དྭགས་པོ་ཐར་རྒྱན།/15

From Wikisource
Jump to navigation Jump to search
དྭགས་པོ་ཐར་རྒྱན། by སྒམ་པོ་པ་བསོད་ནམས་རིན་ཆེན།
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ།
English title: The Jewel Ornament of Liberation: Chapter 15 — .

Author: Gampopa Sonam Rinchen (sgam po pa bsod nam rin chen) 1079-1153

༈བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། །

སྡོམ་ནི།

སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །
ངོ་བོ་དང་ནི་དབྱེ་བ་དང་། །
ཕྱེ་བ་སོ་སོའི་མཚན་ཉིད་དང་། །
སྤེལ་དང་དག་པར་བྱ་བ་དང་། །
འབྲས་བུ་དང་ནི་དོན་བདུན་གྱིས། །
བརྩོན་འགྲུས་ཕ་རོལ་ཕྱིན་བསྡུས་སོ། །

ཞེས་པའོ། །དེ་ལ་དང་པོ་བཤད་ན། གང་ཞིག་སྦྱིན་པ་ལ་སོགས་པ་དེ་དག་དང་ལྡན་ཡང་། །བརྩོན་འགྲུས་མེད་ན་ལེ་ལོ་ཅན་ཡིན་ཏེ། ལེ་ལོ་ཡོད་ན་དགེ་བ་མི་འགྲུབ། །གཞན་དོན་མི་ནུས། བྱང་ཆུབ་མི་ཐོབ་བོ། །དེ་ལྟར་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ལེ་ལོ་ཅན་ལ་ནི་སྦྱིན་པ་མེད་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །ལེ་ལོ་ཅན་ལ་ནི་གཞན་དོན་བྱ་བ་མེད་དོ། །ལེ་ལོ་ཅན་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་། །ཞེས་གསུངས་སོ། །

དེ་ལས་ལྡོག་སྟེ། བརྩོན་འགྲུས་དང་ལྡན་ན། དཀར་པོའི་ཡོན་ཏན་ཐམས་ཅད་མི་འགྲིབ་ཅིང་འཕེལ་བར་འགྱུར་རོ། །དེ་ལྟར་ཡང་། སྡུད་པ་ལས། བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར། །ཞེས་གསུངས་སོ། །

ཡང་བརྩོན་འགྲུས་དང་ལྡན་ན། འཇིག་ཚོགས་ཀྱི་རི་བོ་ལས་བརྒལ་ནུས་པ་ཡིན་ནོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་འདས་ནས་གྲོལ། །ཞེས་གསུངས་སོ། །

ཡང་བརྩོན་འགྲུས་དང་ལྡན་ན་བླ་མེད་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་འཚང་རྒྱ། །ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་གང་ན་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད་དོ། །ཞེས་གསུངས་སོ། །གང་པོས་ཞུས་པའི་མདོ་ལས་ཀྱང་། རྟག་ཏུ་བརྩོན་འགྲུས་གང་བརྩམས་པ། །དེ་ལ་བྱང་ཆུབ་ཡོངས་མི་དཀའ། །ཞེས་གསུངས་སོ། །

བརྩོན་འགྲུས་ཀྱི་ངོ་བོ་ནི། དགེ་བ་ལ་སྤྲོ་བའོ། །དེ་ལྟར་ཡང་། ཆོས་མངོན་པ་ཀུན་ལས་བཏུས་པ་ལས། བརྩོན་འགྲུས་གང་ཞེ་ན། ལེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་མངོན་པར་སྤྲོ་བའོ། །ཞེས་གསུངས་སོ། །མདོ་སྡེ་རྒྱན་གྱི་འགྲེལ་པ་ལས་ཀྱང་། དགེ་ལ་ཡང་དག་སྤྲོ་བ་དང་། ཞེས་བྱ་བ་ནི་ངོ་བོ་ཉིད་དེ། ཞེས་གསུངས་སོ། །

དེ་ཡང་མི་མཐུན་པའི་ཕྱོགས་ལེ་ལོའི་གཉེན་པོ་ཞེས་པ་ལ། །ལེ་ལོ་ལ་གསུམ་སྟེ། སྙོམ་ལས་ཀྱི་ལེ་ལོ་དང་། སྒྱིད་ལུག་པའི་ལེ་ལོ་དང་། སྨད་པའི་ལེ་ལོའོ། །

དེ་ལ་སྙོམས་ལས་ཀྱི་ལེ་ལོ་ནི། ཉལ་བ་དང་། མཉེས་པ་དང་། གཉིད་ལ་སོགས་པ་ཡིད་དལ་གྱི་བདེ་བ་ལ་ཆགས་པ་སྟེ། དེ་དག་སྤང་བར་བྱའོ། །

