དྭགས་པོ་ཐར་རྒྱན།/7

From Wikisource
Jump to navigation Jump to search
དྭགས་པོ་ཐར་རྒྱན།
by སྒམ་པོ་པ་བསོད་ནམས་རིན་ཆེན།
English title: The Jewel Ornament of Liberation: Chapter 7 — .

Author: Gampopa Sonam Rinchen (sgam po pa bsod nam rin chen) 1079-1153

༈ད་ནི་ཞི་བའི་བདེ་བ་ལ་ཆགས་པའི་གཉེན་པོར། །བྱམས་པ་དང་སྙིང་རྗེ་བསྒོམ་པ་བཤད་པར་བྱ་སྟེ། དེ་ལ་ཞི་བའི་བདེ་བ་ལ་ཆགས་པ་ཞེས་བྱ་བ་ནི། བདག་ཉིད་འབའ་ཞིག་མྱ་ངན་ལས་འདས་པ་ཐོབ་པར་འདོད་ཅིང་། སེམས་ཅན་ལ་བརྩེ་བ་མེད་པས་གཞན་དོན་མི་བྱེད་པ་སྟེ། ཐེག་པ་དམན་པ་དག་ཡིན་ནོ། །དེ་ལྟར་ཡང་། བདག་གི་དོན་ཕྱིར་གཞན་དོན་ནི། །མང་པོ་དག་ཀྱང་བཏང་བྱ་སྟེ། །རང་དོན་ཆེད་ཆེར་ཤེས་གྱུར་ན། །རང་གི་དོན་གྱི་མཆོག་ཏུ་འགྱུར། །ཞེས་གསུངས་སོ། །བྱམས་པ་དང་སྙིང་རྗེ་རྒྱུད་ལ་སྐྱེས་ན་སེམས་ཅན་ལ་ཆགས་པས་རང་གཅིག་པུ་གྲོལ་བར་མི་ཕོད་དོ། །དེས་ན་བྱམས་པ་དང་སྙིང་རྗེ་བསྒོམ་པར་བྱ་སྟེ། སློབ་དཔོན་འཇམ་དཔལ་གྲགས་པའི་ཞལ་ནས་ཀྱང་། ཐེག་པ་ཆེན་པོ་བས་བྱམས་པ་དང་སྙིང་རྗེ་དང་སྐད་ཅིག་ཀྱང་འབྲལ་བར་མི་བྱ་སྟེ། ཞེས་དང་། གཞན་གྱི་དོན་ནི་བྱམས་པ་དང་སྙིང་རྗེས་རྗེས་སུ་བཟུང་གིས། ཞེ་སྡང་གིས་ནི་མ་ཡིན་ཏེ། ཞེས་གསུངས་སོ། ། དེ་ལ་དང་པོ་བྱམས་པ་ལ།

སྡོམ་ནི།

དབྱེ་བ་དམིགས་ཡུལ་རྣམ་པ་དང་། །
སྒོམ་ཐབས་འབྱོངས་ཚད་ཡོན་ཏན་དེ། །
དེ་ལྟར་དྲུག་པོ་འདི་དག་གིས། །
བྱམས་པ་ཚད་མེད་ཡོངས་སུ་བསྡུས། །

ཞེས་པའོ། །དེ་ལ་དང་པོ་དབྱེ་བ་ནི་གསུམ་སྟེ། སེམས་ཅན་ལ་དམིགས་པའི་བྱམས་པ་དང་། ཆོས་ལ་དམིགས་པའི་བྱམས་པ་དང་། དམིགས་པ་མེད་པའི་བྱམས་པའོ། །དེ་དག་ཀྱང་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། སེམས་ཅན་ལ་དམིགས་པའི་བྱམས་པ་ནི། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཆོས་ལ་དམིགས་པའི་བྱམས་པ་ནི། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དམིགས་པ་མེད་པའི་བྱམས་པ་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཞེས་གསུངས་སོ། །

དེ་ལ་སྐབས་འདིར་བྱམས་པ་དང་པོ་དེ་བཤད་ན། དེའི་དམིགས་པའི་ཡུལ་ནི་སེམས་ཅན་ཐམས་ཅད་དོ། །རྣམ་པ་ནི། བདེ་བ་དང་འཕྲད་པར་འདོད་པའི་བློའོ། །དེ་སྒོམ་པའི་ཐབས་ནི། རྩ་བ་དྲིན་དྲན་པ་ལ་རག་ལས་པས། སེམས་ཅན་གྱི་དྲིན་བསམ་མོ། །

