དྭགས་པོ་ཐར་རྒྱན།/2

From Wikisource
Jump to navigation Jump to search
དམ་པའི་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན། by སྒམ་པོ་པ་བསོད་ནམས་རིན་ཆེན།
རྟེན་གྱི་ལེའུ་སྟེ་གཉིས་པའོ།
English title: The Jewel Ornament of Liberation: Chapter 2 — The Basis - Precious Human Rebirth.
Author: Gampopa Sonam Rinchen (sgam po pa bsod nam rin chen) 1079-1153


༈རྟེན་ནི་མི་ལུས་རིན་ཆེན་མཆོག།

ཅེས་པ་ལ། འོ་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ན། དམྱལ་བ་ཡི་དྭགས་ལ་སོགས་པ་ལྔ་ཆར་གྱིས་སངས་རྒྱས་བསྒྲུབ་ཏུ་ནུས་པ་ཞིག་ཡིན་ནམ་ཞེ་ན། མ་ཡིན་ཏེ། མི་ལུས་རིན་པོ་ཆེ་ཞེས་བྱ་བ། ལུས་དལ་འབྱོར་རྣམ་གཉིས་དང་ལྡན་པ། སེམས་དད་པ་རྣམ་གསུམ་དང་ལྡན་པ་འདི། སངས་རྒྱས་སྒྲུབ་པའི་རྟེན་གྱི་གང་ཟག་ཏུ་བཟང་ངོ་། ། དེ་འཆད་པ་ལ། སྡོམ་ནི།

དལ་བ་དང་ནི་འབྱོར་བ་དང་། ། ཡིད་ཆེས་འདོད་དང་དང་བ་སྟེ། ། ལུས་ནི་གཉིས་དང་སེམས་ནི་གསུམ། ། དོན་ལྔ་ཡིས་ནི་རྟན་མཆོག་བསྡུས། །

ཞེས་པ་སྟེ།

དེ་ལ་དལ་བ་ནི་མི་ཁོམ་པ་བརྒྱད་དང་བྲལ་བའོ། །མི་ཁོམས་པ་བརྒྱད་ནི། མདོ་དྲན་པ་ཉེར་བཞག་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། ཀླ་ཀློ་ཚེ་རིང་ལྷ་དང་ནི། ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་སོ། །

