དྭགས་པོ་ཐར་རྒྱན།/12

From Wikisource
Jump to navigation Jump to search
དྭགས་པོ་ཐར་རྒྱན།
by སྒམ་པོ་པ་བསོད་ནམས་རིན་ཆེན།
English title: The Jewel Ornament of Liberation: Chapter 13 — .

Author: Gampopa sonam Rinchen (sgam po pa bsod nam rin chen) 1079-1153

༈ཡན་ལག་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ།

སྡོམ་ནི།

སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །
ངོ་བོ་དང་ནི་དབྱེ་བ་དང་། །
ཕྱེ་བ་སོ་སོའི་མཚན་ཉིད་དང་། །
སྤེལ་དང་དག་པར་བྱ་བ་དང་། །
འབྲས་བུ་དང་ནི་དོན་བདུན་གྱིས། །
སྦྱིན་པའི་ཕ་རོལ་ཕྱིན་བསྡུས་སོ། །

ཞེས་པའོ། །དེ་ལ་དང་པོ་བཤད་ན། གང་ཞིག་སྦྱིན་པ་དང་མི་ལྡན་ན་རང་ཡང་རྟག་ཏུ་བཀྲེན་པས་སྡུག་བསྔལ་ཏེ། ཕལ་ཆེར་ཡི་དྭགས་སུ་སྐྱེ་ལ། གལ་ཏེ་མི་ལ་སོགས་པར་སྐྱེས་ན་ཡང་། དབུལ་ཞིང་འཕོངས་ནས་ཉམ་ཐག་པར་འགྱུར་བའོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ་བར་འགྱུར། །ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་འགྱུར། །ཞེས་གསུངས་སོ། །འདུལ་བ་ལུང་ལས་ཀྱང་། གྲོ་བཞིན་སྐྱེས་ལ་ཡི་དྭགས་ཀྱིས་ལན་བཏབ་པ། །བདག་ཅག་སེར་སྣས་འཇུངས་པ་ཅན། །སྦྱིན་པ་ཅུང་ཟད་མ་བཏང་སྟེ། །བདག་ཅག་ཡི་དྭགས་འཇིག་རྟེན་ལྷགས། །ཞེས་འབྱུང་ངོ་། །

ཡང་སྦྱིན་པ་དང་མི་ལྡན་ན། གཞན་དོན་ཡང་མི་ནུས་ལ། བྱང་ཆུབ་ཀྱང་མི་ཐོབ་བོ། །དེ་ལྟར་ཡང་། སྦྱིན་གཏོང་མ་མྱོང་ལོངས་སྤྱོད་མེད། །སེམས་ཅན་བསྡུ་བར་ཡོངས་མི་ནུས། །བྱང་ཆུབ་ཐོབ་པ་ལྟ་ཅི་སྨོས། །ཞེས་གསུངས་སོ། །

དེ་ལས་བཟློག་སྟེ་སྦྱིན་པ་དང་ལྡན་ན་རང་ཡང་སྐྱེ་བ་ཐམས་ཅད་དུ་ལོངས་སྤྱོད་དང་ལྡན་ནས་བདེ་བ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །བཤེས་སྤྲིང་ལས་ཀྱང་། སྦྱིན་པ་ཚུལ་བཞིན་བསྩལ་གྱིས་ཕ་རོལ་དུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་གསུངས་སོ། །དབུ་མ་འཇུག་པ་ལས་ཀྱང་། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་གསུངས་སོ། །

ཡང་སྦྱིན་པ་དང་ལྡན་ན་གཞན་དོན་བྱ་བར་ཡང་ནུས་ཏེ། །སྦྱིན་པས་བསྡུས་ནས་དམ་ཆོས་ལ་དགོད་དུ་ཡོད་དོ། །དེ་ལྟར་ཡང་། སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། །ཅེས་གསུངས་སོ། ། ཡང་སྦྱིན་པ་དང་ལྡན་ན་བླ་མེད་ཀྱི་བྱང་ཆུབ་ཀྱང་བསྒྲུབ་པར་སླ་བ་ཡིན་ནོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། སྦྱིན་པ་གཏོང་ལ་བྱང་ཆུབ་རྙེད་མི་དཀའ། །ཞེས་གསུངས་སོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་། སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་བོ། །ཞེས་གསུངས་སོ། །

