Jump to content

དྭགས་པོ་ཐར་རྒྱན།/9

From Wikisource
72055དྭགས་པོ་ཐར་རྒྱན།སྒམ་པོ་པ་བསོད་ནམས་རིན་ཆེན།

༈བྱང་ཆུབ་ཏུ་སེམས་བསྐྱེད་པའི་ངོ་བོ་ཉིད་ནི། གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །

བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལ་དབྱེ་ན་གསུམ་སྟེ། དཔེའི་སྒོ་ནས་དབྱེ་བ་དང་། ས་མཚམས་ཀྱི་སྒོ་ནས་དབྱེ་བ་དང་། མཚན་ཉིད་ཀྱི་སྒོ་ནས་དབྱེ་བའོ། །

དེ་ལ་དང་པོ་ནི། བྱང་ཆུབ་ཀྱི་སེམས་དེ་ཉིད་སོ་སོ་སྐྱེ་བོ་ནས་སངས་རྒྱས་ཀྱི་སའི་བར་དུ་དབྱེ་བ་དཔེས་བསྟན་པ། འཕགས་པ་བྱམས་པས་གསུངས་ཏེ། ཇི་སྐད་དུ། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་སོ། །

དཔེ་ཉི་ཤུ་རྩ་གཉིས་པོ་འདི་དག་ནི། དོན་འདུན་པ་ནས་ཆོས་སྐུའི་བར་དུ་ཡིན་ཏེ། དེ་ཡང་ལམ་ལྔ་དང་སྦྱར་ན། འདུན་པ་དང་ལྡན་པ་ནི། ས་དང་འདྲ་སྟེ། ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་བྱེད་པའོ། །བསམ་པ་དང་ལྡན་པ་ནི། གསེར་དང་འདྲ་སྟེ། བྱང་ཆུབ་ཀྱི་བར་དུ་མི་འགྱུར་བའོ། །ལྷག་པའི་བསམ་པ་དང་ལྡན་པ་ནི། ཟླ་བ་ཚེས་པ་དང་འདྲ་སྟེ། དགེ་བའི་ཆོས་མཐའ་དག་རྣམ་པར་འཕེལ་བར་འགྱུར་བའོ། །དེ་གསུམ་ནི་ཚོགས་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱི་ལས་དང་པོ་པའི་སས་བསྡུས་པའོ། །

སྦྱོར་བ་དང་ལྡན་པ་ནི། མེ་དང་འདྲ་སྟེ་ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སྒྲིབ་པའི་བུད་ཤིང་བསྲེག་པར་བྱེད་པའོ། །དེ་ནི་སྦྱོར་བའི་ལམ་གྱིས་བསྡུས་པའོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི། གཏེར་ཆེན་པོ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའོ། །ཚུལ་ཁྲིམས་དང་ལྡན་པ་ནི། རིན་པོ་ཆེའི་འབྱུང་གནས་དང་འདྲ་སྟེ། ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་བྱེད་པའོ། །བཟོད་པ་དང་ལྡན་པ་ནི། རྒྱ་མཚོ་ཆེན་པོ་དང་འདྲ་སྟེ། མི་འདོད་པ་ཐམས་ཅད་ཐོག་ཏུ་བབ་པས་མི་འཁྲུག་པའོ། །བརྩོན་འགྲུས་དང་ལྡན་པ་ནི། །རྡོ་རྗེ་དང་འདྲ་སྟེ། མི་ཤིགས་པ་ཉིད་ཀྱིས་ན་སྲ་བའོ། །བསམ་གཏན་དང་ལྡན་པ་ནི། རིའི་རྒྱལ་པོ་དང་འདྲ་སྟེ།

དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པའོ། །ཤེས་རབ་དང་ལྡན་པ་ནི། སྨན་དང་འདྲ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཞི་བར་བྱེད་པའོ། །ཐབས་དང་ལྡན་པ་ནི། དགེ་བའི་བཤེས་གཉེན་དང་འདྲ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའོ། །སྨོན་ལམ་དང་ལྡན་པ་ནི། །ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། །ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པའོ། །སྟོབས་དང་ལྡན་པ་ནི། །ཉི་མ་དང་འདྲ་སྟེ། །གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། །ཆོས་ཀྱི་སྒྲ་དབྱངས་དང་འདྲ་སྟེ། གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པའོ། །དེ་ལྟར་བཅུ་ནི། རིམ་པ་ལྟར་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུས་བསྡུས་ཏེ། །མཐོང་བའི་ལམ་དང་། བསྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། །

མངོན་པར་ཤེས་པ་དང་ལྡན་པ་ནི། རྒྱལ་པོ་ཆེན་པོ་དང་འདྲ་སྟེ། མཐུ་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པའོ། །བསོད་ནམས་དང་ཡེ་ཤེས་དང་ལྡན་པ་ནི། བང་མཛོད་དང་འདྲ་སྟེ། ཚོགས་མང་པོའི་མཛོད་དུ་གྱུར་པའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང་ལྡན་པ་ནི། ལམ་པོ་ཆེ་དང་འདྲ་སྟེ། འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པས་སོ། །སྙིང་རྗེ་དང་ལྷག་མཐོང་དང་ལྡན་པ་ནི། བཞོན་པ་དང་འདྲ་སྟེ། འཁོར་འདས་གང་དུ་ཡང་མི་བཏང་བར་བདེ་བླག་ཏུ་འགྲོ་བའོ། །གཟུངས་དང་སྤོབས་པ་དང་ལྡན་པ་ནི། བཀོད་མའི་ཆུ་དང་འདྲ་སྟེ། ཐོས་པ་དང་མ་ཐོས་པའི་ཆོས་འཛིན་པས་མི་ཟད་པའོ། །དེ་ལྟར་ལྔ་ནི་བྱང་ཆུབ་སེམས་དཔའི་ཁྱད་པར་གྱི་ལམ་གྱིས་བསྡུས་པའོ། ། ཆོས་ཀྱི་སྐྱེད་མོས་ཚལ་དང་ལྡན་པ་ནི། སྒྲ་སྙན་པ་ཐོས་པ་དང་འདྲ་སྟེ། ཐར་པ་འདོད་པའི་གདུལ་བྱ་ལ་སྙན་པར་སྒྲོགས་པའོ། །བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི། ཆུ་བོའི་རྒྱུན་དང་འདྲ་སྟེ། གཞན་གྱི་དོན་བྱ་བ་མི་ཉམས་པའོ། །ཆོས་ཀྱི་སྐུ་དང་ལྡན་པ་ནི། སྤྲིན་དང་འདྲ་སྟེ། དགའ་ལྡན་གྱི་གནས་སུ་བཞུགས་པ་ལ་སོགས་པ་སྟོན་པའི་སྒོ་ནས། སེམས་ཅན་གྱི་དོན་དུ་བྱ་བ་རྣམས་དེ་ལ་རག་ལས་པའོ། །དེ་ལྟར་གསུམ་ནི་སངས་རྒྱས་ཀྱི་སས་བསྡུས་པ་སྟེ། དེ་ལྟར་ན་ཉི་ཤུ་རྩ་གཉིས་པོ་ལས་དང་པོ་པའི་ས་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་སོ། །

ས་མཚམས་ཀྱི་སྒོ་ནས་དབྱེ་བ་ནི་བཞི་སྟེ། མོས་པ་དང་ལྡན་པའི་སེམས་བསྐྱེད་དང་། ལྷག་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་དང་། རྣམ་པར་སྨིན་པའི་སེམས་བསྐྱེད་དང་། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དོ། །དེ་ལ་དང་པོ་ནི། མོས་པས་སྤྱོད་པའི་སས་བསྡུས་པ་རྣམས་སོ། །གཉིས་པ་ནི། ས་དང་པོ་ནས་བདུན་པའི་བར་དག་གོ། གསུམ་པ་ནི། ས་བརྒྱད་པ་ནས་བཅུ་པའི་བར་དག་གོ། བཞི་པ་ནི། སངས་རྒྱས་ཀྱི་སའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་གསུངས་སོ། །

མཚན་ཉིད་ཀྱི་སྒོ་ནས་དབྱེ་ན་གཉིས་ཏེ། །དོན་དམ་བྱང་ཆུབ་ཀྱི་སེམས་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་ཡང་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །ཞེས་གསུངས་སོ། །

འོ་ན་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཅི་ཙམ་ཞིག་སྙམ་ན། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གསལ་ལ་མི་གཡོ་བ་སྤྲོས་པའི་མཐའ་དང་བྲལ་བའོ། །དེ་ལྟར་ཡང་མདོ་སྡེ་དེ་ཉིད་ལས། དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ་སྤྲོས་པའི་མཐའ་དང་བྲལ་བ། ཤིན་ཏུ་གསལ་བ། དོན་དམ་པའི་ཡུལ་ཅན་དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་ལྟར་ཤིན་ཏུ་གསལ་བའོ། །ཞེས་གསུངས་སོ། །

འོ་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཅི་ཙམ་ཞིག་ཡིན་སྙམ་ན། ཡང་མདོ་སྡེ་དེ་ཉིད་ལས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་སྙིང་རྗེས་སེམས་ཅན་མཐའ་དག་འཁོར་བ་ནས་འདོན་པར་དམ་བཅས་པའོ། །ཞེས་གསུངས་སོ། །དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ནི་ཆོས་ཉིད་ཀྱིས་ཐོབ་པ་ཡིན་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ཡིན་པར་མདོ་སྡེ་རྒྱན་ལས་བཤད་དོ། །

དོན་དམ་བྱང་ཆུབ་ཀྱི་སེམས་དེ་གནས་སྐབས་གང་ན་ཡོད་ཅེ་ན། ས་དང་པོ་རབ་ཏུ་དགའ་བ་ཡན་ཆད་ན་ཡོད་དོ། །དེ་ལྟར་ཡང་མདོ་སྡེ་རྒྱན་གྱི་འགྲེལ་པ་ལས། དོན་དམ་པའི་སེམས་བསྐྱེད་པ་དེ་ཡང་ས་དང་པོ་རབ་ཏུ་དགའ་བ་ལ་ཡིན་པས། ཞེས་གསུངས་སོ། །

ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་དབྱེ་ན་གཉིས་ཏེ། སྨོན་པའི་སེམས་དང་། །འཇུག་པའི་སེམས་སོ། །དེ་ལྟར་ཡང་སྤྱོད་འཇུག་ལས། །བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །

