དྭགས་པོ་ཐར་རྒྱན།/19

From Wikisource
Jump to navigation Jump to search
དྭགས་པོ་ཐར་རྒྱན། by སྒམ་པོ་པ་བསོད་ནམས་རིན་ཆེན།
སའི་རྣམ་གཞག་བསྟན་པའི་ལེའུ།
English title: The Jewel Ornament of Liberation: Chapter 19 — .

Author: Gampopa Sonam Rinchen (sgam po pa bsod nam rin chen) 1079-1153

༈ལམ་ལྔ་པོ་དེ་དག་ལ་ས་དུ་ཡོད་ཅེ་ན།

སྡོམ་ནི།

ལས་དང་པོ་དེ་ནི་མོས་སྤྱོད་དང་། །
བྱང་ཆུབ་སེམས་དཔའི་ས་བཅུ་དང་། །
སངས་རྒྱས་ས་སྟེ་དེ་ལྟར་ན། །
བཅུ་དང་གསུམ་གྱི་ས་རྣམས་བསྡུས། །

ཞེས་སོ། །ས་དེ་རྣམས་ནི། བྱང་ཆུབ་ལམ་སྒྲོན་ལས་ཀྱང་། རབ་དགའ་ལ་སོགས་ཐོབ་འགྱུར་ཏེ། །ཞེས་གསུངས་ཏེ། རབ་དགའ་ནི་ས་དང་པོ་ཡིན་ལ། ལ་སོགས་ཀྱིས་ནི་འོག་གི་ས་གཉིས་དང་གོང་གི་ས་བཅུ་བསྡུས་སོ། །དེ་ལ་ལས་དང་པོ་པའི་ས་ནི། །ཚོགས་ལམ་གྱི་གནས་སྐབས་ཏེ། རང་གི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་ཡིན་པས་སོ། །མོས་པས་སྤྱོད་པའི་ས་ནི་སྦྱོར་ལམ་གྱི་གནས་སྐབས་ཏེ། སྟོང་ཉིད་ཀྱི་དོན་ལ་མོས་པ་བྱེད་པ་ཙམ་ཡིན་པས་སོ། །དེའི་དུས་ན་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་དང་། མཐོང་སྤང་གི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཀུན་ཏུ་བཏགས་པ་རྣམས་མི་འབྱུང་བར་མགོ་གནོན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བཅུ་ནི་ས་དང་པོ་རབ་ཏུ་དགའ་བ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་རོ། །དེ་ལྟར་ཡང་འཕགས་པ་ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་འདི་ནི་བྱང་ཆུབ་སེམས་དཔའི་ས་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཞེས་བྱ་བ་དང་། ཞེས་པ་ལ་སོགས་པ་གསུངས་སོ། །

དེ་ལ་ས་དང་པོ་རབ་ཏུ་དགའ་བ་ནི། མཐོང་ལམ་སྐྱེས་པའི་གནས་སྐབས་ཏེ། སྟོང་ཉིད་ཀྱི་དོན་དངོས་སུ་རྟོགས་པའོ། །ས་གཉིས་པ་ནས་བཟུང་ནས་བཅུ་པའི་བར་ནི། སྒོམ་ལམ་གྱི་གནས་སྐབས་ཏེ། ས་དང་པོར་རྟོགས་པའི་དེ་ཁོ་ན་ཉིད་དེ་ལ་གོམས་པར་བྱེད་པའོ། །

བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་ཀྱང་སྤྱིའི་ཆོས་དང་། བྱེ་བྲག་གི་ཆོས་གཉིས་ཀྱིས་ཤེས་པར་བྱའོ། །དེ་ལ་སྤྱིའི་ཆོས་ནི་གསུམ་སྟེ། སའི་ངོ་བོ་དང་། སའི་ངེས་ཚིག་དང་། ས་བཅུར་དབྱེ་བའི་རྒྱུ་མཚན་ནོ། །

དེ་ལ་སའི་ངོ་བོ་ནི། ཆོས་བདག་མེད་པ་མངོན་སུམ་དུ་རྟོགས་པའི་ཤེས་རབ་གྲོགས་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་སློབ་པའི་རྒྱུད་ཀྱིས་བསྡུས་པའོ། །

སའི་ངེས་ཚིག་ནི། ས་དེ་དང་དེའི་གནས་སྐབས་ཀྱི་ཡོན་ཏན་གྱི་ཆོས་ཀྱི་རྟེན་བྱེད་པའམ། ས་གོང་མའི་གོང་མ་སྐྱེད་པར་བྱེད་པས་ན། ས་ཞེས་བྱའོ། །སའི་ངེས་ཚིག་ནི་ཡེ་ཤེས་དེ་ལ་གནས་ཤིང་། ལོངས་སྤྱོད་པས་ན་ས་སྟེ། དཔེར་ན་བ་གླང་གི་ལྷས་བཞིན་ནོ། །ཡེ་ཤེས་དེ་ཉིད་བགྲོད་པས་ན་ས་སྟེ། དཔེར་ན་རྟ་དཀྱུས་ས་བཞིན་ནོ། །ཡེ་ཤེས་དེ་ཡོན་ཏན་གྱི་ཆོས་

ཐམས་ཅད་སྐྱེ་འཁྲུངས་ཀྱི་གཞིར་གྱུར་པས་ན་ས་སྟེ། དཔེར་ན་ཞིང་ས་བཞིན་ནོ། །

ས་བཅུར་དབྱེ་བའི་རྒྱུ་མཚན་ནི། ཡོངས་སུ་སྦྱོང་བའི་ཁྱད་པར་གྱིས་ས་བཅུར་ཕྱེ་བའོ། །

བྱེ་བྲག་གི་ཆོས་ནི་རེ་རེ་བཞིན་ཁྱད་པར་དགུ་དགུས་བསྟན་ཏེ། མིང་གི་ཁྱད་པར་དང་། ངེས་ཚིག་གི་ཁྱད་པར་དང་། ཡོངས་སུ་སྦྱོང་བའི་ཁྱད་པར་དང་། ཉམས་སུ་བླང་བྱའི་ཁྱད་པར་དང་། རྣམ་པར་དག་པའི་ཁྱད་པར་དང་། རྟོགས་པའི་ཁྱད་པར་དང་། སྤངས་པའི་ཁྱད་པར་དང་། སྐྱེ་བའི་ཁྱད་པར་དང་། མཐུའི་ཁྱད་པར་རོ། །

