཞག། ཅེས་གསུངས་སོ། །སེམས་ཉིད་ངལ་བསོར་ཡང་། བུ་ཉོན་ཁྱོད་གང་རྣམ་པར་རྟོག། འདིར་བདག་མ་བཅིངས་མ་གྲོལ་ཕྱིར། །མ་ཡེངས་མ་བཅོས་རང་དགར་ནི། །ཀྱེ་ཧོ་དུབ་པ་ངལ་སོས་ཤིག། ཅེས་གསུངས་སོ། །ཀླུ་སྒྲུབ་ཀྱིས་ཀྱང་། གླང་ཆེན་ལོབ་ནས་སེམས་ཚུགས་ཚུད་པ་ལྟར། །འགྲོ་འོང་བཅད་ན་ངང་གིས་དལ་བ་སྟེ། །འདི་ལྟར་རྟོགས་སོ་ང་ལ་ཆོས་ཅི་དགོས། །ཞེས་དང་། ཡང་དེ་ཉིད་ཀྱིས། གར་ཡང་མ་རྟོག་ཅིར་ཡང་མ་སེམས་ཤིག། བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོགས། །མ་བཅོས་པ་ནི་སྐྱེ་མེད་རང་བཞིན་མཛོད། དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་གསུངས་སོ། །རི་ཁྲོད་དབང་ཕྱུག་གིས་ཀྱང་། གང་ལའང་སྐྱོན་དུ་མི་ལྟ་ཞིང་། །ཅི་ཡང་མ་ཡིན་ཉམས་སུ་བླང་། །དྲོད་རྟགས་ལ་སོགས་འདོད་མི་བྱ། །བསྒོམ་དུ་མེད་པར་བསྟན་མོད་ཀྱང་། །ལེ་ལོ་བཏང་སྙོམས་དབང་མི་གཏོང་། །རྒྱུན་དུ་དྲན་པར་བསྒོམ་པར་བྱ། །ཞེས་གསུངས་སོ། །སྒོམ་དོན་གྲུབ་པ་ལས། བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་སྟེ། །ཐ་སྙད་ཙམ་དུ་དེ་ལ་བསྒོམ་ཞེས་བྱ། །ཞེས་གསུངས་སོ། །ས་ར་ཧ་པས་ཀྱང་། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་པ་སུས་ཀྱང་ཤེས་མི་འགྱུར། །ཞེས་གསུངས་སོ། །ཇོ་བོས་ཀྱང་། ཟབ་ཅིང་སྤྲོས་བྲལ་དེ་ཉིད་དོ། །འོད་གསལ་འདུས་མ་བྱས་པ་གང་། །མ་སྐྱེས་མི་འགག་གདོད་ནས་དག། རང་བཞིན་མྱ་ངན་འདས་པ་ཡི། །ཆོས་དབྱིངས་མཐའ་དང་དབུས་མེད་པ། །བློ་མིག་ཞིབ་མོས་རྟོག་བྲལ་བས། །བྱིང་རྒོད་རབ་རིབ་མེད་པར་ལྟ། །ཞེས་དང་། ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། །ཤེས་པ་སྤྲོས་དང་བྲལ་བར་བཞག། ཅེས་གསུངས་སོ། །

དེ་ལྟར་བཞག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱ་བའི་ཐབས་ཕྱིན་ཅི་མ་ལོག་པ་ཡིན་ནོ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས། ཆོས་གང་ལ་ཡང་བླང་བའམ། གཟུང་བའམ། དོར་བ་མ་མཆིས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །གང་ཅི་ལ་ཡང་མི་གནས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །གང་ལ་ཡང་མི་སེམས་རྣམ་པར་མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །ཞེས་གསུངས་སོ། །འཕགས་པ་བརྒྱད་སྟོང་པ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ཆོས་གང་ཡང་མི་བསྒོམ་པ་ལགས་སོ། །ཞེས་གསུངས་སོ། །ཡང་མདོ་སྡེ་དེ་ཉིད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ནམ་མཁའ་བསྒོམ་པ་ལགས་སོ། །ཞེས་གསུངས་སོ། །

འོ་ན་ནམ་མཁའ་ཅི་ལྟར་བསྒོམ་ན། ཡང་མདོ་སྡེ་དེ་ཉིད་ལས། ནམ་མཁའ་རྟོག་པ་མེད་པ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོག་པ་མེད་པ་ཉིད་དོ། །ཞེས་གསུངས་སོ། །

