དྭགས་པོ་ཐར་རྒྱན།/5

From Wikisource
Jump to navigation Jump to search
དྭགས་པོ་ཐར་རྒྱན།
by སྒམ་པོ་པ་བསོད་ནམས་རིན་ཆེན།
English title: The Jewel Ornament of Liberation: Chapter 5 — .

Author: Gampopa Sonam Rinchen (sgam po pa bsod nam rin chen) 1079-1153

༈དེ་ལྟར་མི་རྟག་པ་ཤི་ཡང་ཅི་ལྟོ་སྟེ། ཡང་སྐྱེ་བར་འགྱུར་བ་མ་ཡིན་ནམ། སྐྱེས་ཙ་ན་ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་སྟེ་འོང་། བདག་ལ་དེས་ཅིའི་མ་ཆོག་སྙམ་ན། དེ་ནི་སྲིད་པའི་བདེ་བ་ལ་ཆགས་པ་ཡིན་ནོ། ། དེའི་གཉེན་པོར་འཁོར་བའི་ཉེས་དམིགས་སྒོམ་པ་བཤད་པར་བྱ་སྟེ།

སྡོམ་ནི།

འདུ་བྱེད་ཀྱི་ནི་སྡུག་བསྔལ་དང་། །
དེ་བཞིན་འགྱུར་བའི་སྡུག་བསྔལ་དང་། །
སྡུག་བསྔལ་གྱི་ནི་སྡུག་བསྔལ་ཏེ། །
གསུམ་གྱིས་འཁོར་བའི་ཉེས་དམིགས་བསྡུས། །

ཞེས་པ་སྟེ།

དེ་ལྟར་སྡུག་བསྔལ་གསུམ་པོ་དེ་དཔེའི་སྒོ་ནས་བཤད་ན།

འདུ་བྱེད་ཀྱི་སྡུག་བསྔལ་ནི་འབྲས་མ་སྨིན་པ་དང་འདྲའོ། །འགྱུར་བའི་སྡུག་བསྔལ་ནི། འབྲས་ཆན་དུག་དང་འདྲེས་པ་ཟ་བ་དང་འདྲའོ། །སྡུག་བསྔལ་གྱི་སྡུག་བསྔལ་ནི། འབྲས་ཀྱི་སྟེང་དུ་ཕོལ་བྱུང་བ་དང་འདྲའོ། །

ཡང་སྡུག་བསྔལ་གསུམ་པོ་དེ་རང་གི་ངོ་བོའི་སྒོ་ནས་བཤད་ན། འདུ་བྱེད་ཀྱི་སྡུག་བསྔལ་ནི། ཚོར་བ་བཏང་སྙོམས་པ་ཡིན་ནོ། །འགྱུར་བའི་སྡུག་བསྔལ་ནི། ཚོར་བ་བདེ་བ་ཡིན་ནོ། །སྡུག་བསྔལ་གྱི་སྡུག་བསྔལ་ནི། ཚོར་བ་སྡུག་བསྔལ་ཡིན་ནོ། ། ཡང་སྡུག་བསྔལ་དེ་གསུམ་མཚན་ཉིད་ཀྱི་སྒོ་ནས་བཤད་ན། འདུ་བྱེད་ཀྱི་སྡུག་བསྔལ་ནི། ཉེ་བར་ལེན་པའི་ཕུང་པོ་འདི་བླངས་པ་ཙམ་གྱིས་སྡུག་བསྔལ་དང་ལྡན་པ་ཡིན་ནོ། །དེ་ཡང་སོ་སོ་སྐྱེ་བོ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་འདི་མི་ཚོར་ཏེ། །དཔེར་ན། རིམས་ནད་དྲག་པོས་ཟིན་ཙ་ན། རྣ་བ་ལ་སོགས་པ་ལུས་ཀྱི་ན་ཚ་ཁལ་ཁོལ་ཡོད་པ་མི་ཚོར་བ་བཞིན་ནོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་འཕགས་པ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་འདི་གཟིགས་ཏེ། །དཔེར་ན། རིམས་ནད་ཕལ་ཆེར་སོས་ཙ་ན། རྣ་བ་ལ་སོགས་པ་ལུས་ཀྱི་ན་ཚ་ཁལ་ཁོལ་ཡོད་པ་ཚོར་བ་བཞིན་ནོ། །དཔེ་གཞན་ཡང་། སྤུ་ཉག་མ་གཅིག་ལག་མཐིལ་ན་འདུག་ན་མི་བདེ་བ་དང་། སྡུག་བསྔལ་མེད་དེ། དེ་ཉིད་མིག་ཏུ་སོང་ན་མི་བདེ་བ་དང་སྡུག་བསྔལ་སྐྱེད་དོ། །དེ་བཞིན་དུ་འདུ་བྱེད་ཀྱི་སྡུག་བསྔལ་འདི་སོ་སོ་སྐྱེ་བོ་ལ་ཡོད་ཀྱང་སྡུག་བསྔལ་ཏུ་མི་ཚོར་ཏེ། །འཕགས་པ་རྣམས་ལ་སྡུག་བསྔལ་དུ་ཆེའོ། །དེ་ལྟར་ཡང་མཛོད་ཀྱི་ཊཱི་ཀ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །དེ་ནི་མིག་ཏུ་སོང་བ་ན། མི་བདེ་བ་དང་སྡུག་བསྔལ་བསྐྱེད། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས། །འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། །ཞེས་གསུངས་སོ། །

གཉིས་པ་འགྱུར་བའི་སྡུག་བསྔལ་ནི། འཁོར་བའི་བདེ་བ་ཇི་སྙེད་པ་ཐམས་ཅད་མཐར་འགྱུར་ནས་སྡུག་བསྔལ་དུ་འགྲོ་བས་ན། འགྱུར་བའི་སྡུག་བསྔལ་ཞེས་བྱའོ། །དེ་ལྟར་ཡང་སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ལྷའི་རྒྱལ་སྲིད་ནི་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །མི་རྣམས་ཀྱི་རྒྱལ་སྲིད་ཀྱང་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །ཞེས་གསུངས་སོ། །དེས་ན་མིའི་རྒྱལ་པོ་འཁོར་ལོས་བསྒྱུར་བ་ལྟ་བུའི་སྤྱོད་ཡུལ་ཐོབ་ཀྱང་། མཐར་སྡུག་བསྔལ་དུ་འགྱུར་ཏེ། བཤེས་སྤྲིང་ལས་ཀྱང་། འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ན་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུངས་སོ། །དེར་མ་ཟད་ལྷའི་དབང་པོ་བརྒྱ་བྱིན་ལྟ་བུའི་ལུས་དང་ལོངས་སྤྱོད་ཐོབ་ཀྱང་། མཐར་འཆི་འཕོ་ཞིང་ལྟུང་བ་ཡིན་ཏེ། ཇི་སྐད་དུ། བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ཀྱང་། །ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྷུང་། །ཞེས་གསུངས་སོ། །དེར་མ་ཟད་ལྷའི་རྒྱལ་པོ་ཚངས་པ་ལ་སོགས་པ་ལྟ་བུ་འདོད་པའི་འདོད་ཆགས་དང་བྲལ་ནས། །བསམ་གཏན་སྙོམས་འཇུག་གི་བདེ་བ་ཐོབ་ཀྱང་མཐར་ལྟུང་བ་ཡིན་ཏེ། ཇི་སྐད་དུ། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་གསུངས་སོ། །

གསུམ་པ་སྡུག་བསྔལ་གྱི་སྡུག་བསྔལ་ནི། སྤྱིར་ཉེ་བར་ལེན་པའི་ཕུང་པོ་འདི་བླངས་པ་རང་གིས་སྡུག་བསྔལ་ཡིན་པའི་སྟེང་དུ། སྡུག་བསྔལ་ཆེན་པོར་མངོན་པ་རྣམས་ཡིན་ནོ། །དེ་ཡང་ངན་འགྲོའི་སྡུག་བསྔལ་དང་། བདེ་འགྲོའི་སྡུག་བསྔལ་གཉིས་སུ་ཤེས་པར་བྱའོ། །

