དྭགས་པོ་ཐར་རྒྱན།/3

From Wikisource
Jump to navigation Jump to search
དྭགས་པོ་ཐར་རྒྱན།
by སྒམ་པོ་པ་བསོད་ནམས་རིན་ཆེན།
English title: The Jewel Ornament of Liberation: Chapter 3. Author: Gampopa Sonam Rinchen (sgam po pa bsod nam rin chen) 1079-1153


༈རྐྱེན་ནི་དགེ་བའི་བཤེས་གཉེན་ཡིན།

།ཞེས་པ་ལ། དེ་ལྟར་རྟེན་ཕུན་སུམ་ཚོགས་པ་དང་ལྡན་ཡང་། རྐྱེན་དགེ་བའི་བཤེས་གཉེན་གྱིས་མ་བསྐུལ་ན། སྔར་གྱི་བྱ་བ་ངན་པ་ལ་གོམས་ཤིང་། །བག་ཆགས་བརྟས་པའི་སྟོབས་ཀྱིས་བྱང་ཆུབ་ཀྱི་ལམ་ལ་འཇུག་པར་དཀའོ། །དེས་ན་དགེ་བའི་བཤེས་གཉེན་བསྟེན་པར་བྱ་སྟེ། སྡོམ་ནི། འཐད་པ་དང་ནི་དབྱེ་བ་དང་། །
ཕྱེ་བ་སོ་སོའི་མཚན་ཉིད་དང་། །
བསྟེན་པའི་ཐབས་དང་ཕན་ཡོན་ཏེ། །
ལྔ་ཡིས་བཤེས་གཉེན་བསྟེན་པར་བསྡུས། །
ཞེས་པའོ། །

དེ་ལ་དང་པོ་དགེ་བའི་བཤེས་གཉེན་བསྟེན་དགོས་པའི་འཐད་པ་ནི་གསུམ་སྟེ། ལུང་དང་། རིག་པ་དང་། དཔེའོ། །དེ་ལ་ལུང་ནི། འཕགས་པ་སྡུད་པ་ལས། སློབ་མ་བཟང་པོས་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་དག་ལ་རྟག་ཏུ་བསྟེན་པར་བྱ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་གསུངས་སོ། །འཕགས་པ་བརྒྱད་སྟོང་པ་ལས་ཀྱང་། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། །དང་པོ་ཉིད་དུ་དགེ་བའི་བཤེས་གཉེན་དག་ལ་བསྟེན་པར་བྱ། བསྙེན་པར་བྱ། བསྙེན་བཀུར་བར་བྱའོ། །ཞེས་གསུངས་སོ། །

རིགས་པ་ནི། ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པའི་གང་ཟག་དེ་ཆོས་ཅན། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་བསྟེན་དགོས་པར་དམ་བཅའ། རང་ཉིད་ཀྱིས་ཚོགས་གསོག་པ་དང་། སྒྲིབ་པ་སྦྱོང་མི་ཤེས་པའི་ཕྱིར། ཞེས་པ་ནི་གཏན་ཚིགས་སོ། །མཐུན་པའི་དཔེ་དུས་གསུམ་གྱི་སངས་རྒྱས་བཞིན་ནོ། །བཟློག་པའི་དཔེ་རང་སངས་རྒྱས་བཞིན་ནོ། །དེའི་དོན་བཤད་ན། བདག་ཅག་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པའི་ཚོགས་ཐམས་ཅད་གསོག་དགོས་ཤིང་། དེ་གསོག་པའི་ཐབས་དགེ་བའི་བཤེས་གཉེན་ལ་རག་ལས་པའི་ཕྱིར་དང་། ཉོན་མོངས་པ་དང་། ཤེས་བྱས་བསྡུས་པའི་སྒྲིབ་པ་ཐམས་ཅད་སྤོང་དགོས་ལ། །དེ་སྤོང་བའི་ཐབས་དགེ་བའི་བཤེས་གཉེན་ལ་རག་ལུས་པའི་ཕྱིར་རོ། །

