དྭགས་པོ་ཐར་རྒྱན།/14

From Wikisource
Jump to navigation Jump to search
དྭགས་པོ་ཐར་རྒྱན། by སྒམ་པོ་པ་བསོད་ནམས་རིན་ཆེན།
བཟོད་པའི་ཕ་རོལ་ཏུ་ཕྱིན་པ།
English title: The Jewel Ornament of Liberation: Chapter 14 — .

Author: Gampopa Sonam Rinchen (sgam po pa bsod nam rin chen) 1079-1153

༈བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ།

སྡོམ་ནི།

སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །
ངོ་བོ་དང་ནི་དབྱེ་བ་དང་། །
ཕྱེ་བ་སོ་སོའི་མཚན་ཉིད་དང་། །
སྤེལ་དང་དག་པར་བྱ་བ་དང་། །
འབྲས་བུ་དང་ནི་དོན་བདུན་གྱིས། །
བཟོད་པའི་ཕ་རོལ་ཕྱིན་བསྡུས་སོ། །

ཞེས་པའོ། །དེ་ལ་དང་པོ་བཤད་ན། གང་ཞིག་སྦྱིན་པ་ཚུལ་ཁྲིམས་གཉིས་དང་ལྡན་ཡང་བཟོད་པ་དང་མི་ལྡན་ན། དེ་ལ་ཁོང་ཁྲོ་སྐྱེའོ། །ཁོང་ཁྲོ་སྐྱེས་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སྔར་བྱས་ཀྱི་དགེ་བ་ཐམས་ཅད་དུས་གཅིག་ལ་ཟད་པར་འགྱུར་རོ། །དེ་ལྟ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཁོང་ཁྲོ་བ་ཞེས་བྱ་བ་ནི། བསྐལ་པ་བརྒྱ་སྟོང་དུ་བསགས་པའི་དགེ་བའི་རྩ་བ་འཇོམས་པ་སྟེ། ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་སོ། །


ཡང་བཟོད་པ་དང་མ་ལྡན་ན། ཞེ་སྡང་ཁོང་དུ་ཞུགས་པས། མདའ་དུག་ཁོང་དུ་ཞུགས་པ་དང་འདྲ་སྟེ། ཡིད་ལ་ཟུག་རྔུ་ལངས་ནས་དགའ་བདེ་དང་ཞི་བ་མི་མྱོང་སྟེ། ཐ་མ་གཉིད་ཀྱང་མི་ཕེབས་པའོ། །དེ་ལྟར་ཡང་། ཞེ་སྡང་ཟུག་རྔུའི་སེམས་འཆང་ན། ཡིད་ནི་ཞི་བ་ཉམས་མི་མྱོང་། །དགའ་དང་བདེ་བའང་མི་ཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་འགྱུར། །ཞེས་པ་དང་། མདོར་ན་ཁྲོ་བས་བདེར་གནས་པ། །དེ་ནི་འགའ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །

ཡང་བཟོད་པ་དང་མི་ལྡན་ན། ཁོང་དུ་ཞེ་སྡང་ཞུགས་པས། ཕྱི་རོལ་ཏུ་ཁྲོ་གཏུམ་འབྱུང་སྟེ། དེས་མཛའ་བཤེས་དང་གཡོག་འཁོར་ཐམས་ཅད་སྐྱོ་ཞིང་སུན་ནས། ནོར་ཟས་བྱིན་ཡང་འཁོར་དུ་མི་བཏུབ་བོ། །དེ་ལྟར་ཡང་། དེ་ཡིས་མཛའ་བཤེས་སྐྱོ་བར་འགྱུར། སྦྱིན་པས་བསྡུས་ཀྱང་རྟེན་མི་བྱེད། །ཅེས་གསུངས་སོ། །

