མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད
༄༡
༤༡༧
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད་ཅེས་བྱ་བ་བཞུགས
༤༡༨
རྒྱ་གར་སྐད་དུ
བོད་སྐད་དུ
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད་ཅེས་བྱ་བ
བཅོམ་ལྡན་འདས་རིག་པའི་བདག་ཉིད་འཁྲུལ་པ་མི་མངའ་བ་ཉིད་ལ་ཕྱག་འཚལ་ལོ
འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན
ཀྱེ་མ་འཁྲུལ་པའི་བདག་ཉིད་ཆེན་པོ་རྣམས་ཉོན་ཅིག
ང་མེད་པའི་སྔོན་རོལ་ན
འཁྲུལ་པ་མེད་པའི་རིག་པ
འཁྲུལ་པའི་བདག་ཉིད་ཅན་ཞེས་བྱ་བ་ཡོད་དེ
༤༡༩
དེ་ལས་དེ་མ་དག་པ་ལས་འདི་ལྟར་སྣང་བའི་ཆོ་འཕྲུལ་ཆེན་པོ་ཆེར་བྱུང་སྟེ
འཁྲུལ་པས་མ་བགོས་པའི་ཡུལ་སོ་སོར་ཤར་རོ
དེའི་ཚེ་སྣང་བ་འདུ་བྱེད་ཀྱི་རྒྱལ་པོ
སྣང་བ་རིས་སུ་འབྱེད་པའི་རིག་པས་སྣང་བའི་རྟོག་པ་དུ་མ་ལྟར་བྱུང་ངོ
འཁྲུལ་པའི་སྣང་བ་ཞིང་ཁམས་སུ་རིག་པ་གཞི་ལ་བཟློག་པའི་ཐབས་མཆོག་ཏུ་ངས་བསྟན་གྱིས
ལེགས་པའི་ཚུལ་གསུམ་གྱིས་ཉོན་ཅིག
༤༢༠
དེ་ནས་གསང་བའི་བདག་པོས་ཇི་ལྟར་གསུངས་པའི་དོན་ཁོང་དུ་ཆུད་ནས་འདི་སྐད་ཅེས་སྨྲས་སོ
འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན
ཆ་ཡིས་མ་བགོས་པའི་གཞལ་ཡས་ཁང་དམ་པ
ཐུགས་ཙིཏ་ཏའི་དཀྱིལ་འཁོར་ན
རིག་པ་རྡོ་རྗེ་རྣོན་པོའི་སྐུ་དང
རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དང
རིག་པ་རང་སྣང་གི་སྐུ་དང
རིག་པ་ཅོག་བཞག་གི་སྐུ་དང
རིག་པ་ཐོགས་པ་མེད་པའི་སྐུ་དང
རིག་པ་གཅེར་སྣང་གི་སྐུ་དང
དེ་ཐམས་ཅད་ཀྱང་རིག་པ་ངོ་བོའི་སྐུ་ལས་མ་གཡོས་ཏེ
ངོ་བོའི་འཁོར་བསམ་གྱིས་མི་ཁྱབ་པ་དང
དཀར་བ་དང་དམར་བ་དང
སེར་པ་དང་ལྗང་གུ་དང་མཐིང་ག་ལ་སོགས་ཏེ
ནང་རང་སྣང་གི་འཁོར་བསམ་གྱིས་མི་ཁྱབ་པ་དང
༤༢༡
ཕྱི་ཡུལ་གྱི་འཁོར་འདི་ལྟ་སྟེ
དེ་བཞིན་གཤེགས་པའི་རིགས་དང
རྡོ་རྗེའི་རིགས་དང