དཔེ་ནི། དགེ་བའི་བཤེས་གཉེན་ནི་ལམ་རྒྱུས་མེད་ལ་འགྲོ་དུས་ཀྱི་ལམ་མཁན་ལྟ་བུའམ། འཇིགས་པའི་ས་ཕྱོགས་ལ་འགྲོ་དུས་ཀྱི་སྐྱེལ་མ་ལྟ་བུའམ། ཆུ་བོ་ཆེན་པོ་ལ་བརྒལ་དུས་ཀྱི་མཉན་པ་ལྟ་བུ་ཡིན་ནོ། །

དེ་ལ་དཔེ་དང་པོ་བཤད་ན། ལམ་རྒྱུས་མེད་ལ་འགྲོ་བའི་ཚེ་ལམ་མཁན་མེད་ན། ལམ་ནོར་དོགས་དང་། གོལ་དོགས་དང་། འཁྱར་དོགས་ཡོད་དོ། །ལམ་མཁན་དང་འགྲོགས་ན་ལམ་ནོར་དོགས་དང་། གོལ་དོགས་དང་། འཁྱར་དོགས་མེད་དེ་གོམ་པ་ཆུད་མ་ཟོས་པར་བསྡེགས་སར་ཕྱིན་པར་འགྱུར་རོ། །དེ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་ཞུགས་ནས་རྫོགས་པའི་སངས་རྒྱས་ཀྱི་སར་འགྲོ་བ་ལ། ལམ་མཁན་དང་འདྲ་བའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མེད་ན། གལ་ཏེ་མུ་སྟེགས་པའི་ལམ་དུ་ནོར་དོགས་ཡོད། གལ་ཏེ་ཉན་ཐོས་ཀྱི་ལམ་དུ་གོལ་དོགས་ཡོད། གལ་ཏེ་རང་སངས་རྒྱས་ཀྱི་ལམ་དུ་འཁྱར་དོགས་ཡོད། ལམ་མཁན་དང་འདྲ་བའི་དགེ་བའི་བཤེས་གཉེན་དང་འགྲོགས་ན། ལམ་ལ་ནོར་དོགས་དང་། གོལ་དོགས་དང་། འཁྱར་དོགས་མེད་པར་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་པར་འགྱུར་རོ། །དེ་ལྟར་ཡང་དཔལ་འབྱུང་གི་རྣམ་ཐར་ལས། དགེ་བའི་བཤེས་གཉེན་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་དུ་འཛུད་པའི་ལམ་མཁན་ལྟ་བུའོ། །ཞེས་གསུངས་སོ། །

དཔེ་གཉིས་པ་བཤད་ན། འཇིགས་པའི་ས་ཕྱོགས་ནི་ཆོམ་རྐུན་ནམ། གཅན་ཟན་ལ་སོགས་པའི་འཚེ་བ་དང་བཅས་པ་ཡིན་ནོ། །དེ་ལ་འགྲོ་བའི་ཚེ་སྐྱེལ་མ་མེད་ན། ལུས་སམ་སྲོག་གམ་ལོངས་སྤྱོད་ལ་ཉེ་ཞོ་བྱུང་དོགས་ཡོད་ལ། སྐྱེལ་མ་བཙན་པོ་དང་འགྲོགས་ན་ཉེ་ཞོ་མེད་པར་ཕྱིན་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ལམ་དུ་ཞུགས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་ཅིང་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འགྲོ་བ་ལ་སྐྱེལ་མ་དང་འདྲ་བའི་དགེ་བའི་བཤེས་གཉེན་མེད་ན། ཆོམ་རྐུན་དང་འདྲ་བའི་རང་གི་རྣམ་རྟོག་གམ་ཉོན་མོངས་པ་དང་། །ཕྱིའི་བདུད་དང་ལོག་འདྲེན་ལ་སོགས་པས་དགེ་བའི་ནོར་འཕྲོག་དོགས་ཡོད། བདེ་འགྲོའི་སྲོག་གཅོད་དོགས་ཡོད་དོ། །དེ་ལྟར་ཡང་། །ཉོན་མོངས་ཆོམ་རྐུན་ཚོགས་འདི་ནི། གླགས་རྙེད་གྱུར་ན་དགེ་འཕྲོག་ཅིང་། །བདེ་འགྲོའི་སྲོག་ཀྱང་གཅོད་པར་བྱེད། །ཅེས་གསུངས་སོ། །སྐྱེལ་མ་དང་འདྲ་བའི་དགེ་བའི་བཤེས་གཉེན་དང་མ་བྲལ་ན་དགེ་བའི་ནོར་མི་འཆོར། བདེ་འགྲོའི་སྲོག་མི་ཆད་པར་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་པར་འགྱུར་རོ། །དེ་ལྟར་ཡང་དཔལ་འབྱུང་གི་རྣམ་ཐར་ལས། བྱང་ཆུབ་སེམས་དཔའི་བསོད་ནམས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྲུང་བའོ། །ཞེས་གསུངས་པ་དང་། དགེ་བསྙེན་མ་མི་གཡོ་བའི་རྣམ་ཐར་ལས་ཀྱང་། དགེ་བའི་བཤེས་གཉེན་རྣམས་ནི་བདག་ཅག་ཐམས་ཅད་མཁྱེན་པའི་གནས་སུ་ཕྱིན་པར་སྐྱེལ་བའི་སྐྱེལ་མ་ལྟ་བུའོ། །ཞེས་གསུངས་སོ། །