འཕགས་པ་སྡུད་པ་ལས་ཀྱང་། སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །སློབ་དཔོན་ངག་གི་དབང་ཕྱུག་གི་ཞལ་ནས་ཀྱང་། བསམ་བྱ་བསམས་པར་མི་བྱ་ཞིང་། བསམ་མིན་པ་ཡང་མི་བསམ་མོ། །བསམ་དང་བསམ་མིན་མ་བསམ་ན། །དེ་ནས་སྟོང་ཉིད་མཐོང་བར་འགྱུར། །ཞེས་གསུངས་སོ། །

སྟོང་པ་ཉིད་ཅི་ལྟ་བུ་མཐོང་ཞེ་ན། ཇི་སྐད་དུ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྟོང་པ་ཉིད་མཐོང་བ་ནི་མཐོང་བ་མ་མཆིས་པའོ། །ཞེས་པ་དང་། བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཐོང་བ་ནི་ཡང་དག་པར་མཐོང་བའོ། །ཞེས་པ་དང་། འགའ་ཡང་མཐོང་བ་མེད་པ་ནི། དེ་ཁོ་ན་ཉིད་མཐོང་བའོ། །ཞེས་གསུངས་སོ། །དབུ་མ་བདེན་ཆུང་ལས་ཀྱང་། མ་མཐོང་བ་ནི་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་གསུངས་སོ། །འཕགས་པ་སྡུད་པ་ལས་ཀྱང་། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཅི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཞེས་གསུངས་སོ། །

རྗེས་ཐོབ་ཐམས་ཅད་སྒྱུ་མ་ལྟ་བུར་ལྟ་ཞིང་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ཅི་ནུས་སུ་བསགས་པའོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། གང་ཞིག་ཕུང་པོ་ལྔ་དག་སྒྱུ་མ་འདྲར་ཤེས་ཤིང་། །སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་པ། །སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཞིང་། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཅི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་སོ། །སྤྱོད་པའི་དེ་ཁོ་ན་ཉིད་ལས་ཀྱང་། མི་རྟོག་དྲན་པའི་བློ་ཡོད་ཀྱང་། །བསོད་ནམས་ཚོགས་ནི་རྒྱུན་མི་བཅད། །ཅེས་གསུངས་སོ། །

དེ་ལྟར་གོམས་པ་དང་། མཉམ་རྗེས་གཉིས་ཀྱང་ཐ་མི་དད་དུ་འགྱུར་ཞིང་རློམ་སེམས་དང་བྲལ་བར་འགྱུར་རོ། །དེ་ལྟར་ཡང་། བདག་ཉིད་མཉམ་པར་བཞག་ཅེའམ་ལངས་ཞེས་རློམ་སེམས་མེད། །ཅི་ཕྱིར་ཞེ་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར། །ཞེས་གསུངས་སོ། །

དེ་ལྟར་དོན་དམ་སྟོང་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་ངང་ལ་དར་ཅིག་ཙམ་གནས་ནའང་བསྐལ་པའི་བར་དུ་ཉན་པའམ། ཀློག་པའམ་དགེ་བའི་རྩ་བ་སྦྱིན་པ་ལ་སོགས་པ་བྱས་པ་བས་བསོད་ནམས་དཔག་ཏུ་མེད་པ་ཆེ་བ་ཡིན་ནོ། །དེ་ལྟར་ཡང་། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་གི་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་གཏོགས་ཙམ་ཞིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་ན་བསོད་ནམས་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་གཞན་ལ་ནན་ཏན་གྱིས་གདམས་པར་བྱའོ། །ཤཱ་རིའི་བུ། གང་སངས་རྒྱས་སུ་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཏིང་ངེ་འཛིན་འདི་ལ་གནས་པ་ཤ་སྟག་གོ། ཞེས་གསུངས་སོ། །རྟོགས་པ་ཆེན་པོ་རྒྱས་པའི་མདོ་ལས་ཀྱང་། ཐང་ཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་པ་ཡི་མི་རྣམས་ལ། །སྲོག་བྱིན་པ་བས་འདི་དོན་ཆེ། །ཞེས་གསུངས་སོ། །གཙུག་ཏོར་ཆེན་པོའི་མདོ་ལས་ཀྱང་། བསྐལ་པ་མང་པོའི་བར་དུ་ཐོས་དང་བསམས་པ་བས་ནི། ཉིན་གཅིག་ཆོས་ཀྱི་དོན་བསྒོམས་པས་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྐྱེ་འཆིའི་ལམ་དང་རིང་དུ་བྲལ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དད་པ་ལ་འཇུག་པའི་མདོ་ལས་ཀྱང་། ཁམས་གསུམ་གྱི་སེམས་ཅན་གྱིས་ཇི་སྲིད་འཚོའི་བར་དུ་འཚོ་བའི་ཡོ་བྱད་ཀྱིས་ཚོགས་བསགས་པ་བས། །རྣལ་འབྱོར་པས་སྟོང་པ་ཉིད་ཐུན་གཅིག་བསྒོམས་པས་བསོད་ནམས་ཆེའོ། །ཞེས་གསུངས་སོ། །