དེ་ལ་དང་པོ་བཤད་ན། ངན་སོང་ནི། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་ཡིན་ནོ། །དེ་དག་རེ་རེ་བཞིན་དབྱེ་ན་དུ་ཡོད་པ་དང་། གནས་གང་ན་གནས་པ་དང་། །སྡུག་བསྔལ་ཅི་མྱོང་བ་དང་། ཚེ་ཇི་སྲིད་ཐུབ་པ་དང་བཞི་བཞིས་ཤེས་པར་བྱའོ། །དེ་ལ་དམྱལ་བ་ལ་དབྱེ་ན། ཚ་བའི་དམྱལ་བ་བརྒྱད། གྲང་བའི་དམྱལ་བ་བརྒྱད་དེ་བཅུ་དྲུག། ཉི་ཚེ་བ་དང་། ཉེ་འཁོར་བ་གཉིས་ཏེ་བཅོ་བརྒྱད་དོ། །ཚ་བའི་དམྱལ་བ་འདི་དག་གནས་གང་ན་གནས་ན། འཛམ་བུའི་གླིང་འདིའི་འོག་ན་གནས་ཏེ། འདི་ནས་དེར་འགྲོ་བ་མང་བའི་ཕྱིར་རོ། །དེ་ཡང་། འོག་ན་མནར་མེད་པའི་སེམས་ཅན་དམྱལ་བ་གནས་སོ། །དེའི་སྟེང་ན་ཡར་ལ་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་རྣམས་སོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །ཞེས་གསུངས་སོ། །དེ་དག་གིས་སྡུག་བསྔལ་ཅི་མྱོང་ན། སྒྲ་འཇུག་པའི་རྒྱུ་མཚན་དང་ཐུན་མོང་དུ་བསྟན་པར་བྱ་སྟེ།

དེ་ལ་དང་པོ་ཡང་སོས་ནི། དམྱལ་བ་གཅིག་ལ་གཅིག་ཕན་ཚུན་ཏལ་ཕུག་བཅད་ཅིང་བསད་ནས། རླུང་གྲང་མོ་ལངས་པས་ཡང་སོས་པར་འགྱུར་རོ། །དེ་ལྟར་ཚེ་མ་ཟད་ཀྱི་བར་དུའོ། །ཐིག་ནག་ནི་གང་དུ་ཐིག་ནག་པོ་བཏབ་ནས། སོག་ལེ་མེ་རབ་ཏུ་འབར་བས་གཤོག་པ་དང་། སྟྭ་རེ་མེ་རབ་ཏུ་འབར་བས་གཞོག་པར་བྱེད་དེ། ཇི་སྐད་དུ། ཁ་ཅིག་སོག་ལེས་དྲས་ཏེ་དེ་བཞིན་གཞན། །སྟ་རེ་མི་བཟད་སོ་རྣོན་རྣམས་ཀྱིས་གཞོག། ཅེས་གསུངས་སོ། །

བསྡུས་འཇོམས་ནི། རིའི་བར་དུ་བསྡུས་ཤིང་འཇོམས་པ་དང་། ལྕགས་ཀྱི་ཨན་འདར་གྱི་བར་དུ་བསྡུས་ཤིང་འཇོམས་པའོ། །དེ་ལ་དང་པོ་ནི། གང་དུ་ཕྱོགས་གཉིས་ནས་རི་བོ་ལུག་གི་གདོང་པ་ལྟ་བུ་གཉིས་འོངས་ནས་སེམས་ཅན་དེ་དག་འཇོམས་པར་བྱེད་དོ། །དེ་ནས་རི་དེ་གཉིས་ཕྱིར་གྱེས་པ་དང་རླུང་གྲང་མོ་ལངས་པས་ལུས་སྔ་མ་ལྟར་སོས། །ཡང་འཇོམས་ཏེ་དེ་ཀ་ལྟར་བྱེད་པའོ། །དེ་ལྟར་ཡང་སློབ་སྤྲིང་ལས། རི་དང་མཉམ་ལུག་རུ་རིངས་འཇིགས་སུ་རུང་བ་གཉིས། འདུས་པའི་ཕྲག་ཏུ་ལུས་ཀུན་ཕྱེ་མར་བརླག་ཅིང་འཇོམས། །ཞེས་སོགས་གསུངས་སོ། །ཁ་ཅིག་ལྕགས་ཀྱི་ཨན་འདར་གྱི་བར་དུ་བཅར་བས། ཁྲག་གི་རྒྱུན་ཆུ་བོ་བཞི་ཙམ་པ་འབབ་བོ། །དེ་ལྟར་ཡང་། །ཁ་ཅིག་ཏིལ་བཞིན་འཚིར་ཏེ་དེ་བཞིན་གཞན། །ཕྱེ་མ་ཞིབ་མོ་བཞིན་དུ་རྡུལ་དུ་རློག། ཅེས་གསུངས་སོ། །

ངུ་འབོད་ནི་སེམས་ཅན་བསྲེགས་པ་རྣམས་སྐྲག་པའི་ང་རོ་འབྱིན་པའོ། །ངུ་འབོད་ཆེན་པོ་ནི་ལྷག་པར་ང་རོ་འབྱིན་པའོ། །

ཚ་བ་ནི། མེ་ལ་སོགས་པས་གདུང་བར་བྱེད་པ་སྟེ། ཁྲོ་ཆུ་ཁོལ་མ་ཁར་བླུགས་པས་ཁོང་པ་འཚིག་པ་དང་། ཡང་མཚོན་རྩེ་གཅིག་པ་ཚེར་མ་ཅན་གྱིས་བཤང་ལམ་ནས་སྤྱི་བོར་འབིགས་པའོ། །

རབ་ཏུ་ཚ་བ་ནི། ཁྱད་པར་དུ་གདུང་བར་བྱེད་པ་སྟེ། ཁྲོ་ཆུ་ཁོལ་མ་ལ་སོགས་པས་པགས་པ་མིན་པ་རྣམས་བསྲེགས་ནས། བུ་ག་དགུ་ནས་མེ་འབྱུང་བ་དང་། ཡང་མཚོན་རྩེ་གསུམ་པས་བཤང་ལམ་དང་རྐང་མཐིལ་གཉིས་ནས་སྤྱི་བོ་དང་དཔུང་པ་གཉིས་སུ་འབིགས་པའོ། །དེ་ལྟར་ཡང་། །དེ་བཞིན་གཞན་དག་ཁྲོ་ཆུ་བཞུས་པ་ཡི། །ཁུ་བ་འབར་བས་འཁྲིགས་པ་ལྡུད་པར་བགྱིད། ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་འབར་བ། ཚེར་མ་ཅན་ལ་ཀུན་ཏུ་བརྒྱུས་པར་བགྱིད། །ཅེས་གསུངས་སོ། །

མནར་མེད་པའི་སེམས་ཅན་དམྱལ་བ་ནི། ལྕགས་ཀྱི་ཁང་པ་མེ་ར་བ་ཏུ་འབར་བ་དང་། །ཆུ་ཞེང་དང་། གནམ་འཕང་དུ་དཔག་ཚད་སྟོང་ཕྲག་ཉི་ཤུ་ཡོད་པའི་ནང་ནས་ལྕགས་ཟངས་དཔག་ཚད་དུ་མ་ཡོད་པའི་ནང་དུ། ཁྲོ་ཆུ་དང་ཟངས་ཆུ་བླུགས་ཏེ། དེར་བཅུག་ནས་ཕྱོགས་བཞི་ནས་མི་བཟད་པའི་མེས་བསྐོལ་བར་བྱེད་པའོ། །དེ་ལྟར་ཡང་། ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། སྤྱིའུ་ཚུགས་འབྲས་ཀྱི་ཐུག་པ་བཞིན་ཏུ་འཚོད། །ཅེས་གསུངས་སོ། །སྡུག་བསྔལ་བར་མཚམས་མེད་པས་ན་མནར་མེད་པ་ཞེས་བྱའོ། །

