དྭགས་པོ་ཐར་རྒྱན།/10

From Wikisource
Jump to navigation Jump to search
དྭགས་པོ་ཐར་རྒྱན།
by སྒམ་པོ་པ་བསོད་ནམས་རིན་ཆེན།
English title: The Jewel Ornament of Liberation: Chapter 10 — .

Author: Gampopa Sonam Rinchen (sgam po pa bsod nam rin chen) 1079-1153

༈བྱང་ཆུབ་ཏུ་སེམས་བསྐྱེད་ཀྱི་བསླབ་བྱ་ནི་གཉིས་ཏེ། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསླབ་བྱ་དང་། འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསླབ་བྱའོ། །

དེ་ལ་དང་པོ་འཆད་པ་ལ།

སྡོམ་ནི།

སེམས་ཅན་བློས་མི་བཏང་བ་དང་། །
སེམས་དེའི་ཕན་ཡོན་དྲན་བྱ་དང་། །
ཚོགས་གཉིས་བསག་པར་བྱ་བ་དང་། །
ཡང་ཡང་བྱང་སེམས་སྦྱང་བ་དང་། །
དཀར་ནག་ཆོས་བརྒྱད་བླང་དོར་ཏེ། །
ལྔ་པོས་སྨོན་པའི་བསླབ་བྱ་བསྡུས། །

ཞེས་པའོ། །དེ་དག་ཀྱང་དང་པོ་ནི། བྱང་ཆུབ་ཀྱི་སེམས་དེ་མི་འཆོར་བའི་ཐབས་སོ། །གཉིས་པ་ནི་བྱང་ཆུབ་ཀྱི་སེམས་དེ་མི་ཉམས་པའི་ཐབས་སོ། །གསུམ་པ་ནི། བྱང་ཆུབ་ཀྱི་སེམས་དེའི་སྟོབས་བསྐྱེད་པའི་ཐབས་སོ། །བཞི་པ་ནི། བྱང་ཆུབ་ཀྱི་སེམས་དེ་འཕེལ་བའི་ཐབས་སོ། །ལྔ་པ་ནི། བྱང་ཆུབ་ཀྱི་སེམས་དེ་མི་བརྗེད་པའི་ཐབས་སོ། །

དེ་ལ་དང་པོ་སེམས་ཅན་བློས་མི་བཏང་བ་ལ་བསླབ་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་དེ་མི་འཆོར་བའི་ཐབས་བཤད་ན། མ་དྲོས་པས་ཞུས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏོ། །ཆོས་གཅིག་པོ་གང་ཞེ་ན། སེམས་ཅན་བློས་ཡོངས་སུ་མི་བཏང་བའི་སེམས་སོ། །ཞེས་གསུངས་སོ། །

དེ་ཡང་སེམས་ཅན་གང་དག་གིས་བདག་ལ་མི་རིགས་པ་ཞིག་བྱས་པས། བདག་དེ་ལ་སེམས་རྒྱང་བསྲིངས་ནས། ཤ་ཚ་བ་དང་བྲལ་ཏེ་ཕྱིན་ཆད་ཁྱོད་ལ་ཕན་ཐོགས་པའི་དུས་བྱུང་ཡང་མི་གདགས། །གནོད་པ་བཟློག་པའི་དུས་བྱུང་ཡང་མི་བཟློག་སྙམ་པའི་སེམས་བསྐྱེད་པ་ནི་སེམས་ཅན་བློས་བཏང་བ་ཡིན་ནོ། །

དེ་ཡང་སེམས་ཅན་ཐམས་ཅད་བློས་བཏང་བ་ལ་ཟེར་རམ། གཅིག་ཙམ་བློས་བཏང་བ་ལ་ཡང་ཟེར་ཞེ་ན། སེམས་ཅན་ཐམས་ཅད་བློས་སྤངས་པ་ནི་ཉན་རང་རྣམ་གཉིས་མ་ཡིན་པ། ཁྲ་དང་སྤྱང་ཀི་ལ་ཡང་མི་འོང་སྟེ། དེས་ན་སེམས་ཅན་གཅིག་ཙམ་བློས་བཏང་བས་ཀྱང་ཐུན་ཚོད་ཀྱི་ནང་ཁོངས་སུ་གཉེན་པོས་མ་སླེབ་ན་བྱང་སེམས་འཆོར་རོ། །དེ་ལྟར་སེམས་ཅན་བློས་སྤོང་ཞིང་བསླབ་བྱ་གཞན་ལ་གནས་ནས་བྱང་ཆུབ་སེམས་དཔར་ཁས་ལེན་པ་ནི་ཤིན་ཏུ་མི་འཐད་དེ། དཔེར་ན་བུ་གཅིག་པུ་བསད་ནས་བུའི་རྫས་གསོག་པ་དང་འདྲའོ། །