ཡང་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། བྱིན་པའི་ཡོན་ཏན་དང་མ་བྱིན་པའི་སྐྱོན་རྣམས་སྤེལ་མར་གསུངས་ཏེ། ཇི་སྐད་དུ། གང་བྱིན་པ་དེ་ནི་བདག་གི་ཡིན་ནོ། །གང་ཁྱིམ་ན་བཞག་པ་དེ་ནི་བདག་གི་མ་ཡིན་ནོ། །གང་བྱིན་པ་དེ་ནི་སྙིང་པོ་ཅན་ནོ། །གང་ཁྱིམ་ན་བཞག་པ་དེ་ནི་སྙིང་པོ་མེད་པའོ། །གང་བྱིན་པ་དེ་ནི་བསྲུང་མི་འཚལ་བའོ། །གང་ཁྱིམ་ན་བཞག་པ་དེ་ནི་བསྲུང་འཚལ་བའོ། །གང་བྱིན་པ་དེ་ནི་འཇིགས་པ་མེད་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་འཇིགས་པ་དང་བཅས་པའོ། །གང་བྱིན་པ་དེ་ནི་བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་བདུད་ཀྱི་ཕྱོགས་ཉེ་བར་སྟོན་པའོ། །གང་བྱིན་པ་དེ་ནི་ལོངས་སྤྱོད་ཆེན་པོར་འགྱུར་རོ། །གང་ཁྱིམ་ན་བཞག་པ་དེ་ནི་ལོངས་སྤྱོད་ཆེན་པོར་མི་འགྱུར་རོ། །གང་བྱིན་པ་དེ་ནི་ལོངས་སྤྱོད་ཟད་མི་ཤེས་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་ཟད་པར་འགྱུར་བའོ། །ཞེས་པ་ལ་སོགས་པ་གསུངས་སོ། །

སྦྱིན་པའི་ངོ་བོ་ནི་མ་ཆགས་པའི་སེམས་ཀྱིས་བདོག་པ་ཡོངས་སུ་གཏོང་བའོ། །དེ་ལྟར་ཡང་བྱང་ས་ལས། །སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན། །མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་གང་ཡིན་པ་དང་། དེས་ཀུན་ནས་བསླང་བས་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའོ། །ཞེས་གསུངས་སོ། །

སྦྱིན་པ་ལ་དབྱེ་ན་གསུམ་སྟེ། ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའོ། །དེ་ལ་ཟང་ཟིང་གི་སྦྱིན་པས་ནི་གཞན་གྱི་ལུས་བརྟན་པར་བྱེད་པའོ། །མི་འཇིགས་པའི་སྦྱིན་པས་ནི་གཞན་གྱི་སྲོག་བརྟན་པར་བྱེད་པའོ། །

ཆོས་ཀྱི་སྦྱིན་པས་ནི་གཞན་གྱི་སེམས་བརྟན་པར་བྱེད་པའོ། །ཡང་སྦྱིན་པ་དང་པོ་གཉིས་ཀྱི་ནི་གཞན་ལ་ཚེ་འདིའི་བདེ་བ་བསྒྲུབ་པ་ཡིན་ལ། ཆོས་ཀྱི་སྦྱིན་པས་ནི་ཕྱི་མའི་བདེ་བ་བསྒྲུབ་པ་ཡིན་ནོ། །

དེ་དག་སོ་སོའི་མཚན་ཉིད་བཤད་ན། དང་པོ་ཟང་ཟིང་གི་སྦྱིན་པ་ལ་གཉིས་ཏེ། མ་དག་པའི་སྦྱིན་པ་དང་། དག་པའི་སྦྱིན་པའོ། །དེ་ཡང་དང་པོ་ནི་སྤང་བར་བྱ་བའོ། །གཉིས་པ་ནི་ཉམས་སུ་བླང་བར་བྱ་བའོ། །

དེ་ལ་ཡང་མ་དག་པའི་སྦྱིན་པ་ནི་བཞི་སྟེ། །བསམ་པ་མ་དག་པ་དང་། །དངོས་པོ་མ་དག་པ་དང་། ཞིང་མ་དག་པ་དང་། ཐབས་མ་དག་པའོ། །དེ་ལ་བསམ་པ་མ་དག་པ་ནི། ལོག་པའི་བསམ་པ་དང་། དམན་པའི་བསམ་པའོ། །དེ་ལ་ལོག་པའི་བསམ་པས་སྦྱིན་པ་གཏོང་བ་ནི། གཞན་ལ་གནོད་པའི་ཕྱིར་སྦྱིན་པ་དང་། ཚེ་འདིའི་གྲགས་པ་འདོད་པའི་ཕྱིར་སྦྱིན་པ་དང་། གཞན་དང་འགྲན་པའི་ཕྱིར་སྦྱིན་པའོ། །དེ་གསུམ་ཡང་བྱང་ཆུབ་སེམས་དཔས་སྤང་སྟེ། ཇི་སྐད་དུ་བྱང་ས་ལས། །བྱང་ཆུབ་སེམས་དཔས་ནི་གཞན་དག་བསད་པའམ། བཅིངས་པའམ། ཆད་པས་བཅད་པའམ། གོ་རར་གཞུག་པའམ། བསྐྲད་པའི་ཕྱིར་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཞེས་པ་དང་། བྱང་ཆུབ་སེམས་དཔས་ནི་གྲགས་པ་དང་ཚིགས་སུ་བཅད་པའི་ཕྱིར་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཞེས་པ་དང་། བྱང་ཆུབ་སེམས་དཔས་ནི་གཞན་ལ་འགྲན་པའི་ཕྱིར་ཡང་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཞེས་གསུངས་སོ། །