དེ་དག་གི་ཚེ་ཡང་ཇི་སྲིད་དུ་ཐུབ་ཅེ་ན། ཡང་སོས་ལ་སོགས་དྲུག་རིམ་བཞིན། འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། འདོད་པའི་ལྷ་དང་འདྲ་བ་ཡིན། །ཞེས་གསུངས་ཏེ། རྒྱལ་ཆེན་རིགས་བཞིའི་ཚེ་ཚད་གང་ཡིན་པ་དེ་ནི་དམྱལ་བ་ཡང་སོས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོར་བརྩིས་པའི་ཡང་སོས་ཀྱིས་རང་ལོ་ལྔ་བརྒྱ་ཐུབ་བོ། །མི་ལོ་ལྟར་ན་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉིས་སྟོང་ཡོད་དོ། །དེ་བཞིན་དུ་ལྷ་སུམ་ཅུ་རྩ་གསུམ་པ་དང་། དམྱལ་བ་ཐིག་ནག་སྦྱར་བས་དམྱལ་བ་དེས་རང་ལོ་སྟོང་ཐུབ་སྟེ། མི་ལོ་ལྟར་ན་བྱེ་བ་འབུམ་ཕྲག་བཅུ་གཉིས་དང་། བྱེ་བ་ཕྲག་དགུ་ཁྲི་དགུ་སྟོང་ཡོད་དོ། །ལྷ་འཐབ་བྲལ་བ་དང་དམྱལ་བ་བསྡུས་འཇོམས་སྦྱར་བས་དམྱལ་བ་དེས་རང་ལོ་ཉིས་སྟོང་ཐུབ་སྟེ། མི་ལོ་ལྟར་ན་བྱེ་བ་ཕྲག་བྱེ་བ་གཅིག་དང་། བྱེ་བ་ཕྲག་དྲུག་ཁྲི་བརྒྱད་སྟོང་ཡོད་དོ། །ལྷ་དགའ་ལྡན་པ་དང་། དམྱལ་བ་དུ་འབོད་སྦྱར་བས་དམྱལ་བ་དེས་རང་ལོ་བཞི་སྟོང་ཐུབ་སྟེ། མི་ལོ་ལྟར་ན། བྱེ་བ་ཕྲག་བྱེ་བ་བརྒྱད་དང་། བྱེ་བ་ཕྲག་ལྔ་འབུམ་བཞི་དང་། བྱེ་བ་ཕྲག་ས་ཡ་ལྔ་བཞི་ཁྲི་ཉིས་སྟོང་ཡོད་དོ། །ལྷ་འཕྲུལ་དགའ་བ་དང་། དམྱལ་བ་ངུ་འབོད་ཆེན་པོ་སྦྱར་བས་དམྱལ་བ་དེས་རང་ལོ་བརྒྱད་སྟོང་ཐུབ་སྟེ། མི་ལོ་ལྟར་ན། བྱེ་བ་ཕྲག་བྱེ་བ་དྲུག་ཅུ་རྩ་དྲུག་དང་། བྱེ་བ་ཕྲག་ས་ཡ་གསུམ་དང་། བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་ཡོད་དོ། །གཞན་འཕྲུལ་དབང་བྱེད་པ་དང་། དམྱལ་བ་ཚ་བ་སྦྱར་བས་དེས་རང་ལོ་ཁྲི་དྲུག་སྟོང་ཐུབ་སྟེ། །མི་ལོ་ལྟར་ན། ལོ་བྱེ་བ་ཕྲག་བྱེ་བ་ལྔ་བརྒྱ་དང་། བྱེ་བ་ཕྲག་བྱེ་བ་བཅུ་དང་། བྱེ་བ་ཕྲག་ས་ཡ་བརྒྱད་དང་། བྱེ་བ་ཕྲག་བཞི་འབུམ་དང་། བྱེ་བ་ཕྲག་ཁྲི་དྲུག་སྟོང་ཡོད་དོ། །དམྱལ་བ་རབ་ཏུ་ཚ་བས་ནི་ཚེ་བར་གྱི་བསྐལ་པ་ཕྱེད་ཐུབ་བོ། །མནར་མེད་པས་ནི་ཚེ་བར་གྱི་བསྐལ་པ་གཅིག་ཐུབ་བོ། །དེ་ལྟར་ཡང་། རབ་ཏུ་ཚ་ཕྱེད་མནར་མེད་ནི། བར་གྱི་བསྐལ་པའོ། །ཞེས་གསུངས་སོ། །

ཉེ་འཁོར་གྱི་དམྱལ་བ་ནི། དམྱལ་བ་བརྒྱད་པོ་དེ་དག་གི་ཕྱོགས་བཞི་ན་ཡོད་དེ། དེ་ཡང་ཐོག་མར་མེ་མ་མུར་པུས་ནུབ་ཙམ་ཡོད་ལ། སེམས་ཅན་དེ་དག་གནས་ཚོལ་དུ་འགྲོ་བ་ན། དེ་དག་གིས་རྐང་པ་བཞག་ན་ནི་པགས་པ་དང་། ཤ་དང་། ཁྲག་ཀུན་ཞིག་པར་འགྱུར་རོ། །རྐང་པ་བཏེག་ན་དེ་དག་སོས་པར་འགྱུར་ཏེ། དེ་ནི་ལྷག་པ་དང་པོའོ། །

དེའི་དྲུང་ཉིད་དུ་རོ་མྱགས་མི་གཙང་བའི་འདམ་རྫབ་དག་ཏུ་འབུ་ལུས་དཀར་ཞིང་། མགོ་ནག་ལ་མཆུ་རྣོ་བ་དག་གནས་ཤིང་། དེ་དག་གིས་སེམས་ཅན་དེ་དག་གི་རུས་པའི་བར་དུ་འབིགས་པར་བྱེད་པ་སྟེ། དེ་ནི་ལྷག་པ་གཉིས་པའོ། ། དེའི་དྲུང་ཉིད་ལ་སྤུ་གྲིས་གཏམས་པའི་ལམ་པོ་ཆེ་དང་། རལ་གྲི་ལོ་མའི་ནགས་ཚལ་དང་། ཁྱི་བསེ་བོ་དང་། ལྕགས་ཀྱི་ཤལ་མ་ལི་དང་། ཁ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱིས་གནོད་པ་བྱེད་པ་སྟེ། དེ་ནི་ལྷག་པ་གསུམ་པའོ། ། དེའི་དྲུང་ན་ཆུ་བོ་རབ་མེད་ཐལ་ཆུ་འཁོལ་མས་གང་བ་སྟེ། དེར་སེམས་ཅན་དེ་དག་འཚོད་ལ། འགྲམ་ན་སྐྱེས་བུ་ལག་ན་མཚོན་ཐོགས་པས་འགོག་སྟེ། དེ་ནི་ལྷག་པ་བཞི་པའོ། །དེ་ལྟར་ཡང་། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག། དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་གསུངས་སོ། །

ཅི་སྐྱེས་བུའི་ཆ་བྱད་ཀྱིས་བསྲུང་མ་དང་། ཁྭ་ལྕགས་ཀྱི་མཆུ་ཅན་ལ་སོགས་པ་དམྱལ་སྲུང་གི་འཁོར་དེ་དག་སེམས་ཅན་ཡིན་ནམ་མ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་སེམས་ཅན་ཡིན་པར་འདོད། མདོ་སྡེ་པ་རྣམས་སེམས་ཅན་མ་ཡིན་པར་འདོད། རྣལ་འབྱོར་སྤྱོད་པ་དང་། མར་པ་དང་མི་ལ་ཡབ་སྲས་ཀྱི་བཞེད་པ་ནི་སེམས་ཅན་སྡིག་པ་བྱས་པའི་དབང་གིས་རང་གི་སེམས་ཉིད་དེ་ལྟར་སྣང་བར་འདོད། དོན་འདི་དང་མཐུན་པར་སྤྱོད་འཇུག་ལས། སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་འབྱུང་ངོ་། ། གྲང་བའི་དམྱལ་བ་བརྒྱད་ནི། ཆུ་བུར་ཅན། ཆུ་བུར་རྡོལ་བ་ཅན་དང་། སོ་ཐམ་ཐམ་པ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པའོ། །དེ་ལྟར་ཡང་། ཆུ་བུར་ཅན་སོགས་གྲང་བརྒྱད་གཞན། །ཞེས་གསུངས་སོ། །

འདི་དག་གནས་གང་ན་གནས་ཤེ་ན། འཛམ་བུ་གླིང་འདི་ཉིད་ཀྱི་འོག་ན་དམྱལ་བ་ཆེན་པོ་རྣམས་ཀྱི་ཐད་ཀ་ན་གནས་སོ། །དེ་དག་གིས་སྡུག་བསྔལ་ཅི་ཞིག་མྱོང་ཞེ་ན། སྒྲ་འཇུག་པའི་རྒྱུ་མཚན་དང་ཐུན་མོང་དུ་བསྟན་པར་བྱ་སྟེ། དང་པོ་གཉིས་ནི་གྲང་བ་མི་བཟོད་པས་ཉེན་པས་ལུས་ལ་ཆུ་བུར་བྱུང་བ་དང་། ཆུ་བུར་རྡོལ་བ་ལྟ་བུར་གྱུར་པ་སྟེ། ལུས་འགྱུར་བ་ལས་མིང་དུ་བཏགས་སོ། །གསུམ་པ་ནི་གྲང་བ་མི་བཟོད་པའི་ཉེན་པས་སྒྲ་འགྱུར་བ་ལས་བཏགས་པའོ། །པགས་པ་སྔོ་ཞིང་། ཁ་ལྔའམ་དྲུག་ཏུ་གས་པ་ནི་ཨུཏྤལ་ལྟར་གས་པའོ། །སྔོ་བ་ལས་ཐལ་ནས་དམར་ཞིང་། །ཁ་བཅུའམ་དེ་ལས་ལྷག་པར་གས་པ་ནི་པདྨ་ལྟར་གས་པའོ། །ཤིན་ཏུ་དམར་བར་གྱུར་ནས་ཁ་བརྒྱའམ་དེ་ལས་ལྷག་པར་གས་པ་ནི། པདྨ་ལྟར་ཆེར་གས་པའོ། །ཕྱི་མ་འདི་གསུམ་ཡང་ལུས་འགྱུར་བ་ལས་མིང་དུ་བཏགས་པའོ། །