སྨོན་འཇུག་གཉིས་ཀྱི་ཁྱད་པར་འདི་ལ་ཡང་བཞེད་པ་ཐ་དད་པ་མང་སྟེ། འཕགས་པ་འཇམ་དཔལ་ནས། སློབ་དཔོན་ཀླུ་སྒྲུབ་ན་མར་ལ་བརྒྱུད་པའི་སློབ་དཔོན་ཞི་བ་ལྷས་ནི། སྨོན་པ་ནི། །འགྲོ་བར་འདོད་པ་དང་འདྲ་སྟེ། རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ཡིན་ལ། །འཇུག་པ་ནི། འགྲོ་བ་དངོས་དང་འདྲ་སྟེ། སངས་རྒྱས་སྒྲུབ་པའི་སྦྱོར་བ་ཡིན་པར་བཞེད་དོ། །དེ་ལྟར་ཡང་སྤྱོད་འཇུག་ལས། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་བཞིན་ཤེས་པ་ལྟར། །དེ་བཞིན་མཁས་པ་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་སོ། །

འཕགས་པ་བྱམས་པ་ནས། སློབ་དཔོན་ཐོགས་མེད་ན་མར་ལ་བརྒྱུད་པའི་ཇོ་བོ་གསེར་གླིང་པ་ནི། སྨོན་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་འབྲས་བུ་ལ་དམ་བཅའ་ལེན་པ་ཡིན་ལ། འཇུག་པ་ནི། སངས་རྒྱས་ཀྱི་རྒྱུར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ་སྙམ་དུ་རྒྱུ་ལ་དམ་བཅའ་ལེན་པར་བཞེད་པའོ། །

དོན་དེ་དང་མཐུན་པར་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། སེམས་བསྐྱེད་པ་ནི་རྣམ་པ་གཉིས་ཏེ། །ཁྱད་པར་ཅན་མ་ཡིན་པ་དང་། ཁྱད་པར་དུ་འཕགས་པའོ། །དེ་ལ་ཁྱད་པར་ཅན་མ་ཡིན་པ་ནི། ཀྱེ་མའོ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག། ཅིག་སྙམ་པའོ། །ཁྱད་པར་དུ་འཕགས་པ་ནི། དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག་ཅིག་སྙམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། །ཞེས་གསུངས་སོ། །

དེ་ལྟར་དཔེ་དང་། ས་མཚམས་དང་། མཚན་ཉིད་ཀྱི་སྒོ་ནས་སེམས་བསྐྱེད་ཀྱི་དབྱེ་བ་བཤད་ཟིན་ཏོ། །

བྱང་ཆུབ་ཏུ་སེམས་བསྐྱེད་པའི་དམིགས་པ་ནི། བྱང་ཆུབ་དང་སེམས་ཅན་གྱི་དོན་ལ་དམིགས་པའོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་ས་ལས། དེ་ལྟ་བས་ན། སེམས་བསྐྱེད་པ་དེ་ནི་བྱང་ཆུབ་ལ་དམིགས་པ་དང་། སེམས་ཅན་ལ་དམིགས་པ་ཡིན་ནོ། །ཞེས་གསུངས་སོ། །

དེ་ལ་བྱང་ཆུབ་ལ་དམིགས་པ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་ཡེ་ཤེས་འཚོལ་བར་དམིགས་པ་སྟེ། མདོ་སྡེ་རྒྱན་ཀྱི་སེམས་བསྐྱེད་ཀྱི་སྐབས་ནས་ཀྱང་། དེ་བཞིན་དེའི་ཡེ་ཤེས་འཚོལ་བར་དམིགས་པའོ། །ཞེས་གསུངས་སོ། ། སེམས་ཅན་ལ་དམིགས་པ་ཞེས་བྱ་བ་ཡང་། །སེམས་ཅན་གཅིག་གམ། གཉིས་སམ། འགའ་ཙམ་མ་ཡིན་ཏེ། ནམ་མཁས་གར་ཁྱབ་ན་སེམས་ཅན་གྱིས་ཁྱབ། །དེས་གར་ཁྱབ་པ་ན་ལས་དང་ཉོན་མོངས་པས་ཁྱབ་ལ། དེས་གང་ན་ཁྱབ་པ་ན་སྡུག་བསྔལ་གྱིས་ཁྱབ་པས། དེ་རྣམས་ཀྱི་སྡུག་བསྔལ་སེལ་བར་བྱ་བའི་ཆེད་དུ་སེམས་བསྐྱེད་པའོ། །དེ་ལྟར་ཡང་བཟང་སྤྱོད་སྨོན་ལམ་ལས། ནམ་མཁའི་མཐས་གཏུགས་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གིས་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་སོ། །

བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྒྱུ་ནི། ཆོས་བཅུ་པའི་མདོ་ལས། རྒྱུ་བཞིས་སེམས་དེ་སྐྱེ་བར་འགྱུར་ཏེ། སེམས་དེ་ཉིད་ཀྱི་ཕན་ཡོན་མཐོང་བ་དང་། དེ་བཞིན་གཤེགས་པ་ལ་དད་པ་དང་། སེམས་ཅན་གྱི་སྡུག་བསྔལ་མཐོང་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་བསྐུལ་བའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་ས་ལས་ཀྱང་རྒྱུ་བཞིར་གསུངས་ཏེ། ཇི་སྐད་དུ། དེ་ལ་རྒྱུ་བཞི་གང་ཞེ་ན། རིགས་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པའི་རྒྱུ་དང་པོའོ། །

སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ནི། བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་གཉིས་པའོ། །སེམས་ཅན་རྣམས་ལ་སྙིང་རྗེ་བ་ནི། བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་གསུམ་པའོ། །འཁོར་བའི་སྡུག་བསྔལ་དང་དཀའ་བ་སྤྱད་པའི་སྡུག་བསྔལ་ཡུན་རིང་བ་རྣམ་པ་སྣ་ཚོགས་པ། དྲག་པ། བར་ཆད་མེད་པས་ཀྱང་མི་འཇིགས་པ་འདི་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་བཞི་པའོ། །ཞེས་གསུངས་སོ། །

མདོ་སྡེ་རྒྱན་ལས་ནི། ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་པ་དང་། དོན་དམ་པའི་སེམས་བསྐྱེད་པ་གཉིས་རྒྱུ་སོ་སོར་གསུངས་ཏེ། དེ་ལ་དང་པོ་ནི། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས་ཏེ། གཞན་གྱིས་བསྟན་པའི་སེམས་བསྐྱེད་ཅེས་པ་ནི། གཞན་གྱི་རྣམ་པར་རིག་བྱེད་ལས་སེམས་སྐྱེ་བ་གང་ཡིན་པ་དེ་ནི་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ཞེས་ཀྱང་བྱ་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །

དེ་ཡང་གྲོགས་ཀྱི་སྟོབས་ལས་ཏེ་དགེ་བའི་བཤེས་གཉེན་གྱི་ངོར་སྐྱེ་བ་ཡོད་དོ། །རྒྱུའི་སྟོབས་ལས་ཏེ་རིགས་ཀྱི་མཐུས་སྐྱེ་བ་ཡང་ཡོད་དོ། །དགེ་བའི་རྩ་བའི་སྟོབས་ལས་ཏེ། དེའི་རིགས་རྒྱས་པའི་སྒོ་ནས་སྐྱེ་བ་ཡང་ཡོད་དོ། །ཐོས་པའི་སྟོབས་ལས་ཏེ། ཆོས་ཀྱི་རྣམ་གྲངས་དེ་དང་དེ་བཤད་པ་ན་སྐྱེ་བ་ཡང་ཡོད་དོ། །དགེ་བ་ལ་གོམས་པ་ལས་ཏེ་ཚེ་འདི་ཉིད་ལ་རྟག་ཏུ་ཉན་པ་དང་འཛིན་པ་དང་འཆང་བ་ལ་སོགས་པ་ལས་སྐྱེ་བ་ཡང་ཡོད་དོ། །དེ་ཡང་གྲོགས་ཀྱི་སྟོབས་ལས་མི་བརྟན་ལ། རྒྱུ་ལ་སོགས་པའི་སྟོབས་ལས་ནི་བརྟན་པར་འབྱུང་བའོ། །

དོན་དམ་པའི་སེམས་སྐྱེ་བའི་རྒྱུ་ནི། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་ཏེ། ལུང་དང་སྒྲུབ་པ་དང་། རྟོགས་པའི་ཁྱད་པར་དག་གིས་བསྐྱེད་པའོ། །

བྱང་ཆུབ་ཀྱི་སེམས་དེ་བླང་བའི་ཡུལ་ནི། སློབ་དཔོན་ཡོད་པའི་ལུགས་དང་། མེད་པའི་ལུགས་གཉིས་ཡིན་ཏེ། །

དེ་ཡང་སློབ་དཔོན་དེའི་སྤྱན་སྔར་འགྲོ་བ་ལ་སྲོག་གམ་ཚངས་པར་སྤྱོད་པའི་བར་ཆད་མེད་ན། ས་ཐག་རིང་ཡང་སློབ་དཔོན་ཡོད་པ་ཡིན་པས་དེའི་སྤྱན་སྔར་ཕྱིན་ལ་ཡུལ་དེ་ལས་བླངས་པའོ། །

སློབ་དཔོན་གྱི་མཚན་ཉིད་ཀྱང་། སྡོམ་པ་འབོགས་པའི་ཆོ་ག་ལ་མཁས་པ་དང་། རང་ཉིད་སྡོམ་པ་ཐོབ་ལ་མ་ཉམས་པར་གནས་པ་དང་། ལུས་ངག་གི་རིག་བྱེད་ཀྱི་དོན་གོ་བར་ནུས་པ་དང་། ཟང་ཟིང་ལྷུར་མི་བྱེད་པར་བརྩེ་བས་སློབ་མ་སྐྱོང་བའོ། །དེ་ལྟར་ཡང་བྱང་ཆུབ་ལམ་སྒྲོན་ལས། ཡང་དག་མཚན་ཉིད་ལྡན་པ་དང་། །བླ་མ་བཟང་ལ་སྡོམ་པ་བླང་། །སྡོམ་པའི་ཆོག་ལ་མཁས་པ་དང་། །བདག་ཉིད་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེར་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་ས་ལས་ཀྱང་། བྱང་ཆུབ་སེམས་དཔའི་སྨོན་ལམ་བཏབ་པའི་ཕྱིར། །ཆོས་མཐུན་པ། སྡོམ་པ་བླངས་པ། མཁས་པ། ངག་གི་རྣམ་པར་རིག་བྱེད་ཀྱི་དོན་འཛིན་པ་དང་། གོ་བར་ནུས་པ། ཞེས་གསུངས་སོ། །

དེ་ལྟ་བུའི་བླ་མ་དེ་ཐག་ཉེ་བ་ན་བཞུགས་ཀྱང་དེའི་སྤྱན་སྔར་འགྲོ་བ་ལ་སྲོག་གམ། ཚངས་པར་སྤྱོད་པ་ལ་བར་ཆད་ཡོད་ན། བླ་མ་མེད་པ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་སྨོན་འཇུག་གང་ལེན་པའི་ཚིག་རྣམས་སྙིང་ཐག་པ་ནས་ལན་གསུམ་བརྗོད་པས། སྨོན་པའམ་འཇུག་པ་དེ་ཐོབ་བོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་ས་ལས། གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར། བདག་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་སྟེ། ཞེས་གསུངས་སོ། །