འདི་དག་ཇི་ལྟར་མི་ཁོམ་པ་ཡིན་ཞེ་ན། དམྱལ་བ་ནི་རྟག་ཏུ་སྡུག་བསྔལ་བའི་རང་བཞིན་ཡིན་པའི་ཕྱིར་དང་། ཡི་དྭགས་ནི་སེམས་འཚིག་པའི་རང་བཞིན་ཡིན་པའི་ཕྱིར་དང་། དུད་འགྲོ་ནི་ཀུན་ཏུ་རྨོངས་པ་ཤས་ཆེ་བའི་ཕྱིར། དེ་དག་གསུམ་ཆར་ཡང་ངོ་ཚ་མེད་པ་དང་། ཁྲེལ་མེད་པས་རྒྱུད་མ་རུངས་པར་གྱུར་པའི་ཕྱིར། ཆོས་ཉམས་སུ་ལེན་པའི་གོ་སྐབས་མེད་པ་ཡིན་ནོ། །ལྷ་ཚེ་རིང་པོ་ཞེས་བྱ་བ་ནི། འདུ་ཤེས་མེད་པ་སྟེ། དེར་འཇུག་པའི་རྣམ་ཤེས་འཁོར་དང་བཅས་པ་རྒྱུན་ཆད་པའི་ཕྱིར། །ཆོས་ཉམས་སུ་ལེན་པའི་གོ་སྐབས་མེད་པ་ཡིན་ནོ། །ཡང་ན་འདོད་ཁམས་ཀྱི་ལྷ་རང་ཡིན་ཏེ། མི་ལ་ལྟོས་ན་ལྷ་ཚེ་རིང་བའི་ཕྱིར་རོ། །ཡང་ན་ལྷ་ཐམས་ཅད་ཀྱང་མི་ཁོམ་པ་ཡིན་ཏེ། གནས་སྐབས་ཀྱི་བདེ་བ་ལ་ཆགས་ནས་དགེ་བ་ལ་འབད་པ་མི་ཁོམ་པས་སོ། །དེ་བས་ན་ད་ལྟའི་མིའི་སྡུག་བསྔལ་བག་ཙམ་པ་འདི་ལ་ཡོན་ཏན་ཡོད་པ་ཡིན་ཏེ། འཁོར་བ་ལ་སྐྱོ་བ་སྐྱེ་བར་འགྱུར། རང་གི་ང་རྒྱལ་ཞི་བར་འགྱུར། སེམས་ཅན་ལ་སྙིང་རྗེ་སྐྱེ་བར་འགྱུར། སྡིག་པའི་ལས་ལ་འཛེམ་ཞིང་དགེ་བ་ལ་དགའ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། །གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། ཞེས་གསུངས་སོ། །དེ་ལྟར་ན་འགྲོ་བ་རིགས་བཞི་ལ་དལ་བ་མེད་པར་བཤད་པ་ཡིན་ནོ། །མི་ཡིན་དུ་ཟིན་ཀྱང་། ཀླ་ཀློ་ནི་སྐྱེས་བུ་དམ་པ་དང་འཕྲད་པར་དཀའ་བའི་ཕྱིར་རོ། །ལོག་ལྟ་ཅན་ནི་དགེ་བ་ལ་མཐོ་རིས་དང་ཐར་པའི་རྒྱུར་མ་མཐོང་བའི་ཕྱིར་རོ། །སངས་རྒྱས་ཀྱིས་སྟོང་པའི་འཇིག་རྟེན་དུ་སྐྱེས་པ་ནི། བྱ་བ་དང་བྱ་བ་མ་ཡིན་པ་སྟོན་པར་བྱེད་པ་མེད་པའི་ཕྱིར་རོ། །ལྐུགས་པ་ནི་ལེགས་པར་བཤད་པ་དང་ཉེས་པར་བཤད་པའི་ཆོས་རང་ཉིད་ཀྱིས་ཤེས་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་བརྒྱད་པོ་དེ་དག་དང་བྲལ་བ་ནི་དལ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བའོ། །

འབྱོར་པ་ནི། རང་གི་འབྱོར་པ་ལྔ་དང་། གཞན་གྱི་འབྱོར་པ་ལྔ་སྟེ་བཅུའོ། །དེ་ལ་རང་གི་འབྱོར་པ་ལྔ་ནི། ཇི་སྐད་དུ། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པ་རྣམས་སོ། །དེ་ལ་མི་ཉིད་ནི། མི་རྣམས་དང་སྐལ་པ་མཉམ་པ་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང་ལྡན་པའོ། །ཡུལ་དབུས་སུ་སྐྱེས་པ་ནི། སྐྱེས་བུ་དམ་པ་རྣམས་ལ་བསྟེན་དུ་ཡོད་པའི་སར་སྐྱེས་པའོ། །དབང་པོ་ཚང་བ་ནི། གླེན་པ་དང་ལྐུགས་པ་མ་ཡིན་པ་སྟེ། དགེ་བའི་ཆོས་བསྒྲུབ་པའི་སྐལ་བ་ཡོད་པའོ། །གནས་ལ་དད་པ་ནི། སྟོན་པས་གསུངས་པའི་དམ་པའི་ཆོས་འདུལ་བ་དཀར་པོའི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ལ་དད་པའོ། །ལས་ཀྱི་མཐའ་མ་ལོག་པ་ནི། ཚེ་འདི་ལ་མཚམས་མེད་པའི་ལས་མ་བྱས་པའོ། །གཞན་གྱི་འབྱོར་པ་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དམ་པའི་ཆོས་བསྟན་པ་དང་། ཆོས་བསྟན་པ་རྣམས་གནས་པ་དང་། ཆོས་གནས་པ་རྣམས་ཀྱི་རྗེས་སུ་འཇུག་པ་དང་། གཞན་གྱི་ཕྱིར་སྙིང་བརྩེ་བར་བྱེད་པ་ཡོད་པའོ། །དེ་ལྟར་རང་གཞན་གཉིས་ཀྱི་བཅུ་པོ་དེ་དག་དང་ལྡན་པ་ནི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཞེས་བྱའོ། །དེ་ལྟར་དལ་འབྱོར་རྣམ་གཉིས་འཛོམ་པ་དེ་མི་ལུས་རིན་པོ་ཆེ་ཡིན་ནོ། །