དེ་བས་ན་སེམས་ཅན་བདག་ལ་ཕན་འདོགས་པ་རྣམས་ལ་བྱང་ཆུབ་ཀྱི་སེམས་ག་ན་འཆོར་ཏེ། གནོད་པ་བྱེད་པ་ལ་འཆོར་དོགས་ཡོད་པས། དེ་ལ་ཁྱད་པར་དུ་སྙིང་རྗེ་བསྐྱེད་པས་ཕན་བདེ་བསྒྲུབ་པར་བྱའོ། །འདི་ནི་དམ་པ་རྣམས་ཀྱི་ཆོས་ལུགས་ཡིན་ཏེ། ཇི་སྐད་དུ། ཕན་བཏགས་ལན་དུ་གནོད་བྱས་ན། ཡང་ལན་སྙིང་རྗེ་ཆེན་པོས་བསླན། འཛམ་བུ་གླིང་གི་སྐྱེས་མཆོག་ནི། །ཉེས་པའི་ལན་ཡང་ལེགས་པས་ལྡོན། །ཞེས་གསུངས་སྟེ། །

གཉིས་པ་སེམས་བསྐྱེད་པའི་ཕན་ཡོན་དྲན་པར་བྱ་བ་ལ་བསླབ་པ་ཞེས་བྱ་བ། བྱང་ཆུབ་ཀྱི་སེམས་མི་ཉམས་པའི་ཐབས་དེ་བཤད་ན། བྱང་ཆུབ་ལམ་སྒྲོན་ལས་ཀྱང་། དེ་ལྟར་སྨོན་པའི་སེམས་དག་ནི། །བསྐྱེད་པའི་ཡོན་ཏན་གང་ཡིན་པ། །དེ་ནི་སྡོང་པོ་བཀོད་པ་ཡི། །མདོ་ལས་བྱམས་པས་རབ་ཏུ་བཤད། །ཅེས་པ་ལ་སོགས་པ་གསུངས་ཏེ། །དེ་ཡང་མདོ་དེ་ལས་སེམས་བསྐྱེད་པའི་ཕན་ཡོན་དཔེ་ཉིས་བརྒྱ་སུམ་ཅུ་ཙམ་གྱི་སྒོ་ནས་གསུངས་པ་ལ། དེ་དག་ཐམས་ཅད་ཕན་ཡོན་གྱི་སྒོ་ཆེན་པོ་བཞིར་འདུས་པ་ཡིན་གསུང་།

དེ་ཡང་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །དབུལ་བ་ཐམས་ཅད་སེལ་བར་བྱེད་པའི་རྣམ་ཐོས་ཀྱི་བུ་ལྟ་བུའོ། །ཞེས་པ་ལ་སོགས་པ་ནི། །རང་དོན་འབྱུང་བའི་ཕན་ཡོན་ནོ། །འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པས་ན་གནས་ལྟ་བུའོ། །

འགྲོ་བ་ཐམས་ཅད་རྟེན་པས་རྟེན་ལྟ་བུའོ། །ཞེས་པ་ལ་སོགས་པ་ནི། གཞན་དོན་འབྱུང་བའི་ཕན་ཡོན་ནོ། །

ཉོན་མོངས་པའི་དགྲ་ལས་རྒྱལ་བར་བྱེད་པའི་མདུང་ལྟ་བུའོ། །སྡུག་བསྔལ་གྱི་ལྗོན་ཤིང་རབ་ཏུ་གཅོད་པར་བྱེད་པས་སྟ་རེ་ལྟ་བུའོ། །ཞེས་པ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་གཅོད་པའི་ཕན་ཡོན་ནོ། ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་བུམ་པ་བཟང་པོ་ལྟ་བུའོ། །འདོད་པ་ཐམས་ཅད་ཡོངས་སུ་སྒྲུབ་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཞེས་པ་ལ་སོགས་པ་ནི་མཐུན་པའི་ཕྱོགས་ཐམས་ཅད་འགྲུབ་པའི་ཕན་ཡོན་ནོ། །