རིམ་པོ་ཆེའི་རིགས་དང
པད་མའི་རིགས་དང
བྱ་བ་དང་བྲལ་ཀྱི་རིགས་དང
ཁྲོ་བོ་ཕྱག་ན་རྡོ་རྗེ་དང
རྟ་མགྲིན་དང
ཡེ་ཤེས་ཀྱི་གཤིན་རྗེ་དང
ལས་ཀྱི་མཁའ་འགྲོ་མའི་ཚོགས་ལ་སོགས་ཏེ
དཔག་ཏུ་མེད་པ་དང
ཕྱི་ཡུལ་ལ་སྣང་བ་འདུལ་བའི་འཁོར་ཐུབ་པ་དྲུག་དང
འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ
བསམ་གྱིས་མི་ཁྱབ་པ་དང
འཛིན་བྱེད་འཁྲུལ་པའི་འཁོར་འདི་ལྟ་སྟེ
མ་རིག་པ་དང
སེམས་དང
ཡིད་དང
ཉོན་མོངས་པ་ལྔ་དང
༤༢༢
འཛིན་པ་དང
རྟོག་པ་དང
མི་དགེ་བ་ལ་སོགས་པ་དང
དེའི་སྣང་བའི་འཁོར་འདི་ལྟ་སྟེ
ཡུལ་དང
ཤེས་པ་དང
དྲན་པ་དང
མཐོང་བྱེད་དང
ཉན་བྱེད་དང
སྣོམ་བྱེད་དང
མྱོན་བྱེད་དང
འདུ་བྱེད་དང
གཟུགས་དང
སྒྲ་དང
དྲི་དང
རོ་དང
རེག་བྱ་དང
ཆོས་ལ་སོགས་པ་དང
ལྷ་དང
ལྷ་མ་ཡིན་དན
དྲི་ཟ་དང
བྱང་ཆུབ་སེམས་དཔའི་འཁོར་བསམ་གྱིས་མི་ཁྱབ་པ་དང
འདུལ་བ་དང
མདོ་སྡེ་དང
མངོན་པ་ལ་སོགས་པ་དང
འཇིག་ཚོགས་སུ་བལྟ་བ་དང
ཉན་ཐོས་དང
རང་རྒྱལ་དང
བྱང་ཆུབ་སེམས་དཔའ་དང
ཀྲི་ཡ་དང
ཨུ་པ་དང
༤༢༣
ཡོ་ག་དང
ནང་ལྟར་མ་ཧ་དང
ཨ་ནུ་དང
ཨ་ཏི་ལ་སོགས་ཏེ་དཔག་ཏུ་མེད་པའི་འཁོར་སྣ་ཚོགས་སུ་སྣང་བ་དང
ཐབས་ཅིག་ཏུ་བཞུགས་སོ
ཞེས་མུ་ཏིག་ཕྲེང་བའི་རྒྱུད་གསང་བ་ལས
གླེང་གཞིའི་ལེའུ་སྟེ་དང་པོའོ
༄༢
དེ་ནས་བཅོམ་ལྡན་འདས་འཁྲུལ་པ་ཐམས་ཅད་དག་པའི་མངའ་བདག་ལ
གསང་བའི་བདག་པོ་ལ་སོགས་པའི་རིགས་གསུམ་གྱི་ཁྲོ་བོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏེ
ཀྱེ་ཀྱེ་བཅོམ་ལྡན་འཁྲུལ་མེད་སྐུ
ཁམས་གསུམ་འཁོར་བའི་སེམས་ཅན་རྣམས
འཁྲུལ་པ་ལྡོག་ན་ཇི་ལྟར་ལྡོག
བདག་ཅག་རྣམས་ལ་བཀའ་སྩལ་ཅིག
དེ་ནས་བཅོམ་ལྡན་རྡོ་རྗེ་སེམས་དཔའ་དེས
ཉེ་བའི་འཁོར་ལ་བཀའ་སྩལ་པ
ཀྱེ་མ་ཉོན་ཅིག་གསང་བའི་བདག
དང་པོ་གཞི་ལ་འཁྲུལ་མེད་ཀྱང
སེམས་ཅན་བློ་ལ་འཁྲུལ་པ་སྟེ
དེ་ཡང་རིག་པའི་ཡེ་ཤེས་ཀྱི
རྩི་ཡི་དོན་ལ་ཐེབས་གྱུར་ན
༤༢༤
འཁྲུལ་པ་དང་པོའི་གཞི་ལ་ལྡོག