ཅིའི་ཕྱིར་དེ་ལ་རིན་པོ་ཆེ་ཞེས་བྱ་ཞེ་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་པ་སྟེ། རྙེད་པར་དཀའ་བས་ན་རིན་པོ་ཆེ་ཞེས་བྱའོ། །ཕན་འདོགས་ཆེ་བས་ན་རིན་པོ་ཆེ་ཞེས་བྱའོ། །

དེ་ལ་རྙེད་པར་དཀའ་བ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མིར་གྱུར་པ་ནི་དཀའ་བ་སྟེ། །མི་སྲོག་ཐོབ་པའང་དཀའ་བ་ཡིན། དམ་པའི་ཆོས་ཐོབ་དཀའ་བ་སྟེ། སངས་རྒྱས་འབྱུང་བའང་དཀའ་བ་ཡིན། །ཞེས་གསུངས་པ་དང་། སྙིང་རྗེ་པདྨ་དཀར་པོའི་མདོ་ལས་ཀྱང་། མིར་སྐྱེ་བ་ནི་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། །སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ། ཡང་དག་པའི་སྨོན་ལམ་ཡང་རྙེད་པར་དཀའ་བ་ལགས་སོ། །ཞེས་གསུངས་པ་དང་། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། མི་ཁོམ་པ་བརྒྱད་ལས་བཟློག་པའང་རྙེད་པར་དཀའ། །མིར་གྱུར་པའང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པའང་རྙེད་པར་དཀའ། སངས་རྒྱས་འབྱུང་བའང་རྙེད་པར་དཀའ། དབང་པོ་མ་ཚང་བ་མེད་པའང་རྙེད་པར་དཀའ། སངས་རྒྱས་ཀྱི་ཆོས་ཉན་པའང་རྙེད་པར་དཀའ། སྐྱེས་བུ་དམ་པ་དང་འགྲོགས་པའང་རྙེད་པར་དཀའ། ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་ཀྱང་རྙེད་པར་དཀའ། ཡང་དག་པའི་ཚུལ་རྗེས་སུ་བསྟན་པ་ཉེ་བར་བསྒྲུབ་པའང་རྙེད་པར་དཀའ། ཡང་དག་པའི་འཚོ་བའང་རྙེད་པར་དཀའ། མིའི་འཇིག་རྟེན་ན་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་པའང་རྙེད་པར་དཀའ། ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་སོ། །དེ་ཡང་དཔེ་ཇི་ལྟར་རྙེད་པར་དཀའ། གང་ཟག་གང་གིས་རྙེད་པར་དཀའ། རྒྱུ་མཚན་ཅིའི་ཕྱིར་རྙེད་པར་དཀའ་ཞེ་ན། དེ་ལ་དཔེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །ཞེས་པ་ལྟར་རོ། །གང་ནས་གསུངས་ན་ཡང་དག་པའི་ལུང་ལས་ཏེ། ཇི་སྐད་དུ། ས་ཆེན་པོ་འདི་ཆུ་འབའ་ཞིག་ཏུ་གྱུར་ལ། དེར་མི་ཞིག་གིས་གཉའ་ཤིང་བུ་ག་གཅིག་པ་ཞིག་བོར་བ་རླུང་གིས་ཕྱོགས་བཞིར་འཕྱོའོ། །དེ་ན་རུས་སྦལ་ཞར་བ་ལོ་སྟོང་ཕྲག་དུ་མ་ཐུབ་པ་ཞིག། ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཟག་ནི་ངན་སོང་གསུམ་དུ་སྐྱེས་པ་རྣམས་ཀྱིས་རྙེད་པར་དཀའ་བ་ཡིན་ནོ། །