ཡང་བཟོད་པ་དང་མི་ལྡན་ན། བདུད་ཀྱིས་གླགས་རྙེད་ནས་བར་ཆད་འཇུག་གོ། དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། སེམས་སྡང་བར་གྱུར་པ་ལ་བདུད་ཀྱིས་གླགས་རྙེད་ནས་བར་ཆད་འཇུག་གོ། ཞེས་གསུངས་སོ། །

ཡང་བཟོད་པ་དང་མི་ལྡན་ན། སངས་རྒྱས་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་མ་ལོངས་པས་བླ་མེད་ཀྱི་བྱང་ཆུབ་མི་ཐོབ་བོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། སྡང་ཞིང་བཟོད་དང་བྲལ་ལ་བྱང་ཆུབ་ག་ལ་ཡོད། །ཅེས་གསུངས་སོ། །

དེ་ལས་ལྡོག་སྟེ་བཟོད་པ་དང་ལྡན་ན། དེ་ཉིད་དགེ་བའི་རྩ་བ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ། །དེ་ལྟར་ཡང་། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་གསུངས་སོ། །

ཡང་བཟོད་པ་དང་ལྡན་ན། གནས་སྐབས་སུ་ཡང་བདེ་ལེགས་ཐམས་ཅད་ཐོབ་བོ། །དེ་ལྟར་ཡང་། གང་ཞིག་བསྒྲིམས་ཏེ་ཁྲོ་འཇོམས་པ། །དེ་ནི་འདི་དང་གཞན་དུ་བདེ། །ཞེས་གསུངས་སོ། །

ཡང་བཟོད་པ་དང་ལྡན་ན་བླ་མེད་ཀྱི་བྱང་ཆུབ་ཐོབ་བོ། །དེ་ལྟར་ཡང་ཡབ་སྲས་མཇལ་བའི་མདོ་ལས། ཁྲོ་བ་སངས་རྒྱས་ལམ་མིན་ཞེས། །རྟག་ཏུ་བྱམས་པ་བསྒོམ་པ་ན། །བྱང་ཆུབ་དེ་ལས་སྐྱེ་བར་འགྱུར། །ཞེས་གསུངས་སོ། །

བཟོད་པའི་ངོ་བོ་ནི། ཇི་མི་སྙམ་པ་སྟེ། བྱང་ས་ལས། ཟང་ཟིང་མེད་པའི་སེམས་དང་། སྙིང་རྗེ་འབའ་ཞིག་གིས་ཇི་མི་སྙམ་པ་གང་ཡིན་པ་འདི་ནི། མདོར་བསྡུ་ན། བྱང་ཆུབ་སེམས་དཔའི་བཟོད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །

བཟོད་པ་ལ་དབྱེ་ན་གསུམ་སྟེ། གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པའོ། །

དེ་ལ་དང་པོ་ནི། གནོད་པ་བྱེད་པའི་སེམས་ཅན་གྱི་རང་བཞིན་ལ་དཔྱད་ནས་བཟོད་པར་བྱེད་པའོ། །གཉིས་པ་ནི། སྡུག་བསྔལ་གྱི་ངོ་བོ་ལ་དཔྱད་ནས་བཟོད་པར་བྱེད་པའོ། །གསུམ་པ་ནི། ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པ་ཉིད་ལ་སོ་སོར་བརྟགས་པའི་སྒོ་ནས་བཟོད་པར་བྱེད་པའོ། །

ཡང་དང་པོ་གཉིས་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་བཟོད་པ་བསྒོམ་པ་ཡིན། ཕྱི་མ་དོན་དམ་གྱི་དབང་དུ་བྱས་པའོ། །