བླ་མ་དང་སྐུ་གཟུགས་གཉིས་ཀ་མ་རྙེད་ན། མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་བསྒོམས་ནས། སྨོན་པའམ་འཇུག་པའི་ཚིག་རྣམས་ལན་གསུམ་བརྗོད་པས་ཐོབ་བོ། །དེ་ལྟར་ཡང་བསླབ་པ་ཀུན་ལས་བཏུས་པ་ལས། ཡང་དེ་ལྟ་བུའི་དགེ་བའི་བཤེས་གཉེན་མེད་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་བསྒོམས་ནས། སྡོམ་པ་བདག་ཉིད་ཀྱི་སྟོབས་དང་སྦྱར་ལ་བླང་སྟེ། ཞེས་གསུངས་སོ། ། བྱང་ཆུབ་ཀྱི་སེམས་དེ་བླང་བའི་ཆོ་ག་ནི། བླ་མ་མཁས་པ་དག་གི་བརྒྱུད་པའི་མན་ངག་ལས། ཚུལ་ལུགས་ཐ་དད་པ་དུ་མ་སྣང་ངོ་། །དེ་ལྟར་སྣང་ཡང་ནི། འདིར་འཕགས་པ་འཇམ་དཔལ་ནས་སློབ་དཔོན་ཀླུ་སྒྲུབ་ན་མར་ལ་བརྒྱུད་པ་སློབ་དཔོན་ཞི་བ་ལྷའི་ལུགས་དང་། འཕགས་པ་བྱམས་པ་ནས་སློབ་དཔོན་ཐོགས་མེད་ན་མར་བརྒྱུད་པ། ཇོ་བོ་གསེར་གླིང་པའི་ལུགས་དང་གཉིས་སུ་ཤེས་པར་བྱའོ། །

དེ་ཡང་འཕགས་པ་འཇམ་དཔལ་ནས་སློབ་དཔོན་ཀླུ་སྒྲུབ་ན་མར་བརྒྱུད་པ་སློབ་དཔོན་ཞི་བ་ལྷའི་ལུགས་ལྟར་ན་གསུམ་སྟེ། སྦྱོར་བའི་ཆོ་ག་དང་། དངོས་གཞིའི་ཆོ་ག་དང་། རྗེས་ཀྱི་ཆོ་གའོ། །

དང་པོ་ལ་དྲུག་སྟེ། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། དགེ་བའི་རྩ་བ་བསྔོ་བའོ། །

དེ་ལ་དང་པོ་མཆོད་པ་འབུལ་བ་འདི་ཡང་། ཡུལ་དང་མཆོད་པ་གཉིས་སུ་ཤེས་པར་བྱའོ། །དེ་ཡང་ཡུལ་ནི། དཀོན་མཆོག་མངོན་སུམ་ན་བཞུགས་པ་ལ་མཆོད་པ་དང་། མངོན་སུམ་ན་མི་བཞུགས་པ་ལ་མཆོད་པ་གཉིས་བསོད་ནམས་མཉམ་པར་བཤད་པས། མངོན་སུམ་དུ་གྱུར་པ་དང་། མ་གྱུར་པ་ཐམས་ཅད་ཡུལ་དུ་བྱས་ལ་མཆོད་དོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། །རབ་དང་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ལ་གོས་ལ་སོགས། །མངོན་སུམ་མངོན་སུམ་མིན་པར་མཆོད། །ཅེས་གསུངས་སོ། །

མཆོད་པ་ལ་ཡང་གཉིས་ལས། བླ་ན་ཡོད་པའི་མཆོད་པ་དང་བླ་ན་མེད་པའི་མཆོད་པའོ། །དང་པོ་ལའང་གཉིས་ཏེ། ཟང་ཟིང་གི་མཆོད་པ་དང་། སྒྲུབ་པའི་མཆོད་པའོ། ། དང་པོ་ནི། ཕྱག་གི་མཆོད་པ་དང་། བསྟོད་པའི་མཆོད་པ་དང་། རྫས་རིམ་པར་བཤམས་པའི་མཆོད་པ་དང་། བདག་པོས་ཡོངས་སུ་མ་གཟུང་བའི་རྫས་ཕུལ་དུ་བྱུང་བའི་མཆོད་པ་དང་། བློས་སྤྲུལ་པའི་མཆོད་པ་དང་། ལུས་དབུལ་བའི་མཆོད་པ་སྟེ། དེ་དག་རྒྱས་པར་ཤེས་པར་བྱའོ། །

སྒྲུབ་པའི་མཆོད་པ་ནི། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ལས་བྱུང་བའི་བཀོད་པས་མཆོད་པའོ། །

བླ་ན་མེད་པའི་མཆོད་པ་ནི། དམིགས་པ་དང་བཅས་པའི་མཆོད་པ་དང་། དམིགས་པ་མེད་པའི་མཆོད་པའོ། །དེ་ལ་དང་པོ་ནི། བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟེ། ཇི་སྐད་དུ། མཁས་པས་བྱང་ཆུབ་སེམས་བསྒོམས་ན། །རྒྱལ་བ་སྲས་དང་བཅས་པ་ལ། །མཆོད་པ་འདི་ནི་དམ་པ་སྟེ། །ཞེས་གསུངས་སོ། །དམིགས་པ་མེད་པའི་མཆོད་པ་ནི། བདག་མེད་ཀྱི་དོན་བསྒོམ་པ་སྟེ་མཆོད་པའི་མཆོག་ཡིན་ནོ། །དེ་ལྟར་ཡང་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་ལེའུ་ལས། བྱང་ཆུབ་འདོད་པའི་བྱང་ཆུབ་སེམས་དཔའ་ཡིས། །བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །མེ་ཏོག་སྤོས་དང་དེ་བཞིན་ཟས་སྐོམ་དག། ཕུལ་ནས་མི་མཆོག་སངས་རྒྱས་མཆོད་པ་བས། །གང་གིས་གང་ལ་བདག་དང་སྲོག་དང་ནི། གང་ཟག་མ་མཆིས་དེ་འདྲའི་ཆོས་འདི་དག། ཐོས་ནས་དེ་ལ་འོད་གསལ་བཟོད་ཐོབ་པ། །དེ་ཡིས་མི་མཆོག་དམ་པ་མཆོད་པ་ལགས། །ཞེས་གསུངས་སོ། །སེང་གེ་སྒྲ་ཆེན་གྱི་མདོ་ལས་ཀྱང་། གང་འདུ་ཤེས་དང་མཚན་མ་བསྐྱེད་པར་མི་བྱེད་པ་དེ་ནི། དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །བླང་དོར་མེད་པ་དང་། གཉིས་སུ་མེད་པར་འཇུག་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དངོས་པོ་མེད་པའི་མཚན་ཉིད་པ་ཡིན་པས། དེ་ནི་དངོས་པོའི་འདུ་ཤེས་ལ་གནས་པས་མཆོད་པར་སླ་བ་མ་ཡིན་ནོ། །ཞེས་གསུངས་སོ། །མཆོད་པ་འབུལ་བ་བཤད་ཟིན་ཏོ། །

གཉིས་པ་ནི། སྡིག་པ་བཤགས་པ་བཤད་ན། སྤྱིར་དགེ་སྡིག་ཐམས་ཅད་ཡིད་ཀྱི་ཀུན་སློང་ལ་རག་ལས་ཏེ། ཡིད་གཙོ་བོ་ཡིན། ལུས་ངག་བྲན་ཡིན་ནོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཆོས་རྣམས་ཡིད་ནི་སྔོན་འགྲོ་བས། །ཡིད་ནི་གཙོ་བོ་ཞེས་གྲགས་པས། །ཞེས་གསུངས་སོ། །དེས་ན་ཡིད་ཆགས་སྡང་ལ་སོགས་པ་ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླང་ནས། མཚམས་མེད་པ་ལྔའམ། དེ་དང་ཉེ་བ་ལྔའམ། མི་དགེ་བ་བཅུའམ། སྡོམ་པ་དང་། དམ་ཚིག་ཉམས་པ་ལ་སོགས་པ་རང་གིས་བྱས་པ་དང་། གཞན་བྱེད་དུ་བསྩལ་བ་དང་། བྱེད་པ་ལ་རྗེས་སུ་ཡི་རང་བ་རྣམས་སྡིག་པ་མི་དགེ་བ་ཞེས་བྱ་སྟེ། དེར་མ་ཟད་ཡིད་ཆགས་སྡང་དང་། ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླང་ནས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ཡང་མི་དགེ་བ་ཡིན་ནོ། །དེ་དག་གི་འབྲས་བུ་ནི་སྡུག་བསྔལ་འབྱུང་བ་ཡིན་ཏེ། །དེ་ལྟར་ཡང་རིན་ཆེན་འཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དེ། །ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་གསུངས་སོ། །

དེས་ན་སྡིག་པ་ཐམས་ཅད་བཤགས་པར་བྱའོ། །

བཤགས་པས་འདག་ངེས་སམ་སྙམ་ན། ཤིན་ཏུ་ཡང་ངེས་ཏེ། མདོ་མྱ་ངན་འདས་ཆེན་ལས། སྡིག་པ་བྱས་ནས་ཀྱང་ཕྱིས་འགྱོད་དེ་ཕྱིས་འཆོས་ན། ཆུ་རྙོགས་པ་ཅན་ནོར་བུ་ཆུ་དྭངས་ཀྱིས་དྭངས་པའམ་སྤྲིན་དང་བྲལ་ནས་ཟླ་བ་གསལ་བ་དང་འདྲའོ། །ཞེས་པ་དང་། དེ་བས་ན་སྡིག་པ་ལ་འགྱོད་ཅིང་མ་བཅབས་པར་བཤགས་ན་ཇི་ལྟ་བུ་ཡང་བྱང་པར་འགྱུར་རོ། །ཞེས་གསུངས་སོ། །

བཤགས་ལུགས་ཇི་ལྟར་བཤགས་ན། སྟོབས་རྣམ་པ་བཞིའི་སྒོ་ནས་བཤགས་སོ། །དེ་ལྟར་ཡང་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་དུ་སྤྱོད་པ་དང་། ཉེས་པ་ལས་ཟློག་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས་སོ། །

དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དྲག་པོ་སྐྱེས་ནས་ཡུལ་གྱི་སྤྱན་སྔར་མཐོལ་བཤགས་བྱེད་པའོ། །

དེ་ཡང་ཇི་ལྟར་འགྱོད་པར་བྱ་ཞེ་ན། འགྱོད་པ་སྐྱེ་ལུགས་རྣམ་པ་གསུམ་སྟེ། དོན་མེད་པར་བརྟགས་ལ་འགྱོད་པ་སྐྱེས་པ་དང་། འཇིགས་པར་བརྟགས་ལ་འགྱོད་པ་སྐྱེས་པ་དང་། མྱུར་དུ་འབྲལ་དགོས་པར་བརྟགས་ལ་འགྱོད་པ་སྐྱེས་པའོ། །