དེ་ལྟ་བུའི་ཕན་ཡོན་དེ་དག་ཐམས་ཅད་དྲན་པར་བྱས་པའི་ཕན་ཡོན་ཅན་གྱི་བྱང་ཆུབ་ཀྱི་སེམས་དེ་ལ་རྩིས་ཆེ་ཞིང་མཆོག་ཏུ་འཛིན་པར་འགྱུར། དེ་ལྟར་གྱུར་པས་ཉམས་སུ་བླངས་ནས་སེམས་དེ་མ་ཉམས་པར་སྐྱོང་བར་འགྱུར་བ་ཡིན་ནོ། །དེས་ན་ཕན་ཡོན་ནི་དེ་དག་རྟག་ཏུ་དྲན་པར་བྱ་ཞིང་། ཐ་ན་ཐུན་ཚོད་ཀྱི་ནང་ཁོངས་སུ་ཡང་ལན་རེ་དྲན་པར་བྱའོ། །

གསུམ་པ་ཚོགས་གཉིས་བསག་པར་བྱ་བ་ལ་བསླབ་པ་ཞེས་བྱ་བ། བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་བསྐྱེད་པའི་ཐབས་དེ་བཤད་ན། བྱང་ཆུབ་ལམ་སྒྲོན་ལས་ཀྱང་། བསོད་ནམས་ཡེ་ཤེས་རང་བཞིན་གྱི། །ཚོགས་ནི་ཡོངས་སུ་རྫོགས་པའི་རྒྱུ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཡང་བསོད་ནམས་ཀྱི་ཚོགས་ནི་ཆོས་སྤྱོད་བཅུ་དང་། བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ཐབས་ཀྱི་ཆ་འདི་དག་ཡིན་ལ། ཡེ་ཤེས་ཀྱི་ཚོགས་ནི་དེ་དག་འཁོར་གསུམ་ཡོངས་དག་ཏུ་ཞེས་པ་ལ་སོགས་པ་ཤེས་རབ་ཀྱི་ཆ་འདི་དག་ཡིན་ཏེ་དེ་ལྟར་ཚོགས་གཉིས་བསགས་པས་རང་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་སྐྱེ་བ་ཡིན་ནོ། །

དེས་ན་ཚོགས་གཉིས་པོ་དེ་རྟག་ཏུ་བསག་ཅིང་། ཐ་ན་སྔགས་ཐུང་གཅིག་བཟླས་པ་ཡང་ཚོགས་གཉིས་ཚད་དུ་བཏུབ་པས་ཐུན་ཚོད་ཀྱི་ནང་ཁོངས་སུ་ཡང་ལན་རེ་བསག་པར་བྱའོ། །ཚོགས་ཀྱི་གཏམ་ལས་ཀྱང་། དེ་རིང་བདག་གིས་བསོད་ནམས་དང་། །ཡེ་ཤེས་ཚོགས་ནི་གང་བྱ་དང་། །སེམས་ཅན་ཕན་པར་གང་བྱ་ཞེས། །བྱང་ཆུབ་སེམས་དཔས་རྟག་ཏུ་བསམ། །ཞེས་གསུངས་སོ། །

བཞི་པ་ཡང་དང་ཡང་དུ་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་པ་ཞེས་བྱ་བ། བྱང་ཆུབ་ཀྱི་སེམས་དེ་འཕེལ་བའི་ཐབས་དེ་བཤད་ན། །བྱང་ཆུབ་ལམ་སྒྲོན་ལས་ཀྱང་། བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་ནས་ནི། འབད་པ་མང་པོས་ཀུན་ཏུ་འཕེལ་བྱ་ཞིང་། །ཞེས་གསུངས་སོ། །

དེ་ཡང་བྱང་ཆུབ་རྒྱུའི་སེམས་སྦྱང་བ་དང་། བྱང་ཆུབ་དངོས་ཀྱི་སེམས་སྦྱང་བ་དང་། བྱང་ཆུབ་སྤྱོད་པའི་སེམས་སྦྱང་བ་དང་གསུམ་དུ་ཤེས་པར་བྱའོ། །དེ་གསུམ་ལ་སྦྱངས་པས་བྱང་ཆུབ་ཀྱི་སེམས་དེ་འཕེལ་བ་ཡིན་ནོ། ། དེ་ལ་དང་པོ་ནི། སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེའི་སེམས་རྟག་ཏུ་བསམ་པའམ། །ཐ་ན་ཡང་ཐུན་ཚོད་ཀྱི་ནང་དུ་ལན་རེ་བསམ་པའོ། །

བྱང་ཆུབ་དངོས་ཀྱི་སེམས་སྦྱང་བ་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བློས། །ཉིན་ལན་གསུམ་མཚན་ལན་གསུམ་དུ་བསམ་པའམ། སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པར་བྱ་བའམ། ཐ་ན་ཐུན་ཚོད་ཀྱི་ནང་ཁོངས་སུ། སངས་རྒྱས་ཆོས་དང་༧ཇོ་བོས་མཛད་པའི་སེམས་བསྐྱེད་ཀྱི་ཆོ་ག་ལས་གསུངས་པ། ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་བརྗོད་པའོ། །