དེ་དག་སོ་སོའི་མཚན་ཉིད་བཤད་ན། དེ་ལ་དང་པོ་ནི། བདག་གམ་བདག་གི་བ་ལ་བརྡེག་པ་དང་། གཤེ་བ་དང་། ཁྲོ་བ་དང་། མཚང་འབྲུ་བ་ལ་སོགས་པ་མི་འདོད་པ་བྱེད་པ་དང་། འདོད་པའི་བགེགས་བྱེད་པ་བདག་གིས་བཟོད་པར་བྱེད་པའོ། །དེ་དག་བཟོད་པ་གང་ཞེ་ན། མི་འཁྲུག་པ་དང་། ཕྱིར་གནོད་པ་མི་བྱེད་པ་དང་། སེམས་ལ་མི་འཛིན་པ་གང་ཡིན་པ་དེ་ནི་བཟོད་པ་ཞེས་བྱའོ། །

དེ་ཡང་། སློབ་དཔོན་ཞི་བ་ལྷའི་ལྟར་ན། གཞན་དག་བདག་ལ་གནོད་པར་བྱེད་པ་དེ། ཁོ་ལ་རང་དབང་མེད་པར་བརྟག་པ་དང་། རང་གི་ལས་ཀྱི་ཉེས་པར་བརྟག་པ་དང་། ལུས་ཀྱི་ཉེས་པར་རྟག་པ་དང་། སེམས་ཀྱི་ཉེས་པར་བརྟག་པ་དང་། སྐྱོན་ཅན་ཁྱད་མེད་དུ་འགྱུར་བར་བརྟག་པ་དང་། ཕན་འདོགས་པར་བརྟག་པ་དང་། དྲིན་ཆེ་བར་བརྟག་པ་དང་། སངས་རྒྱས་མཉེས་པར་བརྟག་པ་དང་། ཕན་ཡོན་ཆེ་བར་བརྟགས་ལ་བཟོད་པར་བྱ་བར་གསུངས་སོ། །

དེ་ལ་དང་པོ་ནི། ལྷ་སྦྱིན་ལྟ་བུ་བདག་ལ་གནོད་པར་བྱེད་པ་དེ་ནི་ཞེ་སྡང་གིས་རང་དབང་མེད་ལ། ཞེ་སྡང་ནི་ཡུལ་ཡིད་དུ་མི་འོང་བས་དབང་མེད་དེ། དེས་ན་ཁོ་ལ་རང་དབང་མེད་པ་ཡིན་པས། བདག་གིས་ལན་བྱ་བར་མི་རིགས་སོ། །དེ་ལྟར་ཡང་། དེ་ལྟར་ཐམས་ཅད་གཞན་གྱི་དབང་། །དེ་ཡི་དབང་གིས་དེ་དབང་མེད། །དེ་ལྟར་ཤེས་ན་སྦྲུལ་ལྟ་བུའི། །དངོས་པོ་ཀུན་ལ་མི་ཁྲོ་འགྱུར། །ཞེས་གསུངས་སོ། །

རང་གི་ལས་ཀྱི་ཉེས་པར་བརྟག་པ་ནི། བདག་གིས་ད་ལྟ་མྱོང་བའི་གནོད་པ་འདི་ཁོ་ན་འདྲ་བ་ཞིག་སྐྱེ་བ་སྔ་མ་ལ་བྱས་པས་གནོད་པ་འདི་བྱུང་བ་ཡིན། དེས་ན་རང་གི་ལས་ངན་གྱིས་ཉེས་པས་ན་གཞན་ལ་ལན་བྱ་བར་མི་རིགས་སོ། །དེ་ལྟར་ཡང་། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་རིགས། །ཞེས་གསུངས་སོ། །

རང་གི་ལུས་ཀྱི་ཉེས་པར་བརྟག་པ་ནི། རང་ལུས་འདི་མེད་ན་ཕ་རོལ་པོས་མཚོན་ཆ་ལ་སོགས་པ་བརྡེགས་མི་རྙེད་དེ། དེས་ན་ལུས་འདི་ཡོད་པས་གནོད་པ་དེ་བྱུང་བ་ཡིན་ལ། གཞན་ལ་ལན་བྱ་བར་མི་རིགས་སོ། །དེ་ལྟར་ཡང་། དེ་ཡི་མཚོན་དང་བདག་གི་ལུས། །གཉིས་ཀ་སྡུག་བསྔལ་རྒྱུ་ཡིན་ཏེ། །དེས་མཚོན་བདག་གིས་ལུས་ཕྱུང་ན། །གང་ཞིག་ལ་ནི་ཁྲོ་བར་བྱ། །ཞེས་གསུངས་སོ། །