དམན་པའི་སྦྱིན་པ་ནི། ཚེ་ཕྱི་མ་ལ་དབུལ་གྱིས་དོགས་ནས་སྦྱིན་པ་དང་། ལྷ་མིའི་ལུས་དང་ལོངས་སྤྱོད་འདོད་ནས་སྦྱིན་པའོ། །དེ་གཉིས་ཀ་ཡང་བྱང་ཆུབ་སེམས་དཔས་མི་བྱ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔས་ནི་དབུལ་པོར་འགྱུར་དུ་དོགས་པའི་འཇིགས་པས་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཞེས་པ་དང་། བྱང་ཆུབ་སེམས་དཔའ་ནི་བརྒྱ་བྱིན་ཉིད་དང་། འཁོར་ལོས་སྒྱུར་བ་ཉིད་དང་། དབང་ཕྱུག་ལ་བརྟེན་ཞིང་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཞེས་གསུངས་སོ། །

མ་དག་པའི་སྦྱིན་པ་གཞན་རྣམས་ཀྱང་། བྱང་ས་ལས་སྤང་བར་གསུངས་ཏེ། དེ་དག་གི་དོན་བསྡུ་ན། དངོས་པོ་མ་དག་པ་སྤང་བ་ནི། བྱང་ཆུབ་སེམས་དཔས་དུག་དང་མེ་དང་དུག་དང་མེ་དང་མཚོན་ཆ་ལ་སོགས་པ། ལེན་པ་པོ་ཁོ་རང་ལ་གནོད་པར་བྱ་བའམ། ཕ་རོལ་ལ་གནོད་པའི་ཕྱིར་སློང་ན་སྦྱིན་པར་མི་བྱེད་དོ། རིན་ཆེན་ཕྲེང་བ་ལས། གང་ལ་དུག་ནི་ཕན་གྱུར་ན། །དེ་ལ་དུག་ཀྱང་སྦྱིན་པར་བྱ། །ཁ་ཟས་མཆོག་ཀྱང་མི་ཕན་ན། །དེ་ལ་དེ་ནི་སྦྱིན་མི་བྱ། །སྦྲུལ་གྱིས་ཟིན་པ་ཇི་ལྟ་བུར། །སོར་མོ་བཅད་པ་ཕན་བཤད་པ། །དེ་ནི་ཐུབ་པས་གཞན་ཕན་ལ། །མི་བདེ་བ་ཡང་བྱ་བར་གསུངས། །རྒྱ་དང་རྔོན་གྱི་འཁྲུལ་འཁོར་དང་དེའི་ཐབས་ལ་སོགས་པ་མདོར་ན་གནོད་པར་འགྱུར་བ་དང་། སྡུག་བསྔལ་དུ་འགྱུར་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །ཕ་དང་མ་སྦྱིན་པར་མི་བྱེད་དོ། །ཕ་དང་མ་གཏའ་མར་འཇུག་པར་མི་བྱེད་དོ། །བུ་དང་ཆུང་མ་ལ་སོགས་པ་མི་དགའ་བཞིན་དུ་གཞན་འདོད་པ་རྣམས་ལ་སྦྱིན་པར་མི་བྱེད་དོ། །ལོངས་སྤྱོད་མང་པོ་ཡོད་བཞིན་དུ་ཉུང་ངུ་སྦྱིན་པར་མི་བྱེད་དོ། །བསགས་པའི་སྦྱིན་པ་མི་བྱེད་དོ། །

ཞིང་མ་དག་པ་སྤང་བ་ནི། བདུད་རིགས་ཀྱི་ལྷ་མཐོ་འཚམས་པའི་བསམ་པས་ལུས་སློང་ན་ཡང་། རང་གི་ལུས་དང་ཡན་ལག་གསེ་ཞིང་སྦྱིན་པར་མི་བྱེད་དོ། །བདུད་ཀྱིས་བྱིན་གྱིས་བརླབས་པའི་སེམས་ཅན་ནམ། སྨྱོས་པ་དང་སེམས་འཁྲུགས་པའི་སེམས་ཅན་རྣམས་ལ་ཡང་ལུས་སྦྱིན་པར་མི་བྱེད་དོ། །དེ་དག་ནི་འདོད་པའི་དངོས་པོ་མེད་དེ། །སེམས་ལ་རང་དབང་མེད་པའི་ཕྱིར་བླ་བརྡོལ་ཙམ་དུ་ཟད་དོ། །སེམས་ཅན་འགྲངས་ངོམས་ཅན་ལ་ཟས་བཟའ་བཏུང་སྦྱིན་པར་མི་བྱེད་དོ། ། ཐབས་མ་དག་པ་སྤང་བ་ནི། མི་དགའ་བ་དང་ཁྲོས་པ་དང་འཁྲུགས་པས་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ངན་པ་ལ་བརྙས་པ་དང་། མ་གུས་པ་དང་སྦྱར་ཏེ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །སློང་བ་ལ་ཡང་འཕྱ་བ་དང་། །བསྡིགས་པ་དང་། སྤ་བཀོང་བས་སྦྱིན་པ་སྦྱིན་པར་མི་བྱེད་དོ། །