དེ་དག་གི་ཚེ་ཇི་སྲིད་ཐུབ་ཅེ་ན། བཅོམ་ལྡན་འདས་ཀྱིས་དེ་དག་དཔེ་ཙམ་དུ། དགེ་སློང་དག་དཔེར་ན། འདི་ན་ཡུལ་མ་ག་དྷཱའི་ཏིལ་རྫང་ཁལ་བརྒྱད་ཅུ་འགྲོ་བ་ཞིག་ཏིལ་གྱིས་ཕྱུར་པོར་བཀང་སྟེ། དེ་ནས་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་འདས་ཤིང་ཏིལ་རེ་རེ་ཕྱིར་བོར་ན། དགེ་སློང་དག་རིམ་པ་དེས་ན། ཡུལ་མ་ག་དྷཱའི་ཏིལ་རྫང་ཁལ་བརྒྱད་ཅུ་པོ་དེ་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་བ་ནི་ཆེས་མྱུར་གྱི། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ་ཡོངས་སུ་གཏུགས་པར་ནི་ང་མི་སྨྲའོ། །དགེ་སློང་དག་ཆུ་བུར་ཅན་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ་ཆུ་བུར་རྡོལ་བ་ཅན་གཅིག་ཡིན་ནོ། །ཞེས་པ་ནས། །དགེ་སློང་དག་པདྨ་ལྟར་གས་པ་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ། །པདྨ་ལྟར་གས་པ་ཆེན་པོ་གཅིག་ཡིན་ནོ། །ཞེས་གསུངས་སོ། །

སློབ་དཔོན་དབྱིག་གཉེན་གྱིས་དེའི་དོན་མདོར་བསྡུས་ནས་བསྟན་པ་ནི། ཏིལ་རྫང་ནང་ནས་ལོ་བརྒྱ་བཞིན། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །ཞེས་པ་སྟེ། དེས་ན་ཆུ་བུར་ཅན་གྱིས་ཏིལ་རྫང་གང་ངོ་། །ཆུ་བུར་རྡོལ་བ་ཅན་གྱིས་ཉི་ཤུའོ། །སོ་ཐམ་ཐམ་གྱིས་བཞི་བརྒྱའོ། །ཨ་ཆུ་ཟེར་བས་སྟོང་ཕྲག་བརྒྱད་ཡིན་ནོ། །ཀྱི་ཧུད་ཟེར་བས་འབུམ་ཕྲག་གཅིག་དང་དྲུག་ཁྲི་ཡིན་ནོ། །ཨུཏྤལ་ལྟར་གས་པས་ས་ཡ་ཕྲག་གསུམ་དང་། འབུམ་ཕྲག་གཉིས་སོ། །པདྨ་ལྟར་གས་པས་བྱེ་བ་ཕྲག་དྲུག་དང་ས་ཡ་ཕྲག་བཞི་ཡིན་ནོ། །པདྨ་ཆེན་པོ་ལྟར་གས་པས་ཏིལ་རྫང་ཐེར་འབུམ་ཕྲག་གཅིག་དང་། དུང་ཕྱུར་ཕྲག་གཉིས་དང་། བྱེ་བ་ཕྲག་བཞི་ཡིན་ནོ། །

ཉི་ཚེ་བའི་སེམས་ཅན་དམྱལ་བ་ནི་མང་པོའམ་གཉིས་སམ་གཅིག་གམ། སོ་སོའི་ལས་དག་གིས་གྲུབ་པ་ཡིན་ཏེ། དེ་དག་གི་རྣམ་པའི་བྱེ་བྲག་དུ་མ་ཡོད་དོ། །འདིའི་གནས་ལ་ངེས་པ་མེད་དེ། ཆུ་བོ་དང་། རི་དང་། མྱ་ངམ་གྱི་ཕྱོགས་དང་། གཞན་དག་དང་། ས་འོག་དང་། ཁ་ཅིག་མིའི་ཡུལ་ན་གནས་ཏེ། འཕགས་པ་མཽའུ་གལ་གྱི་བུས་གཟིགས་པ་ལྟ་བུའོ། །དེ་བཞིན་དུ་མྱ་ངམ་གྱི་ཕྱོགས་སུ་བཙུན་པ་དགེ་འདུན་འཚོས་གཟིགས་པ་ལྟ་བུའོ། །འདིའི་ཚེ་ཚད་ལ་ངེས་པ་མེད་པའོ། །སེམས་ཅན་དམྱལ་བའི་སྡུག་བསྔལ་བཤད་ཟིན་ཏོ། །

ཡི་དྭགས་ལ་དབྱེ་ན་ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེ་དང་། དེ་ལས་འཕྲོས་པའི་ཡི་དྭགས་སོ། །དེ་དག་གང་ན་གནས་ཤེ་ན། ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེ་ནི། འཛམ་བུ་གླིང་གི་འོག་དཔག་ཚད་ལྔ་བརྒྱ་བཅད་པ་ན་ཡོད་དོ། །འཕྲོས་པའི་ཡི་དྭགས་ནི་མྱ་ངམ་གྱི་ཕྱོགས་ལ་སོགས་པ་ངེས་པ་མེད་པར་གནས་སོ། །

འཕྲོས་པའི་ཡི་དྭགས་ལ་དབྱེ་བ་ན་གསུམ་སྟེ། ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཡོད་པ་དང་། ནང་གི་སྒྲིབ་པ་ཡོད་པ་དང་། ཟས་སྐོམ་ལ་སྒྲིབ་པ་ཡོད་པའོ། །དེ་དག་གིས་སྡུག་བསྔལ་ཅི་མྱོང་ཞེ་ན། ཡི་དྭགས་རྫུ་འཕྲུལ་ཅན་ཁ་ཅིག་གིས་ནི་ལྷའི་དཔལ་ལྟ་བུ་ཡང་ཉམས་སུ་མྱོང་ངོ་། །ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཡོད་པས་ནི། ཟས་སྐོམ་ལ་རྣག་ཁྲག་ཏུ་མཐོང་བ་དང་། །གཞན་གྱིས་འགོག་པར་མཐོང་ནས་བཟའ་བཏུང་གི་དབང་མེད་པའོ། །ནང་གི་སྒྲིབ་པ་ཡོད་པ་ནི། །གཞན་གྱི་མི་འགོགས་ཀྱང་། རང་གིས་བཟའ་བ་དང་བཏུང་བར་མི་ནུས་པ་སྟེ། ཇི་སྐད་དུ། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། ལྟོ་བ་རི་ཡི་ཁྱོན་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་གསུངས་སོ། ། ཟས་སྐོམ་ལ་སྒྲིབ་པ་ཡོད་པ་ལ་ཡང་གཉིས། །མེ་ལྕེའི་ཕྲེང་བ་ཅན་དང་། ལྗན་ལྗིན་ཟ་བའོ། །དེ་དང་པོ་ནི། ཟོས་པ་དང་། འཐུངས་པ་ཙམ་གྱིས་འཚིག་པར་འགྱུར་རོ། །གཉིས་པ་ནི། ཕྱི་ས་དང་། གཅིན་འཐུང་བ་དང་། རང་གི་ཤ་བཅད་ཅིང་ཟ་བའོ། །དེ་ལས་ཡང་མྱ་ངམ་གྱི་ཕྱོགས་སུ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིས་མཐོང་བ་ལྟ་བུའོ། །

ཡི་དྭགས་ཀྱི་ཚེ་ཇི་སྲིད་ཐུབ་ཅེ་ན། མི་རྣམས་ཀྱི་ཟླ་བ་གཅིག་གང་ཡིན་པ། ཡི་དྭགས་མས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེ་ཟླ་བ་དང་ལོར་བརྩིས་པའི་ལོ་ལྔ་བརྒྱ་ཐུབ་བོ། །དེ་ལྟར་ཡང་། ཡི་དྭགས་རྣམས། །ཟླ་བ་ཉིན་ཞག་གི་ལྔ་བརྒྱ། །ཞེས་གསུངས་སོ། །

དུད་འགྲོ་ལ་དབྱེ་ན། རྐང་མང་དང་། རྐང་བཞི་དང་། རྐང་གཉིས་དང་། རྐང་མེད་དང་བཞིའོ། །འདི་དག་གང་ན་གནས་ཞེ་ན། ཆུ་དང་། ཐང་དང་། ནགས་མཐའི་སྤྱོད་ཡུལ་དག་ཡིན་ནོ། །དེ་ཡང་གནས་ཀྱི་རྩ་བ་ནི་རྒྱ་མཚོ་ཆེན་པོ་ཡིན་ནོ། །དེ་དག་གིས་སྡུག་བསྔལ་ཅི་མྱོང་ཞེ་ན། བཀོལ་སྤྱད་ཀྱི་སྡུག་བསྔལ་དང་། བསད་བཅད་ཀྱི་སྡུག་བསྔལ་དང་། གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་ལོ། །