སྟོང་པ་ཉིད་ཀྱི་དོན་ཡིད་ལ་མི་གནས་ན། །གཞན་དགེ་བ་དེ་དག་གིས་བདག་གྲོལ་བ་མི་ཐོབ་པར་བསྟན་ཏེ། ཆོས་འབྱུང་བ་མེད་པར་བསྟན་པའི་མདོ་ལས། ཡུན་རིང་དུས་སུ་ཚུལ་ཁྲིམས་སྲུང་བྱེད་ཅིང་། །བསྐལ་པ་བྱེ་བར་བསམ་གཏན་བརྟེན་བྱས་ཀྱང་། །ཡང་དག་དོན་གྱི་མཐའ་འདི་མ་རྟོགས་ན། །བརྟེན་པ་འདི་ལ་དེ་དག་གྲོལ་མི་འགྱུར། །ཅི་ཡང་མེད་པའི་ཆོས་འདི་སུས་ཤེས་པ། །ནམ་ཡང་འདི་ནི་ཆོས་ཀུན་ཆགས་མི་འགྱུར། །ཞེས་གསུངས་སོ། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས་ཀྱང་། ཏིང་འཛིན་བསྒོམས་པས་ཐེ་ཚོམ་གཅོད་འགྱུར་གྱི། །དེ་མ་གཏོགས་པ་གཞན་གྱིས་ནུས་མ་ཡིན། །དེ་བས་ཏིང་འཛིན་བསྒོམ་པ་མཆོག་ཡིན་གྱི། །མཁས་པ་དག་གིས་དེ་ལ་ནན་ཏན་བྱ། །ཞེས་པ་དང་། ཡང་དེ་ཉིད་ལས། ཆོས་བྲི་བ་དང་། ཀློག་པ་དང་། ཉན་པ་དང་། འཆད་པ་དང་། ཁ་ཏོན་བསྐལ་པར་བྱས་པ་བས། ཉི་མ་གཅིག་བསྒོམ་པ་བསོད་ནམས་ཆེའོ། །ཞེས་གསུངས་སོ། །

དེ་ལྟ་བུའི་སྟོང་པ་ཉིད་ཀྱི་དོན་དང་ལྡན་ན། ཆོས་འདི་ལ་མ་འདུས་པ་གཅིག་ཀྱང་མེད་དོ། །སྐྱབས་སུ་འགྲོ་བ་ཡང་ཡིན་ཏེ། །མ་དྲོས་པས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ནི་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པར་ཤེས། གཟུགས་སུ་མ་ཡིན། མཚན་དུ་མ་ཡིན། ཆོས་སུ་མ་ཡིན་པར་དེ་བཞིན་གཤེགས་པས་ཡང་དག་པར་རྗེས་སུ་མ་མཐོང་བ་དེ་ལྟ་བུ་ནི། ཟང་ཟིང་མེད་པའི་སེམས་ཀྱིས་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། །དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་སྟེ། དེ་ལྟར་ཆོས་ཐམས་ཅད་ཀྱི་དབྱིངས་སུ་སོང་བ་མཐོང་སྟེ། དེ་ལྟར་མཐོང་བ་དེ་ལྟ་བུ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ། །གང་ཆོས་ཀྱི་དབྱིངས་འདུས་མ་བྱས་པར་བསྒོམ་པ་དང་། ཉན་ཐོས་ཀྱི་ཐེག་པ་འདུས་མ་བྱས་པར་བརྟེན་པ་དང་། འདུས་བྱས་དང་། འདུས་མ་བྱས་པ་གཉིས་སུ་མེད་པ་འདི་ལྟ་བུ་ནི། ཟང་ཟིང་མེད་པའི་སེམས་ཀྱིས་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཞེས་གསུངས་སོ། །