དཔེ་གསུམ་པ་བཤད་ན། ཆུ་བོ་ཆེན་པོ་བརྒལ་བའི་ཚེ་མཉན་པ་མེད་པར་གྲུའམ་གཟིངས་སུ་ཞུགས་ཀྱང་། ཕར་ཀར་མི་ཕྱིན་པར་ཆུ་ཉིད་དུ་བྱིང་བའམ། ཆུ་ཉིད་ཀྱིས་འཁྱེར་བར་འགྱུར་ལ། མཉན་པ་ཡོད་ན་དེའི་འབད་རྩོལ་གྱིས་ཕར་ཀར་ཕྱིན་པར་འགྱུར་རོ། །དེ་བཞིན་དུ་འཁོར་བའི་རྒྱ་མཚོ་ལས་བརྒལ་བའི་ཚེ། མཉན་པ་དང་འདྲ་བའི་དགེ་བའི་བཤེས་གཉེན་མེད་ན། དམ་པའི་ཆོས་ཀྱི་གྲུ་གཟིངས་ལ་ཞུགས་ནས་ཕྱིན་ཡང་། །འཁོར་བ་ཉིད་དུ་བྱིང་ཞིང་འཁོར་བའི་རྒྱུན་གྱིས་ཁྱེར་རོ། །དེ་ལྟར་ཡང་། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་གསུངས་སོ། །དེས་ན་མཉན་པ་དང་འདྲ་བའི་དགེ་བའི་བཤེས་གཉེན་བསྟེན་པར་བྱས་ན་འཁོར་བའི་རྒྱ་མཚོའི་ཕ་རོལ་མྱ་ངན་ལས་འདས་པའི་སྐམ་སར་ཕྱིན་པར་འགྱུར་རོ། །དེ་ལྟར་ཡང་སྡོང་པོ་བཀོད་པའི་མདོ་ལས། དགེ་བའི་བཤེས་གཉེན་ནི་འཁོར་བའི་ཆུ་བོ་ཆེན་པོ་ལས་སྒྲོལ་བས་ན་མཉན་པ་ལྟ་བུའོ། །ཞེས་གསུངས་སོ། །དེ་བས་ན་ལམ་མཁན་ནམ་སྐྱེལ་མའམ། མཉན་པ་ལྟ་བུའི་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །

དགེ་བའི་བཤེས་གཉེན་གྱི་དབྱེ་བ་ནི་བཞི་སྟེ། དགེ་བའི་བཤེས་གཉེན་སོ་སོའི་སྐྱེ་བོ་དང་། དགེ་བའི་བཤེས་གཉེན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་སངས་རྒྱས་སྤྲུལ་པའི་སྐུ་དང་། དགེ་བའི་བཤེས་གཉེན་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་དག་ཀྱང་རང་གི་གནས་སྐབས་དང་སྦྱར་ཏེ། རང་ལས་དང་པོ་པའི་དུས་སུ་སངས་རྒྱས་དང་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟེན་པའི་ནུས་པ་མེད་པས། དགེ་བའི་བཤེས་གཉེན་སོ་སོའི་སྐྱེ་བོ་ལ་བསྟེན་པའོ། །རང་ལས་ཀྱི་སྒྲིབ་པ་ཕལ་ཆེར་དག་ཙ་ན། །དགེ་བའི་བཤེས་གཉེན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བསྟེན་པར་ནུས་པའོ། །རང་ཚོགས་ལམ་ཆེན་པོ་ཡན་ཆད་ལ་གནས་ཙ་ན། དགེ་བའི་བཤེས་གཉེན་སངས་རྒྱས་སྤྲུལ་པའི་སྐུ་ལ་བསྟེན་པར་ནུས་པའོ། །རང་ས་ཆེན་པོ་ལ་གནས་ཙ་ན། དགེ་བའི་བཤེས་གཉེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྟེན་པར་ནུས་པའོ། །

དེ་ལྟར་བཞི་ལས་རང་ལ་དྲིན་གང་ཆེ་ན། བདག་ཅག་དང་པོ་ལས་དང་ཉོན་མོངས་པའི་མུན་ཁང་ན་འདུག་པའི་ཚེ། དགེ་བའི་བཤེས་གཉེན་གོང་མ་རྣམས་བསྟེན་པ་བས། ཞལ་མཐོང་བ་ཙམ་ཡང་མེད་པ་ལས་དགེ་བའི་བཤེས་གཉེན་སོ་སོའི་སྐྱེ་བོ་དང་མཇལ་བས། དེའི་གསུང་གི་སྒྲོན་མེས་ལམ་སྣང་བར་བྱས་ནས། དགེ་བའི་བཤེས་གཉེན་གོང་མ་རྣམས་དང་མཇལ་བར་འགྱུར་ཏེ། དེས་ན་དངོས་ཀྱི་དྲིན་ཆེ་བ་ནི་དགེ་བའི་བཤེས་གཉེན་སོ་སོ་སྐྱེ་བོ་ཡིན་ནོ། །

དགེ་བའི་བཤེས་གཉེན་བཞི་པོ་དེའི་མཚན་ཉིད་འཆད་པ་ལ། སངས་རྒྱས་ནི་སྒྲིབ་པ་རྣམ་པ་གཉིས་སྤངས་པས་ན་སྤངས་པ་ཕུན་སུམ་ཚོགས་པ་ཡིན། མཁྱེན་པ་རྣམ་པ་གཉིས་མངའ་བས་ན་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། ས་དང་པོ་ནས་ས་བཅུ་པའི་བར་གྱི་སྤངས་པ་དང་ཡེ་ཤེས་ཅི་རིགས་སུ་མངའོ། །

ཁྱད་པར་དུ་ཡང་ས་བརྒྱད་པ་ཡན་ཆད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། གཞན་རྗེས་སུ་འཛིན་པའི་དབང་བཅུ་ལ་མངའ་བརྙེས་པ་ཡིན་ཏེ། ཚེ་ལ་དབང་བ་དང་། དེ་བཞིན་དུ་སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། མོས་པ་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། ཡེ་ཤེས་དང་། ཆོས་ལ་དབང་བའོ། །