སེམས་ཀྱི་ཉེས་པར་བརྟག་པ་ནི། རང་སེམས་འདིས་ལུས་བཟང་པོ་གཞན་གྱིས་གནོད་པར་བྱ་བ་མི་འཛིན་པར། ལུས་ངན་པ་གཟེ་རེ་ཅན་བཟུང་བས་གནོད་པས་ཚུགས་པ་ཡིན། དེས་ན་རང་གི་སེམས་ཀྱིས་ལན་པས། གཞན་ལ་ལན་བྱ་བར་མི་རིགས་སོ། །དེ་ལྟར་ཡང་། ཤུ་བ་མི་ཡི་གཟུགས་འདྲ་བ། །རེག་ཏུ་མི་བཟོད་སྡུག་བསྔལ་ཅན། །སྲེད་ལྡོངས་བདག་གིས་བཟུང་གྱུར་ན། །དེ་ལ་གནོད་པ་སུ་ལ་ཁྲོ། །ཞེས་གསུངས་སོ། །

སྐྱོན་ཅན་ཁྱད་མེད་དུ་འགྱུར་བར་བརྟག་པ་ནི། ཇི་སྐད་དུ། ལ་ལ་རྨོངས་ཏེ་ཉེས་པ་བྱེད། །ལ་ལ་རྨོངས་ཏེ་ཁྲོས་གྱུར་ན། །དེ་ལ་སྐྱོན་མེད་གང་གིས་བྱ། །སྐྱོན་དང་བཅས་དེ་གང་ཞིག་ཡིན། །ཞེས་གསུངས་ཏེ། དེས་ན་སྐྱོན་ལ་འཛེམས་ལ་བཟོད་པར་བྱའོ། །

ཕན་འདོགས་པར་བརྟག་པ་ནི། གནོད་བྱེད་ལ་བརྟེན་ནས་བཟོད་པ་བསྒོམ། བཟོད་པ་བསྒོམས་པས་སྡིག་པ་བྱང་། སྡིག་པ་བྱང་བས་ཚོགས་རྫོགས། ཚོགས་རྫོགས་པས་འཚང་རྒྱ་སྟེ། དེས་ན་གནོད་བྱེད་འདི་དོན་གྱིས་ཕན་འདོགས་ཆེན་པོ་ཡིན་པས་བཟོད་པར་བྱའོ། །དེ་ལྟར་ཡང་། འདི་དག་ལ་ནི་བརྟེན་བཅས་ནས། །བཟོད་པས་བདག་སྡིག་མང་དུ་འབྱང་། །ཞེས་པ་ལ་སོགས་པ་གསུངས་སོ། །

དྲིན་ཆེ་བར་བརྟག་པ་ནི། བྱང་ཆུབ་སྒྲུབ་པ་ལ་བཟོད་པའི་ཕ་རོལ་དུ་ཕྱིན་པ་མེད་དུ་མི་བཏུབ་ལ། བཟོད་པ་སྒོམ་པ་ལ་གནོད་བྱེད་མེད་དུ་མི་བཏུབ་སྟེ། དེས་ན་གནོད་བྱེད་འདི་ཆོས་ཀྱི་གྲོགས་པོ་དྲིན་ཅན་ཡིན་པས་གནོད་པ་ལ་བཟོད་པར་བྱའོ། །དེ་ལྟར་ཡང་། བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པ། །བདག་གིས་དགྲ་ལ་དགའ་བར་བྱ། །འདི་དག་བདག་གིས་བསྒྲུབས་པས་ན། །དེ་ཕྱིར་བཟོད་པའི་འབྲས་བུ་འདི། །ཐོག་མར་འདི་ལ་བརྡར་འོས་ཏེ། །འདི་ལྟར་དེ་ནི་བཟོད་པའི་རྒྱུ། །ཞེས་གསུངས་སོ། །