དེས་རྒྱུ་རྐྱེན་ཅིའི་ཕྱིར་རྙེད་པར་དཀའ་ན་དལ་འབྱོར་གྱི་ལུས་ནི་རྒྱུ་དགེ་བ་བསགས་པས་ཐོབ་པ་ཡིན་ལ། ངན་སོང་གསུམ་དུ་སྐྱེས་པས་ནི་དགེ་བའི་ལས་གསོག་མི་ཤེས་པར་རྟག་ཏུ་སྡིག་པ་འབའ་ཞིག་ལ་སྤྱོད་པའི་ཕྱིར་རོ། །དེས་ན་ངན་སོང་གསུམ་དུ་སྐྱེས་ཀྱང་སྡིག་པ་ཤས་ཆུང་བ་དང་། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་བསགས་པ་ཞིག་གིས་རྙེད་པ་ཡིན་ནོ། །

ཕན་འདོགས་པ་ཆེ་བ་ནི། བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་ལས། སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །ཞེས་གསུངས་ཏེ། དེ་ལ་སྐྱེས་བུ་ནི་རྒྱ་གར་གྱི་སྐད་དུ་ན། པུ་རུ་ཥ་བྱ་བ་ཡིན་ལ། པུ་རུ་ཥའི་སྒྲ་ནི་སྟོབས་སམ་ནུས་པ་ལ་འཇུག་སྟེ། དལ་འབྱོར་གྱི་ལུས་ལ་མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་སྟོབས་སམ་ནུས་པ་ཡོད་པས་སྐྱེས་བུ་ཞེས་བྱ་བ་ཡིན་ནོ། །དེ་ཡང་ནུས་པ་རབ་འབྲིང་གསུམ་ཡོད་པས། སྐྱེས་བུ་ཡང་རབ་འབྲིང་གསུམ་ཡོད་པ་ཡིན་ནོ། །དེ་ལྟར་ཡང་བྱང་ཆུབ་ལམ་གྱི་སྒྲོན་མ་ལས། ཆུང་དུ་འབྲིང་དང་མཆོག་གྱུར་པའི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ཡང་སྐྱེས་བུ་ཆུང་ངུ་ལ་རང་ཉིད་ངན་སོང་དུ་མི་ལྟུང་བར་ལྷ་མི་ཐོབ་པའི་ནུས་པ་ཡོད་པ་ཡིན་ནོ། །དེ་ལྟར་ཡང་། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། སྐྱེས་བུ་དེ་ནི་ཐ་མར་བཤད། །ཅེས་གསུངས་སོ། །སྐྱེས་བུ་འབྲིང་ལ་རང་ཉིད་འཁོར་བ་ལས་གྲོལ་ནས་ཞི་བདེའི་གོ་འཕང་ཐོབ་པའི་ནུས་པ་ཡོད་པ་ཡིན་ནོ། །དེ་ལྟར་ཡང་། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་བཟློག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་སོ། །སྐྱེས་བུ་རབ་ལ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པའི་ནུས་པ་ཡོད་པ་ཡིན་ནོ། །དེ་ལྟར་ཡང་། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་སོ། །

ཡང་ཕན་འདོགས་པ་ཆེ་བར་སློབ་དཔོན་ཙནྡྲ་གོ་མིའི་ཞལ་ནས་ཀྱང་། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཞིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་ཏེ། དལ་འབྱོར་གྱི་མི་ལུས་འདིས་མི་དགེ་བ་སྤོང་ནུས་པ། དགེ་བ་བསྒྲུབ་ནུས་པ། འཁོར་བའི་རྒྱ་མཚོ་ལས་བརྒལ་ནུས་པ། བྱང་ཆུབ་ཀྱི་ལམ་ལ་བསྒྲོད་ནུས་པ། རྫོགས་པའི་སངས་རྒྱས་ཐོབ་ནུས་པ་ཡིན་ནོ། །དེས་ན་ལྷ་དང་ཀླུ་ལ་སོགས་པ་འགྲོ་བ་གཞན་ལས་ཁྱད་པར་དུ་འཕགས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བས་ཀྱང་ལྷག་པར་གྱུར་པ་ཡིན་ནོ། །