དེ་ལ་ཚེ་ལ་དབང་བ་ནི། ཇི་སྲིད་འདོད་པ་དེ་སྲིད་དུ་གནས་པར་ནུས་སོ། །སེམས་ལ་དབང་བ་ནི། བདག་ཉིད་ཇི་ལྟར་འདོད་པ་བཞིན་དུ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ནུས་པའོ། །ཡོ་བྱད་ལ་དབང་བ་ནི། །སེམས་ཅན་རྣམས་ལ་ཡོ་བྱད་རིན་པོ་ཆེ་དཔག་ཏུ་མེད་པའི་ཆར་འབེབས་ནུས་པའོ། །ལས་ལ་དབང་བ་ནི། ཁམས་དང་། ས་དང་། འགྲོ་བ་དང་། སྐྱེ་གནས་དང་། གནས་སྐབས་གཞན་དུ་མྱོང་བར་འགྱུར་བའི་ལས་རྣམས་གཞན་དུ་སྦྱོར་ནུས་པའོ། །སྐྱེ་བ་ལ་དབང་བ་ནི། བསམ་གཏན་ལ་གནས་ཤིང་ཡོངས་སུ་མ་ཉམས་བཞིན་དུ། འདོད་པའི་ཁམས་སུ་སྐྱེ་བར་ནུས་ལ། དེར་སྐྱེས་ནས་ཀྱང་དེའི་ཉེས་པས་མི་གོས་པའོ། །མོས་པ་ལ་དབང་བ་ནི་ས་ལ་སོགས་པ་ཆུ་ལ་སོགས་པར་མོས་ནའང་སྒྱུར་ནུས་པའོ། །སྨོན་ལམ་ལ་དབང་བ་ནི་ཇི་ལྟར་འདོད་པ་བཞིན་དུ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་སྨོན་ལམ་འདེབས་ཤིང་། དེ་མངོན་པར་འགྲུབ་པའོ། །རྫུ་འཕྲུལ་ལ་དབང་བ་ནི་སེམས་ཅན་འདུན་པར་བྱ་བའི་ཕྱིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་དཔག་ཏུ་མེད་པ་སྟོན་ནུས་པའོ། །ཡེ་ཤེས་ལ་དབང་བ་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་རྣམས་རབ་ཀྱི་མཐར་ཕྱིན་པར་མཁྱེན་པའོ། །ཆོས་ལ་དབང་བ་ནི་ཅི་རིགས་པར་ཅི་ཙམ་དུ་སེམས་ཅན་ཐམས་ཅད་ལ། མིང་དང་ཚིག་དང་ཡི་གེའི་ཚོགས་གཞན་དང་གཞན་དག་གིས་མདོ་ལ་སོགས་པའི་ཆོས་རྣམ་པར་བཞག་ནས། ཅིག་ཆར་གསུང་གཅིག་གིས་སོ་སོའི་སྐད་དང་མཐུན་པའི་སེམས་ཡོངས་སུ་ཚིམས་པར་བྱེད་ནུས་པའོ། །

དགེ་བའི་བཤེས་གཉེན་སོ་སོ་སྐྱེ་བོའི་མཚན་ཉིད་ཀྱང་ཡོན་ཏན་བརྒྱད་དང་ལྡན་པའམ། ཡང་ན་བཞི་དང་ལྡན་པའམ། ཡང་ན་གཉིས་དང་ལྡན་པའོ། །དེ་ལ་དང་པོ། བྱང་ཆུབ་སེམས་དཔའི་ས་ལས། དེ་ལ་རྣམ་པ་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་རྣམ་པ་ཐམས་ཅད་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། བརྒྱད་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་ལྡན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་མང་དུ་ཐོས་པ་དང་། རྟོགས་པ་དང་ལྡན་པ་དང་། རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་དང་། མི་འཇིགས་པ་དང་ལྡན་པ་དང་། བཟོད་པ་དང་ལྡན་པ་དང་། ཡིད་ཡོངས་སུ་མི་སྐྱོ་བ་ཡིན་པ་དང་། ཚིག་གི་བྱ་བ་དང་ལྡན་པའོ། །ཞེས་གསུངས་སོ། ། གཉིས་པ་ནི། མདོ་སྡེ་རྒྱན་ལས། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང་། གཟུང་འོས་དེ་ཉིད་གཉིས་སྟོན་པ། འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཞེས་གསུངས་ཏེ། མང་དུ་ཐོས་པས་སྟོན་པ་རྒྱ་ཆེ་བ་དང་། ཤེས་རབ་ཆེ་བས་གཞན་གྱི་ཐེ་ཚོམ་གཅོད་པ་དང་། སྐྱེས་བུ་དམ་པའི་ལས་བྱེད་པས་ཚིག་གཟུང་བར་འོས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་ཀྱི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་སྟོན་པའོ། ། གསུམ་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། ཐེག་ཆེན་དོན་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག། སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་གསུངས་ཏེ། ཐེག་པ་ཆེན་པོའི་དོན་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའོ། །