དེ་ལ་དང་པོ་ནི། མིའི་དབང་དུ་གྱུར་པའི་དུད་འགྲོ་རྣམས་ཏེ། ཇི་སྐད་དུ། དབང་མེད་གཞན་དག་རྡེག་པ་ལག་པ་དང་། ལྕག་དང་ལྕགས་ཀྱུས་གདབ་པས་བཏབ་སྟེ་བཀོལ། །ཞེས་གསུངས་སོ། །གཉིས་པ་ནི་རི་དྭགས་ལ་སོགས་པ་རྣམས་ཏེ། ཇི་སྐད་དུ། ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག། ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །ཞེས་གསུངས་སོ། །གསུམ་པ་ནི། ཕལ་ཆེར་ཕྱིའི་རྒྱ་མཚོ་ན་གནས་པ་རྣམས་ཏེ། ཇི་སྐད་དུ། ཟས་སུ་གདོང་དུ་གང་བབ་ཟ། །ཞེས་གསུངས་སོ། །

དུད་འགྲོས་ཚེ་ཇི་སྲིད་ཐུབ་ཅེ་ན། ངེས་པ་མེད་དེ། ཡུན་རིང་ཤོས་ཀྱིས་བར་གྱི་བསྐལ་པ་རེ་རེ་ཐུབ་པ་ཡང་ཡོད་དོ། །དེ་ལྟར་ཡང་། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། །ཞེས་གསུངས་སོ། །ངན་འགྲོའི་སྡུག་བསྔལ་བཤད་ཟིན་ཏོ། །

བདེ་འགྲོའི་སྡུག་བསྔལ་ལ་གསུམ་སྟེ། མིའི་སྡུག་བསྔལ་དང་། ལྷ་མིན་གྱི་སྡུག་བསྔལ་དང་། ལྷའི་སྡུག་བསྔལ་ལོ། །དེ་ཡང་མི་ལ་སྡུག་བསྔལ་བརྒྱད་ཡོད་དེ། ཇི་སྐད་དུ། མངལ་འཇུག་གི་མདོ་ལས། དེ་བཞིན་དུ་སྐྱེ་བ་ཡང་སྡུག་བསྔལ་ལོ། །རྒ་བ་ཡང་སྡུག་བསྔལ་ཡིན་ནོ། །ན་བ་ཡང་སྡུག་བསྔལ་ཡིན་ནོ། །འཆི་བ་ཡང་སྡུག་བསྔལ་ཡིན་ནོ། །སྡུག་པ་དང་བྲལ་བ་ཡང་སྡུག་བསྔལ་ཡིན་ནོ། །མི་སྡུག་པ་དང་འཕྲད་པ་ཡང་སྡུག་བསྔལ་ཡིན་ནོ། །གང་འདོད་པ་བཙལ་ཏེ་མ་རྙེད་པ་ཡང་སྡུག་བསྔལ་ཡིན་ནོ། །ཡོད་པ་བསྲུང་དཀའ་བ་ཡང་སྡུག་བསྔལ་ཡིན་ནོ། །ཞེས་གསུངས་སོ། །

དེ་ལ་སྐྱེ་བ་ནི་གཞན་ཐམས་ཅད་ཀྱི་རྩ་བ་ཡང་ཡིན་ལ། དེ་ཡང་སྐྱེ་གནས་བཞི་ལས་སྐྱེ་བར་གསུངས་ཀྱང་ཕལ་ཆེར་མངལ་ནས་སྐྱེའོ། །འདིའི་དབང་དུ་བྱས་ན། དང་པོ་སྲིད་པ་བར་དོ་ནས་མངལ་དུ་འཇུག་ཁར་ཡང་སྡུག་བསྔལ་འདི་ལྟར་ཡོད་དེ། བར་དོའི་སྲིད་པ་ཐམས་ཅད་རྫུ་འཕྲུལ་དང་ལྡན་པ། ནམ་མཁའ་ལ་འགྲོ་ཞིང་ལྷའི་མིག་བཞིན་དུ་སྐྱེ་གནས་ཐག་རིང་པོ་ཡང་མཐོང་བར་ནུས་སོ། །དེ་ཡང་ལས་ཀྱི་དབང་གིས་ལོག་པའི་སྣང་བ་བཞི་འཆར་ཏེ། དཔེར་ན་རླུང་ཆེན་པོ་ལངས་པ་དང་། ཆར་ཆེན་པོ་བབས་པ་དང་། ནམ་རྨུག་པ་དང་། སྐྱེ་བོ་མང་པོའི་སྒྲ་ཅ་ཅོ་འཇིགས་སུ་རུང་བ་གྲགས་པ་ལྟ་བུའི་སྤྱོད་ཡུལ་དུ་ཤར་བས། ལས་བཟང་ངན་ཇི་ལྟ་བ་བཞིན་དུ་ཡང་དག་པ་མ་ཡིན་པའི་འདུ་ཤེས་བཅུ་འབྱུང་བར་འགྱུར་ཏེ། བདག་ནི་གཞལ་མེད་ཁང་དུ་འཇུག་གོ་སྙམ་པ་དང་། ཁང་པ་བརྩེགས་པའི་སྟེང་དུ་འཛེག་གོ་སྙམ་པ་དང་། ཁྲི་ལ་འཛེག་གོ་སྙམ་པ་དང་། རྩྭའི་སྤྱིལ་པོར་འཇུག་གོ་སྙམ་པ་དང་། ལོ་མའི་ཁྱིམ་དུ་འཇུག་གོ་སྙམ་པ་དང་། རྩ་གསེབ་ཏུ་འཛུལ་ལོ་སྙམ་པ་དང་། ནགས་ཀྱི་ནང་དུ་འཇུག་གོ་སྙམ་པ་དང་། རྩིག་པའི་བུ་གར་འཛུལ་ལོ་སྙམ་པ་དང་། སོག་མའི་གསེབ་ཏུ་འཛུལ་ལོ་སྙམ་དུ་སེམས་པ་སྟེ། དེ་ལྟར་སེམས་པ་དང་། ཕ་མ་འཁྲིག་པ་སྤྱོད་པ་དེ་ཐག་རིང་པོ་ནས་ཀྱང་མཐོང་ནས་དེར་འགྲོ་སྟེ།

དེ་ཡང་བསོད་ནམས་ཆེར་བསགས་པ་དང་། སྐྱེ་གནས་མཐོན་པོ་འཛིན་པ་རྣམས་ཀྱིས་ནི། གཞལ་མེད་ཁང་དང་། ཁང་པ་བརྩེགས་པ་ལ་སོགས་པར་མཐོང་ནས་དེར་རྒྱུག་གོ། བསོད་ནམས་འབྲིང་དུ་བསགས་པ་དང་། སྐྱེ་གནས་འབྲིང་དུ་འཛིན་པ་རྣམས་ཀྱིས་ནི། རྩྭའི་སྤྱིལ་བུ་ལ་སོགས་པར་མཐོང་ནས་དེར་རྒྱུག་གོ། བསོད་ནམས་མ་བསགས་པ་སྐྱེ་གནས་ངན་པ་འཛིན་པ་རྣམས་ཀྱིས་ནི། རྩིག་པའི་བུ་ག་ལ་སོགས་པར་མཐོང་དེར་རྒྱུག་གོ།

དེར་ཕྱིན་པ་དང་། གལ་ཏེ་རང་ཕོར་སྐྱེ་བ་ཡིན་ན་མ་ལ་ཆགས་པ་སྐྱེ་ལ། ཕ་ལ་ཞེ་སྡང་སྐྱེ་བར་འགྱུར་རོ། །གལ་ཏེ་རང་མོར་སྐྱེས་བ་ཡིན་ན། །ཕ་ལ་ཆགས་པ་སྐྱེ་ལ། མ་ལ་ཞེ་སྡང་སྐྱེ་བར་འགྱུར་རོ། །ཆགས་སྡང་གཉིས་ཀྱིས་ཕ་མའི་མི་གཙང་བའི་རྫས་དང་བར་དོའི་ཤེས་པ་འདྲེས་སོ། །

དེ་ནས་བཟུང་ནས་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་དུ་མངལ་དུ་གནས་པར་གསུངས། །ཁ་ཅིག་ནས་ཟླ་བ་བརྒྱད་དམ། ཟླ་བ་དགུའམ། ཟླ་བ་ཅུའི་བར་དུ་གནས་པར་ཡང་གསུངས་སོ། །ཁ་ཅིག་ལ་མ་ངེས་ཏེ་ལོ་དྲུག་ཅུའི་བར་དུ་མངལ་དུ་བསྡད་པ་ཡང་ཡོད་དོ། །

