དྭགས་པོ་ཐར་རྒྱན།/18

From Wikisource
Jump to navigation Jump to search
དྭགས་པོ་ཐར་རྒྱན། by སྒམ་པོ་པ་བསོད་ནམས་རིན་ཆེན།
ལམ་གྱི་རྣམ་པར་གཞག་པ་བསྟན་པ།
English title: The Jewel Ornament of Liberation: Chapter 18 — .

Author: Gampopa Sonam Rinchen (sgam po pa bsod nam rin chen) 1079-1153

༈དེ་ལྟར་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བསླབ་བྱ་དེ་དག་ལ་ནན་ཏན་བྱས་པས། བྱང་ཆུབ་སེམས་དཔའི་ས་ལམ་རྣམས་རིམ་གྱིས་བགྲོད་པར་འགྱུར་རོ། ། དེ་ལ་ལམ་བཤད་ན།

སྡོམ་ནི།

ཚོགས་ཀྱི་ལམ་དང་སྦྱོར་ལམ་དང་། །
མཐོང་བའི་ལམ་དང་སྒོམ་ལམ་དང་། །
ཡོངས་སུ་མཐར་ཕྱིན་པ་ཡི་ལམ། །
ལྔ་ཡིས་ལམ་རྣམས་ཡོངས་སུ་བསྡུས། །

ཞེས་གསུངས་སོ། །དེ་ལྟར་ལམ་ལྔ་པོ་དེ་བྱང་ཆུབ་ལམ་སྒྲོན་གྱི་གཞུང་ལྟར་ན་ཡང་། །དང་པོ་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་ཆོས་བསྒོམས་ནས་གཞི་བརྟན་པར་བྱ་བ་དང་། དེ་ནས་སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད་པ་དང་། དེ་ནས་ཚོགས་གཉིས་བསགས་པ་ལ་འབད་པར་བསྟན་པ་དེ་རྣམས་ཀྱིས་ཚོགས་ལམ་ལེགས་པར་བསྟན་པ་ཡིན་ནོ། །རིམ་གྱིས་དྲོད་སོགས་ཐོབ་བྱས་ནས། །ཞེས་པས་ནི། སྦྱོར་ལམ་བསྟན་པ་ཡིན་ནོ། །རབ་དགའ་ལ་སོགས་ཐོབ་གྱུར་ཏེ། །ཞེས་པས་ནི། མཐོང་ལམ་དང་སྒོམ་ལམ་དང་མཐར་ཕྱིན་པའི་ལམ་བསྟན་པ་ཡིན་ནོ། །

དེ་ལ་ཚོགས་ལམ་ནི། རིགས་དང་ལྡན་པ་གཅིག་གིས་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སློབ་དཔོན་ལས་གདམས་ངག་མནོས་ནས། དྲོད་ཀྱི་ཡེ་ཤེས་མ་སྐྱེས་ཀྱི་བར་དུ་དགེ་བ་ལ་འབད་པ་བྱེད་ཚད་རྣམས་ཡིན་ནོ། །དེའི་སྐབས་སུ་རྟོགས་པ་དང་མོས་པ་ལས་གྱུར་པ་དང་། ལྷག་པར་འདོད་པ་ལས་གྱུར་པ་དང་། ཐོབ་པ་ལས་གྱུར་པ་དང་བཞིར་དབྱེའོ། །

དེ་དག་ཅིའི་ཕྱིར་ཚོགས་ལམ་ཞེས་བྱ་ཞེ་ན། དྲོད་ལ་སོགས་པ་རྟོགས་པ་སྐྱེ་བའི་སྣོད་དུ་རུང་བར་བྱ་བའི་ཕྱིར། དགེ་བའི་ཚོགས་གསོག་པར་བྱེད་པས་ན་ཚོགས་ལམ་ཞེས་བྱའོ། །དེ་དག་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཞེས་ཀྱང་བྱའོ། །

གནས་སྐབས་དེ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དབང་དུ་བྱས་ན། དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། ཆོས་བཞི་གསུམ་བཅུ་གཉིས་བསྒོམ་པའོ། །

དེ་ལ་དྲན་པ་ཉེ་བར་བཞག་པ་བཞི་ནི། ལུས་དྲན་པ་ཉེ་བར་བཞག་པ་དང་། ཚོར་བ་དྲན་པ་ཉེ་བར་བཞག་པ་དང་། སེམས་དྲན་པ་ཉེ་བར་བཞག་པ་དང་། ཆོས་དྲན་པ་ཉེ་བར་བཞག་པ་སྟེ། དེ་དག་ནི་ཚོགས་ལམ་ཆུང་ངུའི་དུས་སོ། །

ཡང་དག་པར་སྤོང་བ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་སྤོང་བ་དང་། མ་སྐྱེས་པ་མི་བསྐྱེད་པ་དང་། གཉེན་པོ་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་འཕེལ་བར་བྱེད་པ་སྟེ། དེ་དག་ནི་ཚོགས་ལམ་འབྲིང་གི་དུས་སུའོ། །

རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་ཏེ། དེ་དག་ནི་ཚོགས་ལམ་ཆེན་པོའི་དུས་སུའོ། །

སྦྱོར་བའི་ལམ་ནི། ཚོགས་ལམ་རབ་ཀྱི་མཐར་ཕྱིན་པའི་རྗེས་ལ། བདེན་པ་བཞི་རྟོགས་པ་དང་། རྗེས་སུ་མཐུན་པ་ངེས་འབྱེད་ཡན་ལག་རྣམ་བཞི་ཞེས་བྱ་བ་སྐྱེ་བ་སྟེ། དྲོད་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་རྟེན་ཆོས་མཆོག་རྣམས་སོ། །

དེ་དག་ལ་ཅིའི་ཕྱིར་ན་སྦྱོར་ལམ་ཞེས་བྱ་ཞེ་ན། བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བའི་དོན་གྱིས་ན་སྦྱོར་ལམ་ཞེས་བྱའོ། །

དེ་ཡང་དྲོད་དང་རྩེ་མོའི་གནས་སྐབས་ན་དབང་པོ་ལྔ་དང་ལྡན་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །བཟོད་པ་དང་། འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་ན་སྟོབས་ལྔ་དང་ལྡན་ཏེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །

མཐོང་བའི་ལམ་ནི། འཇིག་རྟེན་ཆོས་ཀྱི་མཆོག་གི་རྗེས་ཐོག་ཏུ་འཕགས་པའི་བདེན་པ་བཞི་ལ་དམིགས་པའི་ཞི་གནས་དང་། ལྷག་མཐོང་མཚུངས་པར་ལྡན་པ་དང་བཅས་པ་སྟེ། དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པ་ལ་སོགས་པ་བདེན་པ་བཞི་པོ་རེ་རེ་ལ་བཞི་བཞི་སྟེ། བཟོད་པ་དང་ཤེས་པ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཅན་ནོ། །

དེ་དག་ལ་ཅིའི་ཕྱིར་མཐོང་པའི་ལམ་ཞེས་བྱ་ཞེ་ན། སྔོན་མ་མཐོང་བའི་འཕགས་པའི་བདེན་པ་མཐོང་བས་ན་མཐོང་བའི་ལམ་ཞེས་བྱའོ། །

གནས་སྐབས་དེ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག། བརྩོན་འགྲུས་ཡང་དག། དགའ་བ་ཡང་དག། ཤིན་ཏུ་སྦྱངས་པ་ཡང་དག། ཏིང་ངེ་འཛིན་ཡང་དག། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ།

སྒོམ་ལམ་ནི། མཐོང་ལམ་སྐྱེས་པའི་རྗེས་ཐོག་ནས་བཟུང་བ་སྟེ། དེ་ལ་འཇིག་རྟེན་པའི་ལམ་དང་། འཇིག་རྟེན་ལས་འདས་པའི་ལམ་གཉིས་སོ། །

དེ་ལ་འཇིག་རྟེན་པའི་སྒོམ་ལམ་ནི། འཇིག་རྟེན་པའི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བསམ་གཏན་བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྣམས་སོ། །

འདི་དག་བསྒོམ་པ་ལ་དགོས་པ་གསུམ་ཡོད་དེ། སྒོམ་སྤངས་ཀྱི་ཉོན་མོངས་རྣམས་མགོ་གནོན་པར་བྱེད་པ་དང་། ཚད་མེད་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པར་བྱེད་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱི་རྟེན་བྱེད་པའོ། །

འཇིག་རྟེན་ལས་འདས་པའི་སྒོམ་ལམ་ནི། ཡེ་ཤེས་གཉིས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་རྗེས་སུ་འབྲང་བ་དང་བཅས་པ་སྟེ། དེ་ཡང་མཐོང་བའི་ལམ་དུ་བདེན་པ་བཞི་པོ་རེ་རེ་ལ་བཟོད་པ་དང་ཤེས་པ་བཞི་བཞི་སྟེ། བཅུ་དྲུག་ཏུ་མཐོང་བ་ལ་བཟོད་པ་བརྒྱད་ནི་མཐོང་ལམ་དུ་མཐོང་བ་དེས་ཆོག། ཤེས་པ་བརྒྱད་པོ་ནི་སྒོམ་ལམ་དུ་བསམ་གཏན་བཞི་དང་། གཟུགས་མེད་གསུམ་གྱི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་སྒོ་ནས་ཞི་གནས་དང་ལྷག་མཐོང་གོམས་པར་བྱེད་པའོ། །