དེ་ལྟ་བུའི་དགེ་བའི་བཤེས་གཉེན་རྙེད་ནས་བསྟེན་པའི་ཐབས་ལ་གསུམ་སྟེ། བཀུར་སྟི་དང་རིམ་གྲོའི་སྒོ་ནས་ཇི་ལྟར་བསྟེན་པ་དང་། མོས་པ་དང་གུས་པའི་སྒོ་ནས་ཇི་ལྟར་བསྟེན་པ་དང་། བསྒྲུབ་པ་དང་ནན་ཏན་གྱི་སྒོ་ནས་ཇི་ལྟར་བསྟེན་པའོ། །དང་པོ་ལ་གཉིས་ལས།

བཀུར་སྟིས་ཇི་ལྟར་བསྟེན་པ་ནི། ཕྱག་འཚལ་བ་དང་། མྱུར་དུ་ལྡང་བ་དང་། ལུས་འདུད་པ་དང་། བསྐོར་བ་བྱ་བ་དང་། གདུང་བའི་སེམས་ཀྱིས་དུས་སུ་སྨྲ་བ་དང་། ངོམས་པ་མེད་པའི་སེམས་ཀྱིས་ཡང་དང་ཡང་དུ་བལྟ་བ་ལ་སོགས་པ་སྟེ། དཔེར་ན་ཚོང་དཔོན་གྱི་བུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་པ་བཞིན་ནོ། །འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། དགེ་བའི་བཤེས་གཉེན་བལྟ་བ་ལ་ངོམས་པ་མེད་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་རྣམས་ནི་མཐོང་བར་དཀའོ། །འབྱུང་བར་དཀའོ། །མཇལ་བར་དཀའོ། །ཞེས་གསུངས་སོ། །

རིམ་གྲོས་ཇི་ལྟར་བསྟེན་པ་ནི། ཆོས་དང་མཐུན་པའི་ཟས་དང་། གོས་དང་། མལ་ཆ་དང་། སྟན་དང་། བསྙུན་གྱི་གསོ་སྨན་དང་། ནོར་ལ་སོགས་པའི་ཡོ་བྱད་ཀྱིས་ལུས་དང་སྲོག་ལ་མི་ལྟ་བར། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པ་སྟེ། དཔེར་ན་འཕགས་པ་རྟག་ཏུ་ངུས་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་པ་བཞིན་ནོ། །དཔལ་འབྱུང་གི་རྣམ་ཐར་ལས་ཀྱང་། སངས་རྒྱས་ཀྱི་བྱང་ཆུབ་ནི། དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱས་པས་ཐོབ་བོ། །ཞེས་གསུངས་སོ། ། མོས་པ་དང་གུས་པས་ཇི་ལྟར་བསྟེན་པ་ནི། དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་བཞག་ལ། ཇི་སྐད་གསུངས་པའི་བཀའ་མི་གཅོག་པ་དང་། །མོས་པ་དང་། གུས་པ་དང་། དད་པ་བསྐྱེད་པ་སྟེ། དཔེར་ན་པཎ་ཆེན་ནཱ་རོ་པས་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་པ་བཞིན་ནོ། །རྒྱལ་བའི་ཡུམ་ལས་ཀྱང་། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ནན་ཏན་དུ་གུས་པ་བསྐྱེད་པར་བྱའོ། །ཕངས་པར་བྱའོ། །རབ་ཏུ་དང་བར་བྱའོ། །ཞེས་གསུངས་སོ། །གཞན་ཡང་དགེ་བའི་བཤེས་གཉེན་གྱི་ཐབས་མཁས་པའི་སྤྱོད་པ་ལ་ཡང་། ལོག་པར་སྤྱོད་སྤོང་ཞིང་ལྷག་པར་ཡང་གུས་པ་བསྐྱེད་པ་སྟེ། དཔེར་ན་རྒྱལ་པོ་མེའི་རྣམ་ཐར་བཞིན་ནོ། །