དག་པའི་སྦྱིན་པ་ཉམས་སུ་བླང་བ་ལ་དོན་གསུམ་སྟེ། དངོས་པོ་དང་། ཞིང་དང་། ཐབས་སོ། །

དང་པོ་ལ་ཡང་གཉིས་ཏེ། ནང་གི་དངོས་པོ་དང་། ཕྱིའི་དངོས་པོའོ། །དེ་ལ་ནང་གི་དངོས་པོ་ནི། རང་གི་ལུས་སུ་གཏོགས་པ་སྟེ། དེ་ལྟར་ཡང་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། ཡོད་དེ་ཡོད་ན་ལག་པ་འདོད་པ་ལ་ལག་པ་སྦྱིན་ནོ། །རྐང་པ་འདོད་པ་ལ་རྐང་པ། མིག་འདོད་པ་ལ་མིག། ཤ་འདོད་པ་ལ་ཤ། །ཁྲག་འདོད་པ་ལ་ཁྲག། ཅེས་པ་ལ་སོགས་པ་གསུངས་སོ། །དེ་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་བདག་གཞན་མཉམ་པའི་བློ་མ་སྐྱེས་པའི་དུས་སུ་ལུས་རིལ་པོར་བཏང་གིས། ལུས་བསེལ་ཞིང་མི་བཏང་ངོ་། །དེ་ལྟར་ཡང་སྤྱོད་འཇུག་ལས། སྙིང་པོའི་བསམ་པ་མ་དག་པར། །ལུས་འདི་བཏང་བར་མི་བྱ་སྟེ། །ཅི་ནས་འདི་དག་གཞན་དོན་དུ། །དོན་ཆེན་འགྲུབ་པའི་རྒྱུར་བཏང་ངོ་། །ཞེས་གསུངས་སོ། །

ཕྱིའི་དངོས་པོ་ནི། བཟའ་བ་དང་བཏུང་བ་དང་། བགོ་བ་དང་བཞོན་པ་དང་། བུ་དང་ཆུང་མ་ལ་སོགས་པ་ཆོས་བཞིན་དུ་སྒྲུབ་པ་རྣམས་སོ། །དེ་ལྟར་ཡང་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། ཕྱི་རོལ་གྱི་དངོས་པོ་འདི་ལྟ་སྟེ། ནོར་དང་། འབྲུ་དང་། དངུལ་དང་། གསེར་དང་། རིན་པོ་ཆེ་དང་། རྒྱན་དང་། རྟ་དང་། གླང་པོ་ཆེ་དང་། བུ་དང་བུ་མོ་དང་། ཞེས་པ་ལ་སོགས་པ་གསུངས་སོ། །

དེ་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་ནི་ཕྱི་ནང་གི་དངོས་པོ་བདོག་ཚད་བཏང་བར་གནང་ཏེ། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་ལུས་དང་ལོངས་སྤྱོད་དག། གཞན་ལ་མི་སྦྱིན་པ་ནི་ཡོད་མེད་དོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ནི་གཞན་ཐམས་ཅད་བཏང་གི། ཆོས་གོས་གསུམ་པོ་ནི་སྦྱིན་པར་མ་གནང་ངོ་། །དེ་ལྟར་ཡང་སྤྱོད་འཇུག་ལས། ཆོས་གོས་གསུམ་མ་གཏོགས་པ་སྦྱིན། །ཞེས་གསུངས་ཏེ། །ཆོས་གོས་རྣམས་བྱིན་ན་གཞན་དོན་ཉམས་པར་འགྱུར་བས་སོ། །

ཞིང་ནི་བཞི་ལས། ཡོན་ཏན་གྱིས་ཁྱད་པར་དུ་བྱས་པའི་ཞིང་ནི། བླ་མ་དང་དཀོན་མཆོག་ལ་སོགས་པའོ། །ཕན་བཏགས་པས་ཁྱད་པར་དུ་བྱས་པའི་ཞིང་ནི། ཕ་དང་མ་ལ་སོགས་པའོ། །སྡུག་བསྔལ་བས་ཁྱད་པར་དུ་བྱས་པའི་ཞིང་ནི། ནད་པ་དང་། མགོན་མེད་པ་ལ་སོགས་པའོ། །གནོད་པ་བྱེད་པས་ཁྱད་པར་དུ་བྱས་པའི་ཞིང་ནི་དགྲ་ལ་སོགས་པའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ཡོན་ཏན་དང་ནི་ཕན་འདོགས་ཤིང་། །ཞེས་པ་ལ་སོགས་པ་གསུངས་སོ། །