རང་རིག་ཡེ་ཤེས་རྟོགས་དཀའ་བ
གཞི་ལ་སྙིང་པོ་མི་རྟོག་ཅན
འཁྲུལ་པ་གདར་ཤ་བཅད་པའི་ཐབས
མ་རིག་འཁོར་བ་འདས་ཤེས་སུ་བདལ
ལུ་གུ་རྒྱུད་ལ་རྟག་ཏུ་བལྟ
ཅིར་སྣང་རིག་པའི་ཀློང་དུ་བསྐྱལ
རང་རིག་དང་པོའི་སོ་ལ་གཞག
མ་རིག་པ་ཉིད་རྩད་ནས་བཅས
ཡེ་ཤེས་སྣང་བ་མི་གནས་འཆར
འཁྲུལ་པ་ལྡོག་ན་མ་ལ་ལྡོག
ཡེ་ཤེས་སྣང་བ་བར་དོར་བུ་ལ་སྣང
སེམས་ཀྱི་རྩད་བཅད་ཡེ་ཤེས་ཀློང
མ་རིག་ཕུགས་དེད་ལུ་གུ་རྒྱུད
སྒོ་ལྔའི་རྒྱུན་བཅད་ཡེ་ཤེས་གསལ
རིག་པའི་མཐོང་ཕྱེ
སྟོང་སྣང་བར་གྱུར
འཁྲུལ་སྣང་ཡུལ་ཕྱུང་རིག་པ་རང
དྲན་པ་རྒྱུན་བཅད་ཆོས་སྐུའི་ངང
འཁོར་བ་སྤྱི་ཕྱུད་སྐུ་གསུམ་གསལ
༤༢༥
སྟོང་པ་དངོས་མེད་གསལ་བས་མཛེས
དུག་ལྔ་མདོར་ཕྱུང་སྨན་གྱི་ངང
མུན་པའི་རྒྱུ་ཟད་སྒྲོན་མ་ཉིད
འཁྲུལ་པའི་རྒྱུ་ཟད་ཡེ་ཤེས་གྲོགས
གསལ་བའི་སྐུ་འབར་གཉིས་མེད་ངང
བེམ་རིག་གཉིས་མེད་འཁོར་བ་སངས
དོན་གྱི་ཡེ་ཤེས་གཞི་ལ་ལྡོག
དོན་དམ་ཀུན་རྫོབ་གཉིས་མེད་པའི
ཨེ་མ་རྟ་མགྲིན་རྒྱལ་པོ་ཉོན
སེམས་ཀྱི་གནས་ཕྱུང་ཡེ་ཤེས་ཉིད
རྐྱེན་སྣང་ཡུལ་མེད་ཅིག་ཆར་བ
འཁྲུལ་པ་ལྡོག་པའི་ལྡོག་ས་ནི
ལུ་གུ་རྒྱུད་དུ་ཐམས་ཅད་སངས
དྲན་མེད་ཡུལ་གྱི་དཀྱིལ་འཁོར་དུ
རྣམ་རྟོག་ལས་གྲོལ་རྒྱུད་ཆེན་གསལ
དྲན་པའི་སྣང་བ་ཅི་སྙེད་པ
འཁྲུལ་པ་ཆེན་པོའི་རྒྱུ་ཡིན་པས
དྲན་པ་སངས་པའི་ནམ་མཁའ་ལ
འཁྲུལ་པ་དེ་ཉིད་བཟློག་པར་བྱ
༤༢༦
ཆོས་ཉིད་ཡུལ་གྱི་སྣང་བ་ལ
བསམ་པའི་དངོས་པོ་ཇི་སྙེད་པ
འཁྲུལ་དང་མ་རིག་རྒྱུ་ཡིན་པས
བསམ་པ་མེད་པའི་རིག་པ་ལ
དོན་གྱི་མིག་གིས་དེ་ཉིད་བཟློག་པར་བྱ
ལུ་གུ་རྒྱུད་ཀྱི་སྣང་བ་ལ
འཛིན་པའི་རྟོག་པ་ཇི་སྙེད་པ
དེ་ཉིད་འཁྲུལ་པ་དངོས་ཡིན་པས
རྟོགས་པར་བྱེད་པའི་ཤེས་རབ་ཀྱིས
བརྟགས་ཏེ་རང་སྣང་ཡུལ་ལ་བལྟ
ཆོས་རྣམས་ཀུན་གྱི་རྩ་བ་ནི
དྲན་རིག་གཉིས་ལས་མ་འདས་སོ
ཀྱེ་མ་ཉོན་ཅིག་གཤིན་རྗེའི་རྒྱལ་པོ་ཁྱོད
རང་རིག་ཡེ་ཤེས་འོད་བར་བས