དེ་ལ་ས་དང་པོའི་མིང་གི་ཁྱད་པར་ནི། རབ་ཏུ་དགའ་བའོ། །

ངེས་ཚིག་གི་ཁྱད་པར་ནི། ས་དེ་ཐོབ་པ་དང་བྱང་ཆུབ་ལ་ཉེ་ཞིང་སེམས་ཅན་གྱི་དོན་འགྲུབ་པས་རབ་ཏུ་དགའ་བར་འགྱུར་བས་ན་རབ་ཏུ་དགའ་བའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་གྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་གསུངས་སོ། །

ཡོངས་སུ་སྦྱོང་བའི་ཁྱད་པར་ནི། གཞི་ཐམས་ཅད་ལ་གྱ་གྱུ་མེད་པའི་བསམ་པ་ལ་སོགས་པ། ཆོས་བཅུ་ལ་སྦྱངས་པས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་མངོན་རྟོགས་རྒྱན་ལས། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། །ཞེས་པ་ལ་སོགས་པ་གསུངས་སོ། །

ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ། སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་ཁྱད་པར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་སྟེ། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་འདོད་དོ། །དེ་ལྟར་ཡང་འཕགས་པ་ས་བཅུ་པའི་མདོ་ལས། ས་དང་པོའི་ཐད་ཀ་ལས། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ལས། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་མི་བསྒྲུབ་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །

རྣམ་པར་དག་པའི་ཁྱད་པར་ནི། ཇི་སྐད་དུ། ས་བཅུ་པ་ལས། ས་རབ་ཏུ་དགའ་བ་འདི་ལ། མཐོང་བ་རྒྱ་ཆེན་པོ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་མང་པོ་སྣང་བར་འགྱུར་ཏེ། སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་སྣང་བར་འགྱུར་རོ། །དེ་དག་མཐོང་ནས་ལྷག་པའི་བསམ་པ་རྒྱ་ཆེན་པོས་མཆོད་པར་བྱེད། བསྟི་སྟང་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། དེའི་དགེ་འདུན་གྱི་ཚོགས་ལ་ཡང་རི་མོར་བྱེད་དོ། །དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། །སངས་རྒྱས་དེ་དག་ལས་ཀྱང་ཆོས་ཉན་པ་དང་། ལེན་པ་དང་། འཛིན་པར་བྱེད་དོ། །ཆོས་དེ་དག་ཀྱང་ནན་ཏན་གྱིས་སྒྲུབ་པར་བྱེད་དོ། །བསྡུ་བའི་དངོས་པོ་བཞིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཞེས་གསུངས་སོ། །དེ་ལྟར་ན། །བསྐལ་པ་མང་པོར་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ། མཆོད་ཅིང་རྗེས་སུ་བཟུང་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱས་པ་དང་། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ། རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་དག་པར་འགྱུར་བ་ཡིན་ནོ། །དེ་ཡང་ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་དག་གིས། ཅི་ཙམ་ཅི་ཙམ་དུ་མེར་བསྲེགས་པས། །དེ་ཙམ་དེ་ཙམ་དུ་བྱང་བ་དང་། ཡོངས་སུ་དག་པ་དང་། ཅི་དགར་ལས་སུ་རུང་བར་འགྱུར་རོ། །དེ་བཞིན་དུ་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་རབ་ཏུ་བྱང་བ་དང་ཡོངས་སུ་དག་པ་དང་། ཅི་དགར་ལས་སུ་རུང་བར་འགྱུར་རོ། །ཞེས་གསུངས་སོ། །

རྟོགས་པའི་ཁྱད་པར་ནི། སྤྱིར་ས་བཅུ་པོ་འདི་རྣམས་མཉམ་གཞག་ལ་རྟོགས་པ་ཞིག་མཚུངས་མོད་ཀྱི། རྗེས་ཀྱི་ངེས་པ་འདྲེན་པའི་བྱེ་བྲག་ལ་ལྟོས་ནས་སོ་སོར་ཡོད་དོ། །སོ་སོ་པོ་དེ་བཤད་ན། ས་དང་པོ་ལ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་ཏེ། དེས་བདག་གཞན་མཉམ་པ་ཉིད་རབ་ཏུ་ཐོབ་བོ། །དེ་ལྟར་ཡང་དབུས་མཐའ་ལས། ཀུན་ཏུ་འགྲོ་དོན་ཞེས་གསུངས་སོ། །

སྤངས་པའི་ཁྱད་པར་ནི། ས་དེ་ལ་ཉོན་མོངས་པའི་སྒྲིབ་པའི་དབང་དུ་བྱས་ན། མཐོང་སྤངས་ཀྱི་ཉོན་མོངས་པ་བརྒྱད་ཅུ་རྩ་གཉིས་ཡོད་པ་ལས། །མ་ལུས་པར་སྤངས་པ་ཡིན་ནོ། །

ཤེས་བྱའི་སྒྲིབ་པའི་དབང་དུ་ན་རྣམ་པ་གསུམ་ཡོད་པ་ལས། ལྤགས་ཤུན་ལ་ཡོད་པ་ལྟ་བུ་རྣམས་སྤངས་པ་ཡིན་ནོ། །འཇིགས་པ་ལྔ་དང་ཡང་བྲལ་ལོ། །འཕགས་པ་ས་བཅུ་པའི་མདོ་ལས་ཀྱང་། ས་རབ་ཏུ་དགའ་བ་འདི་ཐོབ་མ་ཐག་ཏུ་འཇིགས་པ་ལྔ་པོ་གང་ཡིན་པ་འདི་ལྟ་སྟེ། འཚོ་བ་མེད་པའི་འཇིགས་པའམ། ཚིགས་སུ་བཅད་པ་མེད་པའི་འཇིགས་པའམ། འཆི་བའི་འཇིགས་པའམ། ངན་འགྲོའི་འཇིགས་པའམ། འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་དེ་དག་ཐམས་ཅད་དེ་ལ་མེད་པ་ཡིན་ནོ། །ཞེས་གསུངས་སོ། །

སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་འཛམ་བུའི་གླིང་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་སེལ་ལོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། དེ་ཡི་རྣམ་པར་སྨིན་པས་ནི། འཛམ་གླིང་དབང་ཕྱུག་ཆེན་པོར་འགྱུར། །ཞེས་གསུངས་སོ། །སྐྱེ་བའི་ཁྱད་པར་གསུངས་པ་འདི་དག་ཀྱང་རང་བཞིན་ལ་བསམས་ཀྱི། གཞན་དོན་ནི་གང་ལ་གང་འདུལ་དུ་རྣམ་པ་དུ་མར་ཡང་ཀུན་ཏུ་སྟོན་ཏེ། སྐྱེས་པའི་རབས་ལས་གསུངས་པ་བཞིན་ནོ། །

མཐུའི་ཁྱད་པར་ནི། ཇི་སྐད་དུ། རབ་ཏུ་དགའ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། འདོད་པས་བརྩོན་འགྲུས་རྩོམ་སྟེ། རབ་ཏུ་འབྱུང་ན་སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་བརྒྱ་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གི་བྱིན་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང་། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱར་གནས་པར་བྱེད་པ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་བསྐལ་པ་བརྒྱ་ཡང་རབ་ཏུ་ཤེས་པ་དང་། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་། ལུས་ཀྱི་སྤྲུལ་པ་བརྒྱ་ཀུན་ཏུ་སྟོན་པ་དང་། ལུས་རེ་རེ་བཞིན་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་བརྒྱ་དང་ལྡན་པར་ཀུན་ཏུ་སྟོན་པའོ། །ཞེས་གསུངས་སོ། །

ས་གཉིས་པའི་མིང་གི་ཁྱད་པར་ནི། དྲི་མ་མེད་པའོ། །

ངེས་ཚིག་གི་ཁྱད་པར་ནི། ས་དེ་ལ་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བས་ན་དྲི་མ་མེད་པ་ཞེས་བྱའོ། །དེ་ལྟར་ཡང་། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བརྗོད། །ཅེས་གསུངས་སོ། །

ཡོངས་སུ་སྦྱོང་བའི་ཁྱད་པར་ནི། ཚུལ་ཁྲིམས་དང་། བྱས་པ་གཟོ་བ་ལ་སོགས་པ་ཡོངས་སྦྱོང་བརྒྱད་ཀྱིས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་བརྩེ་ཆེ། །ཞེས་པ་ལ་སོགས་པ་གསུངས་སོ། །

ཉམས་སུ་བླང་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། ཁྱད་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །

རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས། དེའི་དགེ་བའི་རྩ་བ་རྒྱ་ཆེ་བ་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། །དཔེར་ན་ས་ལེ་སྦྲམ་དེ་ཉིད་གསེར་མགར་དག་གིས་མཚུར་གྱིས་བཀུས་ནས་མེར་བཅུག་ན། དེ་བས་ཀྱང་དྲི་མ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་ས་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ནི། སྔར་བས་ཀྱང་ཆེས་རྣམ་པར་དག་པ་དང་། བྱང་བ་དང་ལས་སུ་རུང་བར་འགྱུར་རོ། །ཞེས་གསུངས་སོ། །

རྟོགས་པའི་ཁྱད་པར་ནི། ས་དེ་ལ་ཆོས་ཀྱི་དབྱིངས་མཆོག་གི་དོན་དུ་རྟོགས་ཏེ། དེས་འདི་སྙམ་དུ། བདག་གིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྦྱང་བ་མངོན་པར་བསྒྲུབ་པ་ལ་བརྩོན་པར་བྱའོ་སྙམ་མོ། །དེ་ལྟར་ཡང་། མཆོག་གི་དོན། ཞེས་གསུངས་སོ། །

སྤངས་པའི་ཁྱད་པར་ནི། ས་གཉིས་པ་ནས་བཟུང་ནས་བཅུ་པའི་བར་འདིས་ཉོན་མོངས་པའི་སྒྲིབ་པའི་དབང་དུ་བྱས་ན། སྒོམ་སྤངས་ཀྱི་ཉོན་མོངས་པ་བཅུ་དྲུག་ཡོད་པ་ལས། དེ་རྣམས་ཀྱི་ས་བོན་ཙམ་ནི་མི་སྤོང་བར་འཇོག་ལ། མངོན་གྱུར་རྣམས་ནི་མགོ་གནོན་པ་ཡིན་ནོ། །ཤེས་བྱའི་སྒྲིབ་པའི་དབང་དུ་བྱས་ན་སྤྱི་ལ་ཡོད་པ་ལྟ་བུ་རྣམས་སྤོང་བ་ཡིན་ནོ། །

སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ། ཕལ་ཆེར་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་རྣམས་མི་དགེ་བ་བཅུའི་ལས་ལས་བཟློག་ནས་དགེ་བ་བཅུའི་ལས་ལ་འགོད་དོ། །དེ་ལྟར་ཡང་། དེ་ཡི་རྣམ་པར་སྨིན་པས་ནི། དཔལ་ལྡན་རིན་ཆེན་བདུན་དག་གིས། །འགྲོ་ཕན་འཁོར་ལོས་སྒྱུར་བར་འགྱུར། །ཞེས་གསུངས་སོ། །

མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་སྟོང་ཐོབ་པ་ལ་སོགས་པ་དང་སྦྱར་རོ། །

ས་གསུམ་པའི་མིང་གི་ཁྱད་པར་ནི་འོད་བྱེད་པའོ། །

ངེས་ཚིག་གི་ཁྱད་པར་ནི། ས་དེ་ལ་ཆོས་དང་ཏིང་ངེ་འཛིན་གྱི་སྣང་བ་གསལ་བ་དང་། གཞན་དག་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པས་ན་འོད་བྱེད་པ་ཞེས་བྱའོ། །དེ་ལྟར་ཡང་། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །ཞེས་གསུངས་སོ། །

ཡོངས་སུ་སྦྱོང་བའི་ཁྱད་པར་ནི། ཐོས་པས་མི་ངོམས་པ་ལ་སོགས་ཆོས་ལྔ་ལ་བསླབས་པས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པའི་ཆོས་སྦྱིན་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །

ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་ཁྱད་པར་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །

རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པའི་ལག་ན་བསྲེལ་ན། དང་པོའི་སྲང་གྲངས་ཀྱི་ཚད་ལས་ཉུང་དུ་མི་འགྲོ་བར། སྐྱོན་དང་དྲི་མ་ཐམས་ཅད་ཟད་པར་བྱེད་དོ། །དེ་བཞིན་དུ་ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ནི་མི་འགྲིབ་པར་གནས་ཤིང་། ཤིན་ཏུ་དག་པ་དང་བྱང་བ་དང་ལས་སུ་རུང་བར་འགྱུར་རོ། །ཞེས་གསུངས་སོ། །

རྟོགས་པའི་ཁྱད་པར་ནི། ས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཆོས་ཀྱི་དབྱིངས་དེའི་རྒྱུ་མཐུན་པའི་ཆོས་དོན་གྱི་མཆོག་ཏུ་རྟོགས་ཏེ། དེས་ཚིགས་སུ་བཅད་པ་རེ་རེ་ཙམ་ཐོས་པའི་ཕྱིར་ཡང་མེའི་འོབས་སྟོང་གསུམ་ཙམ་དུ་བདག་ཉིད་མཆོང་པར་བྱེད་དོ། །དེ་ལྟར་ཡང་། རྒྱུ་མཐུན་མཆོག་གི་དོན་ཉིད་དང་། །ཞེས་གསུངས་སོ། །

སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འདོད་པའི་འདོད་ཆགས་བཟློག་པ་ལ་མཁས་སོ། །དེ་ལྟར་ཡང་། ལྷ་ཡི་དབང་ཆེན་མཁས་པ་སྟེ། །འདོད་པའི་འདོད་ཆགས་བཟློག་པ་ཡིན། །ཞེས་གསུངས་སོ། །

མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་འབུམ་ཐོབ་པ་ལ་སོགས་པ་སྦྱར་རོ། །

ས་བཞི་པའི་མིང་གི་ཁྱད་པར་ནི། འོད་འཕྲོ་བའོ། །

ངེས་ཚིག་གི་ཁྱད་པར་ནི། ས་དེ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱི་ཡེ་ཤེས་ཀྱི་འོད་འཕྲོ་བས། སྒྲིབ་པ་གཉིས་བསྲེགས་པས་ན་འོད་འཕྲོ་བ་ཞེས་བྱའོ། །དེ་ལྟར་ཡང་། འདི་ལྟར་བྱང་ཆུབ་མི་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་ལྡན་ཕྱིར་ན་ས་དེ་ནི། །གཉིས་པོ་བསྲེགས་པས་འོད་འཕྲོ་ཅན། །ཞེས་གསུངས་སོ། །

ཡོངས་སུ་སྦྱོང་བའི་ཁྱད་པར་ནི། དགོན་པར་གནས་པར་བྱ་བ་ལ་སོགས་པ་བཅུས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། ནགས་གནས་འདོད་ཆུང་ཆོག་ཤེས་དང་། །སྦྱངས་པ་ཡང་དག་སྡོམ་བསྟེན་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །

ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་ཁྱད་པར་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །

རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་རྒྱན་གྱི་རྣམ་པར་བྱས་པ་ནི། རྒྱན་དུ་མ་བྱས་པའི་གསེར་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་བཞི་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་ཡང་། ས་འོག་མ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། །ཞེས་གསུངས་སོ། །

རྟོགས་པའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་ཏེ། འདི་ལྟར་ཆོས་ལ་སྲེད་པ་ཡང་ལྡོག་གོ། དེ་ལྟར་ཡང་། ཡོངས་སུ་འཛིན་པ་མེད་དོན་དང་། །ཞེས་གསུངས་སོ། །

སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་ལྷའི་རྒྱལ་པོ་རབ་འཐབ་བྲལ་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འཇིག་ཚོགས་ཀྱི་ལྟ་བ་འཇོམས་པ་ལ་མཁས་སོ། །དེ་ལྟར་ཡང་། རབ་འཐབ་བྲལ་གནས་ལྷ་རྒྱལ་འགྱུར། །འཇིག་ཚོགས་ལྟ་བ་རབ་བྱུང་བ། །ཀུན་ནས་འཇོམས་བྱེད་མཁས་པ་ཡིན། །ཞེས་གསུངས་ཏེ། མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་བྱེ་བ་ཐོབ་པ་ལ་སོགས་པ་སྦྱར་རོ། ། ས་ལྔ་པའི་མིང་གི་ཁྱད་པར་ནི། ཤིན་ཏུ་སྦྱང་དཀའ་བའོ། །

ངེས་ཚིག་གི་ཁྱད་པར་ནི། ས་དེ་ལ་སེམས་ཅན་སྨིན་པར་བྱེད་པ་ལ་བརྩོན་ཡང་སེམས་ཅན་གྱི་ལོག་པར་བསྒྲུབས་པས་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། དེ་གཉིས་ཀ་སྦྱང་དཀའ་བའི་ཕྱིར་སྦྱང་དཀའ་བ་ཞེས་བྱའོ། །དེ་ལྟར་ཡང་། སེམས་ཅན་དོན་ནི་བསྒྲུབ་པ་དང་། །རང་གི་སེམས་ཀྱང་བསྲུང་བས་ན། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཞེས་གསུངས་སོ། །

ཡོངས་སུ་སྦྱོང་བའི་ཁྱད་པར་ནི། རྙེད་སོགས་ཀྱི་དོན་དུ་ཁྱིམ་པ་དང་འདྲིས་པར་བྱེད་པ་ལ་སོགས་བཅུ་སྤངས་པས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། འདྲིས་དང་ཁྱིམ་ལའང་འཁྲེན་པ་དང་། །འདུ་འཛིར་གྱུར་པའི་གནས་དང་ནི། །ཞེས་པ་ལ་སོགས་པ་གསུངས་སོ། །

ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། ཁྱད་པར་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །

རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་བྱི་དོར་བྱས་པ་དེ་ལ་རིན་པོ་ཆེ་སྤུགས་ཀྱིས་སྤྲས་ན་མཚུངས་པ་མེད་པའི་ཕྱིར། །དེ་མ་ཡིན་པའི་གསེར་དག་གིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་ཐབས་ཤེས་རབ་གཉིས་ཀྱིས་དཔྱད་པས་རྣམ་པར་དག་སྟེ། ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བས་མི་འཕྲོག་པ་ཡིན་ནོ། །ཞེས་གསུངས་སོ། །

རྟོགས་པའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་རྒྱུད་ཐ་དད་མེད་པའི་དོན་རྟོགས་ཏེ། མཉམ་པ་ཉིད་བཅུ་ཤེས་སོ། །དེ་ལྟར་ཡང་། རྒྱུད་རྣམས་ཐ་དད་མེད་པ་དང་། །ཞེས་གསུངས་སོ། །

སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ། ཕལ་ཆེར་ལྷའི་རྒྱལ་པོ་དགའ་ལྡན་དུ་སྐྱེ་བར་འགྱུར་ཏེ། མུ་སྟེགས་རྣམས་ཀྱི་ལྟ་བ་བཟློག་པ་ལ་མཁས་པའོ། །དེ་ལྟར་ཡང་། དེ་ཡི་རྣམ་པར་སྨིན་པས་ནི། །དགའ་ལྡན་གནས་ཀྱི་ལྷ་རྒྱལ་འགྱུར། །མུ་སྟེགས་བྱེད་པ་ཐམས་ཅད་ཀྱི། །ཉོན་མོངས་ལྟ་གནས་བཟློག་པར་བྱེད། །ཅེས་གསུངས་སོ། །

མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་བྱེ་བ་ཕྲག་སྟོང་ཐོབ་པ་ལ་སོགས་པ་སྦྱར་རོ། ། ས་དྲུག་པའི་མིང་གི་ཁྱད་པར་ནི། མངོན་དུ་གྱུར་པའོ། །

ངེས་ཚིག་གི་ཁྱད་པར་ནི། ས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། འཁོར་འདས་གཉིས་ལ་མི་གནས་པའི་ཕྱིར། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་མངོན་དུ་གྱུར་པས་ན། མངོན་དུ་གྱུར་པ་ཞེས་བྱ་བའོ། །དེ་ལྟར་ཡང་། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདི་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །ཅེས་གསུངས་སོ། །

ཡོངས་སུ་སྦྱོང་བའི་ཁྱད་པར་ནི། སྦྱིན་པ་ལ་སོགས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་བ་ལ་བསླབ་པ་དང་། ཉན་རང་ལ་འདོད་པ་ལ་སོགས་ཆོས་དྲུག་སྤང་བ་ལ་བསླབ་པ་སྟེ། དེ་ལྟར་བཅུ་གཉིས་ཀྱིས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །ཞེས་པ་ལ་སོགས་པ་གསུངས་སོ། ། ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །

རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་རིན་པོ་ཆེ་བཻཌཱུཪྻས་སྤྲས་ན་མཚུངས་པ་མེད་པའི་ཕྱིར། །དེ་མ་ཡིན་པའི་གསེར་ཐམས་ཅད་ཀྱིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་ཐབས་དང་ཤེས་རབ་ཀྱིས་དཔྱད་པས་རྣམ་པར་དག་ཅིང་འོད་གསལ་ཏེ། དེ་མ་ཡིན་པའི་ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔས་མི་འཕྲོག་པ་ཡིན་ནོ། །ཞེས་གསུངས་སོ། །

རྟོགས་པའི་ཁྱད་པར་ནི། ས་འདི་ལ་གནས་པ་དེས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་མ་ཡིན་པའི་དོན་དུ་རྟོགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གང་ཀུན་ནས་ཉོན་མོངས་པའམ། །གང་རྣམ་པར་དག་པར་འགྱུར་བའི་ཆོས་གང་ཡང་མེད་པར་ཤེས་སོ། །དེ་ལྟར་ཡང་། ཉོན་མོངས་རྣམ་དག་མིན་དོན་དང་། །ཞེས་གསུངས་སོ། ། སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་ལྷའི་རྒྱལ་པོ་རབ་འཕྲུལ་དགར་སྐྱེ་བར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་མངོན་པའི་ང་རྒྱལ་བཟློག་པ་ལ་མཁས་སོ། །དེ་ལྟར་ཡང་། དེ་ཡི་རྣམ་པར་སྨིན་པས་ནི། །ལྷ་ཡི་རྒྱལ་པོ་རབ་འཕྲུལ་དགའ། །ཉན་ཐོས་རྣམས་ཀྱིས་མི་འཕྲོག་པ། །ལྷག་པའི་ང་རྒྱལ་ཅན་ཞི་བྱེད། །ཅེས་གསུངས་སོ། །

མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་བྱེ་བ་ཕྲག་འབུམ་ཐོབ་པ་ལ་སོགས་པ་སྦྱར་རོ། ། ས་བདུན་པའི་མིང་གི་ཁྱད་པར་ནི་རིང་དུ་སོང་བའོ། །

ངེས་ཚིག་གི་ཁྱད་པར་ནི། ས་དེ་བགྲོད་པ་གཅིག་པའི་ལམ་དང་འབྲེལ་བའི་ཕྱིར་རིང་དུ་སོང་བ་ཡིན་ཏེ་སྦྱོང་བའི་མཐར་སོང་བའི་ཕྱིར་རོ། །དེ་ལྟར་ཡང་། བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་གསུངས་སོ། །

ཡོངས་སུ་སྦྱོང་བའི་ཁྱད་པར་ནི། བདག་ཏུ་འཛིན་པ་ལ་སོགས་ཉི་ཤུ་སྤངས་ནས། དེ་ལས་བཟློག་པའི་ཆོས་རྣམ་ཐར་སྒོ་གསུམ་ཤེས་པ་ལ་སོགས་པ་ཉི་ཤུ་བརྟེན་པས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། བདག་དང་སེམས་ཅན་འཛིན་པ་དང་། །ཞེས་པ་དང་། རྣམ་ཐར་སྒོ་གསུམ་ཤེས་པ་དང་། །ཞེས་པ་ལ་སོགས་པ་གསུངས་སོ། ། ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། ཁྱད་པར་དུ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །

རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་ན་ཤིན་ཏུ་མཛེས་ཏེ། དེ་མ་ཡིན་པར་འཛམ་བུ་གླིང་པའི་རྒྱན་ཐམས་ཅད་ཀྱི་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་ཆེས་རྣམ་པར་དག་པས། ཉན་རང་དང་དེ་མ་ཡིན་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། །ཞེས་གསུངས་སོ། །

རྟོགས་པའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཐ་དད་དུ་མེད་པའི་དོན་རྟོགས་ཏེ། མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་ཐ་དད་མི་འབྱུང་ངོ་། །དེ་ལྟར་ཡང་། ཐ་དད་མེད་པའི་དོན་ཉིད་དང་། །ཞེས་གསུངས་སོ། །

སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་ལྷའི་རྒྱལ་པོ་དབང་སྒྱུར་དུ་འགྱུར་ཏེ། ཉན་རང་གི་མངོན་པར་རྟོགས་པ་བསྒྲུབ་པ་ལ་མཁས་སོ། །དེ་ལྟར་ཡང་། དེ་ཡི་རྣམ་པར་སྨིན་པས་ནི། དབང་སྒྱུར་ལྷ་ཡི་རྒྱལ་པོར་འགྱུར། །འཕགས་པའི་བདེན་པ་མངོན་རྟོགས་པའི། །སློབ་དཔོན་ཁྱུ་མཆོག་ཆེན་པོར་འགྱུར། །ཞེས་གསུངས་སོ། །

མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཐོབ་པ་ལ་སོགས་པ་སྦྱར་རོ། ། ས་བརྒྱད་པའི་མིང་གི་ཁྱད་པར་ནི། མི་གཡོ་བའོ། །

ངེས་ཚིག་གི་ཁྱད་པར་ནི། མཚན་མ་ལ་རྩོལ་བའི་འདུ་ཤེས་དང་། མཚན་མ་མེད་པ་ལ་རྩོལ་བའི་འདུ་ཤེས་ཀྱིས་མི་གཡོ་བའི་ཕྱིར་རོ། །དེ་ལྟར་ཡང་། འདུ་ཤེས་གཉིས་ཀྱི་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་མངོན་པར་བརྗོད། །ཅེས་གསུངས་སོ། །

ཡོངས་སུ་སྦྱོང་བའི་ཁྱད་པར་ནི། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་སོགས་པ་ཡོངས་སུ་སྦྱོང་བ་བརྒྱད་ཀྱིས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། སེམས་ཅན་ཀུན་ཡིད་ཤེས་པ་དང་། །མངོན་པར་ཤེས་པས་བརྩེ་བ་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །

ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། །ཁྱད་པར་དུ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །

རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་མགར་བ་མཁས་པས་རྒྱན་དུ་ཟིན་པར་བྱས་ཏེ། འཛམ་བུའི་གླིང་གི་བདག་པོའི་མགོ་འམ་མགུལ་པར་བཏགས་ན། འཛམ་བུ་གླིང་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱན་གྱི་དམ་པ་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་དེ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཉན་རང་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པའི་བར་དག་གིས་མི་འཕྲོག་པ་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་སོ། །

རྟོགས་པའི་ཁྱད་པར་ནི། ས་འདི་ལ་གནས་པ་དེས་ཆོས་ཐམས་ཅད་རྣམ་པར་རྟོག་པའི་འདུ་ཤེས་དང་བྲལ་ཞིང་ནམ་མཁའ་དང་འདྲ་བ་ཁོང་དུ་ཆུད་པས་སྟོང་ཉིད་སྐྱེ་མེད་ཀྱི་དོན་ལ་མི་དངངས་མི་སྐྲག་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས། བྲི་བ་མེད་ཅིང་། འཕེལ་བ་མེད་པའི་དོན་རྟོགས་ཏེ། ཀུན་ནས་ཉོན་མོངས་པའམ། །རྣམ་པར་བྱང་བ་ཡང་བྲི་བའམ། འཕེལ་བ་མི་མཐོང་བའོ། །དེ་ལྟར་ཡང་། བྲི་མེད་འཕེལ་བ་མེད་དོན་དང་། །ཞེས་གསུངས་སོ། ། ཡང་། དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་གསུངས་ཏེ། རྣམ་པར་མི་རྟོག་པ་ལ་དབང་བ་དང་། ཞིང་ཡོངས་སུ་དག་པ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ལས་ལ་དབང་བ་དང་བཞི་ཡོད་པ་ལས། ས་བརྒྱད་པ་ལ་གནས་པ་དེས། རྣམ་པར་མི་རྟོག་པ་ལ་དབང་བ་དང་། ཞིང་ཡོངས་སུ་དག་པ་ལ་དབང་བའི་གནས་ཉིད་དུ་རྟོགས་སོ། །གཞན་ཡང་ས་བརྒྱད་པ་ལ་གནས་པ་དེས། དབང་རྣམ་པ་བཅུ་ཡང་ཐོབ་པར་གསུངས་སོ། །

དེ་ལ་དབང་རྣམ་པ་བཅུ་ནི། ཚེ་ལ་དབང་བ་དང་། དེ་བཞིན་དུ། སེམས་ལ། ཡོ་བྱད་ལ། ལས་ལ། སྐྱེ་བ་ལ། སྨོན་ལམ་ལ། མོས་པ་ལ། རྫུ་འཕྲུལ་ལ། ཡེ་ཤེས་ལ། ཆོས་ལ་དབང་བའོ། །

སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་སྟོང་སྤྱི་ཕུད་ལ་དབང་བའི་རྒྱལ་པོ་ཚངས་པར་འགྱུར་ཏེ། དགྲ་བཅོམ་པ་དང་། རང་རྒྱལ་བ་ལ་སོགས་པའི་དོན་གཏན་ལ་འབེབས་པའོ། །དེ་ལྟར་ཡང་། དེ་ཡི་རྣམ་པར་སྨིན་པས་ནི། །སྟོང་གི་བདག་པོ་ཚངས་པར་འགྱུར། །དགྲ་བཅོམ་རང་སངས་རྒྱས་སོགས་ཀྱི། །དོན་གཏན་འབེབས་ལ་འཕྲོག་པ་མེད། །ཅེས་གསུངས་སོ། །

མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ་པ་ལ་སོགས་པ་སྦྱར་རོ། ། ས་དགུ་པའི་མིང་གི་ཁྱད་པར་ནི། ལེགས་པའི་བློ་གྲོས་སོ། ། ངེས་ཚིག་གི་ཁྱད་པར་ནི། ས་དེ་ལ་སོ་སོ་ཡང་དག་པར་རིག་པའི་བློ་གྲོས་བཟང་བའི་ཕྱིར་རོ། །དེ་ལྟར་ཡང་། སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་གསུངས་སོ། །

ཡོངས་སུ་སྦྱོང་བའི་ཁྱད་པར་ནི། སྨོན་ལམ་མཐའ་ཡས་པ་ལ་སོགས་པ་བཅུ་གཉིས་ཀྱིས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། སྨོན་ལམ་དག་ནི་མཐའ་ཡས་དང་། །ལྷ་ལ་སོགས་པའི་སྐད་ཤེས་དང་། །ཞེས་པ་ལ་སོགས་པ་གསུངས་སོ། ། ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་པ་དེས་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། ཁྱད་པར་དུ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །

རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས། །དེའི་དགེ་བའི་རྩ་བ་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་རྒྱན་དུ་བྱས་པ་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་མགོའམ་མགུལ་དུ་བཏགས་ན། ཁམས་ཀྱི་རྒྱལ་པོ་རྣམས་དང་། གླིང་བཞི་པའི་སེམས་ཅན་རྣམས་ཀྱི་རྒྱན་གྱི་རྣམ་པ་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་བརྒྱན་པ། ཉན་རང་ཐམས་ཅད་དང་ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མི་འཕྲོག་པ་ཡིན་ནོ། །ཞེས་གསུངས་སོ། །

རྟོགས་པའི་ཁྱད་པར་ནི། དབང་བཞི་པོ་དེ་ལས་ཡེ་ཤེས་ལ་དབང་བའི་གནས་ཉིད་དུ་རྟོགས་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། འཕགས་པ་ས་བཅུ་པའི་མདོ་ལས། སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་ངང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྟག་པར་རྒྱུན་དུ་འབྱུང་ངོ་། །ཞེས་གསུངས་སོ། ། སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ལ་དབང་བའི་ལྷའི་རྒྱལ་པོ་ཚངས་པར་འགྱུར་ཏེ། དྲིས་པ་ཐམས་ཅད་ཀྱི་ལན་འདེབས་པར་བྱེད་དོ། །དེ་ལྟར་ཡང་། དེ་ཡི་རྣམ་པར་སྨིན་པས་ནི། །སྟོང་གཉིས་བདག་པོ་ཚངས་པར་འགྱུར། །སེམས་ཅན་བསམ་པ་དྲིས་པ་ལས། །དགྲ་བཅོམ་སོགས་ཀྱིས་འཕྲོག་པ་མེད། །ཅེས་གསུངས་སོ། ། མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་གྱི་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ་པ་ལ་སོགས་པ་སྦྱར་རོ། །

ས་བཅུ་པའི་མིང་གི་ཁྱད་པར་ནི། ཆོས་ཀྱི་སྤྲིན་ནོ། །

ངེས་ཚིག་གི་ཁྱད་པར་ནི། ས་དེ་ལ་གནས་པས་ནི་སྤྲིན་བཞིན་དུ་ཆོས་ཀྱི་ཆར་ཕབ་ནས། སེམས་ཅན་གྱི་ཉོན་མོངས་པའི་རྡུལ་ཕྲ་རབ་ཞི་བར་བྱེད་པས་ན་ཆོས་ཀྱི་སྤྲིན་ནོ། །ཡང་ན་སྤྲིན་བཞིན་དུ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཐོབ་པའི་ཆོས་ལ་ཡོད་པ་ནམ་མཁའ་ལྟ་བུ་ལ་ཁྱབ་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། །དེ་ལྟར་ཡང་། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཁམས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་གསུངས་སོ། །

ཡོངས་སུ་སྦྱོང་བའི་ཁྱད་པར་ནི། མངོན་རྟོགས་རྒྱན་ལས་མ་བསྟན་ཏེ། འཕགས་པ་ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག། བྱང་ཆུབ་སེམས་དཔའ་དེ་ལྟར་ས་དགུའི་བར་དུ་ཤེས་ བྱ་ཚད་མེད་པ་ལ་རྣམ་པར་བརྟགས་པའི་བློས་ཤིན་ཏུ་རྣམ་པར་ཕྱེ་བ། རྣམ་པར་འབྱེད་པ། ཞེས་པ་ལ་སོགས་པ་ཡོངས་སུ་སྦྱོང་བ་བཅུས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྐུར་བའི་ས་ཐོབ་པར་གསུངས་སོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྐུར་བའི་ས་ཞེས་པ་ནི་ས་བཅུ་པའོབྱམས་པ་དང་བྱམས་པའི་ཊི་ཀ་ལས་ཀྱང་དེ་ལྟར་གསུངས། གསང་སྔགས་ནས་ས་བཅུ་པའི་མཐར་བྱང་ཆུབ་སེམས་དཔའ་དེ་ལ། ཕྱོགས་བཅུའི་སངས་རྒྱས་ཀྱི་དབང་བསྐུར་བས་འཚང་རྒྱ་བར་གསུངས་པ་དེ་དང་། འདིར་སྨོས་པ་གཉིས་གཅིག་པ་ཡིན་ཏེ། དྲི་བ་ལན་མི་འདྲ་ཡང་དོན་ལ་འགལ་བ་མེད་དོ། །ས་བཅུ་པ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྐུར་བའི་ས་ཟེར་བ་ཅི་སྟེ་ཞེ་ན། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ། ཕྱོགས་བཅུའི་སངས་རྒྱས་ཀྱིས། འོད་ཟེར་གྱིས་དབང་བསྐུར་བའི་ཕྱིར་ཏེ། རྒྱས་པར་ནི་ས་བཅུ་པའི་མདོ་ལས་ཤེས་པར་བྱའོ། །རིན་ཆེན་ཕྲེང་བ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི། །འོད་ཟེར་དབང་གིས་དབང་བསྐུར་ཕྱིར། །ཞེས་གསུངས་སོ། །