དེ་ཅིའི་ཕྱིར་སྤང་ཞེ་ན། ཚེ་ལ་ལོང་མེད་པའི་ཕྱིར་རོ། །དེ་ལྟར་ཡང་མདོ་ལས། དགེ་སློང་དག་ཤེས་པ་ནི་འགྲིབ། །སྲོག་ནི་ཆད། ཚེའི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པ་ཡང་ངེས་པར་འཇིག་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། །ཅེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། མྱུར་བ་ཉིད་དུ་འཆི་འགྱུར་བས། །ཇི་སྲིད་དུ་ནི་ཚོགས་བསག་བྱ། །ཞེས་གསུངས་སོ། །

འཆི་ཁར་ཚོགས་བསགས་པས་ཆོག་གམ་སྙམ་ན། དུས་ཐུག་ནས་བསག་ལང་མི་འོང་སྟེ། ཇི་སྐད་དུ། དེ་ཚེ་ལེ་ལོ་སྤངས་ཀྱང་ནི། །དུས་མ་ཡིན་པས་ཅི་ཞིག་བྱ། །ཞེས་གསུངས་སོ། །

དགེ་བ་མ་ཟིན་གྱི་བར་དུ་བདག་ནི་མི་འཆིའོ་སྙམ་ན། བློ་ལྟོས་མེད་དེ། ཇི་སྐད་དུ། ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་གསུངས་སོ། །

འོ་ན་སྙོམ་ལས་ཀྱི་ལེ་ལོ་དེ་ཇི་ལྟར་སྤང་ན། པང་དུ་སྦྲུལ་འོང་བ་ལྟར་འདོར་བ་འམ། མགོ་ལ་མེ་ཤོར་བ་གསོད་པ་ལྟར་སྤང་ངོ་། །དེ་ལྟར་ཡང་སྤྱོད་འཇུག་ལས། དེ་བས་པང་དུ་སྦྲུལ་འོང་ན། །ཇི་ལྟར་རིངས་པར་ལྡང་བ་ལྟར། །དེ་བཞིན་གཉིད་དང་སྙོམས་འོང་ན། །མྱུར་དུ་དེ་དག་བཟློག་པར་བྱ། །ཞེས་གསུངས་སོ། །བཤེས་སྤྲིང་ལས་ཀྱང་། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་སོ། །

སྒྱིད་ལུག་པའི་ལེ་ལོ་ནི། བདག་ལྟ་བུ་ངན་པས་འབད་པ་བྱས་ཀྱང་བྱང་ཆུབ་ག་ལ་ཐོབ་སྙམ་ནས་སེམས་ཞུམ་པ་ཡིན་ཏེ། དེ་ལྟར་དུ་ཞུམ་མི་དགོས་པས་སྒྱིད་ལུག་དེ་སྤང་བར་བྱའོ། །ཇི་ལྟར་ཞུམ་མི་དགོས་སྙམ་ན། ཇི་སྐད་དུ། སྦྲང་བུ་ཤ་སྦྲང་བུང་བ་དང་། དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་ཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་ཐོབ། །ཅེས་གསུངས་པ་ལྟར་རོ། །

སྨད་པའི་ལེ་ལོ་ནི། དགྲ་འདུལ་བ་དང་རྫས་བསགས་པ་ལ་སོགས་པ་མི་དགེ་བ་ལ་ཆགས་པ་དག་ཡིན་ཏེ། དེ་དག་སྡུག་བསྔལ་གྱི་དངོས་ཀྱི་རྒྱུ་ཡིན་པས་སྤང་བར་བྱའོ། །

བརྩོན་འགྲུས་ལ་དབྱེ་ན་གསུམ་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཆོག་པར་མི་འཛིན་པའི་བརྩོན་འགྲུས་སོ། །