སྦྱིན་པ་བཏང་བའི་ཐབས་ནི། བསམ་པ་ཕུན་སུམ་ཚོགས་པས་སྦྱིན་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པས་སྦྱིན་པའོ། །དེ་ལ་དང་པོ་ནི། །སྙིང་རྗེས་ཀུན་ནས་བསླང་ནས་བྱང་ཆུབ་དང་སེམས་ཅན་གྱི་དོན་དུ་སྦྱིན་པའོ། །སྦྱོར་བ་ཕུན་སུམ་ཚོགས་པས་སྦྱིན་པ་ནི། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ནི་དད་པ་དང་། བཀུར་སྟི་དང་། རང་གི་ལག་པ་དང་། དུས་ལ་བབ་པ་དང་། གཞན་ལ་མི་གནོད་པར་སྦྱིན་པ་སྦྱིན་པར་བྱེད་དོ། །ཞེས་བྱང་ས་ལས་གསུངས་སོ། །

དེ་ལ་དང་པོ་ནི། དུས་གསུམ་དུ་དགའ་བ་དང་ལྡན་པ་སྟེ། སྦྱིན་པའི་སྔ་རོལ་དུ་ཡིད་དགའ་བ་དང་སྦྱིན་པའི་ཚེ་སེམས་དང་བ་དང་། བྱིན་ཟིན་ནས་འགྱོད་པ་མེད་པའོ། །བཀུར་སྟི་ནི་གུས་པས་སྦྱིན་པའོ། །རང་གི་ལག་པ་ནི་གཞན་ལ་མ་བཅོལ་བར་སྦྱིན་པའོ། །དུས་ལ་བབ་པ་ནི་རང་གིས་ཐོབ་པའི་དུས་སུ་སྦྱིན་པའོ། །གཞན་ལ་མི་གནོད་པ་ནི། རང་གི་འཁོར་དང་ཡོངས་སུ་འཛིན་པ་དང་བཅས་པ་རྣམས་ལ་མི་གནོད་པར་སྦྱིན་པའོ། །དེ་ཡང་རང་གི་རྫས་ཡིན་ཀྱང་རྫས་སྒྲུབ་པའི་འཁོར་རྣམས་གདོང་མཆི་མ་དང་བཅས་པར་གྱུར་ན་ཡང་སྦྱིན་པར་མི་བྱེད་དོ། །ཡོངས་སུ་འཛིན་པ་དང་བཅས་པའི་ནོར་འཕྲོག་གམ། བརྐུས་སམ། བསྙོན་ནས་ཀྱང་སྦྱིན་པར་མི་བྱེད་དོ། །

ཡང་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ཕྱིར་ཞིང་སྦྱིན་པ་དང་། ཕྱོགས་མི་བྱེད་པར་སྦྱིན་པ་དང་། །འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པའི་ཕྱིར་རོ། །ཞེས་གསུངས་ཏེ། དེ་ལ་ཕྱིར་ཞིང་སྦྱིན་པ་ཞེས་པ་ནི། སྦྱིན་བདག་གི་ཁྱད་པར་ཏེ་ཡང་དང་ཡང་དུ་སྦྱིན་པའོ། །ཕྱོགས་མི་བྱེད་པར་སྦྱིན་པ་ཞེས་པ་ནི། ཞིང་གི་ཁྱད་པར་ཏེ་ཞིང་ལ་ཕྱོགས་རིས་མེད་པར་སྦྱིན་པའོ། །འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པ་ཞེས་པ་ནི། དངོས་པོའི་ཁྱད་པར་ཏེ། ལེན་པ་པོའི་བསམ་པ་དང་མཐུན་པར་ཅི་འདོད་པ་སྦྱིན་པའོ། །ཟང་ཟིང་གི་སྦྱིན་པ་བཤད་ཟིན་ཏོ། །མི་འཇིགས་པའི་སྦྱིན་པ་ནི། ཆོམ་རྐུན་གྱི་འཇིགས་པ་དང་། གཅན་ཟན་གྱི་འཇིགས་པ་དང་། ནད་དང་ཆུ་ལ་སོགས་པས་འཇིགས་པ་དག་གི་སྐྱབས་བྱེད་པའོ། །དེ་ལྟར་ཡང་བྱང་ས་ལས། མི་འཇིགས་པའི་སྦྱིན་པ་ནི། སེང་གེ་དང་སྟག་དང་ཆུ་སྲིན་འཛིན་འཁྲི་དང་། རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་ལ་སོགས་པའི་འཇིགས་པ་ལས་ཡོངས་སུ་བསྐྱབ་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །མི་འཇིགས་པའི་སྦྱིན་པ་བཤད་ཟིན་ཏོ། །