བྱང་ཆུབ་སེམས་བསྐྱེད་པ་ཡང་དེ་ཉིད་ཡིན་ཏེ། སེམས་བསྐྱེད་ཆེན་པོའི་མདོ་ལས། འོད་སྲུང་ཆོས་ཐམས་ཅད་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་། ཡེ་ནས་འོད་གསལ་བ་རྣམ་པར་དག་པ་དེ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་སོ། །

བསྐྱེད་རིམ་ལྷ་བསྒོམ་པ་དང་སྔགས་ཀྱི་བཟླས་བརྗོད་ཀྱང་འདི་ཡོད་ན་ཚང་བར་གསུངས། དེ་ཡང་གང་ནས་གསུངས་ན། ཀྱཻ་རྡོ་རྗེ་ལས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་རྣམས་ཡང་དག་གནས། །རྣམ་སྣང་མི་བསྐྱོད་དོན་གྲུབ་དང་། །རིན་ཆེན་དཔག་མེད་སེམས་དཔའོ། །ཞེས་གསུངས་སོ། །སངས་རྒྱས་མཉམ་སྦྱོར་ལས། གཟུགས་བརྙན་ལུགས་མ་ལ་སོགས་ལ། །རྣམ་འབྱོར་འབྱུང་བར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྩོན་ན། དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །ཞེས་གསུངས་སོ། །རྡོ་རྗེ་རྩེ་མོ་ལས་ཀྱང་། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཡིན། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡིན་པར་བརྗོད། །ཅེས་གསུངས་སོ། །

སྦྱིན་སྲེག་བྱེད་པ་ཡང་དེ་ཉིད་ལ་འདུས་པ་ཡིན་ཏེ། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། གང་གི་ཕྱིར་ན་སྦྱིན་སྲེག་ནི། དངོས་གྲུབ་དམ་པ་སྟེར་བ་དང་། །རྣམ་རྟོག་འཇོམས་ཕྱིར་སྦྱིན་སྲེག་སྟེ། །ཤིང་སོགས་བསྲེགས་པས་སྦྱིན་སྲེག་མིན། །ཞེས་གསུངས་སོ། །

ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་འདི་ཉིད་ལ་ཚང་སྟེ། རྡོ་རྗེ་ཏིང་ངེ་འཛིན་གྱི་མདོ་ལས། སྟོང་པ་ཉིད་ལས་མ་གཡོས་ན། །ཕ་རོལ་ཕྱིན་པ་དྲུག་འདུས་སོ། །ཞེས་གསུངས་སོ། །

ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས་ཀྱང་། མི་བསམ་པ་ནི་སྦྱིན་པའོ། །ཐ་དད་ལ་མི་གནས་པ་ནི་ཚུལ་ཁྲིམས་སོ། །བྱེ་བྲག་མི་འབྱེད་པ་ནི་བཟོད་པའོ། །བླང་དོར་མེད་པ་ནི་བརྩོན་འགྲུས་སོ། །མ་ཆགས་པ་ནི་བསམ་གཏན་ནོ། །མི་རྟོག་པ་ནི་ཤེས་རབ་བོ། །ཞེས་གསུངས་སོ། །སའི་སྙིང་པོའི་མདོ་ལས་ཀྱང་། མཁས་པས་སྟོང་ཉིད་ཆོས་བསྒོམ་པ་ནི། འཇིག་རྟེན་ཀུན་ལ་མི་བརྟེན་མི་གནས། སྲིད་པ་ཀུན་ལ་གནས་པར་མ་ཡིན་པར། རྣམ་པར་དག་པའི་ཚུལ་ཁྲིམས་བསྲུང་ངོ་། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཆོས་ཐམས་ཅད་རོ་གཅིག་མཐུན་པར་སྟོང་པ་མཚན་མ་མེད་པའི་ཞི་བའི་སེམས་ནི་ཅི་ལའང་མི་གནས་མི་ཆགས་བཟོད་པའི་དེ་ནི་ཕན་ཡོན་ཆེ་བར་འགྱུར་རོ། །མཁས་པས་བརྩོན་འགྲུས་བརྩམས་པ་དག་ནི་ཆགས་པ་ཐམས་ཅད་རིང་དུ་སྤངས་པ་སྟེ། སེམས་ནི་ཅི་ལའང་མི་གནས་མི་ཆགས། ཡང་དག་བསོད་ནམས་ཞིང་ཞེས་དེ་ལ་བྱ། །སེམས་ཅན་ཀུན་ལ་ཕན་དང་བདེ་བའི་ཕྱིར། ཏིང་འཛིན་བསྒོམ་ཞིང་ཁུར་ལྕི་ཡང་ལྟ་སྟེ། ཀུན་ནས་ཉོན་མོངས་ཐམས་ཅད་སེལ་བ་དེ་ནི་ཡང་དག་མཁས་པའི་མཚན་ཉིད། ཅེས་གསུངས་སོ། །