དེ་ཡང་ཞག་བདུན་ཕྲག་དང་པོའི་ཚེ་མའི་མངལ་དུ། ཟངས་ཚ་བའི་ནང་དུ་བཙོས་ཤིང་བརྔོས་པ་ཙམ་དུ་ལུས་ཀྱི་དབང་པོ་དང་རྣམ་པར་ཤེས་པ་ལྷན་ཅིག་ཏུ་སྡུག་བསྔལ་མི་བཟད་པ་མྱོང་སྟེ། དེ་ནི་མེར་མེར་པོ་ཞེས་བྱའོ། །དེའི་དབྱིབས་ནི་འབྲས་ཀྱི་ཁུ་བའམ། ཞོའི་སྤྲིས་མ་དང་འདྲའོ། །

དེ་ནས་ཞག་བདུན་ཕྲག་གཉིས་པ་ལ་མའི་མངལ་ནས་ཀྱང་། ཀུན་ཏུ་རེག་པ་ཞེས་བྱ་བའི་རླུང་བྱུང་ནས་མངལ་ལ་རེག་པས་ཁམས་རྣམ་པ་བཞི་མངོན་དུ་སྣང་བར་འགྱུར་ཏེ། དེ་ནི་ནུར་ནུར་པོ་ཞེས་བྱའོ། །དེའི་དབྱིབས་ནི་ཞོ་སྐ་བའམ། མར་འཁྱག་པ་དང་འདྲའོ། །

དེ་ནས་ཞག་བདུན་ཕྲག་གསུམ་པ་ལ་མའི་མངལ་ནས། མཛོད་ཀ་ཞེས་བྱ་བའི་རླུང་བྱུང་ནས་མངལ་དེ་ལ་རེག་པས་ཁམས་བཞི་པོ་དག་ཤིན་ཏུ་མངོན་དུ་སྣང་བར་འགྱུར་ཏེ། དེ་ནི་ལྟར་ལྟར་པོ་ཞེས་བྱའོ། །དེའི་དབྱིབས་ནི་ལྕགས་ཀྱི་ཐུར་མའམ། སྲིན་བུ་གྲོག་མ་དང་འདྲའོ། །

དེ་བཞིན་དུ་སྦྱར་ཏེ། ཞག་བདུན་ཕྲག་བདུན་པ་ལ་མའི་མངལ་ནས། འཁྱིལ་བར་བྱེད་པ་ཞེས་བྱ་བའི་རླུང་བྱུང་སྟེ། རླུང་དེ་མངལ་ལ་རེག་པས་ལག་པ་གཉིས་དང་། རྐང་པ་གཉིས་འབྱུང་བར་བྱེད་དེ། དེའི་ཚེ་སྐྱེས་བུ་སྟོབས་དང་ལྡན་པས་ཡན་ལག་ནས་འཐེན་ནས་སྐྱེས་བུ་གཞན་ཞིག་གིས། །དབྱུག་པས་གདལ་བ་སྙམ་བྱེད་པའི་སྡུག་བསྔལ་འབྱུང་ངོ་། །

དེ་བཞིན་དུ་སྦྱར་ཏེ། ཞག་བདུན་ཕྲག་བཅུ་གཅིག་པ་ལ་མའི་མངལ་ནས། །བུ་ག་སྣང་བ་ཞེས་བྱ་བའི་རླུང་བྱུང་ནས། མངལ་ལ་རེག་པས་བུ་ག་དགུ་པོ་འབྱུང་བར་འགྱུར་ཏེ། དེའི་ཚེ་རྨ་གསར་པ་མཛུབ་མོས་སློང་བ་ཙམ་གྱི་སྡུག་བསྔལ་ཡོད་དོ། །གཞན་ཡང་མས་ཟས་མ་སྙོམས་ཤིང་གྲང་བ་བརྟེན་ན། གཅེར་བུ་ཆབ་རོམ་དུ་སྐྱུར་བ་ཙམ་གྱི་སྡུག་བསྔལ་ཡོད་དོ། །

དེ་བཞིན་དུ། ཁ་ཟས་ཤིན་ཏུ་ཚ་བ་དང་། ཤིན་ཏུ་སྐྱུར་བ་ལ་སོགས་པས་ཀྱང་སྡུག་བསྔལ་བསྐྱེད་དོ། །ཟས་ཤིན་ཏུ་མང་བ་ཟོས་པའི་དུས་སུ་བྲག་བར་དུ་བཙིར་བ་ལྟ་བུའི་སྡུག་བསྔལ་ཡོད་དོ། །ཟས་ཉུང་དུ་ཟོས་པའི་དུས་སུ་ནམ་མཁའ་ལ་དཔྱང་ལ་བཏང་བ་ལྟ་བུའི་སྡུག་བསྔལ་ཡོད་དོ། །དྲག་ཏུ་སོང་བའམ། མཆོང་པ་བྱས་སམ། བརྡེག་འཆོས་ན་རི་བོའི་ངོས་ལ་འདྲིལ་བ་ལྟ་བུའི་སྡུག་བསྔལ་ཡོད་དོ། །འཁྲིག་ཆགས་མང་དུ་སྤྱོད་པའི་ཚེ། ཚེར་ལྕག་གིས་བྲབས་པ་ལྟ་བུའི་སྡུག་བསྔལ་ཡོད་དོ། ། ཞག་བདུན་ཕྲག་སོ་བདུན་པ་ལ་ནི་མངལ་ཉིད་དུ་ཤེས་པས། མི་གཙང་བའི་འདུས་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས་དང་། མུན་ནག་གི་འདུ་ཤེས་དང་། བཙོན་རའི་འདུ་ཤེས་དང་། ཡོངས་སུ་སྐྱོ་ནས་ཕྱིར་འབྱུང་བའི་འདུ་ཤེས་སྐྱེ་བར་འགྱུར་རོ། ། ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་པ་ལ་མའི་མངལ་ནས། མེ་ཏོག་སྡུད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེ་བསྒྱུར་ནས་སྐྱེ་བའི་སྒོ་ལོགས་སུ་ཕྱོགས་པར་བྱེད་དོ། །དེའི་ཚེ་ལྕགས་ཀྱི་འཁྲུལ་འཁོར་ལ་བསྐྱོན་པ་ལྟ་བུའི་སྡུག་བསྔལ་ཡོད་དོ། །

དེ་ལྟར་དུས་དེ་སྲིད་དུ་མངལ་གྱི་དྲོད་ཟངས་ཚ་བ་དང་། རབ་ཏུ་ཚ་བ་ལྟ་བུས་ནི་བཙོས་ཤིང་བརྔོས། རླུང་མི་འདྲ་བ་ཉི་ཤུ་རྩ་བརྒྱད་ཀྱིས་ནི་རེག་ཅིང་བསྐྱོད། མའི་ཁྲག་ལ་སོགས་པའི་དྭངས་མས་ནི་སྤེལ་ཞིང་བསྐྱེད་པས། མེར་མེར་པོ་ནས་བཟུང་ནས་ལུས་ཀུན་རྫོགས་པའི་བར་དུ་གྱུར་ཏོ། །དེ་ལྟར་ཡང་མངལ་འཇུག་གི་མདོ་ལས། དང་པོ་མེར་མེར་པོ་ལས་ནི། །ཤ་ཡི་ཆུ་བུར་སྐྱེ་བར་འགྱུར། །ཆུ་བུར་ལས་ནི་ལྟར་ལྟར་སྐྱེ། །ལྟར་ལྟར་པོ་ནི་མཁྲང་བར་འགྱུར། །མཁྲང་བ་རྣམ་པར་འགྱུར་ནས་ནི། །མགོ་དང་ཡན་ལག་བཞི་སྐྱེས་པས། །རུས་པ་འདུས་ནས་ལུས་གྲུབ་པ། །ཐམས་ཅད་ལས་ཀྱི་རྒྱུ་ལས་བྱུང་། །ཞེས་གསུངས་སོ། །

དེ་ནས་ཁ་ཐུར་དུ་བལྟ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། །རླུང་དེས་ལུས་དེ་མགོ་ཐུར་དུ་བཟློག་ནས་ལག་པ་བརྐྱང་སྟེ་ཕྱིར་འབྱུང་བར་འགྱུར་རོ། །དེའི་ཚེ་ལྕགས་ཀྱི་འཇུར་མིག་ནས་འདྲེན་པ་ལྟ་བུའི་སྡུག་བསྔལ་ཡོད་དོ། །ཁ་ཅིག་མངལ་ཉིད་དུ་ཤི་ནས་འབྱུང་བར་འགྱུར་རོ། །ཁ་ཅིག་མ་དང་མཉམ་དུ་འཆི་བར་འགྱུར་རོ། །