དེ་ལྟར་ན་དལ་འབྱོར་གྱི་མི་ལུས་འདི་རྙེད་པར་དཀའ་ཞིང་ཕན་འདོགས་ཆེ་བས་རིན་པོ་ཆེ་ཞེས་བྱའོ། །དེ་ལྟར་རྙེད་པར་དཀའ་ཞིང་ཕན་འདོགས་པ་ཆེ་ཡང་འཇིག་པར་ཤིན་ཏུ་སླ་སྟེ། ཚེ་སྲོག་ལ་གསོས་མ་འདེབས་མཁན་ནི་མེད། འཆི་བའི་རྐྱེན་ནི་མང་། དུས་སྐད་ཅིག་མ་ནི་མི་སྡོད་པའི་ཕྱིར་རོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །ཞེས་གསུངས་སོ། །

དེས་ན་རྙེད་པར་དཀའ་ཚོད་དམ། འཇིག་པར་སླ་ཚོད་དམ་ཕན་འདོགས་ཆེ་ཚོད་དེ་ལྟར་ལགས་པས། ལུས་ལ་གྲུའི་འདུ་ཤེས་བཞག་ལ་འཁོར་བའི་རྒྱ་མཚོ་ལས་ཅི་སྒྲོལ་བྱེད་དགོས་སོ། །དེ་ལྟར་ཡང་། མི་ཡི་གྲུ་ལ་བརྟེན་ནས་ནི། སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག། ཅེས་གསུངས་སོ། །ལུས་ལ་འོག་རྟའི་འདུ་ཤེས་བཞག་ལ། འཁོར་བ་སྡུག་བསྔལ་གྱི་འཕྲང་ལས་ཅི་ཐར་བྱའོ། །དེ་ལྟར་ཡང་། མི་ལུས་གཙང་མའི་རྟ་ཞོན་ནས། །འཁོར་བའི་སྡུག་བསྔལ་འཕྲང་ལས་བྲོས། །ཞེས་གསུངས་སོ། །ལུས་ལ་གཡོག་གི་འདུ་ཤེས་བཞག་ལ་དགེ་བའི་ལས་ལ་བཀོལ་བར་བྱའོ། །དེ་ལྟར་ཡང་། །མི་འོ་ཅོག་གི་ལུས་འདི་ནི། བཀོལ་བར་བྱ་བ་ཉིད་དུ་ཟད། །ཅེས་གསུངས་སོ། ། དེ་ལྟར་བྱེད་པ་ལ་ཡང་དད་པ་དགོས་ཏེ། དད་པ་མེད་ན་དཀར་པོའི་ཆོས་རྒྱུད་ལ་མི་སྐྱེ་གསུང་། །དེ་ལྟར་ཡང་འཕགས་པ་ཆོས་བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ། དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པ་དང་། །སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཀྱང་། སྲིད་པའི་གནས་ཅན་དད་པ་ཆུང་བ་ཡིས། །སངས་རྒྱས་བྱང་ཆུབ་ཤེས་པར་མི་ནུས་སོ། །ཞེས་གསུངས་སོ། །དེས་ན་དད་པ་བསྐྱེད་པར་བྱ་སྟེ། འཕགས་པ་རྒྱ་ཆེ་རོལ་པ་ལས་ཀྱང་། བཀའ་སྩལ་པ། ཀུན་དགའ་བོ། དད་པ་ལ་སྦྱོར་བར་གྱིས་ཤིག། འདི་ནི་དེ་བཞིན་གཤེགས་པས་གསོལ་བ་འདེབས་པའོ། །ཞེས་གསུངས་སོ། །