དེ་ལ་དང་པོ་ནི། བདག་གིས་བྱས་པའི་སྡིག་པ་དེ་ཡང་རེས་འགའ་དགྲ་འདུལ་བའི་ཆེད་དུ་བྱས། རེས་འགའ་གཉེན་བསྐྱང་བའི་ཆེད་དུ་བྱས། རེས་འགའ་ལུས་གནས་པའི་ཆེད་དུ་བྱས། རེས་འགའ་རྫས་བསགས་པའི་ཆེད་དུ་བྱས་ཏེ། བདག་ཤི་ནས་འཇིག་རྟེན་ཕྱི་མར་སྐྱེས་འདེགས་པའི་ཚེ། དགྲ་དང་གཉེན་དང་ཡུལ་དང་ལུས་དང་ནོར་རྫས་རྣམས་བདག་དང་མི་འགྲོགས་པར། ལས་ངན་གྱི་སྡིག་སྒྲིབ་རྣམས་བདག་དང་འགྲོགས་ནས་གང་དུ་སྐྱེས་པ་དེར་གཤེད་མར་ལྡང་བ་ཡིན་ནོ། །དེ་ལྟར་ཡང་ཁྱིམ་བདག་དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། ཕ་མ་སྤུན་དང་བུ་དང་ཆུང་མ་དང་། །བྲན་དང་ནོར་དང་རྩ་ལག་ཚོགས་རྣམས་ཀྱང་། །ཤི་བའི་རྗེས་ཕྱིར་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་དེ་དག་འགྲོ། །ཞེས་དང་། ཤིན་ཏུ་སྡུག་བསྔལ་གྱུར་པ་དེ་དུས་སུ། །བུ་དང་ཆུང་མ་སྐྱབས་སུ་འགྱུར་མ་ཡིན། །བདག་ཉིད་གཅིག་པུས་སྡུག་བསྔལ་མྱོང་བར་འོང་། །དེ་དག་དེ་ཚེ་བདག་གི་སྐལ་མི་ལེན། །ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། ཐམས་ཅད་བོར་ཏེ་ཆ་དགོས་པར། །

བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །མི་མཛའ་རྣམས་ཀྱང་མེད་པར་འགྱུར། །བདག་ཀྱང་མེད་པར་འགྱུར་བ་སྟེ། །དེ་བཞིན་ཐམས་ཅད་མེད་པར་འགྱུར། །ཞེས་གསུངས་སོ། །

དེས་ན་སྡིག་པ་ནི་དགྲ་གཉེན་གཉིས་དང་། ལུས་ལོངས་སྤྱོད་གཉིས་ཏེ་དེ་བཞིའི་ཆེད་དུ་བྱས་པ་ལས། དེ་བཞི་དང་བདག་ཡུན་དུ་འགྲོགས་སུ་མེད་པས་ན། སྡིག་པ་ཉིད་ཚེགས་ཆེ་ལ་དོན་ཆུང་བར་བསམས་ནས་འགྱོད་པ་དྲག་པོ་བསྐྱེད་དོ། །

གལ་ཏེ་དོན་མེད་ཀྱང་དེས་བདག་ལ་གནོད་པར་མི་འགྱུར་སྙམ་ན། དོན་གཉིས་པ་སྡིག་པའི་འབྲས་བུ་དེས་འཇིགས་པར་བརྟགས་ལ་འགྱོད་པར་བྱ་སྟེ། དེ་ཡང་སྡིག་པ་བྱས་པ་དེ་འཆི་ཀའི་ཚེ་འཇིགས་པ་དང་། ཤི་བའི་ཚེ་འཇིགས་པ་དང་། ཤི་བའི་འོག་ཏུ་འཇིགས་པ་དང་གསུམ་མོ། །

དེ་ལ་དང་པོ་ནི་སྡིག་པ་ཅན་རྣམས་ནི་འཆི་ཀའི་དུས་སུ་ཡང་། གནད་གཅོད་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་མྱོང་སྟེ། ཇི་སྐད་དུ། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ཡང་། །སྲོག་གཅོད་པ་ཡི་ཚོར་བ་དག། བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་སོ། །

དེ་ནས་ཤི་བའི་ཚེ་འབྲས་བུ་འཇིགས་པ་ནི། གཤིན་རྗེའི་ཕོ་ཉ་སྐྱེས་བུ་ནག་པོ་མ་རུང་པ་ཞགས་པ་ཐོགས་པས་ནི་མགུལ་ནས་བཅིངས་ཤིང་དམྱལ་བའི་གནས་སུ་ཁྲིད། དབྱུག་པ་དང་། ཤང་ལང་ལ་སོགས་པ་མཚོན་ཆ་ཐོགས་པ་རྣམས་ཀྱིས་ནི་ཕྱི་ནས་གཙེས་ཏེ། གནོད་པ་དུ་མ་འབྱུང་ངོ་། །དེ་ལྟར་ཡང་། གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །ཞེས་གསུངས་སོ། །སློབ་སྤྲིང་ལས་ཀྱང་། དུས་ཀྱི་ཞགས་པས་སྐེ་ནས་བཏགས་ཏེ་གཤིན་རྗེའི་མི། །གཏུམ་པོ་རྣམས་ཀྱིས་དབྱུག་པས་བདའ་ཞིང་ཁྲིད་པར་འགྱུར། །ཞེས་གསུངས་སོ། །

གཤིན་རྗེའི་ཕོ་ཉ་ལ་བདག་མི་འཇིགས་སོ་སྙམ་ན། ཇི་སྐད་དུ། སྐྱེ་བོ་ཡན་ལག་གཅོད་པའི་སར། །དེ་རིང་ཁྲིད་པའང་བྲེད་གྱུར་ཏེ། །ཁ་སྐམ་མིག་རྩ་ངན་ལ་སོགས། །སྔ་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །ཞེས་གསུངས་སོ། །

ཤི་བའི་འོག་རོལ་དུ་སྡིག་པའི་འབྲས་བུ་འཇིགས་པ་ནི། དམྱལ་བ་ཆེན་པོར་ལྷུང་ནས། བཙོ་བསྲེག་ལ་སོགས་པའི་སྡུག་བསྔལ་མི་བཟོད་པ་ཉམས་སུ་མྱོང་བར་འགྱུར་རོ། །དེས་ན་ཤིན་ཏུ་འཇིགས་ཏེ། ཇི་སྐད་དུ། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེས་པར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །ཞེས་གསུངས་སོ། །དེ་ལྟར་སྡིག་པའི་འབྲས་བུ་དེ་ཤིན་ཏུ་འཇིགས་པས་ན་འགྱོད་པ་བསྐྱེད་པར་བྱའོ། །

གསུམ་པ་བཤད་ན། སྡིག་པ་དེ་ཡང་དུས་ཕྱིས་བཤགས་པས་ཆོག་གམ་སྙམ་ན། མི་ཆོག་སྟེ་མྱུར་དུ་བཤགས་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། སྡིག་པ་མ་བྱང་བའི་འོག་ཏུ་བདག་འཆི་དོགས་ཡོད་དོ། །དེ་ལྟར་ཡང་། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཞེས་གསུངས་སོ། །

སྡིག་པ་མ་བྱང་བར་བདག་མི་འཆིའོ་སྙམ་ན། འཆི་བདག་གི་བདུད་དེས་བདག་གི་སྡིག་པ་བྱང་པ་དང་མི་བྱང་བའི་ཚིས་མི་བྱེད་པར། གླགས་གང་རྙེད་ཀྱིས་སྲོག་འཕྲོག་པས་ནམ་འཆི་ངེས་པ་མེད་པའོ། །དེ་ལྟར་ཡང་། ཡིད་བརྟན་མི་རུང་འཆི་བདག་འདིས། །བྱས་དང་མ་བྱས་མི་སྡོད་པར། །ན་དང་མི་ན་ཀུན་གྱིས་ཀྱང་། གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་གསུངས་སོ། །དེས་ན་ཚེ་སྲོག་ལ་བློ་ལྟོས་མེད་དེ། སྡིག་པ་མ་བྱང་བར་འཆི་དོགས་ཡོད་པས་མྱུར་དུ་སྦྱང་དགོས་སོ། །དེས་ན་གྱོང་ཁ་དེ་ལ་ཐུག་པས་ན་འགྱོད་པར་བྱའོ། །

དེ་ལྟར་རྒྱུ་མཚན་གསུམ་གྱིས་སྡིག་པ་ལ་འགྱོད་པ་སྐྱེས་ལ། ཡུལ་ཁྱད་པར་ཅན་དང་ཕལ་པོ་ཆེའི་སྤྱན་སྔར་མཐོལ་ཞིང་བཤགས་པར་བགྱིའོ། །

དེ་ལྟར་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་སྡིག་པ་འདག་པ་ནི། དཔེར་ན་ཁ་དྲག་པོའི་བུ་ལོན་འོང་བ་ལ་འཇིགས་ནས་ཞུ་བ་བྱས་པ་དང་འདྲ། །ཞེས་གསུངས་སོ། །སྔོན་མི་གདུང་བ་སོར་མོའི་ཕྲེང་བ་ཅན་ཞེས་བྱ་བ་མི་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་བསད་པའི་མི་སྡིག་ཅན་ཞིག་ཀྱང་། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པའི་སྟོབས་ཉམས་སུ་བླངས་པས། སྡིག་པ་བྱང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དེ་ལྟར་ཡང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །

གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པའི་གཉེན་པོར་དགེ་བ་སྤྱོད་པའོ། །དེས་ཟག་པ་ཟད་པར་བྱེད་དེ། །མངོན་པ་ཀུན་ལས་བཏུས་པ་ལས་ཀྱང་། མི་མཐུན་པའི་ཕྱོགས་ཀྱི་ལས་ནི། གཉེན་པོའི་ལས་སྟོབས་དང་ལྡན་པར་བལྟ་སྟེ། མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་འཕངས་སུ་ཟིན་ཀྱང་། གཉེན་པོའི་སྟོབས་ཀྱིས་གཞན་དུ་བསྒྱུར་བའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་ཡང་དེ་བཞིན་གཤེགས་པའི་མཛོད་ལས་ནི། སྟོང་པ་ཉིད་བསྒོམས་པས་སྡིག་པ་བྱང་བར་གསུངས་སོ། །རྡོ་རྗེ་གཅོད་པ་ལས་ནི། མདོ་སྡེ་ཟབ་མོ་བཏོན་པས་སྡིག་པ་བྱང་བར་གསུངས་སོ། །དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་དང་། དཔུང་བཟང་གིས་ཞུས་པའི་མདོ་ལས་ནི། གསང་སྔགས་ཀྱི་བཟླས་པ་བྱས་པས་སྡིག་པ་བྱང་བར་གསུངས་སོ། །མེ་ཏོག་བརྩེགས་པའི་གཟུངས་ལས་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པས་སྡིག་པ་བྱང་བར་གསུངས་སོ། །དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་ལས་ནི། སྐུ་གཟུགས་བཞེངས་པས་སྡིག་པ་བྱང་བར་གསུངས་སོ། །