དེ་ལ་དང་པོ་ནི། བསམ་པ་ཕུན་སུམ་ཚོགས་པའོ། །གཉིས་པ་ནི། སྦྱོར་བ་ཕུན་སུམ་ཚོགས་པའོ། །གསུམ་པ་ནི། དེ་གཉིས་མཐར་ཕྱིན་པའི་ཡན་ལག་གོ། དེ་དག་སོ་སོའི་མཚན་ཉིད་བཤད་ན། གོ་ཆའི་བརྩོན་འགྲུས་ནི། དུས་འདི་ནས་བཟུང་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་མ་བཀོད་ཀྱི་བར་དུ། བདག་གིས་དགེ་བའི་བརྩོན་འགྲུས་མི་འདོར་རོ་སྙམ་དུ་གོ་ཆ་གྱོན་པ་སྟེ། དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་བུ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོ་བར་བྱ་སྟེ། འཁོར་བའི་ཐ་མ་ཅི་ཙམ་པར་བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་ལྷོད་པར་མི་བྱ་སྟེ། ཞེས་གསུངས་སོ། །གོ་ཆ་བཀོད་པ་བསྟན་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔས་སེམས་ཅན་རྣམས། །བསྲུང་ཕྱིར་གོ་ཆ་བགོ་བར་བྱ། །སེམས་ཅན་ཚད་ནི་མེད་པའི་ཕྱིར། །གོ་ཆ་བགོས་པ་ཚད་མེད་དོ། །ཞེས་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས་ཀྱང་། དེ་བསྐལ་པ་འདི་སྙེད་ཅིག་ཏུ་གོ་ཆ་བགོ། དེ་བསྐལ་པ་འདི་སྙེད་ཅིག་ཏུ་གོ་ཆ་མི་བགོ་ཞེས་བསྐལ་པ་བགྲང་བས་བྱང་ཆུབ་མི་འཚོལ་གྱི། བསམ་གྱིས་མི་ཁྱབ་པའི་གོ་ཆ་གོན་པར་བྱེད་དོ། །ཞེས་གསུངས་སོ། །བྱང་ས་ལས། བདག་གིས་སེམས་ཅན་གཅིག་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་བསྐལ་པ་སྟོང་དང་མཉམ་པར་སེམས་ཅན་དམྱལ་བ་ཁོ་ནར་གནས་དགོས་ན་ཡང་བདག་སྤྲོ་བར་བྱེད་དེ། དུས་ཡུན་ཆེས་ཐུང་བ་དང་། སྡུག་བསྔལ་ཆེས་ཆུང་བ་ལྟ་ཅི་སྨོས་སྙམ་པ་དེ་ལྟ་བུ་ནི། བྱང་ཆུབ་སེམས་དཔའི་གོ་ཆའི་བརྩོན་འགྲུས་ཡིན་ཏེ། ཞེས་གསུངས་སོ། །

སྦྱོར་བའི་བརྩོན་འགྲུས་ལ་གསུམ་སྟེ། ཉོན་མོངས་པ་སྤངས་པ་ལ་བརྩོན་འགྲུས་བྱ་བ་དང་། དགེ་བ་སྒྲུབ་པ་ལ་བརྩོན་འགྲུས་བྱ་བ་དང་། སེམས་ཅན་དོན་བྱ་བ་ལ་བརྩོན་འགྲུས་བྱ་བའོ། ། དེ་ལ་དང་པོ་ནི། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་། དེ་དག་གིས་ཀུན་ནས་བསླང་བའི་ལས་རྣམས་ནི་སྡུག་བསྔལ་གྱི་རྩ་བ་ཡིན་པས་དུས་ཡུན་རིང་པོ་དང་། སྒོས་གསེས་སུ་བྱིན་གྱིས་བརླབ་ཅིང་ཅི་མི་འབྱུང་བྱེད་པ་ཡིན་ནོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ཉོན་མོངས་ཚོགས་ཀྱི་ཁྲོད་གནས་ན། །རྣམ་པ་སྟོང་དུ་སྲན་ཟུགས་ཏེ། །ཝ་ལ་སོགས་པས་སེང་གེ་བཞིན། །ཉོན་མོངས་ཚོགས་ཀྱིས་མི་ཚུགས་བྱ། །ཞེས་གསུངས་སོ། །

དེ་ཡང་དཔེ་ཇི་ལྟར་བསྒྲིམ་ན། ཇི་སྐད་དུ། ཡུངས་མར་གང་བའི་སྣོད་བསྐུར་ལ། །རལ་གྲི་ཐོགས་པའི་དྲུང་བསྡད་དེ། །བོ་ན་གསོད་སྡིག་འཇིགས་པ་ལྟར། བརྟུལ་ཞུགས་ཅན་གྱིས་དེ་ལྟར་བསྒྲིམ། །ཞེས་གསུངས་པ་ལྟར་རོ། ། གཉིས་པ་དགེ་བ་སྒྲུབ་པ་ལ་བརྩོན་པར་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལུས་དང་སྲོག་ལ་ཡང་མི་ལྟ་བར་འབད་པར་བྱེད་པའོ། །

དེ་ཡང་ཇི་ལྟར་འབད་ན། བརྩོན་འགྲུས་རྣམ་པ་ལྔས་འབད་པར་བྱ་སྟེ། རྟག་ཏུ་བྱེད་པའི་བརྩོན་འགྲུས་དང་། གུས་པ་བྱེད་པའི་བརྩོན་འགྲུས་དང་། མི་གཡོ་བའི་བརྩོན་འགྲུས་དང་། མི་ལྡོག་པའི་བརྩོན་འགྲུས་དང་། ང་རྒྱལ་མེད་པའི་བརྩོན་འགྲུས་སོ། །