དེ་ལ་ཚེ་འདི་ལ་དྲིན་ཆེ་ཤོས་རང་གི་མ་ཡིན་ཏེ། མའི་དྲིན་ཅི་ཙམ་ཡོད་ཅེ་ན། ལུས་བསྐྱེད་པའི་དྲིན་དང་། དཀའ་བ་སྤྱད་པའི་དྲིན་དང་། སྲོག་བྱིན་པའི་དྲིན་དང་། འཇིག་རྟེན་བསྟན་པའི་དྲིན་དང་བཞི་ཡོད་དོ། །དེ་ལྟར་ཡང་འཕགས་པ་བརྒྱད་སྟོང་པ་ལས། ཅིའི་ཕྱིར་ཞེ་ན། མ་འདིས་བདག་ཅག་བསྐྱེད་པ། འདིས་ནི་དཀའ་བ་བྱེད་པ། བདག་ཅག་གི་སྲོག་བྱིན་པ། འཇིག་རྟེན་ཀུན་སྟོན་པ་ཡིན་ནོ། །ཞེས་གསུངས་སོ། །

དེ་ལ་ལུས་བསྐྱེད་པའི་དྲིན་ནི། བདག་ཉིད་ཀྱི་ལུས་འདི་དང་པོ་ནས་བོངས་ཚད་རྫོགས་པ། ཤ་ལུས་རྒྱས་པ། ཁ་དོག་ལེགས་པ་ཞིག་བྱུང་བར་མི་གདའ་སྟེ། མའི་ལྟོ་བར་མེར་མེར་ནུར་ནུར་གྱི་རང་བཞིན་ལས་ཁམས་ཀྱིས་དྭངས་མ་རིམ་གྱིས་མའི་ཤ་ཁྲག་གི་བཅུད་ཀྱིས་ནི་བསྐྱེད། ཟས་ཀྱི་དྭངས་མས་ནི་སྤེལ། ངོ་ཚ་དང་། ན་ཚ་དང་། སྡུག་བསྔལ་ཐམས་ཅད་བཟོད་པར་བྱས་པ་ལས་གྲུབ་པ་ཡིན། ཕྱིར་སྐྱེས་ནས་ཀྱང་། ཆུང་ཕུད་བུ་ཙམ་ནས་གསོ་སྐྱོང་བྱས་ནས། ཆེ་གཡག་པོ་ཙམ་དུ་བསྐྱེད་པ་ཡིན་ནོ། ། དཀའ་བ་སྤྱད་པའི་དྲིན་ནི། བདག་ཅག་དང་པོ་ནས་གོས་གྱོན། རྒྱན་བཏགས། ནོར་སྐལ་བཟུང་རྒྱགས་ཕྱེ་ཁུར་ནས་འོངས་པར་མི་གདའ། ཁ་གྲོད་ཟུང་ཞིག་མ་ལགས་པ་ནོར་རྫས་ཀྱི་དངོས་པོ་ཅི་ཡང་མེད་པར་སྟོང་སང་ངེ་བྱས་ནས། འདྲིས་པ་མི་གཅིག་ཀྱང་མེད་པར་ངོ་མི་ཤེས་ཀྱི་ཡུལ་དུ་འོངས་པའི་དུས་སུ། མས་ལྟོགས་སུ་མ་བཅུག་པར་ཟས་བྱིན། སྐོམ་དུ་མ་བཅུག་པར་བཏུང་བ་བླུད། འཁྱགས་སུ་མ་བཅུག་པར་གོས་བསྐོན། འཕོངས་པར་མ་བཞག་པར་ནོར་བྱིན།