ཉམས་སུ་བླང་བྱའི་ཁྱད་པར་ནི།

ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། ཁྱད་པར་དུ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། ། རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་ལྷའི་རྒྱན་ཆེན་པོ་མཁན་པོ་དང་བཟོ་བོས་མ་བྱས་པ། ནོར་བུ་རིན་པོ་ཆེས་སྤྲས་པ་དེ་ལྷའི་རྒྱལ་པོ་དབང་སྒྱུར་གྱི་མགོའམ་མགུལ་དུ་བཏགས་ན། དེ་མ་ཡིན་པའི་ལྷ་དང་མིའི་རྒྱན་གྱི་རྣམ་པ་དག་གིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་རྒྱུ་དེ་དག་ཀྱང་། སེམས་ཅན་ཐམས་ཅད་དང་། ཉན་རང་ཐམས་ཅད་དང་། ས་དགུ་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། །ཞེས་གསུངས་སོ། །

རྟོགས་པའི་ཁྱད་པར་ནི། དབང་བཞི་པོ་དེ་དག་ལས། ལས་ལ་དབང་བའི་གནས་ཉིད་དུ་རྟོགས་ཏེ། ཇི་ལྟར་བཞེད་པ་བཞིན་སྤྲུལ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །

སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོར་འགྱུར་ཏེ། སེམས་ཅན་དང་། ཉན་རང་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་ཆོས་སྟོན་པ་ལ་མཁས་པའོ། །དེ་ལྟར་ཡང་། དེ་ཡི་རྣམ་པར་སྨིན་པས་ནི། །གནས་གཙང་ལྷ་ཡི་བདག་པོར་འགྱུར། །བསམ་ཡས་ཡེ་ཤེས་ཡུལ་གྱི་བདག། དབང་ཕྱུག་ཆེན་པོ་མཆོག་ཡིན་ནོ། །ཞེས་གསུངས་སོ། །

མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་དག་ལ་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ་ཅིང་སྙོམས་པར་འཇུག་པ་ལ་སོགས་པ་སྦྱར་རོ། །གཞན་ཡང་བ་སྤུའི་ཁུང་བུ་རེ་རེ་ལས་ཀྱང་། གྲངས་ལས་འདས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའི་འཁོར་ཚད་མེད་པ་དང་བཅས་པ་སྐད་ཅིག་ལ་སྟོན་པར་ནུས་སོ། །ལྷ་དང་མི་ལ་སོགས་པའི་འགྲོ་བ་མང་པོ་སྟོན་ནུས་སོ། །གདུལ་བྱ་གང་ལ་གང་འདུལ་དུ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། རྒྱལ་པོ་དང་། ཉན་རང་དང་། དེ་བཞིན་གཤེགས་པའི་གཟུགས་སུ་གནས་ནས་ཆོས་སྟོན་པར་ནུས་སོ། །དེ་ལྟར་ཡང་དབུ་མ་འཇུག་པ་ལས། བ་སྤུའི་ཁུང་ནས་རྫོགས་པའི་སངས་རྒྱས་རྣམས། །གྲངས་མེད་བྱང་ཆུབ་སེམས་དཔའི་འཁོར་བཅས་དང་། །གཞན་ཡང་ལྷ་དང་མི་དང་ལྷ་མ་ཡིན། །སྐད་ཅིག་སྐད་ཅིག་སྟོན་པར་ནུས་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་ས་བཅུ་བཤད་ཟིན་ཏོ། །

སངས་རྒྱས་ཀྱི་ས་ནི་མཐར་ཕྱིན་པའི་ལམ་གྱི་གནས་སྐབས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས་པས་སྒོམ་སྤང་གི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྙིང་པོ་ལ་ཡོད་པ་ལྟ་བུ་ཅིག་ཅར་དུ་སྤོང་བའོ། །དེ་ལྟར་ས་དེ་དག་ཀྱང་། བསྐལ་པ་གྲངས་མེད་པ་གསུམ་གྱིས་བགྲོད་པར་འགྱུར་ཏེ། ཇི་སྐད་དུ། བྱང་ས་ལས། དེ་དག་ཐམས་ཅད་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་འགྲུབ་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་དང་པོས་ནི། མོས་པས་སྤྱོད་པ་ལས་ཡང་དག་པར་འདས་ནས་རབ་ཏུ་དགའ་བ་ལ་གནས་པ་ཐོབ་སྟེ། དེ་ཡང་རྟག་ཏུ་འབད་པས་ཐོབ་ཀྱིས་མི་འབད་པས་ནི་མ་ཡིན་ནོ། །བསྐལ་པ་ཆེན་པོ་གྲངས་མེད་པ་གཉིས་པས་ནི། ས་རབ་ཏུ་དགའ་བ་ནས་ས་བདུན་པ་རིང་དུ་སོང་བའི་བར་ལས་འདས་ཏེ། ས་བརྒྱད་པ་མི་གཡོ་བ་ཐོབ་པར་འགྱུར་རོ། །དེ་ནི་ངེས་པ་ཁོ་ན་སྟེ། འདི་ལྟར་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་དེས་ངེས་པར་འབད་པའི་ཕྱིར་རོ། །བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་པས་ནི། ས་བརྒྱད་པ་དང་། དགུ་པ་ལས་ཡང་དག་པར་འདས་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པར་འགྱུར་རོ། །སུ་བརྩོན་འགྲུས་རྩོམ་པ་ཆེན་པོས་སྦྱོར་བ་དེའི་ནང་ན་ལ་ལ་ནི་བར་གྱི་བསྐལ་པ་མང་པོ་ཞིག་ཏུ་འདུམས་པར་བྱེད་དོ། །ལ་ལ་ནི་བསྐལ་པ་ཆེན་པོ་དག་གི་བར་དུ་འདུམས་པར་བྱེད་ཀྱི། གྲངས་མེད་པ་འདུམས་པར་བྱེད་པ་ནི་འགའ་ཡང་མེད་པར་རིག་པར་བྱའོ། །ཞེས་གསུངས་སོ། །

དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། སའི་རྣམ་གཞག་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །། །