དེ་ལ་རྟག་ཏུ་བྱེད་པའི་བརྩོན་འགྲུས་ཞེས་བྱ་བ་ནི། རྒྱུན་མ་ཆད་པར་བྱེད་པ་སྟེ། དཀོན་མཆོག་སྤྲིན་ལས་ཀྱང་། འདི་ལ་བྱང་ཆུབ་སེམས་དཔའ་སྤྱོད་ལམ་ཐམས་ཅད་དུ་བརྩོན་འགྲུས་བརྩམས་པ་ན། ཅི་ནས་ལུས་སྐྱོ་བར་མི་འགྱུར་བ་དང་། སེམས་སྐྱོ་བར་མི་འགྱུར་བ་དེ་ལྟར་རྩོམ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་རྟག་པའི་བརྩོན་འགྲུས་ཞེས་བྱའོ། །ཞེས་གསུངས་སོ། །

གུས་པར་བྱེད་པའི་བརྩོན་འགྲུས་ནི། དགའ་བཞིན་སྤྲོ་བཞིན་མྱུར་དུ་བྱེད་པ་སྟེ། ཇི་སྐད་དུ། དེ་ལྟར་ལས་ཚར་ཕྱིན་བྱའི་ཕྱིར། །ཉི་མ་ཕྱེད་དུས་གདུངས་པ་ཡི། །གླང་ཆེན་མཚོར་ཕྲད་འཇུག་པ་ལྟར། །ལས་དེ་ལ་ཡང་འཇུག་པར་བྱ། །ཞེས་གསུངས་པ་ལྟར་རོ། །

མི་གཡོ་བའི་བརྩོན་འགྲུས་ནི། རང་རྣམ་རྟོག་དང་། ཉོན་མོངས་པ་དང་། སྡུག་བསྔལ་གྱིས་གནོད་པ་ཐམས་ཅད་ཀྱིས་མི་གཡོ་བར་བྱེད་པའོ། །

མི་ལྡོག་པའི་བརྩོན་འགྲུས་ནི། གཞན་གྱིས་འཚེ་བ་དང་། དམུ་རྒོད་དང་། འཁྲུག་པ་དང་། ལྟ་བའི་སྙིགས་མ་ལ་སོགས་པ་མཐོང་བས་མི་ལྡོག་པ་སྟེ། འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་འབྱུང་བ་ལྟར་རོ། །

ང་རྒྱལ་མེད་པའི་བརྩོན་འགྲུས་ནི། བརྩོན་འགྲུས་བརྩམས་པ་དེས་མཐོ་བར་སེམས་པ་མེད་པའོ། །

གསུམ་པ་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་ནི། བྱ་བ་ལ་གྲོགས་མེད་པའི་གྲོགས་བྱ་བ་ལ་སོགས་པ་བཅུ་གཅིག་པོ་ལ་འབད་པར་བྱེད་པ་ཡིན་ནོ། ། དེ་དག་གིས་སྦྱོར་བའི་བརྩོན་འགྲུས་བཤད་ནས། ཆོག་པར་མི་འཛིན་པའི་བརྩོན་འགྲུས་ནི། བྱང་ཆུབ་མ་ཐོབ་ཀྱི་བར་དུ་དགེ་བ་ལ་ངོམས་ཆོག་མེད་པར་འབད་པ་སྟེ། དེ་ལྟར་ཡང་། སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི། །འདོད་པ་རྣམས་ཀྱིས་མི་ངོམས་ན། །རྣམ་སྨིན་བདེ་ལ་ཞི་བ་ཡི། །བསོད་ནམས་ཀྱིས་ལྟ་ཅི་སྟེ་ངོམས། །ཞེས་གསུངས་སོ། །

བརྩོན་འགྲུས་སྤེལ་བ་ནི། ཡེ་ཤེས་དང་། ཤེས་རབ་དང་། བསྔོ་བ་གསུམ་གྱིས་སྤེལ་བ་སྟེ། གོང་དུ་བཤད་པ་ལྟར་རོ། །

བརྩོན་འགྲུས་དག་པར་བྱེད་པ་ནི། སྟོང་པ་ཉིད་དང་སྙིང་རྗེས་ཟིན་པ་སྟེ་གོང་དུ་བསྟན་པ་ལྟར་རོ། །

བརྩོན་འགྲུས་ཀྱི་འབྲས་བུ་ནི། མཐར་ཐུག་དང་གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། དེ་ལྟར་བྱང་ས་ལས། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་གསུངས་སོ། །

གནས་སྐབས་ཀྱི་འབྲས་བུ་ནི། འཁོར་བ་ན་གནས་པའི་ཚེ་ཡང་སྲིད་པའི་བདེ་བ་མཆོག་རྣམས་ཐོབ་བོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བརྩོན་འགྲུས་ཀྱིས་ནི་སྲིད་སྤྱོད་འདོད་པ་ཐོབ། །ཅེས་གསུངས་སོ། །

དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅོ་ལྔ་པའོ། །། །