རྟོགས་པའི་རྒྱལ་པོ་ངོ་བོ་ཉིད
དབྱིངས་དང་ལུ་གུ་རྒྱུད་ཀྱི་སྐུ
དེ་ལས་ཡེངས་པ་མེད་པའི་ཕྱིར
རྒྱུན་གྱི་རྟོགས་པ་ཆེན་པོར་བསྟན
དྲན་བྱེད་བློ་ལ་སྣང་བ་རྣམས
༤༢༧
རིག་པའི་རྒྱལ་པོའི་སྐུ་ལ་ལྟོས
རིག་པ་འགྱུར་མེད་ཡེ་ཤེས་སྐུ
རང་གསལ་ཆོས་ཉིད་ཡུལ་ལ་འཕྱོའོ
ཆོས་ཉིད་སྟོང་པའི་ཡུལ་གནས་པ
སྟོང་པ་ཉིད་ཀྱི་དངོས་པོ་ལས་འདས་པའི་ཡེ་ཤེས་ལ
སྐུ་ཡི་སྣང་བ་བསམ་མི་ཁྱབ
སྣང་བའི་ཆོས་ཉིད་སྐྱེ་མེད་ལ
སྐུ་གསུམ་ཆོས་ཉིད་སྐྱེ་མེད་ནི
བསམ་འདས་དངོས་པོར་མི་འཛིན་པས
ད་ལྟར་སྣང་ཞིང་འོད་ལྔ་ལྟར་འབྱུང
རིག་པའི་སྣང་བ་འོད་གསལ་བ
ཞེས་པ་ནས
སྣ་ཚོགས་ཞེན་པ་རང་གྲོལ་ཏེ
ཆོས་སྐུ་ཉིད་ཀྱི་སྣང་བ་ནི
དྲན་བྱེད་བསམ་པའི་ཆོས་ལས་འདས་སྟེ
ཆོས་ཉིད་དབྱིངས་ལས་རང་བྱུང་བས
རྣམ་རྟོག་རང་གི་མདུད་པ་གྲོལ
བྱ་བྱེད་རྒྱུན་དུ་མི་སྣང་བས
༤༢༨
འཁྲུལ་པའི་ཡེ་ཤེས་མ་ལ་ཞ
རང་བྱུང་ཡེ་ཤེས་བདག་མེད་པས
ངོ་བོ་ལུ་གུ་རྒྱུད་དུ་ཤར
འཛིན་པ་མེད་པའི་རང་སྣང་ནི
གཟུང་བས་མ་ཟིན་ཆུ་ཟླ་འདྲ
ཐོགས་པ་མེད་པའི་རང་གྲོལ་ནི
ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན
སྤྲོ་བསྡུས་མ་བྱས་རང་སར་གྲོལ
རིག་པ་ཉིད་ཀྱི་ངོ་བོ་ནི
སྤྲོ་མེད་བསྡུ་མེད་ངང་དུ་གྲོལ
ཆོས་ཀྱི་སྐུ་ཡི་རང་སྣང་ནི
ཐད་ཀ་ཙམ་དུ་སྣང་བ་ལས
དངོས་པོ་དྲན་བྱེད་ཡིད་ལས་འདས
མཚན་མར་སྣང་བ་ཐམས་ཅད་ཀུན
སྐྱེ་མེད་ཆོས་སྐུ་ཐོབ་པའོ
ཨེ་མ་ཧོ
རིག་པའི་ཡེ་ཤེས་སྣང་མེད་པས
བེམས་པོའི་སྣང་བས་ང་མི་བསྒྲིབ
སྟོང་པའི་ཆོས་ཉིད་ཡུལ་མེད་པས
སྟོང་པ་ཉིད་ལ་ང་མི་གནས
མཚན་མར་འཛིན་པ་དངོས་དག་པས
འཛིན་པའི་ཆོས་ལ་ང་མི་གནས
༤༢༩
ཤེས་རབ་ཆེན་པོས་རང་བྱུང་བས
སྡེ་སྣོད་ཆོས་ལ་ང་མི་གནས
ང་ལ་དགེ་དང་སྡིག་མེད་པས
འཁོར་བའི་ཆོས་ལ་ང་མི་གནས
ཞེས་མུ་ཏིག་ཕྲེང་བའི་རྒྱུད་གསང་བ་ལས
འཁྲུལ་པ་གཞི་ལས་ལྡོག་པའི་ལེའུ་སྟེ་གཉིས་པའོ
༄༣