དེ་ཡང་རང་ལ་མི་མཁོ་བ་བུ་ལ་བྱིན་པ་ལྟ་བུ་མ་ཡིན་ཏེ། རང་གིས་ཟ་མ་བྲ། །བཏུང་མ་བྲ། གྱོན་མ་བྲ། ཚེ་འདིའི་བདེ་བའི་དོན་དུ་ཡང་སྤྱད་མ་ཕོད། ཕྱི་མ་ཕན་ཆོད་ཀྱི་ལོངས་སྤྱོད་ཀྱི་དོན་དུ་ཡང་གཏོང་མ་ཕོད་པ་ཡིན་ཏེ། དོན་ལ་རང་གི་ཚེ་འདི་ཕྱི་གཉིས་ཀའི་བདེ་བ་ལ་མ་བལྟས་པར་བུ་གསོ་བསྐྱངས་བྱས་པ་ཡིན་ནོ། །

དེ་ཡང་བདེ་དལ་གྱིས་རྙེད་པ་ལྟ་བུ་མ་ཡིན་ཏེ། སྡིག་སྡུག་ངལ་ཆད་སྣ་ཚོགས་ཀྱིས་བསྒྲུབས་ནས་བུ་ལ་བྱིན་པ་ཡིན་ནོ། །སྡིག་པ་ལ་སོང་ན། ཉ་པ་དང་། བཤན་པ་ལ་སོགས་པ་མི་དགེ་བ་སྣ་ཚོགས་བྱས་ནས་བུ་གསོས་པ་ཡིན་ནོ། ། སྡུག་བསྔལ་ལ་སོང་ན་ཚོང་སྤོགས་དང་། ཞིང་ལས་ལ་སོགས་པ་བྱེད་བྱེད་ནས། ཉིན་མཚན་དུ་བ་མོ་ལྷམ་དུ་གྱོན། སྐར་ཆེན་ཞྭར་གྱོན། བྱིན་པ་རྟར་ཞོན། སྣལ་མ་ལྕག་ཏུ་བྲབས། བྱིན་ཤ་ཁྱི་ལ་བྱིན། གདོང་ཤ་མི་ལ་བྱིན་ནས་བསགས་ཀྱིན་བུ་ལ་བྱིན་པ་ཡིན།

གཞན་ཡང་རང་རེའི་ཕ་མ་དང་བླ་མ་ལ་སོགས་པ་དྲིན་ཅན་གང་བས་ཀྱང་། ཅིར་མི་འོང་སུ་ཡིན་ཆ་མེད་པོ་དེ་ལ་གཅེས་པར་བྱས་ཏེ། བྱམས་པའི་མིག་གིས་ནི་བལྟས། འཇམ་པའི་དྲོད་ཀྱིས་ནི་བསྲོས། སོར་བཅུའི་ཁ་ལ་ནི་གཡེངས། སྙན་པའི་ངག་གིས་ནི་བོས་ཏེ། དགའོ། །ཨའོ། །འབར་རེ། དགོས་སེ། ལུ་ལུ། ཨ་མའི་སྐྱིད་པོ་ལགས་སམ། ཞེས་པ་ལ་སོགས་པ་སྨྲས་པ་ཡིན་ནོ། །

སྲོག་བྱིན་པའི་དྲིན་ནི། བདག་ཅག་དང་པོ་ནས་ད་ལྟ་འདྲ་བའི་ཁ་ལག་འཕྲོད་པ། དཀའ་ལས་ཅི་ཡང་ནུས་པའི་ཤེད་པོ་ཆེ་ཞིག་བྱུང་བར་མི་གདའ། སྲིན་བུ་ཁོ་ན་འདྲ་བའི་ཉ་རེ་ཉོ་རེ། འཁོས་མེད་པོ། བསམ་བརླག་པོ་ཞིག་བྱུང་བ་ལ། མས་དེ་མ་བོར་བར་ཞབས་ཏོག་བྱས། པང་དུ་བླངས། མེ་ཆུ་ལས་སྐྱབས། གཡང་ས་ལས་བཟུང་། གནོད་པ་ནི་བསལ། རིམ་གྲོ་ནི་བྱས་ཏེ། ཤི་དོགས། ན་དོགས་ནས། མོ་དང་རྩིས་དང་། གཏོ་དང་། ཀློག་པ་དང་། ཆོ་ག་ལ་སོགས་པ་བསམ་གྱིས་མི་ཁྱབ་ཅིང་། བློས་མི་འཁྱུད་པ་བྱས་ནས་བུའི་སྲོག་བཏོན་པ་ཡིན་ནོ། །