ཆོས་ཀྱི་སྦྱིན་པ་ལ་དོན་བཞི་སྟེ། སྦྱིན་པའི་ཡུལ་དང་། བསམ་པ་དང་། ཆོས་དངོས་དང་། །ཆོས་བསྟན་པའི་ཐབས་སོ། ། དེ་ལ་ཡུལ་ནི། ཆོས་དང་ཆོས་སྨྲ་བ་ལ་གུས་པ་ཆོས་འདོད་པ་རྣམས་ལ་སྦྱིན་པའོ། །བསམ་པ་ནི་ངན་པ་སྤངས་ཤིང་བཟང་པོ་བརྟེན་པ་སྟེ། །དེ་ཡང་བསམ་པ་ངན་པ་སྤང་བ་ནི། རྙེད་བཀུར་དང་བསྟོད་གྲགས་ལ་སོགས་པ་ཟང་ཟིང་གི་སེམས་དང་བྲལ་བས་ཆོས་སྟོན་པའོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། ཟང་ཟིང་མེད་པར་འགྲོ་ལ་ཆོས་ནི་རྗེས་སུ་སྟོན། །ཞེས་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་ཀྱང་། དག་ཅིང་ཟང་ཟིང་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་སྦྱིན་བྱེད་རྒྱལ་བས་རབ་ཏུ་བསྔགས། །ཞེས་གསུངས་སོ། །བསམ་པ་བཟང་པོ་བརྟེན་པ་ནི། སྙིང་རྗེས་ཀུན་ནས་བསླངས་ནས་ཆོས་སྟོན་པའོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། སྡུག་བསྔལ་ཟད་པར་བྱ་ཕྱིར་འཇིག་རྟེན་ཆོས་སྦྱིན་བྱེད། །ཅེས་གསུངས་སོ། །ཆོས་དངོས་ནི། མདོ་ལ་སོགས་པའི་དོན་མ་ནོར་བ་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ། བྱང་ས་ལས། ཆོས་ཀྱི་སྦྱིན་པ་ནི། ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་དང་། རིགས་པར་ཆོས་སྟོན་པ་དང་། བསླབ་པའི་གཞི་ཡང་དག་པར་འཛིན་དུ་འཇུག་པ་སྟེ། ཞེས་གསུངས་སོ། །

ཆོས་བསྟན་པའི་ཐབས་ནི། ཆོས་ཞུ་བ་ལ་དེ་མ་ཐག་ཏུ་བཤད་པར་མི་བྱ་སྟེ། །ཟླ་བ་སྒྲོན་མེའི་མདོ་ལས། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །གལ་ཏེ་ཁྱོད་ལ་གསོལ་འདེབས་ན། །རབ་རྒྱས་བདག་གིས་མ་བསླབ་ཅེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཞེས་དང་། འཕྲལ་དུ་བརྗོད་པར་མི་བྱའོ། །སྣོད་ལ་བརྟག་པ་བྱས་ནས་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ། །ཞེས་གསུངས་སོ། །

དེས་ན་ཆོས་འཆད་པའི་ཚེ་ཡང་ས་ཕྱོགས་གཙང་མ་ཡིད་དུ་འོང་བར་བཤད་པར་བྱ་སྟེ། དམ་ཆོས་པདྨ་དཀར་པོ་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་གདན་ནི་རབ་ཏུ་བཤམས་བཏིང་སྟེ། །ཞེས་གསུངས་སོ། །

དེར་ཆོས་ཀྱི་ཁྲི་ལ་བསྡད་ལ་བཤད་པར་བྱ་སྟེ། ཇི་སྐད་དུ། བཅོས་བུ་རས་རྣམས་སྣ་ཚོགས་ལེགས་བཏིང་བ། །རྐང་རྟེན་བཅས་པའི་ཁྲི་ལ་རབ་འདུག་ཅིང་། །ཞེས་གསུངས་སོ། །

རང་ཡང་ཁྲུས་བྱ། གོས་ལེགས་པར་བགོས། གཙང་སྦྲ་བྱས། སྤྱོད་ལམ་གཟོབ་པས་ཆོས་བཤད་པར་བྱའོ། །དེ་ལྟར་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་སྨྲ་བས་གཙང་སྦྲ་དང་། ཀུན་ཏུ་སྤྱོད་པ་གཟབས་པ་དང་། ལེགས་པར་བཀྲུས་པ་དང་། ལེགས་པར་གོས་བགོ་བར་བྱའོ། །ཞེས་གསུངས་སོ། །