དེ་ནས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱིས་འདི་སྐད་ཅེས་གསོལ་ཏེ
ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང
རང་རིག་ཡེ་ཤེས་ཆེན་པོའི་ལུང
ངེས་པའི་རྒྱལ་པོས་བཀའ་སྩོལ་ཅིག
དེ་ནས་བཅོམ་ལྡན་རྡོ་རྗེ་འཆང
མ་བཞུགས་པ་ཡི་སྟན་ལས་ལངས
སར་བ་འདུས་ཧ་སྒྲ་བརྗོད་ནས
འདུས་པའི་ཚོགས་ལ་བཀའ་སྩལ་པ
ཀྱེ་ཀྱེ་ཉོན་ཅིག་འདུས་པའི་འཁོར
སྣང་བྱེད་སྒྲོན་མ་འབར་བ་འདི
༤༣༠
ཆོས་ཀྱི་སྐུ་དང་དབྱེར་མེད་པས
རང་རིག་ཡུལ་གྱི་སྤྱོད་ལམ་ནི
ཐབས་ཀྱི་སྐུ་ལས་ཤེས་རབ་ཉིད
འགག་མེད་ཀློང་དུ་ཐམས་ཅད་རོལ
གསང་བའི་ཡེ་ཤེས་འགྱུར་མེད་པས
རང་བཞིན་སྣང་བ་མ་འགགས་པ
ངོ་བོ་ཉིད་ཀྱི་སྐུ་ལྟར་འཕྲོ
བྱ་བྱེད་གཉིས་ལས་རབ་འདས་པས
ཆོས་ཉིད་ཡུལ་ལ་གཟིགས་སྣང་མཁྱེན
སྒྲོན་མའི་ཡེ་ཤེས་ཐིག་ལེ་གསལ
རིག་པའི་སྐུ་ལ་ཆོས་ཉིད་གསལ
སྒྲོན་མ་ཉིད་ཀྱི་སྣང་བ་ཡིན
དེ་ནས་སྣང་བའི་གོ་འབྱེད་པས
རིག་པའི་སྣང་བ་ཐ་དད་མིན
གསང་བའི་སྤྱི་རྒྱ་རླབ་ཆེན་འདི
སངས་རྒྱས་ཀུན་དང་མཉམ་སྦྱོར་པས
མཐའ་ཡས་ཉིད་ལས་དབུས་མི་དམིགས
༤༣༡
དོན་དམ་ཡེ་ཤེས་ལྔར་སྣང་བས
ཀུན་རྫོབ་ཡེ་ཤེས་སྣ་ཚོགས་ཏེ
སྐུ་ལྟར་སྣང་ཞིང་རིག་པ་འདུས
ཕྲ་རགས་སྣ་ཚོགས་སྣང་བ་ཡང
ཡེ་ཤེས་དོན་ལ་བསྒྲིབ་མི་འགྱུར
རིན་ཆེན་གཙུག་གི་མར་མེ་བཞིན
སྣང་བའི་འོད་འདི་དཔག་ཏུ་མེད
རིག་པའི་སྣང་བ་འོད་གསལ་བས
སྐུ་གསུམ་རྒྱལ་བའི་ཞིང་ཁམས་གསལ
མན་ངག་རིན་ཆེན་མངོན་སྣང་བས
བྱང་ཆུབ་ས་ལ་ཕ་རོལ་ཕྱིན
བརྗོད་དུ་མེད་ཅིང་སྣང་བའོ
ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན
འཁོར་བ་ཉིད་ཀྱི་དོན་རྟོགས་ན
མྱ་ངན་འདས་ཞེས་ཡོད་མ་ཡིན
ཉོན་མོངས་ལྔ་ཡི་དོན་རྟོགས་ན
༤༣༢
ཡེ་ཤེས་མིང་དུ་ཡོད་མ་ཡིན
སྡུག་བསྔལ་ཉིད་ཀྱི་དོན་རྟོགས་ན
བདེ་བ་ཆེན་པོ་བཙལ་དུ་མེད
སྐྱོན་གྱི་མཐའ་ཉིད་རབ་རྟོགས་ན
ཡོན་ཏན་ཆེན་པོ་བཙལ་མི་དགོས
འཁྲུལ་པ་ཉིད་ཀྱི་དོན་རྟོགས་ན