འཇིག་རྟེན་བསྟན་པའི་དྲིན་ནི། བདག་ཅག་དང་པོ་ནས་མི་ཤེས་དགུ་ཤེས་པོ། མཐོང་གོམས་ཅན། སྒོ་དྲག་པོ་ཞིག་འདིར་འོངས་པར་མི་གདའ། བཤེས་གཉེན་གྱི་རིགས་ལ་ཆོ་ངེས་འབོད་པ་དང་། རྐང་ལག་གཡོབ་པ་ཞིག་མ་ལགས་པ་ཅི་ཡང་མི་ཤེས་པ་ཞིག་ཡིན་པ་ལ། ཟ་མི་ཤེས་པའི་དུས་སུ་ཟ་བ་བསླབས། གྱོན་མི་ཤེས་པའི་དུས་སུ་གྱོན་པ་བསླབས། འགྲོ་མི་ཤེས་པའི་དུས་སུ་འགྲོ་བ་བསླབས། སྨྲ་མི་ཤེས་པའི་དུས་སུ་སྨྲ་བ་བསླབས་ཏེ། ཨ་གྱིས་དང་། ཨ་མ་གྱིས་དང་། ཞེས་བྱ་བ་ལ་སོགས་པ་དང་། བཟོ་རིག་པ་ལ་སོགས་པ་ཡོན་ཏན་སྣ་ཚོགས་བསླབས་ནས། མི་མཉམ་པ་དང་ནི་མཉམ། མི་མཚུངས་པ་དང་ནི་མཚུངས་པར་བྱས་པ་ཡིན་ནོ། །

དེ་ཡང་ད་རེས་ཀྱི་མ་བྱས་པར་མ་ཟད་དེ། འཁོར་བ་ཐོག་མ་མེད་པ་ནས་འཁོར་བས་ན། ལན་གྲངས་དཔག་ཏུ་མེད་པར་མ་བྱས་པ་ཡིན་ནོ། །དེ་ལྟར་ཡང་འཁོར་བ་ཐོག་མ་མེད་པའི་མདོ་ལས། འཇིག་རྟེན་གྱི་ཁམས་ཀྱི་ས་རྡོ་དང་། རྩི་ཤིང་དང་། ནགས་ཚལ་ཐམས་ཅད་རྒྱ་ཤུག་གི་ཚིག་གུ་ཙམ་དུ་སྐྱེས་བུ་གཅིག་གིས་བྱས་ལ། སྐྱེས་བུ་གཉིས་པས་དེ་རྣམས་གྲངས་སུ་བགྲངས་པས་ཟད་པའི་དུས་སྲིད་ཀྱི། སེམས་ཅན་གཅིག་གིས་བདག་གི་མ་བྱས་པ་ནི་བགྲངས་པར་མི་ནུས་སོ། །ཞེས་གསུངས་སོ། །བཤེས་སྤྲིང་ལས་ཀྱང་། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་སོ། །དེ་ལྟར་མ་བྱས་རེས་ཀྱིས་དྲིན་སྔ་མ་ལྟར་བཞག་པ་ཡིན་ནོ། །དེ་བས་ན་མ་དེའི་དྲིན་དཔག་ཏུ་མེད་པ་ཡོད་པས། དེ་སྙིང་དུ་སྡུག་ཅིང་ཕན་པ་དང་། བདེ་བར་འདོད་པའི་བློ་བཤའ་མ་ཅི་སྐྱེར་སྒོམ་མོ། །