ཕྱག་འཚལ་བ་ཡང་འདི་ཉིད་ཡིན་ཏེ། ནམ་མཁའ་རིན་པོ་ཆེའི་མདོ་ལས། ཅི་ལྟར་ཆུ་ལ་ཆུ་བཞག་དང་། །ཅི་ལྟར་མར་ལ་མར་བཞག་ལྟར། །རང་གིས་རང་རིག་ཡེ་ཤེས་འདི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་སོ། །ཡང་འདི་ཉིད་ཡོད་ན་མཆོད་པ་ཡང་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། སྟོང་ཉིད་ཆོས་ལ་རྟེན་བགྱིད་ཅིང་། །སངས་རྒྱས་སྤྱོད་ཡུལ་གང་མོས་པ། །དེ་དག་སྟོན་པ་མཆོད་པ་དེ། །མཆོད་པ་དེ་ནི་བླ་ན་མེད། །ཅེས་གསུངས་སོ། །བདུད་རྩི་གསང་བའི་རྒྱུད་ལས། མཉེས་པ་དོན་གྱི་མཆོད་པ་སྟེ། །སྤོས་སོགས་ཕུལ་བས་མཉེས་པ་མེད། །རང་སེམས་ལས་སུ་རུང་བ་དག། མཉེས་པའི་མཆོད་པ་ཆེན་པོའོ། །ཞེས་གསུངས་སོ། །

ཡང་འདི་ཉིད་དང་ལྡན་ན། སྡིག་པ་བཤགས་པ་ཡང་འདི་རང་ཡིན་ཏེ། ལས་རྣམ་པར་དག་པའི་མདོ་ལས། གང་ཞིག་བཤགས་པ་འདོད་བྱེད་ཅིང་། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་གསུངས་སོ། །

ཡང་དོན་འདི་ཉིད་ལ་ཚུལ་ཁྲིམས་དམ་ཚིག་བསྲུང་བ་ཡང་ཚང་སྟེ། ལྷའི་བུས་ཞུས་པའི་མདོ་ལས། གང་ལ་སྡོམ་པ་སྡོམ་པ་མ་ཡིན་པའི་རློམ་སེམས་མེད་པ་དེ་ནི། མྱ་ངན་ལས་འདས་པའི་ཚུལ་ཁྲིམས་ཡིན་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །ཞེས་གསུངས་སོ། །འཁོར་ལོ་བཅུ་པའི་མདོ་ལས་ཀྱང་། ཁྱིམ་ན་གནས་ཤིང་སྐྲ་དང་ཁ་སྤུ་ཡང་མ་བྲེགས། ཆོས་གོས་ཀྱང་མ་གོན། ཚུལ་ཁྲིམས་ཀྱང་མ་མནོས་མོད་ཀྱང་། འཕགས་པའི་ཆོས་ཉིད་དང་ལྡན་པ་དེ་ཉིད་དོན་དམ་པའི་དགེ་སློང་ཞེས་བྱའོ། །ཞེས་གསུངས་སོ། །

ཡང་དོན་དེ་ཉིད་ལ་ཐོས་པ་དང་། བསམ་པ་དང་། བསྒོམ་པ་གསུམ་ཡང་ཚང་སྟེ། རབ་ཏུ་མི་གནས་པའི་རྒྱུད་ལས། མ་བཅོས་རྣལ་མའི་ཟས་གཅིག་ཟོས་གྱུར་ན། །གྲུབ་མཐའ་མ་ལུས་ཀུན་ཀྱང་ཚིམ་པར་འགྱུར། །བྱིས་པས་མ་རྟོགས་ཐ་སྙད་ཚིག་ལ་བརྟེན། །ཐམས་ཅད་རང་གི་སེམས་ཀྱི་མཚན་ཉིད་ཡིན། །ཞེས་གསུངས་སོ། །ས་ར་ཧ་པས་ཀྱང་། ཀློག་པ་དེ་ཡིན་འཛིན་དང་བསྒོམ་པ་དེ་ཡིན་ཏེ། །བསྟན་ཆོས་སྙིང་ལ་འཆད་པའང་དེ་ཡིན་ནོ། །དེ་ལ་མཚོན་པའི་ལྟ་བ་ཡོད་མིན་ཏེ། །ཞེས་གསུངས་སོ། །