འོ་ན་དད་པ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དད་པ་ལ་དབྱེ་ན་གསུམ་ཡོད་དེ། ཡིད་ཆེས་པའི་དད་པ་དང་། འདོད་པའི་དད་པ་དང་། དང་བའི་དད་པའོ། །

དེ་ལ་ཡིད་ཆེས་པའི་དད་པ་ནི། ཡུལ་ལས་དང་འབྲས་བུ་དང་སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་བདེན་པ་ལ་བརྟེན་ནས་སྐྱེ་བ་ཡིན་ཏེ། དེ་ཡང་དགེ་བའི་ལས་ཀྱི་འབྲས་བུས་འདོད་ཁམས་ཀྱི་བདེ་བ་འབྱུང་བར་ཡིད་ཆེས། མི་དགེ་བའི་ལས་ཀྱི་འབྲས་བུས་འདོད་ཁམས་ཀྱི་སྡུག་བསྔལ་འབྱུང་བར་ཡིད་ཆེས། མི་གཡོ་བའི་ལས་ཀྱི་འབྲས་བུས་ཁམས་གོང་མ་གཉིས་ཀྱི་བདེ་བ་འབྱུང་བར་ཡིད་ཆེས། ཀུན་འབྱུང་གི་བདེན་པ་ཞེས་བྱ་བ། ལས་དང་ཉོན་མོངས་པ་སྤྱད་པས། སྡུག་བསྔལ་གྱི་བདེན་པ་ཞེས་བྱ་བ་ཟག་བཅས་ཀྱི་ཕུང་པོ་ལྔ་ཐོབ་པར་ཡིད་ཆེས་པའོ། །

འདོད་པའི་དད་པ་ནི། བླ་ན་མེད་པའི་བྱང་ཆུབ་དེ་ཉིད་ཁྱད་པར་ཅན་དུ་མཐོང་ནས། དེ་ཐོབ་པའི་ཆེད་དུ་གུས་པ་དང་ལྡན་པས་ལམ་ལ་སློབ་པའོ། །

དང་བའི་དད་པ་ནི། ཡུལ་དཀོན་མཆོག་གསུམ་ལ་བརྟེན་ནས་སྐྱེ་བ་ཡིན་ཏེ། ལམ་སྟོན་པར་བྱེད་པ་སངས་རྒྱས་དཀོན་མཆོག་དང་། ལམ་དུ་གྱུར་པ་ཆོས་དཀོན་མཆོག་དང་། ལམ་སྒྲུབ་པའི་གྲོགས་སུ་གྱུར་པ་དགེ་འདུན་དཀོན་མཆོག་ལ་མོས་ཤིང་གུས་ལ་སེམས་དང་བའོ། །

དེ་ལྟར་ཡང་ཆོས་མངོན་པ་ལས། དད་པ་གང་ཞེ་ན། ལས་དང་འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་། འདོད་པ་དང་སེམས་དད་པའོ། །ཞེས་གསུངས་སོ། །

ཡང་རིན་ཆེན་ཕྲེང་བ་ལས། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པས་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །ཞེས་གསུངས་ཏེ། དེ་ལ་འདུན་པས་ཆོས་ལས་མི་འདའ་བ་ནི། འདོད་ཆགས་ཀྱི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་གཞན་ཞིག་ན་རེ། ཁྱོད་ལ་ཟས་ནོར་རམ། བུད་མེད་དམ། རྒྱལ་སྲིད་ལ་སོགས་པའི་བྱ་དགའ་ཆེན་པོ་སྟེར་གྱི་ཆོས་ཐོང་ཟེར་ཡང་མི་གཏོང་བའོ། །