གཞན་ཡང་ཆོས་ཉན་པ་དང་། ཀློག་པ་དང་། བྲི་བ་ལ་སོགས་པ་དགེ་བའི་ལས་གང་མོས་བྱེད་པ་སྟེ། དེས་སྡིག་པ་བྱང་བར་གསུངས་སོ། །དེ་ལྟར་ཡང་འདུལ་བ་ལུང་ལས། གང་ཞིག་སྡིག་པའི་ལས་བྱས་པ། དགེ་བ་ཡིས་ནི་འགོག་བྱེད་དེ། །ཉི་ཟླ་སྤྲིན་ལས་བྱུང་བ་བཞིན། །འཇིག་རྟེན་འདི་དེར་སྣང་བར་འགྱུར། །ཞེས་གསུངས་སོ། །

འོ་ན་སྡིག་པའི་གཉེན་པོར་དགེ་བ་བྱེད་པ་དེ་ཡང་སྡིག་པ་ཇི་སྙེད་བྱས་པ་དེ་སྙེད་ཀྱི་དགེ་བ་བྱ་དགོས་སམ་ཞེ་ན། མ་ཡིན་ཏེ། མྱ་ངན་འདས་ཆེན་གྱི་མདོ་ལས། དགེ་བ་གཅིག་བྱས་ཀྱང་སྡིག་པ་མང་པོ་འཇོམས་ཏེ། ཞེས་དང་། རྡོ་རྗེ་ཆུང་ངུས་རི་རབ་བམ། མེ་ཆུང་ངུས་རྩྭ་ཤིང་ངམ། དུག་ཆུང་ངུས་སེམས་ཅན་འཇོམས་པ་ལྟར། དགེ་བ་ཆུང་ངུས་ཀྱང་སྡིག་པ་ཆེན་པོ་འཇོམས་པས་ན། དོན་དུ་གཉེར་བ་ཆེན་པོ་ཉིད་དོ། །ཞེས་གསུངས་སོ། །གསེར་འོད་དམ་པའི་མདོ་ལས་ཀྱང་། གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་ཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་གསུངས་སོ། །

དེ་ལྟར་གཉེན་པོ་ཀུན་དུ་སྤྱོད་པའི་སྟོབས་ཀྱིས་སྡིག་པ་འདག་པ་ནི། དཔེར་ན་ངན་སྐྱུགས་ཀྱི་འདམ་རྫབ་ཏུ་ཆུད་པའི་གང་ཟག་གཅིག། འདམ་རྫབ་ནས་ཕྱུང་ནས་ཁྲུས་བྱས་ཏེ་དྲི་བཟང་པོ་བྱུགས་པ་དང་འདྲ། ཞེས་གསུངས་སོ། །

སྔོན་ཁྱེའུ་བདེ་བྱེད་ཅེས་བྱ་བ་མ་བསད་པའི་སྡིག་ཅན་ཞིག་ཀྱང་། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཉམས་སུ་བླངས་པས། སྡིག་པ་དག་ནས་ལྷར་སྐྱེས་ཏེ། འཕགས་པ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བོ། །དེ་ལྟར་ཡང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །

ཉེས་པ་ལས་བཟློག་པའི་སྟོབས་ནི། །རྣམ་སྨིན་གྱིས་འཇིགས་ནས། ཕྱིན་ཆད་སྡིག་པ་འཕྲོ་གཅོད་དེ་སྡོམ་པའོ། །དེ་ལྟར་ཡང་། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག། ནོངས་པ་ལགས་པས་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །ཅེས་གསུངས་པ་ལྟར་རོ། །

དེ་ལྟར་ཉེས་པ་ལས་བཟློག་པའི་སྟོབས་ཀྱིས་སྡིག་པ་འདག་པ་ནི། དཔེར་ན་ཆུ་རྒྱུན་གནོད་པ་ཅན་གྱི་འོལ་ཁ་བསྒྱུར་པ་དང་འདྲ། ཞེས་གསུངས་སོ། །

སྔོན་གཅུང་དགའ་བོ་ཞེས་བྱ་བ་བུད་མེད་ལ་ཆགས་པའི་སྡིག་ཅན་ཞིག་ཀྱང་། །ཉེས་པ་ལས་བཟློག་པའི་སྟོབས་ཉམས་སུ་བླངས་པས། །སྡིག་པ་དག་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དེ་ལྟར་ཡང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །

རྟེན་གྱི་སྟོབས་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །དེ་ལྟར་ཡང་དཀོན་མཆོག་ལ་སྐྱབས་འགྲོ་བྱས་པས་སྡིག་པ་འདག་པ་ནི། ཕག་མོའི་རྟོགས་པ་བརྗོད་པ་ལས། གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །མི་ཡི་ལུས་ནི་སྤངས་ནས་སུ། །དེ་དག་ལྷ་ཡི་ལུས་ཐོབ་བོ། །ཞེས་པ་ལ་སོགས་པ་གསུངས་སོ། །མྱ་ངན་འདས་ཆེན་གྱི་མདོ་ལས་ཀྱང་། དཀོན་མཆོག་གསུམ་ལ་སྐྱབས་སོང་བས། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་སྡིག་པ་འདག་པ་ནི། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། །མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པས་སའི་འོག་ལྟ་བུའོ། །ཉེས་པ་ཐམས་ཅད་བསྲེག་པར་བྱེད་པས་བསྐལ་བའི་མེ་ལྟ་བུའོ། །ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། སྡིག་པ་ཤིན་ཏུ་མི་ཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་གསུངས་སོ། །

དེ་ལྟར་རྟེན་གྱི་སྟོབས་ཀྱིས་སྡིག་པ་འདག་པ་ནི། དཔེར་ན་༧སྐྱབས་འགྲོ་བྱས་པའི་དཔེ་ཁ་ཉེན་པོས་དབང་པོ་ཆེ་ལ་འཇུས་པའམ། །དུག་ལ་སེམས་བསྐྱེད་པའི་དཔེ། སྔགས་ཀྱིས་བཏབ་པ་དང་འདྲ། ཞེས་གསུངས་སོ། །

སྔོན་རྒྱལ་བུ་མཐོང་ལྡན་ཞེས་བྱ་བ་ཕ་བསད་པའི་སྡིག་ཅན་ཞིག་ཀྱང་རྟེན་གྱི་སྟོབས། ཉམས་སུ་བླངས་པས། སྡིག་པ་དག་ནས་བྱང་ཆུབ་སེམས་དཔར་གྱུར་ཏོ། །དེ་ལྟར་ཡང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །

དེ་ལྟར་སྟོབས་དེ་དག་རེ་རེས་ཀྱང་སྡིག་པ་འདག་པར་འགྱུར་ན། བཞི་ཀས་བཤགས་ན་ལྟ་སྨོས་ཀྱང་ཅི་དགོས་སོ། །

དེ་ལྟར་བཤགས་པས་སྡིག་པ་དག་པའི་རྟགས་རྨི་ལམ་དུ་ཡོང་སྟེ། སྐུལ་བྱེད་ཀྱི་གཟུངས་ལས། རྨི་ལམ་ན་ཟས་ངན་སྐྱུགས་པ་དང་། ཞོ་དང་འོ་མ་ལ་སོགས་པ་འཐུང་བ་དང་། ཉི་མ་དང་ཟླ་བ་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། མེ་འབར་བ་དང་། མ་ཧེ་དང་། མི་ནག་པོ་ཐུབ་པ་དང་། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང་། འོ་མ་འབྱུང་བའི་ཤིང་དང་། གླང་པོ་དང་། ཁྱུ་མཆོག་དང་། རི་དང་སེང་གེའི་ཁྲི་དང་། ཁང་བཟངས་ཀྱི་སྟེང་དུ་འཛེགས་པ་དང་། ཆོས་ཉན་པ་ལ་སོགས་པ་རྨིས་ན་སྡིག་པ་དང་བྲལ་བར་འགྱུར་ཏེ། ཞེས་གསུངས་སོ། །སྡིག་པ་བཤགས་པ་བཤད་ཟིན་ཏོ། །

དགེ་བ་ལ་རྗེས་སུ་ཡི་རང་བ་ནི། གཞན་དག་དུས་གསུམ་གྱིས་བསྡུས་པའི་དགེ་བ་བྱེད་པ་པོ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་བསྒོམ་པ་སྟེ། དེ་ཡང་འདས་པའི་དུས་སུ་ཕྱོགས་ཐམས་ཅད་དུ་བྱོན་པའི་སངས་རྒྱས་དཔག་ཏུ་མེད་པ། བགྲང་བ་ལས་འདས་པ། བསམ་གྱིས་མི་ཁྱབ་པ་དེ་དག་ཐམས་ཅད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ་ཚོགས་རྣམ་པ་གཉིས་བསགས་ཤིང་། སྒྲིབ་པ་རྣམ་གཉིས་སྦྱངས་ནས། མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་གྱི་དགེ་བའི་རྩ་བ་གང་ལགས་པ་དང་། སངས་རྒྱས་ནས་ཀྱང་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། གདུལ་བྱ་རྣམས་སྨིན་པར་བྱས་ནས་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་གྱི་དགེ་བའི་རྩ་བ་གང་ལགས་པ་དང་། །མྱ་ངན་ལས་འདས་ནས་ཀྱང་བསྟན་པ་མ་ཞིག་གི་བར་གྱི་དགེ་བའི་རྩ་བ་གང་ལགས་པ་དང་། དེ་དག་གི་བར་སྐབས་སུ་བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དང་། འཕགས་པ་རང་སངས་རྒྱས་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་དགེ་བའི་རྩ་བ་གངས་ལགས་པ་དང་། འཕགས་པ་ཉན་ཐོས་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དང་། སོ་སོ་སྐྱེ་བོ་རྣམས་ཀྱི་དགེ་བའི་རྩ་བ་བསགས་པ་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱིའོ། །སྙམ་དུ་སྤྲོ་བ་བསྒོམ་པའོ། །དེ་བཞིན་དུ་ད་ལྟར་དང་མ་འོངས་པའི་དེ་དག་གི་དགེ་བ་ལ་ཡང་དེ་བཞིན་དུ་སྦྱར་ལ། །རྗེས་སུ་ཡི་རང་བསྒོམ་པའོ། །དེ་ལྟར་ཡང་། སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང་། རྒྱལ་སྲས་ས་ལའང་ཡི་རང་ངོ་། །ཞེས་པ་ལ་སོགས་པ་གསུངས་སོ། །རྗེས་སུ་ཡི་རང་བ་བཤད་ཟིན་ཏོ། །

ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ད་ལྟར་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དག། ཆོས་དཀོན་མཆོག་བཙུན་པར་བྱ་བའི་ཕྱིར་རམ། །གསོལ་བ་འདེབས་པ་པོའི་བསོད་ནམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་མི་གསུང་བ་མང་པོ་ཡོད་དོ། །དེ་དག་ལ་དམིགས་ལ་ཆོས་གསུང་བར་ཞུ་བ་འབུལ་བའོ། །དེ་ལྟར་ཡང་། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །ཞེས་གསུངས་སོ། །

མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། ད་ལྟར་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡང་སངས་རྒྱས་དག། རྟག་པར་ལྟ་བ་རྣམས་སུན་དབྱུང་བའམ། ལེ་ལོ་ཅན་རྣམས་བརྩོན་འགྲུས་བསྐྱེད་པའི་ཕྱིར་མྱ་ངན་ལས་འདའ་ཁ་མ་མང་པོ་ཡོད་དེ། དེ་དག་ལ་དམིགས་ལ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའོ། །དེ་ལྟར་ཡང་། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། འགྲོ་འདི་ལྡོངས་པར་མི་འགོད་ཕྱིར། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །ཞེས་གསུངས་སོ། །བསྐུལ་ཞིང་གསོལ་བ་གདབ་པ་བཤད་ཟིན་ཏོ། །

དགེ་བའི་རྩ་བ་བསྔོ་བ་ནི། སྔར་བྱས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ཞིང་བདེ་བ་བསྒྲུབ་པའི་རྒྱུར་གྱུར་ཅིག་པར་བསྔོ་བའོ། །དེ་ལྟར་ཡང་། དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་བསལ་བར་ཤོག། ཅེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་བསྔོ་བ་བྱ་སྟེ། དེ་ཡན་ཆད་ཀྱིས་སྦྱོར་བའི་ཆོ་ག་བཤད་ཟིན་ཏོ། །

དངོས་གཞིའི་ཆོ་ག་ནི། དམ་བཅའ་ཚིག་ཏུ་བརྗོད་པ་སྟེ། དེ་ལྟར་ཡང་བསླབ་བཏུས་ནས་གསུངས་པ་ལྟར། །རྗེ་བཙུན་འཇམ་དཔལ་སྔོན་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པ་ན། སངས་རྒྱས་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་སེམས་བསྐྱེད་དང་སྡོམ་པ་སྟབས་གཅིག་ཏུ་མནོས་པ་བཞིན་དུ། བདག་ཅག་གིས་ཀྱང་སྟབས་གཅིག་ཏུ་ནོད་པར་བྱ་སྟེ། ཇི་སྐད་དུ། འཁོར་བ་ཐོག་མ་མེད་པ་ཡི། །སྔོན་གྱི་ཐ་མ་ཇི་སྲིད་པ། །དེ་སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བགྱི། །

འཇིག་རྟེན་མགོན་པོའི་སྤྱན་སྔ་འདིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་ལ་སོགས་པ་ལན་གསུམ་བརྗོད་པའོ། །

ཡང་ན་བྱང་ཆུབ་སྤྱོད་འཇུག་ནས་གསུངས་པ་ལྟར་མདོར་བསྡུས་པའི་ཚིག་གིས་ནོད་པར་བྱ་སྟེ། ཇི་སྐད་དུ། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱིའོ། །ཞེས་ལན་གསུམ་བརྗོད་པའོ། །

གལ་ཏེ་སེམས་བསྐྱེད་དང་སྡོམ་པ་བཟུང་བ་གཉིས་སོ་སོར་ལེན་པར་འདོད་ན། གང་ལེན་པའི་ཚིག་དེ་བརྗོད་པས་བླང་ངོ་། །དངོས་གཞིའི་ཆོ་ག་བཤད་ཟིན་ཏོ། །

རྗེས་ཀྱི་ཆོ་ག་ནི། དཀོན་མཆོག་ལ་གཏང་རག་གི་མཆོད་པ་ཕུལ་ལ། དོན་ཆེན་པོའི་བསམ་པས་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ལྟར་ཡང་། དེ་ལྟར་བློ་དང་ལྡན་པ་ཡིས། །རབ་དང་བྱང་ཆུབ་སེམས་བཟུང་ནས། །མཇུག་ཀྱང་རྒྱས་བར་བྱ་བའི་ཕྱིར། །སེམས་ནི་འདི་ལྟར་གཟེངས་བསྟོད་དོ། ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས་སློབ་དཔོན་ཞི་བ་ལྷའི་ལུགས་བཤད་ཟིན་ཏོ། །

འཕགས་པ་བྱམས་པ་ནས་སློབ་དཔོན་ཐོགས་མེད་ན་མར་བརྒྱུད་པའི། ཇོ་བོ་གསེར་གླིང་པའི་ལུགས་ལྟར་ན་གཉིས་ཏེ། སྨོན་པའི་སེམས་བསྐྱེད་པ་དང་། འཇུག་པའི་སྡོམ་པ་བཟུང་བའོ། །དང་པོ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །སྦྱོར་བ་ལ་གསུམ་སྟེ། གསོལ་བ་གདབ་པ་དང་། ཚོགས་བསགས་པ་དང་། སྐྱབས་འགྲོ་ཁྱད་པར་ཅན་བྱ་བའོ། །

དེ་ལ་དང་པོ་ནི། སེམས་བསྐྱེད་པར་འདོད་པའི་སློབ་མ་དེས། །དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའི་སྤྱན་སྔར་ཕྱིན་ལ་ཕྱག་བྱའོ། །དགེ་བའི་བཤེས་གཉེན་དེས་ཀྱང་སློབ་མ་དེ་ལ་གདམས་ངག་བྱས་ལ་དེ་འཁོར་བ་ལ་སྐྱོ་བ་བསྐྱེད། །༴སེམས་ཅན་ལ་སྙིང་རྗེ་བསྐྱེད་སངས་རྒྱས་ལ་འདོད་པ་བསྐྱེད། དཀོན་མཆོག་ལ་དད་པ་བསྐྱེད། བླ་མ་ལ་གུས་པ་བསྐྱེད་པར་བྱའོ། །

དེ་ནས་སློབ་མ་དེས་སློབ་དཔོན་གྱི་རྗེས་སུ་འདི་སྐད་དུ། སློབ་དཔོན་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་། སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད་དོ། །

གཉིས་པ་ཚོགས་བསགས་པ་ནི། དང་པོར་བླ་མ་དཀོན་མཆོག་ལ་ཕྱག་བྱའོ། །དེ་ནས་དངོས་སུ་བཤམས་པའི་མཆོད་པ་དང་། མཆོད་པ་འབྱོར་ཚད་དུ་བློས་སྤྲུལ་པ་ལ་སོགས་པ་འབུལ་ལོ། །

དེ་ཡང་དགེ་ཚུལ་གྱི་སྡོམ་པ་ནི་མཁན་སློབ་ལས་ཐོབ། དགེ་སློང་གི་སྡོམ་པ་ནི་དགེ་འདུན་ལས་ཐོབ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ནི། བསོད་ནམས་ཀྱི་ཚོགས་བསགས་པ་ལས་ཐོབ་པ་ཡིན་གསུངས། །

དེ་ལྟར་ཡང་རང་ལ་འབྱོར་པ་ཆེ་བར་ཡོད་ན་དངོས་སུ་ཆུང་བས་མི་འོང་སྟེ། ཆེ་བར་བཏང་དགོས་པ་ཡིན་ནོ། །སྔོན་གྱི་བྱང་ཆུབ་སེམས་དཔའ་འབྱོར་པ་ཆེ་བ་རྣམས་ཀྱིས་ཀྱང་ཆེར་བཏང་སྟེ། གཙུག་ལག་ཁང་བྱེ་བ་ཙམ་ཕུལ་ནས་སེམས་བསྐྱེད་པ་ཡང་ཡོད་དོ། །དེ་ལྟར་ཡང་བསྐལ་པ་བཟང་པོའི་མདོ་ལས། བདེ་གཤེགས་གྲགས་སྦྱིན་འཛམ་གླིང་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་ཏོག་དེ་ལ། །གཙུག་ལག་ཁང་ནི་བྱེ་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་གསུངས་སོ། །

ཡང་འབྱོར་བ་ཆུང་ན་དངོས་པོ་ཉུང་ཟད་ཙམ་ཞིག་ཕུལ་བས་ཆོག་པ་ཡིན་ནོ། །སྔོན་གྱི་བྱང་ཆུབ་སེམས་དཔའ་འབྱོར་པ་ཆུང་བ་རྣམས་ཀྱིས་དངོས་པོ་ཅུང་ཟད་ཙམ་བཏང་བ་ཡིན་ཏེ། རྩ་ཉག་མ་གཅིག་གི་སྒྲོན་མེ་ཕུལ་ནས་སེམས་བསྐྱེད་པ་ཡོད་དོ། །དེ་ལྟར་ཡང་། བདེ་གཤེགས་འོད་འཕྲོ་གྲོང་ཁྱེར་བརྟན་པའི་ཚེ། །དེ་བཞིན་གཤེགས་པ་མཐའ་ཡས་འོད་དེ་ལ། །རྩྭ་ཡི་སྒྲོན་མེ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་གསུངས་སོ། །

ཡང་འབྱོར་པ་མེད་པར་གྱུར་ན་ཐབས་ཆག་མི་དགོས་ཏེ། ཕྱག་ལན་གསུམ་འཚལ་བ་ཙམ་གྱིས་ཀྱང་ཆོག་གོ། སྔོན་གྱི་བྱང་ཆུབ་སེམས་དཔའ་འབྱོར་བ་མེད་པ་དག་གིས་ཀྱང་ཐལ་མོ་ལན་གསུམ་སྦྱར་ནས་སེམས་བསྐྱེད་པ་ཡང་ཡོད་དོ། །དེ་ལྟར་ཡང་། །དེ་བཞིན་གཤེགས་པ་ཡོན་ཏན་ཕྲེང་ལྡན་གྱིས། །དེ་བཞིན་གཤེགས་པ་བགྱིད་ལྡན་བཞུད་དེ་ལ། །སངས་རྒྱས་ཕྱག་འཚལ་ཐལ་མོ་ལན་གསུམ་སྦྱར། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་གསུངས་སོ། །