དེ་ནས་དེར་མ་ཟད་ཀྱི་སེམས་ཅན་ཐམས་ཅད་ཀྱིས་མ་བྱས་ལ། མ་བྱས་ཚད་སྔ་མ་ཁོ་ན་ལྟར་དྲིན་ཅན་ཡིན་ཏེ། དེ་ཡང་སེམས་ཅན་གྱི་རྒྱ་ཡི་ཚད་ནི་ཅི་ཙམ་ཞེ་ན། ནམ་མཁའི་མཐས་གར་ཁྱབ་སེམས་ཅན་གྱིས་ཁྱབ་པ་ཡིན་ནོ། །དེ་ལྟར་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མདོ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པ། སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །དེས་ན་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ལ་ཕན་པ་དང་བདེ་བར་འདོད་པའི་བློ་གཤའ་མ་ཞིག་ཅི་སྐྱེར་སྒོམ་མོ། །དེ་སྐྱེས་ན་བྱམས་པ་དངོས་ཡིན་ཏེ། མདོ་སྡེ་རྒྱན་ལས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་ཅན་ལ། བུ་གཅིག་པ་ལ་བྱ་བ་བཞིན། རྐང་གི་ཁོང་ནས་བྱམས་པ་ཆེ། དེ་ལྟར་རྟག་ཕན་བྱེད་པར་འདོད། །ཅེས་གསུངས་སོ། །བྱམས་པའི་ཤུགས་ཀྱིས་མིག་ནས་མཆི་མ་འཁྲུགས་པའམ། ལུས་ཀྱི་བ་སྤུ་ལྡང་བར་བྱེད་ན་བྱམས་པ་ཆེན་པོ་ཡིན་ནོ། །དེ་ལྟ་བུ་སེམས་ཅན་ཐམས་ཅད་ལ་མཉམ་ཉིད་ཀྱིས་སྐྱེས་ཙ་ན། བྱམས་པ་ཚད་མེད་པ་ཡིན་ནོ། ། འབྱོངས་པའི་ཚད་ནི་རང་བདེ་བར་འདོད་པའི་བློ་མེད་པར་སེམས་ཅན་ཁོ་ན་བདེ་བར་འདོད་ཙ་ན་བྱམས་པ་འབྱོངས་པ་ཡིན་ནོ། །

དེ་བསྒོམས་པའི་ཡོན་ཏན་ནི་དཔག་ཏུ་མེད་དེ། ཟླ་བ་སྒྲོན་མའི་མདོ་ལས་ཀྱང་། མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམ་སྙེད་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །བྱམས་པའི་སེམས་དང་གྲངས་ལ་ཆར་མི་ཕོད། །ཅེས་གསུངས་སོ། །

བྱམས་པ་དར་ཅིག་བསྒོམས་པའི་བསོད་ནམས་ཀྱང་དཔག་ཏུ་མེད་དེ། རིན་ཆེན་ཕྲེང་བ་ལས་ཀྱང་། རྗེའུ་ཚང་སུམ་བརྒྱའི་ཁ་ཟས་དག། ཉིན་རེ་དུས་གསུམ་བྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་ཅིག་གི། བསོད་ནམས་དག་ལ་ཆར་མི་ཕོད། །ཅེས་གསུངས་སོ། །བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་ཕན་ཡོན་བརྒྱད་ཐོབ་སྟེ། རིན་ཆེན་ཕྲེང་བ་ལས། ལྷ་མིས་བྱམས་པར་འགྱུར་བ་དང་། །དེ་དག་གིས་ཀྱང་བསྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་གནོད་མེད་དང་། །འབད་པ་མེད་པར་དོན་ཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་བོ། །ཞེས་གསུངས་སོ། །

ཡང་རང་གི་བསྲུང་བར་ཡང་བྱམས་པ་བསྒོམ་པ་འདི་བཟང་བ་ཡིན་ཏེ། བྲམ་ཟེ་སྦྱིན་པ་ཆེན་པོ་བཞིན་ནོ། །གཞན་གྱི་བསྲུང་བར་ཡང་བྱམས་པ་བསྒོམ་པ་འདི་བཟང་བ་ཡིན་ཏེ། རྒྱལ་པོ་བྱམས་པའི་སྟོབས་བཞིན་ནོ། །

དེ་ལྟར་བྱམས་པ་ལ་འབྱོངས་པས། སྙིང་རྗེ་འབྱོངས་པ་ལ་ཚེགས་མེད་པ་ཡིན་ནོ། །སྙིང་རྗེ་ལ།

སྡོམ་ནི།

དབྱེ་བ་དམིགས་ཡུལ་རྣམ་པ་དང་། །
སྒོམ་ཐབས་འབྱོངས་ཚད་ཡོན་ཏན་ཏེ། །
དེ་ལྟར་དྲུག་པོ་འདི་དག་གིས། །
སྙིང་རྗེ་ཚད་མེད་ཡོངས་སུ་བསྡུས། །

ཞེས་པའོ། །དེ་ལ་དབྱེ་ན་གསུམ་སྟེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་པ་མེད་པའི་སྙིང་རྗེའོ། །