སངས་རྒྱས་མཉེས་པར་བརྟག་པ་ནི། ཇི་སྐད་དུ། གཞན་ཡང་གཡོ་མེད་གཉེན་གྱུར་པ། །ཕན་པ་དཔག་མེད་མཛད་རྣམས་ལ། །སེམས་ཅན་མགུ་བྱ་མ་གཏོགས་པ། གཞན་གང་ཞིག་གིས་ལན་ལོན་འགྱུར། །ཞེས་གསུངས་སོ། ། ཕན་ཡོན་ཆེ་བར་བརྟག་པ་ནི། ཇི་སྐད་དུ། འདི་དག་མགུ་བྱ་མང་པོ་ཞིག། འདི་ལྟར་ཕུན་སུམ་ཕ་རོལ་ཕྱིན། །ཞེས་གསུངས་སོ། །

བྱང་ས་ལས། འདུ་ཤེས་ལྔ་བསྐྱེད་ལ་བཟོད་པ་བསྒོམ་པར་གསུངས་ཏེ། ཇི་སྐད་དུ། གནོད་པ་བྱེད་པ་དེ་ལ་སྙིང་དུ་སྡུག་པའི་འདུ་ཤེས་དང་། ཆོས་ཙམ་དུ་རྗེས་སུ་འབྲང་བའི་འདུ་ཤེས་དང་། མི་རྟག་པའི་འདུ་ཤེས་དང་། སྡུག་བསྔལ་བའི་འདུ་ཤེས་དང་། ཡོངས་སུ་བཟུང་བའི་འདུ་ཤེས་སོ། །ཞེས་གསུངས་སོ། །

དེ་ལ་དང་པོ་ནི། ད་ལྟ་གནོད་བྱེད་ཀྱི་སེམས་ཅན་འདི་སྔོན་གྱི་ཚེ་རབས་གཞན་དུ་ཕ་མའམ། སྤུན་ཟླའམ། སློབ་དཔོན་མ་བྱས་པ་ནི་མེད་ལ། དེ་དག་གིས་བདག་ལ་ཕན་པར་བྱས་པ་ནི་གྲངས་ཀྱིས་མི་ཆོད་པས། ད་ལྟ་གནོད་པ་འདི་འདྲ་བ་ལ་བདག་ལན་བྱེད་པ་མི་བཟོད་སྙམ་དུ་སྙིང་དུ་སྡུག་པའི་འདུ་ཤེས་ཀྱིས་བཟོད་པར་བྱའོ། །

ཆོས་ཙམ་དུ་རྗེས་སུ་འབྲང་བའི་འདུ་ཤེས་ནི། གནོད་པར་བྱེད་པ་འདི་ནི་རྐྱེན་ལ་རག་ལས་པ་དང་། འདུ་ཤེས་ཙམ་ཆོས་ཙམ་དུ་ཟད་དོ། །འདི་ལ་ནི་གཤེ་བར་བྱེད་པའམ། བརྡེག་པ་དང་། མཚང་འབྲུ་བ་དང་། བརྒྱད་བཀག་བྱེད་པའི་བདག་གམ་སེམས་ཅན་ནམ་སྲོག་གམ། སྐྱེ་བ་པོ་གང་ཡང་མེད་དོ། །སྙམ་དུ་བསམས་ནས་བཟོད་པར་བྱེད་པའོ། །