བྱང་ཆུབ་སྤྱོད་པའི་སེམས་སྦྱང་བ་ལ་གཉིས་ཏེ། །གཞན་ལ་ཕན་བཏགས་པའི་སེམས་སྦྱང་བ་དང་། རང་གི་རྒྱུད་དག་པའི་སེམས་སྦྱང་བའོ། །དེ་ལ་དང་པོ་ནི། རང་གི་ལུས་དང་ལོངས་སྤྱོད་དང་དུས་གསུམ་གྱི་དགེ་བ་ཐམས་ཅད་གཞན་གྱི་ཕན་བདེའི་དོན་དུ་བསྔོ་ཞིང་བཏང་བའི་སེམས་བསྐྱེད་པའོ། །རང་གི་རྒྱུད་དག་པའི་སེམས་སྦྱང་བ་ནི། རྟག་ཏུ་ཚུལ་ཁྲིམས་ལ་བསྔོ་བགྲང་བྱ་ཞིང་སྡིག་པ་དང་ཉོན་མོངས་པ་ལ་འཛེམ་པའོ། །

ལྔ་པ་ནག་པོའི་ཆོས་བཞི་སྤང་ཞིང་དཀར་པོའི་ཆོས་བཞི་བརྟེན་པ་ལ་བསླབ་པ་ཞེས་བྱ་བ། བྱང་ཆུབ་ཀྱི་སེམས་དེ་མི་བརྗེད་པའི་ཐབས་དེ་བཤད་ན། །བྱང་ཆུབ་ལམ་སྒྲོན་ལས་ཀྱང་། འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཇི་སྐད་བརྗོད་པའི་བསླབ་པ་ཡོངས་སུ་བསྲུང་། །ཞེས་གསུངས་སོ། །

བསླབ་པ་གང་ནས་བཤད་ན། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། དེ་ཡང་ནག་པོའི་ཆོས་བཞི་ནི། ཇི་སྐད་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་ལ་སོགས་པ་གསུངས་སོ། །

དེ་དག་གི་དོན་བསྡུ་ན། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་སྐྱེས་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་དང་། སེམས་ཅན་ལ་གཡོ་སྒྱུས་སྤྱོད་པའོ། །

དཀར་པོའི་ཆོས་བཞི་ཡང་། ཇི་སྐད་དུ། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །བཞི་གང་ཞེ་ན། ཞེས་པ་ལ་སོགས་པ་གསུངས་སོ། །

དེ་དག་གི་དོན་བསྡུ་ན། ཤེས་བཞིན་དུ་སྲོག་གི་ཕྱིར་ཡང་རྫུན་མི་སྨྲ་བ་དང་། སེམས་ཅན་ཐམས་ཅད་དགེ་བ་ལ་འགོད་ཅིང་དེ་ཡང་ཐེག་པ་ཆེན་པོའི་དགེ་བ་ལ་འགོད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ཅིང་དེའི་ཡོན་ཏན་ཕྱོགས་བཅུར་བརྗོད་པ་དང་སེམས་ཅན་ཐམས་ཅད་ལ་གཡོ་སྒྱུས་མ་ཡིན་པར་ལྷག་པའི་བསམ་པས་གནས་པར་བྱའོ། །

དེ་ལ་ནག་པོའི་ཆོས་དང་པོ་དེའི་དོན་བཤད་ན། བླ་མ་དང་། མཁན་པོ་དང་། སློབ་དཔོན་དང་། སྦྱིན་གནས་ལ་སོགས་པ་མཆོད་འོས་དག་ལ་བསླུ་སེམས་ཀྱིས་རྫུན་སྨྲས་ཏེ་མགོ་བསྐོར་ན། དེ་དག་གིས་ཚོར་རུང་མ་ཚོར་རུང་། དགྱེས་རུང་མ་དགྱེས་རུང་། ཁམ་ཆེ་རུང་ཆུང་རུང་། མགོ་འཁོར་རུང་མ་འཁོར་རུང་། ཐུན་ཚོད་ལས་འདས་པར་གཉེན་པོས་མ་སླེབ་ན་བྱང་སེམས་འཆོར་རོ། །དེའི་གཉེན་པོར་དཀར་པོའི་ཆོས་དང་པོ། ཤེས་བཞིན་དུ་སྲོག་གི་ཕྱིར་ཡང་རྫུན་མི་སྨྲ་བ་དེ་ལ་གནས་པར་བྱའོ། །