དེ་ལྟར་འཁོར་ནི་འཁོད། ཁྲི་ལ་ནི་བསྡད་པའི་ཚེ་ཐོག་མར་བར་ཆད་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར། བདུད་ཀྱི་ནུས་པ་གཞོམ་པའི་སྔགས་བརྗོད་པར་བྱ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། འདི་ལྟ་སྟེ། ཏདྱ་ཐཱ། ཤ་མེ་ཤ་མེ་ཝ་ཏི། ཤ་མི་ཏ་ཤ་ཏྲུཾ། ཨཾ་ཀུ་རེ། མཾ་ཀུ་རེ། མཱ་ར་ཛི་ཏེ་ཀ་རོ་ཊེ། ཀེ་ཡཱུ་རེ། ཏེ་ཛོ་ཝ་ཏི། ཨོ་ལོ་ཡ་ནི། བི་ཤུདྡྷ་ནིརྨ་ལེ་མ་ལཱ་པ་ན་ཡེ། ཁུ་ཁུ་རེ། ཁ་ཁ་གྲ་སེ། གྲ་ས་ནེ། ཨོཾ་མུ་ཁི། པ་རཾ་མུ་ཁི། ཨ་མུ་ཁི། ཤ་མི་ཏྭ་ནི། སརྦ་གྲ་ཧ་བྷནྡྷ་ནཱ་ནེ། ནི་གྲི་ཧི་ཏྭ། སརྦ་པཱ་ར་པྲ་ཝཱ་དི་ན། བི་མུཀྟ་མཱ་ར་པཱ་ཤ། སྠཱ་བི་ཏྭ། བུདྡྷ་མུ་དྲ། ཨ་ནུངྒ་ཏི་ཏཱ། སརྦ་མཱ་རེ། པུ་ཙ་རི་ཏ་པ་རི་ཤུདྡྷེ། བི་གཙྪནྟུ། སརྦ་མཱ་ར་ཀརྨ་ཎི། བློ་གྲོས་རྒྱ་མཚོ། སྔགས་ཀྱི་ཚིག་འདི་དག་སྔོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བྱས་ན། དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་ཀྱི་རིགས་ཀྱི་ལྷ་རྣམས་མཐོ་འཚམས་པའི་ཕྱིར་འོང་བར་མི་འགྱུར་རོ། །གང་དག་འོང་བ་དེ་དག་གིས་ཀྱང་བར་ཆད་བྱེད་པར་མི་ནུས་སོ། །དེ་ནས་ཆོས་ཀྱི་ཚིག་འབྲེལ་བ་གསལ་བ་རན་པ་བཤད་པར་བྱའོ། །ཆོས་ཀྱི་སྦྱིན་པ་བཤད་ཟིན་ཏོ། །

སྦྱིན་པ་སྤེལ་བ་ནི། སྦྱིན་པ་གསུམ་པོ་དེ་དག་ཉུང་ངུ་ཡིན་ཡང་མང་པོར་བསྒྱུར་བའི་ཐབས་ཡོད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མཁས་པས་ནི་སྦྱིན་པ་ཉུང་ངུ་ཡང་མང་པོར་བྱེད་དེ། ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་དོ། །ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་དོ། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་དོ། །ཞེས་གསུངས་སོ། །

དེ་ལ་ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་པ་ཞེས་པ་ནི། འཁོར་གསུམ་ཡོངས་དག་ཏུ་ཤེས་པ་སྟེ། སྦྱིན་པ་བྱེད་པ་པོ་ཡང་སྒྱུ་མ་ལྟ་བུ། སྦྱིན་པའི་དངོས་པོ་ཡང་སྒྱུ་མ་ལྟ་བུ། སྦྱིན་པར་བྱེད་ཡུལ་ཡང་སྒྱུ་མ་ལྟ་བུའོ། །

སྦྱིན་པའི་བསོད་ནམས་མང་པོ་འབྱུང་བའི་དོན་དུ། ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་པ་ཞེས་པ་ནི། སྦྱིན་པ་གང་གཏོང་ཡང་། དང་པོར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་གཏོང་། བར་དུ་སྦྱིན་པའི་དངོས་པོ་ལ་ཞེན་པ་མེད། སྦྱིན་པར་བྱེད་པ་པོ་ཡང་སྒྱུ་མ་ལྟ་བུ། སྦྱིན་པའི་དངོས་པོ་ཡང་སྒྱུ་མ་ལྟ་བུ། སྦྱིན་པར་བྱེད་པའི་ཡུལ་ཡང་སྒྱུ་མ་ལྟ་བུའོ། །མཐར་སྦྱིན་པའི་རྣམ་སྨིན་ལ་རེ་བ་དང་བྲལ་ན། སྦྱིན་པའི་བསོད་ནམས་རྒྱས་པར་ཐོབ་བོ། །འཕགས་པ་སྡུད་པ་ལས་ཀྱང་། སྦྱིན་པ་བྱིན་ནས་དངོས་ལ་གནས་པ་མེད་པར་བྱེད། །དེ་ནི་ནམ་དུའང་རྣམ་པར་སྨིན་ལ་རེ་བ་མེད། །དེ་ལྟར་གཏོང་བ་མཁས་པས་ཐམས་ཅད་གཏོང་བ་སྟེ། །ཆུང་ངུ་བཏང་ལ་མང་པོར་དཔག་ཏུ་མེད་པར་འགྱུར། །ཞེས་གསུངས་སོ། །

བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་ཅེས་པ་ནི། སྦྱིན་པ་དེ་དག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ན་དཔག་ཏུ་མེད་པར་འགྱུར་བའི་དོན་ཏོ། །དེས་ན་བྱང་ས་ལས། འབྲས་བུ་ལ་བལྟ་ཞིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །སྦྱིན་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། །ཞེས་གསུངས་སོ། །