ཡང་དོན་དེ་ཉིད་གཏོར་མ་ཆོས་སྤྱོད་ཀྱང་ཡིན་ཏེ། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། མཆོད་དང་གཏོར་མ་ལ་སོགས་པ། །ལས་དང་བྱ་བ་སྣ་ཚོགས་ཀུན། །སེམས་ཀྱི་དེ་ཉིད་རྙེད་གྱུར་པས། །ཐམས་ཅད་འདི་ཡིས་སྡུད་པར་ངེས། །ཞེས་གསུངས་སོ། །

འོ་ན་ངོ་བོའམ་སེམས་ཉིད་གཅིག་པུར་བསྒོམ་པ་ལ་དེ་དག་ཐམས་ཅད་འདུས་ན། ཐབས་ཀྱི་རིམ་པ་མང་དུ་གསུངས་པ་དག་འབྱུང་བ་ཅི་ལྟར་ཡིན་ཞེ་ན། གནས་ལུགས་ལ་རྨོངས་པའི་སྐལ་པ་དམན་པ་རྣམས་འཁྲིད་པའི་ཕྱིར་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྒྱུ་རྐྱེན་འབྲེལ་པར་བཤད་པ་དང་། །རིམ་པར་འཇུག་པ་བསྟན་པ་ཡང་། །རྨོངས་པ་རྣམས་ལ་ཐབས་སུ་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་འདི་ལ། །རིམ་གྱིས་སྦྱོང་བ་ཅི་ཞིག་ཡོད། །ཅེས་གསུངས་སོ། །བདེ་མཆོག་སྡོམ་པ་འབྱུང་བ་ལས་ཀྱང་། འདི་ལྟར་བདག་ཉིད་མཁའ་མཚུངས་ལྟར། །རྟག་ཏུ་གྲོལ་བའི་བདག་ཉིད་ཐོབ། །ཅེས་གསུངས་སོ། །ནམ་མཁའ་རིན་པོ་ཆེའི་མདོ་ལས་ཀྱང་། ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་མ་ཞུགས་ཀྱི་བར་ལ། ས་དང་ལམ་ཐ་དད་མོད་ཀྱི། ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་ཕྱིན་ནས། ས་དང་ལམ་ཅུང་ཟད་ཀྱང་བགྲོད་དུ་མེད་དོ། །ཞེས་གསུངས་སོ། །ཇོ་བོས་ཀྱང་། གཅིག་ཏུ་མཉམ་བཞག་སེམས་བརྟན་ན། །ལུས་ངག་དགེ་བ་གཙོར་མི་བྱ། །ཞེས་གསུངས་སོ། །

ཤེས་རབ་གོམས་པའི་རྟགས་ནི། དགེ་བ་ལ་བག་ཡོད་པར་འགྱུར། ཉོན་མོངས་པ་བགས་ཆུང་བར་འགྱུར། སེམས་ཅན་ལ་སྙིང་རྗེ་སྐྱེ་བར་འགྱུར། སྒྲུབ་པ་ལ་ནན་ཏན་བྱེད་པར་འགྱུར། གཡེང་བ་ཐམས་ཅད་སྤང་བར་འགྱུར། ཚེ་འདི་ལ་མ་ཆགས་ཤིང་ཞེན་པ་མེད་པར་འགྱུར་རོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། སྟོང་པ་ཉིད་ལ་གོམས་པ་ཡིས། །དགེ་བ་དག་ལ་བག་ཡོད་ཐོབ། །ཅེས་པ་ལ་སོགས་པ་གསུངས་སོ། །

ཤེས་རབ་ཀྱི་འབྲས་བུ་ནི། མཐར་ཐུག་དང་། གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། དེ་ལྟར་ཡང་ཤེས་རབ་བདུན་བརྒྱ་པ་ལས། འཇམ་དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན། བྱང་ཆུབ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །

གནས་སྐབས་སུ་ནི་བདེ་ལེགས་ཐམས་ཅད་འབྱུང་སྟེ། ཇི་སྐད་དུ། འཕགས་པ་སྡུད་པ་ལས། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང་། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཅི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཞེས་གསུངས་སོ། ། དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་བདུན་པའོ། །། །