སྒྲུབ་པ་དང་ནན་ཏན་གྱི་སྒོ་ནས་ཇི་ལྟར་བསྟེན་པ་ནི། དགེ་བའི་བཤེས་གཉེན་དེའི་ཆོས་ལ་ཐོས་པ་དང་། བསམ་པ་དང་། སྒོམ་པ་གསུམ་གྱི་སྒོ་ནས་བསྒྲུབ་པ་དང་། ནན་ཏན་དུ་བྱེད་པ་སྟེ། དགེ་བའི་བཤེས་གཉེན་མཆོག་ཏུ་མཉེས་པར་འདིས་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བསྟན་པ་ཇི་སྐད་བསྟན་པ་བསྒྲུབ་པ་དེས། །དེ་ཡི་སེམས་ནི་ཡང་དག་མགུ་བར་བྱེད། །ཅེས་གསུངས་སོ། །

དགེ་བའི་བཤེས་གཉེན་མགུ་ན་སངས་རྒྱས་ཐོབ་པར་འགྱུར་ཏེ། དཔལ་འབྱུང་གི་རྣམ་ཐར་ལས་ཀྱང་། དགེ་བའི་བཤེས་གཉེན་མགུ་བར་བྱས་ན་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་བོ། །ཞེས་གསུངས་སོ། ། དགེ་བའི་བཤེས་གཉེན་ལ་ཆོས་ཞུ་བ་དེ་ཡང་། སྦྱོར་བ་དང་དངོས་གཞི་མཇུག་གསུམ་འཛོམ་པའི་ཚུལ་གྱིས་ཞུ་བ་སྟེ། དེ་ཡང་སྦྱོར་བ་ལ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཞུའོ། །དངོས་གཞི་ལ་རང་ལ་ནད་པའི་འདུ་ཤེས་དང་། ཆོས་ལ་སྨན་གྱི་འདུ་ཤེས་དང་། དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས་དང་། ཆོས་ལ་ནན་ཏན་དུ་ཉམས་སུ་ལེན་པ་ནི་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པས་ཞུའོ། །མཇུག་ལ་ནི་སྣོད་ཁ་སྦུབས་ལྟ་བུ་དང་། །སྣོད་ཞབས་རྡོལ་ལྟ་བུ་དང་། སྣོད་དུག་ཅན་ལྟ་བུའི་སྐྱོན་སྤང་བར་བྱའོ། །

དགེ་བའི་བཤེས་གཉེན་བསྟེན་པའི་ཕན་ཡོན་ནི། དཔལ་འབྱུང་གི་རྣམ་ཐར་ལས་ཀྱང་། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་ནི། ངན་སོང་དུ་མི་ལྟུང་ངོ་། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྲུང་བའི་བྱང་ཆུབ་སེམས་དཔའ་ནི། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྐྱངས་པའི་བྱང་ཆུབ་སེམས་དཔའ་ནི། ཐེག་པ་ཆེན་པོའི་ཆོས་ལས་མི་ལྡོག་གོ། དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་ནི། སོ་སོ་སྐྱེ་བོའི་ས་ལས་ཡོངས་སུ་འདའོ། །ཞེས་གསུངས་སོ། །

རྒྱལ་བའི་ཡུམ་ལས་ཀྱང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱའོ། །ཞེས་གསུངས་སོ། ། དམ་པའི་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། དགེ་བའི་བཤེས་གཉེན་བསྟེན་པའི་ལེའུ་སྟེ་གསུམ་པའོ། །། །