ནག་པོའི་ཆོས་གཉིས་པ་དེ་བཤད་ན། གཞན་དག་གིས་དགེ་བའི་ལས་བྱས་སྤྱན་སྔ་བ་དང་བྱ་ཡུལ་བའི་ཞལ་ནས་ཐེག་ཆེན་གྱི་ལས་གསུངས། རྒྱ་ཡོན་བདག་གིས་ཐེག་པ་ཆེ་ཆུང་གང་ཡང་འདྲ་གསུང་། སྦྱིན་པའི་དབང་དུ་བྱས་ན། སྦྱིན་པ་བྱས་པ་དེ་ལ་བྱ་བྱེད་ནི་བཟང་སྟེ། པ་ལ། འགྱོད་པ་བསྐྱེད་དུ་གཞུག་པའི་བསམ་པས་འགྱོད་པ་བསྐྱེད་སང་གནང་ལྟོགས་པར་སོང་ནས། སྤྲང་དགོས་པར་མཆི་ཡི་ཟེར་བ་ལ་སོགས་པ་ལྟ་བུའོ། པ་སྟེ། ཁོ་འགྱོད་པ་སྐྱེས་རུང་མ་སྐྱེས་རུང་། །ཐུན་ཚོད་ཀྱི་ནང་ཁོངས་སུ་གཉེན་པོས་མ་སླེབ་ན་བྱང་སེམས་འཆོར་རོ། །དེའི་གཉེན་པོར་དཀར་པོའི་ཆོས་གཉིས་པ་སེམས་ཅན་ཐམས་ཅད། དགེ་བ་ལ་འགོད་ཅིང་། དེ་ཡང་ཐེག་པ་ཆེན་པོའི་དགེ་བ་ལ་འགོད་པ་ལ་འབད་པར་བྱའོ། །

ནག་པོའི་ཆོས་གསུམ་པ་དེ་བཤད་ན། སེམས་བསྐྱེད་པའི་གང་ཟག་གཅིག་ལ་ཞེ་སྡང་བས་དེའི་སྐྱོན་བརྗོད་པ་སྟེ། དེ་ཡང་ཐ་མལ་གྱི་སྐྱོན་ནས་བརྗོད་ཀྱང་རུང་། ཆོས་ཀྱི་སྐྱོན་ནས་བརྗོད་ཀྱང་རུང་། ངོར་ཡང་རུང་། ལྐོག་ཏུ་ཡང་རུང་། དམིགས་ཀྱིས་ཕྱེས་ཀྱང་རུང་། མ་ཕྱེས་ཀྱང་རུང་། འཇམ་པོས་ཀྱང་རུང་། རྩུབ་པོས་ཀྱང་རུང་། ཐོས་ཀྱང་རུང་། མ་ཐོས་ཀྱང་རུང་། དགའ་ཡང་རུང་། མ་དགའ་ཡང་རུང་སྟེ། ཐུན་ཚོད་ཀྱི་ནང་ཁོངས་སུ་གཉེན་པོས་མ་སླེབ་ན། བྱང་སེམས་འཆོར་རོ། །དེའི་གཉེན་པོར་དཀར་པོའི་ཆོས་གསུམ་པ། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ། སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ཅིང་། དེའི་ཡོན་ཏན་ཕྱོགས་བཅུར་བརྗོད་པ་དེ་ལ་འབད་པར་བྱའོ། །

ནག་པོའི་ཆོས་བཞི་པ་དེ་བཤད་ན། སེམས་ཅན་གང་ཡང་རུང་བ་ལ་གཡོ་སྒྱུའི་བསམ་པས་ཟོལ་ཟོག་གཅིག་བྱས་པ་སྟེ། ཁོས་ཚོར་རུང་མ་ཚོར་རུང་ཁོ་ལ་གནོད་རུང་མ་གནོད་རུང་། ཐུན་ཚོད་ཀྱི་ནང་ཁོངས་སུ་གཉེན་པོས་མ་སླེབ་ན། བྱང་སེམས་འཆོར་བའོ། །དེའི་གཉེན་པོར་དཀར་པོའི་ཆོས་བཞི་པ། སེམས་ཅན་ལ་ལྷག་པའི་བསམ་པས་གནས་པར་བྱ་བ་ཞེས་པ་རང་དོན་ལ་མ་འཁྲིས་པར་ཕན་གདགས་པར་འདོད་པའི་བསམ་པ་དེ་བྱའོ། །

དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསླབ་བྱ་བསྟན་པའི་ལེའུ་སྟེ་བཅུ་པའོ། །། །