ཡང་དེ་བཙས་ནས་ས་ལ་ལྷུང་བའི་དུས་སུ་ཚེར་ཁུང་དུ་བསྐྱུར་བ་ཙམ་གྱི་སྡུག་བསྔལ་ཡོད་དོ། །ཕྱིས་པའི་དུས་སུ་པགས་པ་བཤུས་ནས་རྩིག་ཟུར་ལ་བྲད་པ་ཙམ་གྱི་སྡུག་བསྔལ་ཡོད་དོ། །

དེར་ཡུན་དེ་སྲིད་དུ་གནས་ཏེ། ན་ཚ་ཆེ་ཆུང་དེ་འདྲ། དོག་མི་དོག་དེ་འདྲ། མུན་པ་ནག་མི་ནག་དེ་འདྲ། གཙང་མི་གཙང་དེ་འདྲ་སྟེ། ད་ལྟ་ཅི་ཙམ་འདོད་པ་ཆེ་བ་ཞིག་ཡིན་ཡང་མི་གཙང་བའི་དོང་དུ་ཁྱོད་ཞག་གསུམ་སྡོད། ཁ་བཅད་ལ་བཞག་ཞག་གསུམ་གྱི་ནངས་པར་གསེར་སྲང་གསུམ་སྦྱིན་གྱི་ཟེར་ན་སུས་ཀྱང་མི་ནུས་ཏེ། མངལ་གྱི་སྡུག་བསྔལ་ནི་དེ་ལས་ཐུའོ། །དེ་ལྟར་ཡང་སློབ་སྤྲིང་ལས། ཤིན་ཏུ་མི་ཟད་དྲི་ང་མི་གཙང་གཅེར་བས་འགགས། །རབ་ཏུ་དོག་པ་མུན་ནག་འཐིབས་པོར་འདུག་པ་ཡི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམ་ལ་སྡུག་བསྔལ་ཆེན་པོར་གནས་དགོས་སོ། །ཞེས་གསུངས་སོ། །དེ་ལ་ཡིད་ཆེས་ན་ལན་གཅིག་མངལ་དུ་འཇུག་པ་ཡང་སུས་ནུས་སྙམ་དུ་བསམ་མོ། །

རྒ་བའི་སྡུག་བསྔལ་ཡང་དཔག་ཏུ་མེད་དེ། མདོར་ན་བཅུ་ཐམ་པའོ། །དེ་ཡང་གཟུགས་ཡོངས་སུ་འགྱུར་བ་དང་། སྐྲ་ཡོངས་སུ་འགྱུར་བ་དང་། པགས་པ་ཡོངས་སུ་འགྱུར་བ་དང་། ཁ་དོག་ཡོངས་སུ་འགྱུར་བ་དང་། མཐུ་སྟོབས་ཡོངས་སུ་འགྱུར་བ་དང་། གཟི་བརྗིད་ཡོངས་སུ་འགྱུར་བ་དང་། བསོད་ནམས་ཡོངས་སུ་འགྱུར་བ་དང་། ནད་མོད་པ་ཡོངས་སུ་འགྱུར་བ་དང་། སེམས་ཡོངས་སུ་འགྱུར་བ་དང་། གནས་སྐབས་འདས་ཤིང་ཚེའི་མཇུག་བརྟུལ་བའོ། ། དེ་ལ་གཟུགས་ཡོངས་སུ་འགྱུར་བ་ནི། སྔར་གྱི་གཟུགས་དྲང་ཞིང་བརྟན་ལ་མཁྲང་བ་དེ་འགྱུར་ནས། སྒུར་པོ་ཀྱོག་པོ་འཁར་བས་བརྟེན་དགོས་པར་འགྲོ་བའོ། །

སྐྲ་ཡོངས་སུ་འགྱུར་བ་ནི། སྔར་གྱི་སྐྲ་ནག་སིང་ངེ་བ་བུང་བའི་མདོག་ལྟ་བུ་དེ་འགྱུར་ནས། སྐྲ་དཀར་བ་དང་། སྤྱི་ཐེར་ལ་སོགས་པར་འགྲོ་བའོ། །

པགས་པ་ཡོངས་སུ་འགྱུར་བ་ནི། སྔར་གྱི་པགས་པ་སྲབ་ལ་འཇམ་པ། ཡུལ་བཱ་ར་ཎཱ་སིའི་ཕྲ་རས་སམ། རྒྱའི་ནང་དར་ལྟ་བུ་དེ་འགྱུར་ནས། མཐུག་ལ་གོབ་པ། འཇུར་མཐུག་དང་། གཉེར་མའི་ཕུང་པོ། ཟངས་གདུབ་སྣམ་བཞིན་དུ་འགྱུར་བའོ། ། ཁ་དོག་ཡོངས་སུ་འགྱུར་བ་ནི། སྔར་གྱི་ཁ་དོག་བཀྲག་མདངས་དང་ལྡན་པ། མེ་ཏོག་པདྨ་ཁ་བྱེ་མ་ཐག་པ་ལྟ་བུ་དེ་འགྱུར་ནས། སྔོ་ཁོག་སྐྱ་ཁོག་པོ་མེ་ཏོག་རྙིང་པ་བཞིན་དུ་འགྲོ་བའོ། །

མཐུ་སྟོབས་ཡོངས་སུ་འགྱུར་བ་ནི། སྔར་གྱི་ནུས་པ་དང་སྤྲོ་སེམས་འགྱུར་ནས་འགྲོ་བ་སྟེ། ལུས་ཀྱི་ཤེད་ཆད་པས་དཀའ་ལས་གང་ཡང་མི་ནུས། སེམས་ཀྱི་སྟོབས་ཉམས་པས་བྱ་བ་གང་ལ་ཡང་སྤྲོ་བ་ཆུང་། དབང་པོ་རྣམས་ཀྱི་ནུས་པ་ཟད་པས་ཡུལ་མི་འཛིན་པའམ། གཞན་དུ་འཛིན་པར་འགྲོ་བའོ། །

གཟི་བརྗིད་ཡོངས་སུ་འགྱུར་བ་ནི། སྔར་གཞན་གྱིས་བསྟོད་ཅིང་བཀུར་བ་དེ་འགྱུར་ནས། རང་བས་ངན་པས་ཀྱང་བརྙས་ཆོས་བྱེད། དོན་མེད་ཀྱི་མིའི་སྙིང་དུ་ཡང་མི་སྡུག། བྱིས་པས་བསྡིག་མོར་ཆེ། བུ་ཚའི་རྐང་འདྲེན་དུ་ཆེ་བར་འགྲོའོ། །

བསོད་ནམས་ཡོངས་སུ་འགྱུར་བ་ནི། སྔར་གྱི་ལོངས་སྤྱོད་དང་ཟ་ཐང་ཐམས་ཅད་བྲི་ནས། ལུས་ཀྱིས་དྲོན་པོ་མི་མྱོང་། ཁས་ཞིམ་པོ་མི་མྱོང་། ཁྱད་པར་དུ་གང་མེད་པ་དེ་ཟ་སྙིང་འདོད་དེ། ཚོལ་མཁན་དང་། སྟེར་མཁན་ཡང་ཤིན་དུ་དཀའོ། །

ནད་མེད་པ་ཡོངས་སུ་འགྱུར་བ་ནི། ནད་ཆེ་ཤོས་རྒས་ནད་ཀྱིས་ཐེབས་པས། ནད་གཞན་ཐམས་ཅད་ཀྱང་དེས་དྲངས་ནས་སྡུག་བསྔལ་བའོ། །

སེམས་ཡོངས་སུ་འགྱུར་བ་ནི། སྨྲས་པ་དང་། བྱས་པ་ཀུན་དེ་མ་ཐག་ཏུ་བརྗེད་ཅིང་། བཅོས་པ་དང་འཁྲུལ་བར་འགྱུར་བའོ། །

གནས་སྐབས་འདས་ཤིང་ཚེའི་མཇུག་བརྟུལ་བ་ནི། དབུགས་ཀྱང་བརྫངས་ཤིང་སྒྲ་ངར་ངར་པོ་འབྱུང་། འདུ་བྱེད་ཐམས་ཅད་རྙིང་པས་འཆི་བ་ལ་ཉེ་བའོ། །དེ་ལྟར་ཡང་འཕགས་པ་རྒྱ་ཆེ་རོལ་པ་ལས། རྒས་པས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། རྒས་པས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་ཉམས། །རྒས་པས་བདེ་བ་འཕྲོག་ཅིང་སྡུག་བསྔལ་བསྐྱེད། །རྒས་པས་འཆི་བྱེད་རྒས་པས་མདངས་ཀྱང་འཕྲོག། ཅེས་གསུངས་སོ། །