མི་རྟག་པའི་འདུ་ཤེས་ནི། སེམས་ཅན་ནི་མི་རྟག་སྟེ་འཆི་བའི་ཆོས་ཅན་ཡིན་ལ། གནོད་པའི་མཆོག་ནི་སྲོག་དང་འབྲལ་བ་ཡིན་ཏེ། དེ་ལྟར་ན་སེམས་ཅན་རང་བཞིན་གྱིས་འཆི་བས་སྲོག་བཅད་མི་དགོས་སྙམ་དུ་བསམས་ནས་བཟོད་པར་བྱེད་པའོ། །

སྡུག་བསྔལ་བའི་འདུ་ཤེས་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་གསུམ་གྱིས་ཉེན་ལ། བདག་གིས་དེ་དག་བསལ་བར་བྱ་ཡི་སྡུག་བསྔལ་བསྒྲུབ་པར་མི་བྱའོ་སྙམ་སྟེ། དེ་ཉིད་སྡུག་བསྔལ་བའི་འདུ་ཤེས་ཀྱིས་གནོད་པ་ལ་བཟོད་པར་བྱེད་པའོ། །

ཡོངས་སུ་བཟུང་བའི་འདུ་ཤེས་ནི། བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱའོ། །ཞེས་སེམས་ཅན་ཐམས་ཅད་ཆུང་མའི་ཚུལ་དུ་ཡོངས་སུ་བཟུང་སྟེ། དེ་ལྟར་ཡོངས་སུ་བཟུང་ནས་གནོད་པ་ཕྲན་ཚེགས་ལ་ལན་བྱེད་པར་མི་རིགས་སོ་སྙམ་ནས་བཟོད་པར་བྱེད་པའོ། །

གཉིས་པ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་སྡུག་བསྔལ་རྣམས་ཀྱིས་མི་སྐྱོ་བར་དགའ་བའི་སེམས་ཀྱིས་དང་དུ་བླང་བའོ། །དེ་ཡང་བྱང་ས་ལས། གནས་ལ་བརྟེན་པའི་སྡུག་བསྔལ་ལ་སོགས་པ་སྡུག་བསྔལ་བརྒྱད་དང་དུ་བླང་བར་གསུངས་སོ། །

དེ་ཡང་དོན་གྱིས་འདི་རྣམས་ཡིན་ཏེ། རབ་ཏུ་བྱུང་ནས་ཆོས་གོས་དང་བསོད་སྙོམས་ལ་སོགས་པའི་རྩོལ་བའི་སྡུག་བསྔལ་དང་། དཀོན་མཆོག་དང་བླ་མ་མཆོད་ཅིང་བསྙེན་བཀུར་བ་དང་། ཆོས་ཉན་པ་དང་། བཤད་པ་དང་། ཁ་ཏོན་དང་། བསྒོམ་པ་དང་། ནམ་གྱི་ཆ་སྟོད་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། སེམས་ཅན་གྱི་དོན་སྔ་མ་བཞིན་དུ་བཅུ་གཅིག་པོ་དེ་བྱེད་པ་ལ་སོགས་པ་རྩོལ་བ་ལས་བྱུང་བའི་སྡུག་བསྔལ་ཏེ། ངལ་བ་དང་། དུབ་པ་དང་། ཚ་བ་དང་། གྲང་བ་དང་། བཀྲེས་པ་དང་། སྐོམ་པ་དང་། སེམས་འཁྲུག་པ་ལ་སོགས་པ་ཐམས་ཅད་ཀྱིས་མི་སྐྱོ་བར་དང་དུ་ལེན་པའོ། །དེ་ཡང་དཔེར་ན། ནད་དྲག་པོའི་སྡུག་བསྔལ་ཞི་བར་བྱ་བའི་ཆེད་དུ་གཏར་སྲེག་གིས་ནད་འཆོས་པ་ལ་སོགས་པའི་སྡུག་བསྔལ་དང་དུ་ལེན་པ་བཞིན་ནོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་བསྒྲུབ་པ་ཡི། སྡུག་བསྔལ་འདི་ནི་ཚོད་ཡོད་དེ། །ཟུག་རྔུ་ཁོང་བརླག་གནོད་བསལ་ཕྱིར། །ལུས་རྨ་གཏོང་བའི་སྡུག་བསྔལ་བཞིན། །ཞེས་གསུངས་སོ། །དེ་ལྟར་ཆོས་ཀྱི་སྡུག་བསྔལ་དང་དུ་བླངས་ནས་འཁོར་བའི་གཡུལ་ངོ་བཟློག་ཅིང་ཉོན་མོངས་པའི་དགྲ་འཇོམས་པ་ནི་དཔའ་བོ་ཆེན་པོ་ཡིན་ནོ། །