དེ་ལ་དང་པོ་ནི། སེམས་ཅན་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་ལ་སོགས་པ་མཐོང་བས་སྙིང་རྗེ་སྐྱེ་བའོ། །གཉིས་པ་ནི། རང་འཕགས་པའི་བདེན་པ་བཞི་ལ་གོམས་ཙ་ན། རྒྱུ་འབྲས་རྣམ་གཉིས་ཤེས་ནས། རྟག་པ་དང་རིལ་པོར་འཛིན་པ་ལས་བློ་བཟློག་སྟེ། སེམས་ཅན་གཞན་རྒྱུ་འབྲས་མི་ཤེས་པར་རྟག་པ་དང་རིལ་པོར་འཛིན་པ་རྣམས་ལ་རེ་འཁྲུལ་སྙམ་དུ་སྙིང་རྗེ་སྐྱེ་བའོ། །གསུམ་པ་ནི། རང་མཉམ་པར་བཞག་ནས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཙ་ན། སེམས་ཅན་དངོས་འཛིན་ཅན་རྣམས་ལ་ཁྱད་པར་དུ་སྙིང་རྗེ་སྐྱེ་སྟེ། ཇི་སྐད་དུ། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །གོམས་པའི་སྟོབས་ཀྱིས་རྫོགས་པ་ན། །དངོས་འཛིན་གདོན་གྱིས་ཟིན་པ་ལ། །ཁྱད་པར་དུ་ཡང་སྙིང་རྗེ་སྐྱེ། །ཞེས་གསུངས་སོ། །

དེ་གསུམ་ལས་སྐབས་འདིར་ནི་སྙིང་རྗེ་དང་པོ་དེ་བསྒོམ་པའོ། །དེའི་དམིགས་པའི་ཡུལ་ནི་སེམས་ཅན་ཐམས་ཅད་དོ། །རྣམ་པ་ནི་སྡུག་བསྔལ་རྒྱུ་དང་བཅས་པ་དང་བྲལ་བར་འདོད་པའི་བློའོ། །དེ་སྒོམ་པའི་ཐབས་ནི། རྩ་བའི་མ་ལ་སྦྱར་ནས་སྒོམ་པ་སྟེ། དེ་ཡང་བདག་གི་རྩ་བའི་མ་དེ་ཕྱོགས་འདི་ན་སྐྱེས་བུ་གཞན་དག་གིས་བཅད་ཅིང་བཏུབ་པའམ་བཙོས་ཤིང་བསྲེགས་པའམ། ཡང་ན་ཤིན་ཏུ་འཁྱགས་ནས་ལུས་ལ་ཆུ་བུར་དུ་གྱུར་ཏེ། རྡོལ་ནས་ཀྱང་གས་ཏེ་འདུག་ན་ཤིན་ཏུ་སྙིང་རྗེའོ། །

དེ་བཞིན་དུ་དམྱལ་བར་སྐྱེས་པའི་སེམས་ཅན་འདི་རྣམས་བདག་གི་མ་ཡིན་ངེས་ན། སྡུག་བསྔལ་དེ་ལྟ་བུས་ནི་གནད་གཅོད་ན། ཅི་སྟེ་སྙིང་རྗེ་མི་སྐྱེ་སྟེ། དེ་དག་སྡུག་བསྔལ་རྒྱུ་དང་བཅས་པ་དང་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་མོ། །

ཡང་བདག་གི་མ་དེ་ས་ཕྱོགས་འདི་ན་བཀྲེས་ཤིང་སྐོམ་པས་ནི་ཉེན། ན་ཞིང་ཚ་བས་ནི་གཟིར། འཇིགས་ཤིང་ཉམ་ང་བས་ནི་དཔའ་འཁུམས་ནས་འདུག་ན་ཤིན་ཏུ་སྙིང་རྗེའོ། །

དེ་བཞིན་དུ་ཡི་དྭགས་སུ་སྐྱེས་པའི་སེམས་ཅན་འདི་རྣམས་ཀྱང་བདག་གི་མ་ཡིན་ངེས་ན། སྡུག་བསྔལ་དེ་ལྟ་བུས་ནི་གཡེན་སྤྱོ་ན། ཅི་སྟེ་སྙིང་མི་རྗེ་སྟེ། དེ་རྣམས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་མོ། །