འཁྲུལ་མེད་རིག་པ་བཙལ་མི་དགོས
འབྱུང་ལྔ་ཉིད་ཀྱི་དོན་རྟོགས་ན
ཆེན་པོ་ལྔ་ཉིད་བབས་ཀྱིས་འགྲུབ
མ་རིག་ཉིད་ཀྱི་རྩད་ཆོད་ན
རིག་པའི་སྐུ་ཉིད་མ་བསྒྲུབས་འགྲུབ
སེམས་ཅན་ཉིད་ཀྱི་དོན་ཤེས་ན
སངས་རྒྱས་ཉིད་ཀྱང་མ་བཙལ་རྙེད
སྣ་ཚོགས་སྣང་བའི་དོན་རྟོགས་ན
རང་རིག་འོད་སྣང་མ་བཙལ་རྙེད
རྟོག་པ་ཉིད་ཀྱི་རྗེས་ཆོད་ན
༤༣༣
འཁྲུལ་པ་དེ་ཉིད་རང་སར་གྲོལ
སྟོང་པ་སྣང་བའི་དོན་རྟོགས་ན
ཡེ་ཤེས་སྐུ་ཡང་ལྷུན་གྱིས་གྲུབ
དངོས་པོར་སྣང་བའི་ཕུགས་མཐོང་ན
སྟོང་པ་ཉིད་ཀྱང་མ་བསྒྲུབས་རྫོགས
ཆོས་ཉིད་ཨ་ཡི་དོན་རྟོགས་ན
སྐྱེ་མེད་ཆོས་ཉིད་ཕ་རོལ་ཕྱིན
ཨེ་མ་ཧོ
རང་སྣང་སྟོང་པ་ཉིད་ཀྱི་རྒྱ
ཤེས་ཀྱི་རྒྱས་བཏབ་པ་བསྟན
སྟོང་འབྱམས་ཡེ་ཤེས་སྐུ་ཡི་རྒྱ
སྣ་ཚོགས་སེམས་ཉིད་རིག་པའི་རྒྱ
རྣམ་དག་ཀློང་ཡངས་ཡེ་ཤེས་རྒྱ
མཚན་མ་དངོས་དག་རང་རིག་རྒྱ
སྣང་བ་རང་རྫོགས་དབྱིངས་ཀྱི་རྒྱ
སྤྱོད་པ་རྨད་བྱུང་སྣང་བའི་རྒྱ
བསྒོམ་པ་རྨད་བྱུང་སེམས་ཀྱི་རྒྱ
༤༣༤
ལྟ་བ་རྨད་བྱུང་ནམ་མཁའི་རྒྱ
འབྲས་བུ་རྨད་བྱུང་ཆིག་ཆོད་རྒྱ
ཡེ་ཤེས་རྨད་བྱུང་སྟོང་པའི་རྒྱ
ཆོས་ཉིད་རྨད་བྱུང་རོལ་པའི་རྒྱ
རྟོགས་པ་རྨད་བྱུང་ཤེས་རབ་རྒྱ
ངོ་བོ་རྨད་བྱུང་ལུག་རྒྱུད་རྒྱ
ཡང་དག་རྨད་བྱུང་རིག་པའི་རྒྱའོ
ཨེ་མ་ཧོ
གསང་བའི་བདག་པོ་ཆེན་པོ་ཉོན
གསང་བའི་དབང་ཉིད་རབ་རྫོགས་པ
སྙིང་པོ་བཅུད་ཀྱི་གདམས་ངག་འདི
སྙིན་པོ་ཉིད་ལ་སྙིང་པོ་བརྟན
ངེས་པའི་གསུམ་མན་ངག་འདི
རྒྱུད་ཀྱི་གཙོ་བོ་མཐར་ཐུག་འགྱུར
དོན་དམ་ཀུན་རྫོབ་གཉིས་མེད་པས
༤༣༥
རང་སྣང་ཡུལ་ན་བདེ་བ་ཆེ
ཆོས་ཉིད་གཉིས་སུ་མེད་པའི་རྟགས
སྣང་བའི་རྗེས་སུ་མི་འབྲང་ཞིང
ཀུན་ཏུ་སྣང་ཞིང་གཉིས་སུ་མེད
བྱ་བྱེད་ཆོས་ལ་མི་གནས་པ
རང་སྣང་ཡུལ་ལ་གཉིས་སུ་མེད
གཅིག་དང་དུ་མར་མི་འབྱེད་པས
རྟོགས་པའི་དུས་ན་གཉིས་སུ་མེད
གསང་སྔགས་ཐབས་ལ་ཚེགས་མེད་པས
གོ་བའི་དུས་ན་གཉིས་སུ་མེད
འཁྲུལ་པའི་ཡུལ་ལ་སྣ་ཚོགས་ཀྱང