ཐ་མལ་བའི་དགྲ་རང་བཞིན་གྱིས་འཆི་བ་བསད་པ་ནི་འཇིག་རྟེན་ན་དཔའ་བོར་གྲགས་ཀྱི་དེ་ལྟ་མ་ཡིན་ཏེ། རོ་ལ་མཚོན་བརྡེག་པ་དང་འདྲའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། སྡུག་བསྔལ་ཐམས་ཅད་ཁྱད་བསད་ནས། །ཞེ་སྡང་ལ་སོགས་དགྲ་འཇོམས་པ། །དེ་དག་རྒྱལ་བྱེད་དཔའ་བོ་སྟེ། །ལྷག་མ་རོ་ལ་གསོད་པ་ཡིན། །ཞེས་གསུངས་སོ། །

གསུམ་པ་ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པ་ནི། བྱང་ས་ལས། དཀོན་མཆོག་གི་ཡོན་ཏན་ལ་སོགས་པ་གནས་བརྒྱད་ལ་མོས་པ་ཡིན་པར་གསུངས་སོ། །

ཡང་དེ་ཁོ་ན་ཉིད་ཀྱི་དོན་བདག་རྣམ་པ་གཉིས་ཀྱིས་སྟོང་པའི་རང་བཞིན་ལ་མོས་ཤིང་བཟོད་པའོ། །

བཟོད་པ་སྤེལ་བ་ནི། ཡེ་ཤེས་དང་། ཤེས་རབ་དང་། བསྔོ་བ་གསུམ་གྱིས་སྤེལ་བ་སྟེ། གོང་དུ་བསྟན་པ་ལྟར་རོ། །

བཟོད་པ་དག་པར་བྱེད་པ་ནི། སྟོང་པ་དང་། སྙིང་རྗེས་ཟིན་པ་སྟེ། གོང་དུ་བསྟན་པ་ལྟར་རོ། །

བཟོད་པའི་འབྲས་བུ་ནི། མཐར་ཐུག་དང་གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། དེ་ལྟར་ཡང་བྱང་ས་ལས། བཟོད་པ་རྒྱ་ཆེ་ཞིང་ཚད་མེད་ལ་བྱང་ཆུབ་ཆེན་པོའི་འབྲས་བུ་འབྱུང་བ་འདི་དག་ལ་བརྟེན་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །

གནས་སྐབས་སུ་ནི་དེ་ལ་མ་དམིགས་ཀྱང་། ཚེ་རབས་ཐམས་ཅད་དུ་གཟུགས་མཛེས་པ་དང་། ནད་མེད་པ་དང་། སྙན་གྲགས་དང་། ཚེ་རིང་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་བོ། །དེ་ལྟར་ཡང་སྤྱོད་འཇུག་ལས། འཁོར་ཚེ་བཟོད་པས་མཛེས་སོགས་དང་། ནད་མེད་པ་དང་གྲགས་པ་ཡིས། །ཤིན་ཏུ་ཡུན་རིང་འཚོ་བ་དང་། འཁོར་ལོས་སྒྱུར་བའི་བདེ་རྒྱས་ཐོབ། །ཅེས་གསུངས་སོ། །

དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་བཞི་པའོ། །། །