ན་བའི་སྡུག་བསྔལ་ཡང་དཔག་ཏུ་མེད་དེ། མདོར་ན་བདུན་ཡོད་དོ། །དེ་ཡང་ཟུག་དྲག་པོས་བཏབ་པའི་སྡུག་བསྔལ་དང་། དཔྱད་རྩུབ་མོ་བྱེད་པའི་སྡུག་བསྔལ་དང་། སྨན་ཚ་བ་བསྟེན་པའི་སྡུག་བསྔལ་དང་། བཟའ་བཏུང་སྙིང་ལ་འདོད་པ་འགོག་པའི་སྡུག་བསྔལ་དང་། སྨན་པའི་ངོ་བསྲུང་བའི་སྡུག་བསྔལ་དང་། ཡོ་བྱད་ཟད་པའི་སྡུག་བསྔལ་དང་། ཤི་དྭོགས་པའི་སྡུག་བསྔལ་རྣམས་ཡོད་དོ། །དེ་ལྟར་ཡང་འཕགས་པ་རྒྱ་ཆེ་རོལ་པ་ལས། ནད་བརྒྱ་མང་དང་ནད་ཐིབས་སྡུག་བསྔལ་གྱིས། །འགྲོ་བ་གཙེས་ཏེ་མི་ཡི་ཡི་དྭགས་བཞིན། །ཞེས་གསུངས་སོ། །

འཆི་བའི་སྡུག་བསྔལ་ཡང་དཔག་ཏུ་མེད་དེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ། རྒྱགས་པ་དང་ནི་བྲལ། སྐྱབས་ནི་མེད། མགོན་ནི་མེད། དཔུང་གཉེན་ནི་མེད། ནད་ཀྱིས་ནི་གདུངས། ཁ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོབ། ལས་ནི་མི་ནུས། ཁ་ཆུ་དང་། སྣབས་དང་། གཅིན་དང་། ངན་སྐྱུགས་ཀྱིས་ནི་ལུས་ལ་གོས། སྒྲ་ངར་ངར་པོ་ནི་འདོན། སྨན་པས་ནི་བོར། མལ་གྱི་ཐ་མ་ན་ནི་ཉལ། འཁོར་བའི་རྒྱུན་དུ་ནི་ནུབ། གཤིན་རྗེའི་མིས་ནི་འཇིགས་སྐྲག། དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། །འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། སྐྱས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང་། རྒྱ་མཚོ་ཆེན་པོས་ནི་འཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་པ་མེད་པའི་ཕྱོགས་སུ་ནི་འགྲོ། ནོར་བགོ་བཤའ་བྱར་ནི་མེད། ཀྱི་ཧུད་མ། ཀྱི་ཧུད་ཕ། ཀྱི་ཧུད་བུ་ཞེས་ནི་ཟེར་ཏེ་དེའི་ཚེ་རྒྱལ་པོ་ཆེན་པོ་ཆོས་མ་གཏོགས་པ་སྐྱབས་དང་། མགོན་དང་། དཔུང་གཉེན་ནི་གཞན་མེད་དོ། །ཞེས་གསུངས་སོ། །

སྡུག་པ་དང་བྲལ་བའི་སྡུག་བསྔལ་ནི། ཕ་མ་བུ་ཚ་ལ་སོགས་པ་ཡིད་ལ་གཅགས་པ་ཤི་བའི་ཚེ། མྱ་ངན་དང་། གདུང་བ་དང་། སྨྲེ་སྔགས་དང་། དུ་འབོད་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ། ། མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་ནི། དགྲ་སྡང་བས་ཉེན་པའི་ཚེ། འཐབ་རྩོད་ཀྱི་སྡུག་བསྔལ་ཡོད་དོ། །འཐབ་རྩོད་དང་། རྡེག་འཚོག་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དོ། །སྡུག་བསྔལ་ཕྱི་མ་གཉིས་ནི་གོ་སླའོ། ། ལྷ་མིན་ལ་ལྷའི་སྡུག་བསྔལ་དང་ཆ་མཚུངས་པའི་སྟེང་དུ་ང་རྒྱལ་དང་ཕྲག་དོག་དང་། འཐབ་རྩོད་ཀྱི་སྡུག་བསྔལ་ཡོད་དོ། །དེ་ལྟར་ཡང་། ལྷ་མིན་དག་ནི་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །ཞེས་གསུངས་སོ། ། འདོད་ཁམས་ཀྱི་ལྷ་ལ་ཡང་། ལྷ་མིན་དང་འཐབ་པའི་སྡུག་བསྔལ་དང་། འདོད་པས་མ་ངོམས་པའི་སྡུག་བསྔལ་དང་། དཔའ་བཀོང་བའི་སྡུག་བསྔལ་དང་། བཅད་པ་དང་། དྲལ་བ་དང་། གསོད་པ་དང་། སྐྱུགས་པ་དང་། འཆི་འཕོ་བ་དང་། ལྟུང་བའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། ཇི་སྐད་དུ། ལྷའི་བུ་འཆི་བ་ན་ལྟས་རྣམ་པ་ལྔ་འབྱུང་བར་འགྱུར་ཏེ། གོས་དྲི་མ་ཅན་དུ་འགྱུར། མེ་ཏོག་གི་ཕྲེང་བ་རྙིང་པར་འགྱུར། །མཆན་ཁུང་གཉིས་ནས་རྔུལ་འབྱུང་བར་འགྱུར། ལུས་ལ་དྲི་ང་བ་འབྱུང་བར་འགྱུར། རང་གི་སྟན་ལ་མི་དགའ་བར་འགྱུར། ཞེས་གསུངས་སོ། །

གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་ན་ནི། སྡུག་བསྔལ་དེ་དག་མེད་དེ། འོན་ཀྱང་འཆི་འཕོ་བ་དང་། གནས་ལ་རང་དབང་མེད་པའི་ཕྱིར། གནས་ངན་ལེན་གྱི་སྡུག་བསྔལ་ཡོད་དོ། །དེ་ལྟ་བུའི་བདེ་འགྲོ་དང་མཐོ་རིས་དེ་དག་ཀྱང་ལས་ཟད་པ་དང་ངན་སོང་དུ་ལྷུང་བ་ཡིན་ནོ། །

དེས་ན་འཁོར་བའི་གནས་འདི་ནི་སྡུག་བསྔལ་ཆེན་པོའི་རང་བཞིན་མེ་འབར་བའི་ཁང་པ་ལྟ་བུ་ཡིན་ཏེ། མངལ་འཇུག་གི་མདོ་ལས་ཀྱང་། ཀྱེ་མ་ཀྱི་ཧུད། སྲིད་པ་འཁོར་བའི་རྒྱ་མཚོ་འདི་ནི་འབར་བ། རབ་ཏུ་འབར་བ། མཆོག་ཏུ་འབར་བ། ཤིན་ཏུ་འབར་བ་མཆོག་ཏུ་འབར་བ་ཡིན་པས། སེམས་ཅན་འགའ་ཙམ་ཡང་དེས་མ་བཙོས་པ་མེད་དོ། །རབ་ཏུ་འབར་བར་བྱེད་པའི་མེ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེ་དང་། སྐྱེ་བ་དང་། རྒ་བ་དང་། འཆི་བའི་མེ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་མེ་དག་གིས་རྟག་ཏུ་བསྲེག་ཅིང་འབར་བར་བྱེད་པས། འགའ་ཙམ་ཡང་དེ་ལས་ཐར་བ་མེད་དོ། །ཞེས་གསུངས་སོ། །

དེ་ལྟར་འཁོར་བའི་ཉེས་དམིགས་དེ་དག་ཤེས་པས། སྲིད་པའི་བདེ་བ་ལས་བློ་ལྡོག་པ་ཡིན་ནོ། །དེ་ལྟར་ཡང་ཡབ་སྲས་མཇལ་བའི་མདོ་ལས། འཁོར་བའི་ཉེས་དམིགས་མཐོང་བ་ན། །སྐྱོ་བའི་སེམས་ནི་རབ་ཏུ་སྐྱེ། །ཁམས་གསུམ་བཙོན་རར་འཇིགས་པས་ན། །བརྩོན་པའི་སེམས་ཀྱིས་སྤོང་བར་བྱེད། །ཅེས་གསུངས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་དོན་དེ་ལྟར་གསུངས་ཏེ། ཇི་སྐད་དུ། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །ཅེས་གསུངས་སོ། །

དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། འཁོར་བའི་སྡུག་བསྔལ་བསྟན་པའི་ལེའུ་སྟེ་ལྔ་པའོ། །། །