ཞེ་སྡང་གིས་ཆོས་ལས་མི་འདའ་བ་ནི། ཁོང་ཁྲོ་བའི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་གཞན་ཞིག་གིས་བདག་ལ་སྔར་ཡང་གནོད་པ་ཆེན་པོ་བྱས་ལ། ད་རུང་ཡང་གནོད་པ་ཆེན་པོ་བྱེད་དུ་བྱུང་ཡང་ཆོས་མི་གཏོང་བའོ། །

འཇིགས་པས་ཆོས་ལས་མི་འདའ་བ་ནི། བྲེད་པའི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་འགའ་ཞིག་ན་རེ། ཁྱོད་ཆོས་མི་གཏོང་ན་དཔའ་བོ་སུམ་བརྒྱས་བཀྲལ་ནས། ཉིན་རེ་བཞིན་ཁྱོད་ཀྱི་ལུས་ལས་ཤ་སྲང་ལྔ་ལྔ་གཅོད་ཟེར་ཡང་ཆོས་མི་གཏོང་བའོ། །

རྨོངས་པས་ཆོས་ལས་མི་འདའ་བ་ནི། མི་ཤེས་པའི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་འགའ་ཞིག་ན་རེ། ལས་མི་བདེན། འབྲས་བུ་མི་བདེན། དཀོན་མཆོག་གསུམ་མི་བདེན། ཁྱོད་ཆོས་བྱས་ནས་ཅི་བྱེད། ཆོས་ཞོག་ཟེར་ཡང་ཆོས་མི་གཏོང་བའོ། །

དེ་ལྟར་རྣམ་པ་བཞི་དང་ལྡན་པ་དེ་དད་པ་ཅན་ཡིན། །ངེས་ལེགས་བསྒྲུབ་པའི་སྣོད་མཆོག་ཡིན་ནོ། །དེ་ལྟར་དད་པ་དེ་དག་ཡོད་ན་ཕན་ཡོན་དཔག་ཏུ་མེད་དེ། སྐྱེས་བུ་མཆོག་གི་སེམས་སྐྱེ་བ་ཡིན། །མི་ཁོམ་པ་རྣམས་སྤོང་བ་ཡིན། དབང་པོ་རྣོ་ཞིང་གསལ་བ་ཡིན། ཚུལ་ཁྲིམས་མི་ཉམས་པ་ཡིན། ཉོན་མོངས་པ་འཇིལ་བ་ཡིན། བདུད་ཀྱི་སྤྱོད་ཡུལ་ལས་འདའ་བ་ཡིན། ཐར་པའི་ལམ་རྙེད་པར་འགྱུར་བ་ཡིན། དགེ་བ་རྒྱ་ཆེན་པོ་གསོག་པ་ཡིན། སངས་རྒྱས་མང་པོ་མཐོང་བ་ཡིན། སངས་རྒྱས་ཀྱིས་བྱིན་གྱིས་རློབས་པ་ཡིན། དེ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་ངོ་། །དེ་ལྟར་ཡང་དཀོན་མཆོག་ཏ་ལའི་གཟུངས་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་པ་ལ་སོགས་པ་གསུངས་སོ། །

ཡང་དད་པ་ཡོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དེའི་དྲུང་དུ་བྱོན་ནས་ཆོས་སྟོན་པར་བྱེད་དོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་རིག་ནས། དེའི་དྲུང་དུ་གཤེགས་ཏེ། བྱང་ཆུབ་སེམས་དཔའི་ལམ་ཡང་དག་པར་སྟོན་ཏོ། །ཞེས་སོ། །

དེ་ལྟར་ན་མི་ལུས་རིན་པོ་ཆེ་ཞེས་བྱ་བ་ལུས་དལ་འབྱོར་རྣམ་པ་གཉིས་དང་ལྡན་པ། སེམས་དད་པ་རྣམ་པ་གསུམ་དང་ལྡན་པ་སྟེ། བླ་མེད་ཀྱི་བྱང་ཆུབ་སྒྲུབ་པའི་རྟེན་གྱི་གང་ཟག་ཡིན་ནོ། །དམ་པའི་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས་རྟེན་གྱི་ལེའུ་སྟེ་གཉིས་པའོ། །། །