དེ་ཡང་ཆོས་ཉིད་རྟོགས་པ་རྣམས་གོམས་པར་བྱེད་པ་ནི་ཆོས་ཤེས་པའི་ཕྱོགས་ཡིན་ལ། ཡེ་ཤེས་རྟོགས་པ་རྣམས་གོམས་པར་བྱེད་པ་ནི་རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་ཡིན་ནོ། ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ནི། འདུ་ཤེས་ཀྱི་རྒྱུ་བ་ཡོངས་སུ་མི་གསལ་བའི་ཕྱིར་འཇིག་རྟེན་པ་ཉིད་དོ། །

དེ་དག་ལ་ཅིའི་ཕྱིར་སྒོམ་པའི་ལམ་ཞེས་བྱ་ཞེ་ན། མཐོང་ལམ་དུ་རྟོགས་པའི་དེ་ཁོ་ན་ཉིད་སྒོམ་པར་བྱེད་པས་ན། སྒོམ་ལམ་ཞེས་བྱའོ། །

གནས་སྐབས་དེ་ན་འཕགས་པའི་ལམ་ཡན་ལག་བརྒྱད་ལྡན་ཏེ། ཡང་དག་པའི་ལྟ་བ་དང་། ཡག་པའི་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནོ། །

མཐར་ཕྱིན་པའི་ལམ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་ལ་སྐྱེས་པ་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་རང་བཞིན་ནོ། །

དེ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། སྒོམ་ལམ་གྱི་མཐའི་སྤོང་བའི་ལམ་གྱི་གནས་སྐབས་ཏེ། སྦྱོར་བའི་ལམ་དང་བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ། །

ཏིང་ངེ་འཛིན་དེ་ཡང་བར་ཆད་མེད་པ། སྲ་བ། བརྟན་པ། རོ་གཅིག་པ། ཁྱབ་པས་ན་རྡོ་རྗེ་ལྟ་བུ་ཞེས་བཏགས་པའོ། །

དེ་ལ་བར་ཆད་མེད་པ་ནི། རྐྱེན་འཇིག་རྟེན་པའི་སྤྱོད་པས་མཐར་མི་ཕྱིན་པའི་ཕྱིར་རོ། །སྲ་བ་ནི། སྒྲིབ་པ་ཐམས་ཅད་ཀྱིས་མི་ཤིགས་པས་སོ། །བརྟན་པ་ནི། རྣམ་རྟོག་གིས་མི་བསྐྱོད་པས་སོ། །རོ་གཅིག་པ་ནི། རྣམ་པར་རོ་གཅིག་པས་སོ། །ཁྱབ་པ་ནི། ཤེས་བྱ་ཐམས་ཅད་ཀྱི་སྤྱིའི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ། །

ཏིང་ངེ་འཛིན་དེའི་རྗེས་ལ་སྐྱེས་པའི་ཟད་པ་ཤེས་པ་ནི། རྒྱུ་ཀུན་འབྱུང་ཟད་པའི་དབང་གིས་བདེན་པ་བཞི་ལ་དམིགས་པའི་ཡེ་ཤེས་སོ། །མི་སྐྱེ་བ་ཤེས་པ་ནི། འབྲས་བུ་སྡུག་བསྔལ་སྤངས་པའི་དབང་གིས་བདེན་པ་བཞི་ལ་དམིགས་པའི་ཡེ་ཤེས་སོ། །

ཡང་ན་རྒྱུ་ཟད་པ་དང་འབྲས་བུ་མི་སྐྱེ་བ་ལ་དམིགས་པའི་ཡེ་ཤེས་ནི་ཟད་པ་དང་། མི་སྐྱེ་བ་ཤེས་པའོ། ། དེ་དག་ལ་ཅིའི་ཕྱིར་མཐར་ཕྱིན་པའི་ལམ་ཞེས་བྱ་ཞེ་ན། བསླབ་པ་མཐར་ཕྱིན་པ་ཡིན་ཞིང་། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བས་ན་མཐར་ཕྱིན་པའི་ལམ་ཞེས་བྱའོ། ། གནས་སྐབས་དེ་ན་མི་སློབ་པའི་ཆོས་བཅུ་ཡོད་དེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས། མི་སློབ་པའི་ཏིང་ངེ་འཛིན་གྱི་བར་དང་། མི་སློབ་པའི་རྣམ་པར་གྲོལ་བ་དང་། མི་སློབ་པའི་ཡང་དག་པའི་ཡེ་ཤེས་སོ། །

མི་སློབ་པའི་ཆོས་བཅུ་པོ་དེ་ཡང་ཟག་མེད་ཀྱི་ཕུང་པོ་ལྔའི་དབང་དུ་བྱས་པ་སྟེ། དེ་ལ་མི་སློབ་པའི་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང་། ཏིང་ངེ་འཛིན་དང་། གཉིས་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །ཡང་དག་པའི་ལྟ་བ་དང་། རྟོགས་པ་དང་། རྩོལ་བ་དང་གསུམ་ནི་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་ཕུང་པོའོ། །ཡང་དག་པའི་ཡེ་ཤེས་ནི། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། ། དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། ལམ་གྱི་རྣམ་པར་གཞག་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །། །