གསུམ་པ་སྐྱབས་འགྲོ་ཁྱད་པར་ཅན་ནི། གོང་དུ་བཤད་པ་བཞིན་འདིར་བྱའོ། །དངོས་གཞི་ལ། སློབ་དཔོན་གྱིས་སློབ་མ་ལ་གདམས་ངག་འདི་ལྟར་བྱ་སྟེ། སྤྱིར་ནམ་མཁའི་ཁམས་ཀྱིས་གར་ཁྱབ་ན། སེམས་ཅན་གྱིས་ཁྱབ་ནས་ཡོད་པ་ཡིན། སེམས་ཅན་གྱིས་གར་ཁྱབ་ན་ཉོན་མོངས་ཀྱིས་ཁྱབ་ནས་ཡོད་པ་ཡིན། ཉོན་མོངས་ཀྱིས་གར་ཁྱབ་ན་ལས་ངན་གྱིས་ཁྱབ་ནས་ཡོད་པ་ཡིན། ལས་ངན་གྱིས་གར་ཁྱབ་ན་སྡུག་བསྔལ་གྱིས་ཁྱབ་ནས་ཡོད་པ་ཡིན། སྡུག་བསྔལ་ཅན་གྱི་སེམས་ཅན་དེ་དག་ཐམས་ཅད་བདག་གི་ཕ་མ་ཤ་སྟག་ཡིན་ཕ་མ་ཐམས་ཅད་དྲིན་ཅན་ཁོ་ན་ཡིན། །དེས་ན་བདག་གི་ཕ་མ་དྲིན་ཅན་འདི་རྣམས་འཁོར་བའི་རྒྱ་མཚོ་ཆེན་པོར་ནི་བྱིང་། སྡུག་བསྔལ་དཔག་ཏུ་མེད་པས་ནི་གཟིར། །མགོན་སྐྱབས་བྱེད་མཁན་ནི་མེད། ཤིན་ཏུ་འོ་རེ་བརྒྱལ། ཉོན་རེ་མོངས། འདི་རྣམས་བདེ་བ་དང་ཕྲད་ན་ཅི་མི་རུང་ན། །སྡུག་བསྔལ་དང་བྲལ་ན་ཅི་མ་རུང་ན་སྙམ་དུ་བྱམས་སྙིང་རྗེ་དར་གཅིག་སེམས་སུ་གཞུག་གོ། དེ་ནས་ཡང་ད་ལྟ་བདག་གིས་འདི་རྣམས་ཀྱི་དོན་བྱ་བར་མི་ནུས་པས། ད་འདི་རྣམས་ཀྱི་དོན་བྱ་བའི་ཆེད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ། ཉེས་པ་ཐམས་ཅད་ཟད་པ། ཡོན་ཏན་ཐམས་ཅད་རྫོགས་པ། འགྲོ་བ་མཐའ་དག་གི་དོན་བྱ་བར་ནུས་པ། དེ་བདག་གིས་ཐོབ་པར་བྱའོ། །སྙམ་དུ་སེམས་སུ་གཞུག་གོ།

དེ་ནས་སློབ་མ་དེས། སློབ་དཔོན་གྱི་རྗེས་སུ་འདི་སྐད་དུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་བརྗོད་པས་བླངས་པར་འགྱུར་རོ། །

དེ་ཡང་སེམས་ཅན་མ་བསྒྲལ་བ་རྣམས་ཞེས་པ་ནི། དམྱལ་བ་ཡི་དགས་དུད་འགྲོ་རྣམས་ཏེ་ངན་སོང་གི་སྡུག་བསྔལ་རྒྱ་མཚོ་ལྟ་བུ་ལས་མ་བརྒལ་བའི་ཕྱིར་རོ། །བསྒྲལ་བ་ཞེས་པ་ནི། དེ་དག་མངོན་མཐོའི་ལམ་ལ་བཀོད་ནས་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་ཏེ། ལྷ་མིའི་གོ་འཕང་ཐོབ་པར་བྱའོ། །མ་གྲོལ་བ་རྣམས་ཞེས་པ་ནི། ལྷ་དང་མིའི་འགྲོ་བ་རྣམས་ཏེ། ཉོན་མོངས་པའི་འཆིང་བ་ལྕགས་སྒྲོག་ལྟ་བུ་ལས་མ་གྲོལ་བའི་ཕྱིར་རོ། །དགྲོལ་བ་ཞེས་པ་ནི། དེ་དག་ངེས་ལེགས་ཀྱི་ལམ་ལ་བཀོད་ནས་ཉོན་མོངས་པའི་འཆིང་པ་ལས་དགྲོལ་ཏེ་ཐར་པའི་གོ་འཕང་ཐོབ་པར་བྱའོ། །དབུགས་མ་ཕྱིན་པ་ཞེས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཏེ་ཐེག་པ་ཆེན་པོར་དབུགས་མ་ཕྱིན་པའི་ཕྱིར་རོ། །དབུགས་དབྱུང་བ་དང་ཞེས་པ་ནི། དེ་དག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཐེག་པ་ཆེན་པོའི་ལྟ་སྤྱོད་དུ་དབུགས་ཕྱུང་སྟེ་ས་བཅུའི་གོ་འཕང་ཐོབ་པར་བྱའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཞེས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་མ་ཐོབ་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་པ་ནི། དེ་དག་ས་ལམ་རྣམས་ལ་རིམ་པར་བཀོད་ནས་ལོངས་སུ་མྱ་ངན་ལས་འདའ་བ་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའོ། །སླད་དུ་ཞེས་པ་ནི། དགོས་ཆེད་ཀྱི་དོན་དེ་རྣམས་གྲུབ་པར་བྱ་བའི་ཕྱིར་སངས་རྒྱ་བར་དམ་བཅའ་བའོ། །

རྗེས་ནི་དོན་ཆེན་པོ་གྲུབ་པའི་བསམ་པས་དགའ་བ་དང་། སྤྲོ་བ་རྒྱ་ཆེན་པོ་ཡང་བསྒོམ་དུ་གཞུག། བསླབ་བྱ་རྣམས་ཀྱང་བརྗོད་དོ། །དེ་ལྟར་སེམས་བསྐྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། སེམས་ཅན་གྱི་ཆེད་དུ་བྱང་ཆུབ་འདོད་པ་དང་། བྱང་ཆུབ་ཐོབ་ནས་སེམས་ཅན་བསྒྲལ་བར་འདོད་པ་དང་། བྱང་ཆུབ་དང་སེམས་ཅན་ལ་དམིགས་པ་དང་། དེ་དག་གི་དོན་དུ་དཔའ་ཞིང་སྙིང་སྟོབས་ལྡན་པར་མཐོང་བའོ། །སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་བཤད་ཟིན་ཏོ། །

འཇུག་པའི་སྡོམ་པ་བཟུང་བ་ལ་ཡང་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ལ་བཅུ་སྟེ། གསོལ་བ་གདབ་པ་དང་། བར་ཆད་ཐུན་མོང་བ་དྲི་བ་དང་། ལྟུང་བའི་ལྕི་ཡང་བརྗོད་པ་དང་། ཉམས་པའི་ཉེས་དམིགས་དང་། བླངས་པའི་ཕན་ཡོན་དང་། ཚོགས་བསགས་པ་དང་། བར་ཆད་ཐུན་མོང་མ་ཡིན་པ་དྲི་བ་དང་། བསྐུལ་བ་དང་། བསམ་པ་ཁྱད་པར་ཅན་བསྐྱེད་པ་དང་། བསླབ་པ་མདོར་བརྗོད་པའོ། །

དངོས་གཞི་ནི། སློབ་མས་སྡོམ་པ་ལེན་པའི་སེམས་བསྐྱེད་ལ། སློབ་དཔོན་གྱིས་རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་གང་དག་དང་། ཚུལ་ཁྲིམས་གང་དག་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་གང་དག་དང་། ཚུལ་ཁྲིམས་གང་དག་དང་། ད་ལྟ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་གང་དག་དང་། ཚུལ་ཁྲིམས་གང་དག་དང་། བསླབ་པའི་གཞི་གང་དག་དང་། ཚུལ་ཁྲིམས་གང་དག་ལ། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པར་གྱུར་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལེན་པར་འདོད་དམ། ཞེས་ལན་གསུམ་དྲིས་ལ། སློབ་མས་ཀྱང་འཚལ་ལགས། ཞེས་ལན་གསུམ་བརྗོད་དོ། །

རྗེས་ལ་ཆོས་དྲུག་སྟེ། །མཁྱེན་པར་གསོལ་བ་དང་། ཡེ་ཤེས་གཟིགས་པར་འཇུག་པའི་ཕན་ཡོན་དང་། སྡོམ་པ་གྱ་ཚོམས་སུ་མི་བསྒྲག་པ་དང་། བསླབ་པ་མདོར་བསྡུས་ནས་གོ་བར་བྱ་བ་དང་། བཀའ་དྲིན་དྲན་པའི་མཆོད་པ་དང་། དགེ་བའི་རྩ་བ་བསྔོ་བའོ། །འཇུག་པའི་སྡོམ་པ་བཟུང་བ་བཤད་ཟིན་ཏོ། །དེ་དག་གིས་ཇོ་བོ་གསེར་གླིང་པའི་ལུགས་བཤད་པའོ། །

བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་གཉིས་ཏེ། གྲངས་སུ་ཆད་པ་དང་། གྲངས་སུ་མ་ཆད་པའོ། །དང་པོ་ལ་གཉིས་ཏེ། སྨོན་པའི་སེམས་བསྐྱེད་པའི་ཕན་ཡོན་དང་། འཇུག་པའི་སེམས་བསྐྱེད་པའི་ཕན་ཡོན་ནོ། །

དང་པོ་ལ་བརྒྱད་དེ། ཐེག་པ་ཆེན་པོར་ཚུད་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། སྡིག་པ་ཐམས་ཅད་རྩད་ནས་གཅོད་པར་འགྱུར་བ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་རྩ་བ་ཚུགས་པར་འགྱུར་བ་དང་། བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་མཉེས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་འགྱུར་བ་དང་། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའོ། །

དེ་ལ་དང་པོ་བཤད་ན། གང་ལ་བྱང་ཆུབ་མཆོག་གི་སེམས་ཤིག་མ་སྐྱེས་ན། དེ་ལྟར་སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་ཡང་ཐེག་པ་ཆེན་པོའི་ཁོངས་སུ་མི་ཚུད་ལ། ཐེག་པ་ཆེན་པོར་མ་ཚུད་ན་རྫོགས་པའི་སངས་རྒྱས་མི་ཐོབ་བོ། །གང་ལ་བྱང་ཆུབ་མཆོག་གི་སེམས་བསྐྱེད་པ་དང་ཐེག་པ་ཆེན་པོ་པར་ཚུད་པ་ཡིན་ནོ། །བྱང་ས་ལས་ཀྱང་། སེམས་དེ་བསྐྱེད་མ་ཐག་ཏུ་བླ་ན་མེད་པའི་བྱང་ཆུབ་ཐེག་པ་ཆེན་པོ་ལ་ཞུགས་པ་ཡིན་ཏེ། །ཞེས་གསུངས་སོ། །