བསྔོ་བས་ནི་འཕེལ་བ་གཅིག་པུར་མ་ཟད་ཀྱིས་མི་ཟད་པར་ཡང་འགྱུར་ཏེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། བཙུན་པ་ཤཱ་ར་དྭ་ཏིའི་བུ། །དཔེར་ན་ཆུ་ཐིགས་པ་གཅིག་རྒྱ་མཚོ་ཆེན་པོར་ལྷུང་བ་ནི། བསྐལ་པའི་མཐར་ཐུག་པའི་བར་དུ་བར་མ་དོར་ཟད་པ་མེད་དོ། །དེ་བཞིན་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་པ་ནི། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་འགའ་ཡང་ཟད་པར་མི་འགྱུར་རོ། །ཞེས་གསུངས་སོ། །

སྦྱིན་པ་དག་པར་བྱེད་པ་ནི། བསླབ་པ་ཀུན་ལས་བཏུས་པ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྤྱོད་པས་བསོད་ནམས་དག་པར་འགྱུར། །ཞེས་གསུངས་ཏེ། སྦྱིན་པ་དེ་དག་སྟོང་པས་ཟིན་པ་ནི་འཁོར་བའི་རྒྱུར་མི་འགྲོ་ལ། སྙིང་རྗེས་ཟིན་པ་ནི་ཐེག་པ་དམན་པའི་རྒྱུར་མི་འགྲོ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་འབའ་ཞིག་གི་རྒྱུར་འགྲོ་བས་ན་དག་པའོ། །

དེ་ལ་སྟོང་པས་ཟིན་པ་ནི། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། སྦྱིན་པ་ལ་སྟོང་པ་ཉིད་ཀྱི་རྒྱ་བཞིས་གདབ་པར་གསུངས་ཏེ། །ཇི་སྐད་དུ། དེ་རྒྱ་བཞིས་བཏབ་ནས་སྦྱིན་པར་བྱེད་དེ། བཞི་གང་ཞེ་ན། ནང་ལུས་སྟོང་པ་ཉིད་ཀྱི་རྒྱས་གདབ་པ་དང་། ཕྱིའི་ལོངས་སྤྱོད་སྟོང་པ་ཉིད་ཀྱི་རྒྱས་གདབ་པ་དང་། སེམས་ཡུལ་ཅན་སྟོང་པ་ཉིད་ཀྱི་རྒྱས་གདབ་པ་དང་། ཆོས་བྱང་ཆུབ་སྟོང་པ་ཉིད་ཀྱི་རྒྱས་གདབ་པ་སྟེ། རྒྱ་བཞི་པོ་དེ་དག་གི་རྒྱས་བཏབ་ནས་སྦྱིན་པ་སྦྱིན་པར་བྱེད་དོ། །ཞེས་གསུངས་སོ། །

སྙིང་རྗེས་ཟིན་པ་ནི། སེམས་ཅན་རྣམས་ཀྱི་སྤྱིའམ་བྱེ་བྲག་གི་སྡུག་བསྔལ་མ་བཟོད་ནས་སྦྱིན་པའོ། །

སྦྱིན་པའི་འབྲས་བུ་ནི། མཐར་ཐུག་དང་གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། །དེ་ལྟར་ཡང་བྱང་ས་ལས། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །

གནས་སྐབས་སུ་ནི་ཟང་ཟིང་གི་སྦྱིན་པ་བཏང་བས། མི་འདོད་ཀྱང་རང་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར། གཞན་ཡང་སྦྱིན་པས་བསྡུས་ནས་མཆོག་ལ་སྦྱོར་བར་བྱེད་ནུས་སོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། །བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། །ཅེས་གསུངས་སོ། །བྱང་ས་ལས། ཟས་བྱིན་པས་ནི་སྟོབས་ཅན་འགྱུར། །གོས་སྦྱིན་པས་ནི་ཁ་དོག་ལྡན། བཞོན་པ་བྱིན་པས་བདེ་འགྱུར་བརྟན། །མར་མེ་བྱིན་པས་མིག་དང་ལྡན། །ཞེས་གསུངས་སོ། །

མི་འཇིགས་པའི་སྦྱིན་པ་བཏང་བས་ནི་བདུད་དང་བར་ཆད་ཀྱིས་མི་ཚུགས་པར་འགྱུར་བའོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། འཇིགས་ལ་མི་འཇིགས་སྦྱིན་པ་ཡིས། །བདུད་རྣམས་ཀུན་གྱིས་མི་ཚུགས་ཤིང་། །སྟོབས་པོ་ཆེ་ཡི་མཆོག་ཏུ་འགྱུར། །

ཞེས་གསུངས་སོ། །ཆོས་ཀྱི་སྦྱིན་པ་བཏང་བས་ནི་སངས་རྒྱས་དང་མྱུར་དུ་མཇལ་ནས་འགྲོགས་པ་དང་། འདོད་པ་ཐམས་ཅད་མྱུར་དུ་ཐོབ་བོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཆོས་ཉན་པ་ལ་སྦྱིན་པ་དག། སྒྲིབ་པ་མེད་པར་བྱས་པ་ཡིས། །

སངས་རྒྱས་རྣམས་དང་འགྲོགས་པ་ཉིད། །འདོད་པ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་སོ། །

དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་གཉིས་པའོ། །། །