ཡང་བདག་གི་མ་དེ་ཕྱོགས་འདི་ན་རྒས་ཤིང་དམན་པའམ། གཞན་དག་གིས་དབང་མེད་པར་བཀོལ་ཞིང་སྤྱད་པའམ། རྡེག་ཅིང་འཚོག་པའམ། བསད་ཅིང་བཅད་པ་ལ་སོགས་པ་བྱེད་ཅིང་འདུག་ན་སྙིང་རྗེའོ། །

དེ་བཞིན་དུ་དུད་འགྲོར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་བདག་གི་མ་ཡིན་ངེས་ན། སྡུག་བསྔལ་དེ་ལྟ་བུས་ནི་ཉམ་ཐག་ན། ཅི་སྟེ་སྙིང་མི་རྗེ་སྟེ། དེ་རྣམས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་མོ། །

ཡང་བདག་གི་མ་དེ་དཔག་ཚད་སྟོང་དུ་ལྷུང་བའི་གཡང་ས་ཆེན་པོ་ན་འདུག། ཟོན་ནི་མི་ཤེས། གཡང་ས་ལ་འགྲོའོ་ཞེས་སྟོན་མཁན་ནི་མེད། དེ་ནས་ལྷུང་བ་དང་སྡུག་བསྔལ་ཆེན་པོ་མྱོང་ཞིང་ཡར་འཐོན་དུས་མེད་པའི་གཡང་སར་ལྟུང་ལ་ཁད་འདུག་ན། ཤིན་ཏུ་སྙིང་རྗེའོ། །

དེ་བཞིན་དུ་ལྷ་དང་མི་དང་ལྷ་མ་ཡིན་གསུམ་ཡང་ངན་སོང་གི་གཡང་ས་ཆེན་པོ་ན་འདུག། ཟོན་སྡིག་པ་མི་དགེ་བ་ནི་སྤོང་མི་ཤེས། དགེ་བའི་བཤེས་གཉེན་གྱིས་ནི་མ་ཟིན། ལྟུང་བ་དང་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་ཞིང་འཐོན་པར་དཀའ་བས་ན་ཅི་སྟེ་སྙིང་མི་རྗེ་སྟེ། དེ་རྣམས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་མོ། །འབྱོངས་པའི་ཚད་ནི། རང་ལ་གཅེས་པར་འཛིན་པའི་གདོས་ཐག་ཆོད་ནས། སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་དང་བྲལ་བར་འདོད་པའི་བློ་ཚིག་ཙམ་མ་ཡིན་པ་སྐྱེས་ན་སྙིང་རྗེ་འབྱོངས་པ་ཡིན་ནོ། །དེ་བསྒོམས་པའི་ཡོན་ཏན་དཔག་ཏུ་མེད་དེ། སྤྱན་རས་གཟིགས་ཀྱི་རྟོགས་པ་བརྗོད་པ་ལས། ཆོས་གཅིག་ཡོད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་བཞག་པ་ལྟ་བུར་འགྱུར་ཏེ་གཅིག་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་། གསང་བའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་སོ། །

དེ་ལྟར་ཡང་བྱམས་པས་སེམས་ཅན་རྣམས་བདེ་བ་ཐོབ་པར་འདོད་ཅིང་། སྙིང་རྗེས་སྡུག་བསྔལ་དང་བྲལ་བར་འདོད་ཙ་ན། རང་གཅིག་པུ་ཞི་བདེ་ཐོབ་པར་མི་སྤྲོ་སྟེ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་དགའ་བས་ཞི་བ་ལ་ཆགས་པའི་གཉེན་པོར་འགྱུར་བ་ཡིན་ནོ། །

དེ་ལྟར་ན་བྱམས་སྙིང་རྗེ་རྒྱུད་ལ་སྐྱེས་པས་རང་ལས་གཞན་གཅེས་པར་འཛིན་ཙ་ན། ཇི་སྐད་དུ། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་སྐྱེས་བུ་མཆོག་གི་བློ་སྐྱེས་པ་ཡིན་ཏེ། དཔེར་ན་བྲམ་ཟེ་སྦྱིན་པ་ཆེན་པོ་ལྟ་བུའོ། །

དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། བྱམས་པ་དང་སྙིང་རྗེ་བསྟན་པའི་ལེའུ་སྟེ་བདུན་པའོ། །། །