གཉིས་པའི་དོན་བཤད་ན། སྨོན་པའི་སེམས་ཞེས་བྱ་བ་སངས་རྒྱས་ཐོབ་པར་འདོད་པའི་བློ་མེད་ན། །བྱང་ཆུབ་སེམས་དཔའི་བསླབ་པ་ཞེས་བྱ་བ་ཚུལ་ཁྲིམས་གསུམ་པོ་སྐྱེ་བའམ་གནས་པའི་དོན་མེད་ལ། སངས་རྒྱས་ཐོབ་པར་འདོད་པའི་བློ་དེ་ཡོད་ན་ཚུལ་ཁྲིམས་གསུམ་པོ་དེ་སྐྱེ་ཞིང་གནས་པ་ཡིན་པས་སེམས་དེ་བསླབ་པའི་རྟེན་ཡིན་ནོ། །བྱང་ས་ལས་ཀྱང་། སེམས་བསྐྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ཀྱི་རྟེན་ཡིན་ཏེ། ཞེས་གསུངས་སོ། །

གསུམ་པའི་དོན་བཤད་ན། སྡིག་པའི་གཉེན་པོ་དགེ་བ་ཡིན་ལ། །དགེ་བའི་ནང་ནས་མཆོག་ཏུ་གྱུར་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེས་ན་གཉེན་པོ་སྐྱེས་ན་མི་མཐུན་པའི་ཕྱོགས་ཟད་པར་འགྱུར་བ་ཆོས་ཉིད་ཡིན་ནོ། །དེ་ལྟར་ཡང་། དེས་ནི་དུས་མཐའི་མེས་བཞིན་སྡིག་ཅན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་བསྲེག་པར་བྱེད། །ཅེས་གསུངས་སོ། །

བཞི་པའི་དོན་བཤད་ན། སེམས་ཅན་གྱི་རྒྱུད་ས་གཞི་ལྟ་བུ་ལ་བྱམས་སྙིང་རྗེའི་རླན་དང་འབྲེལ་ཞིང་། བྱང་ཆུབ་ཀྱི་སེམས་རྩ་བ་ལྟ་བུ་འདི་ཚུགས་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཡལ་འདབ་རྒྱས་ཤིང་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་སྨིན་ནས་སེམས་ཅན་གྱི་ཕན་བདེ་འབྱུང་བ་ཡིན་ཏེ། དེས་ན་བྱང་སེམས་འདི་སྐྱེས་ན་སངས་རྒྱས་ཀྱི་རྩ་བ་ཚུགས་པ་ཡིན་ནོ། །བྱང་ས་ལས་ཀྱང་། སེམས་བསྐྱེད་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཡིན་ནོ། །ཞེས་གསུངས་སོ། །

ལྔ་པ་བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་འགྱུར་བ་ནི། དཔའ་སྦྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། དེ་ནི་དེ་བས་ལྷག་པར་འགྱུར། །

ཞེས་གསུངས་སོ། །

དྲུག་པ་སངས་རྒྱས་ཐམས་ཅད་མཉེས་པར་འགྱུར་བ་ནི། དཔའ་སྦྱིན་གྱིས་ཞུས་པའི་མདོ་ལས། གངྒཱའི་བྱེ་བའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཡོངས་བཀང་སྟེ། །བདེ་གཤེགས་རྣམས་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས་སོ། །

བདུན་པ་སེམས་ཅན་ཐམས་ཅད་ལ་ཕན་པར་འགྱུར་བ་ནི། ཇི་སྐད་དུ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། འཇིག་རྟེན་པ་ཐམས་ཅད་ལ་ཕན་པས་རྟེན་ལྟ་བུའོ། །ཞེས་གསུངས་སོ། །

བརྒྱད་པ་མྱུར་དུ་མངོན་པར་རྫོགས་པར་འཚར་རྒྱ་བར་འགྱུར་བ་ནི། བྱང་ས་ལས། སེམས་དེ་སྐྱེས་ན་མཐའ་གཉིས་ལ་མི་གནས་ཏེ། །མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །

འཇུག་པའི་སེམས་བསྐྱེད་པའི་ཕན་ཡོན་ནི་བཅུ་སྟེ་སྔ་མ་བརྒྱད་པོའི་སྟེང་དུ་རང་དོན་རྒྱུན་ཆགས་སུ་འབྱུང་བ་དང་། གཞན་དོན་སྣ་ཚོགས་སུ་འབྱུང་བའོ། །

དེ་ལ་དང་པོ་ནི། འཇུག་པའི་སེམས་དེ་བསྐྱེད་ནས་སྔར་དང་མི་འདྲ་སྟེ། རང་ཉིད་གཉིད་ཀྱིས་ལོག་གམ། བརྒྱལ་བར་གྱུར་ཏམ། བག་མེད་པར་སྤྱོད་དམ། དེ་ལ་སོགས་པའི་དུས་ཐམས་ཅད་དུ་ཡང་བསོད་ནམས་ཀྱི་ཤུགས་རྒྱུན་མི་ཆད་པར་འབྱུང་བ་ཡིན་ནོ། །དེ་ལྟར་ཡང་སྤྱོད་འཇུག་ལས། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག། ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་སོ། །

གཞན་དོན་སྣ་ཚོགས་སུ་འབྱུང་བ་ནི། སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི་སེལ། །བདེ་བ་ནི་སྒྲུབ། ཉོན་མོངས་པ་ནི་གཅོད་པ་སྟེ། དེ་ལྟར་ཡང་སྤྱོད་འཇུག་ལས། གང་ཞིག་བདེ་བས་འཕོངས་པ་དང་། སྡུག་བསྔལ་མང་ལྡན་དེ་དག་ལ། །བདེ་བ་ཀུན་གྱིས་ཚིམ་པ་དང་། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཅིང་། །གཏི་མུག་ཀྱང་ནི་སེལ་བྱེད་པ། དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲ་ག་ལ་ཡོད། །ཅེས་གསུངས་སོ། །

གྲངས་སུ་མ་ཆད་པ་ནི། འདི་ནས་བཟུང་ནས་སངས་རྒྱས་ཀྱི་བར་གྱི་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན་ཏེ། །བགྲངས་གིས་མི་ལང་ངོ་། །

བྱང་ཆུབ་ཀྱི་སེམས་དེ་དོར་བའི་ཉེས་དམིགས་ནི་གསུམ་སྟེ། ཉེས་པས་ངན་འགྲོར་འགྲོ་བ་དང་། ཉེས་པས་གཞན་དོན་ལས་ཉམས་པ་དང་། ཉེས་པས་ས་ཐོབ་པ་ལ་ཡུན་རིང་དུ་ཐོགས་པའོ། །

དེ་ལ་དང་པོ་ནི། དམ་བཅའ་མ་སྒྲུབ་སྟེ་སེམས་བསྐྱེད་ཤོར་ན་སེམས་ཅན་བསླུས་པར་སོང་བས། དེའི་རྣམ་སྨིན་ངན་སོང་དུ་སྐྱེ་བའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་བསྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། །བདག་གི་འགྲོ་བ་ཅི་འདྲར་འགྱུར། །ཞེས་གསུངས་སོ། །

ཉེས་པས་གཞན་དོན་མི་ནུས་པ་ནི། ཇི་སྐད་དུ། འདི་ལྟར་དེ་ནི་བྱུང་གྱུར་ན། །སེམས་ཅན་ཀུན་གྱི་དོན་ལས་དམན། །ཞེས་གསུངས་སོ། །

ས་ཐོབ་པ་ལ་ཡུན་རིང་དུ་ཐོགས་པ་ནི། ཇི་སྐད་དུ། དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དག། འཁོར་བར་རེས་ཀྱིས་འདྲེ་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། །ཞེས་གསུངས་སོ། །

བྱང་ཆུབ་ཀྱི་སེམས་བསྐྱེད་འཆོར་བའི་རྒྱུ་ནི་གཉིས་ཏེ། སྨོན་པ་འཆོར་བའི་རྒྱུ་དང་། འཇུག་པ་འཆོར་བའི་རྒྱུའོ། །དེ་ལ་དང་པོ་ནི། སེམས་ཅན་བློས་སྤངས་པ་དང་། ནག་པོའི་ཆོས་བཞི་བསྟེན་པ་དང་། མི་མཐུན་པའི་སེམས་བསྐྱེད་པས་འཆོར་རོ། ། འཇུག་པའི་སྡོམ་པ་འཆོར་བའི་རྒྱུ་ནི། བྱང་ས་ལས། ཕམ་པའི་གནས་ལྟ་བུའི་ཆོས་བཞི་ཀུན་ནས་དཀྲིས་པ་ཆེན་པོ་སྤྱད་ན་འཆོར་བར་བཤད་དོ། །ཀུན་ནས་དཀྲིས་པ་འབྲིང་དང་། ཆུང་ངུ་སྤྱད་པ་ནི་ན་སྨད་ཙམ་དུ་བཤད་དོ། །སྡོམ་པ་ཉི་ཤུ་པ་ལས། དེའི་སྟེང་དུ་སྨོན་པའི་སེམས་བསྐྱེད་ཤོར་བས་ཀྱང་འཆོར་བར་བཤད་དོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་གཏོང་བའི་རྒྱུ་བཞི་གསུངས་སོ། །སྔ་མ་གཉིས་པོ་དང་། བསླབ་པ་ཕུལ་བ་དང་། ལོག་ལྟ་སྐྱེས་པའོ། །སློབ་དཔོན་ཞི་བ་ལྷའི་ཞལ་ནས་ཀྱང་མི་མཐུན་པའི་སེམས་སྐྱེས་པས་ཀྱང་སྡོམ་པ་གཏོང་ངོ་། །ཞེས་གསུངས་སོ། །

ཤོར་ན་ཕྱིར་བཅོས་པའི་ཐབས་ནི། སྨོན་པའི་སེམས་བསྐྱེད་ཤོར་ན་སླར་བླངས་པས་སོར་ཆུད་དོ། །འཇུག་པའི་སྡོམ་པ་ཤོར་བ་ལ་ཡང་། སྨོན་པའི་སེམས་ཤོར་བས་འཇུག་པ་ཤོར་བ་དེ་ནི་སྨོན་པ་སོར་ཆུད་པས་འཇུག་པ་ཡང་རང་བཞིན་གྱིས་སོར་ཆུད་དོ། །

རྒྱུ་གཞན་གྱིས་སྡོམ་པ་ཤོར་བ་ནི། སླར་ལེན་དགོས་སོ། །ཕམ་པའི་གནས་ལྟ་བུ་བཞི་ལ་ཀུན་ནས་དཀྲིས་པ་འབྲིང་དང་ཆུང་ངུ་སྤྱད་པ་ནི་བཤགས་པས་ཆོག་གོ། དེ་ལྟར་ཡང་སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་སླར་ཡང་བླང་བར་བྱ། ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་གསུངས་སོ། །

དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་ལེའུ་སྟེ་དགུ་པའོ། །། །