དོན་དམ་ཉིད་ལ་གཅིག་གཉིས་མེད
ཕྱི་ནང་ཡུལ་ལ་གཅིག་ཀྱང་མེད
ཤེས་པའི་དུས་ན་སྣ་ཚོགས་འབྱུང
སྣ་ཚོགས་ཞེན་པ་རང་གྲོལ་ཏེ
ཆོས་ཉིད་གོ་ནས་གཉིས་མེད་དང
༤༣༦
འཁྲུལ་སྣང་རིགས་ནི་རྩད་ཆོད་ན
རང་རིག་ངོ་བོ་གཉིས་སུ་མེད
ཞིང་ཁམས་རྣམ་དག་ལྷུན་གྲུབ་པའོ
ཞེས་མུ་ཏིག་ཕྲེང་བ་རིན་པོ་ཆེའི་རྒྱུད་གསང་བ་ལས
འཁྲུལ་པ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་གསུམ་པའོ
༄༤
དེ་ནས་རྟ་མགྲིན་དབང་གིས་རྒྱལ་པོས་འདི་སྐད་ཅེས་ཞུས་སོ
ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན
བདག་ཅག་རང་རིག་རྗེས་མཐུན་ལ
ཆོས་ཉིད་དབྱིངས་ཀྱི་བསྟན་པ་གསུངས
དེ་སྐད་རབ་ཏུ་ཞུས་པ་དང
བཅོམ་ལྡན་རྡོ་རྗེ་དཔའ་བོ་དེས
ཏིང་ངེ་འཛིན་ལས་བཞེངས་ནས་ནི
ཉེ་བའི་འཁོར་ལ་བཀའ་སྩལ་པ
ཀྱེ་ཀྱེ་རྟ་མགྲིན་དབང་རྒྱལ་ཉོན
ང་ཡིས་བསྟན་གྱིས་ལེགས་པར་ཉོན
ཆོས་དབྱིངས་རྒྱན་དང་ལྡན་པའི་ཕྱིར
སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ
སངས་རྒྱས་སེམས་ཅན་ཀུན་གྱི་དུར
ཐེམ་ཞིང་ཡང་དག་དོན་ལ་སྤྱོད
རིག་པ་སྐྱེ་མེད་སྣང་བ་ནི
༤༣༧
སྐྱེ་བྱ་སྐྱེ་བྱེད་གཉིས་ལས་འདས
གསང་བའི་སྐུ་དང་རིག་པའི་ངང
རྣམ་པར་དག་པའི་ཆོས་ཉིད་ལ
ཐུགས་རྗེས་ཆོས་ཤིང་བཅད་དུ་མེད
ཆོས་ཉིད་དབྱིངས་ཀྱི་རྒྱན་བཟང་པོ
ཐིག་ལེའི་སྣང་བ་མཐའ་ཡས་ཤིང
སྐུ་ཡི་ངོ་བོ་ལུ་གུ་རྒྱུད
ཡེ་ཤེས་སྣང་བའི་འོད་ཟེར་ལྔ
སངས་རྒྱས་ཀུན་གྱི་ལམ་གྱི་སྐུ
ཆོས་ཉིད་ཡངས་པའི་དཀྱིལ་འཁོར་དུ
གསང་སྔགས་ཐབས་ཀྱི་སྤྱོད་པ་ནི
བཅོམ་ལྡན་རྡོ་རྗེ་སེམས་དཔས་བསྟན
ཨེ་མ་ཧོ
སྣང་བ་ཆེན་པོ་གསལ་བ་ཆེ
དག་པའི་ཡེ་ཤེས་འོད་དུ་གསལ
ཆོས་ཉིད་སྤྲོས་པ་མེད་པའི་ཀློང
འགྱུར་མེད་ཕོ་བྲང་ལྷུན་འབྱམས་འདི
སོ་སོར་སྣང་ཞིང་དོན་བྱེད་པས
༤༣༨
རང་རིག་ཡེ་ཤེས་སྐུ་ཡི་ཀློང
སྟོང་པའི་ཡེ་ཤེས་མཁའ་ལ་རོལ
ཡང་དག་ཡེ་ཤེས་མ་འགགས་ཡངས
ཏིང་འཛིན་ཡེ་ཤེས་མེ་དང་འདྲ
ཡང་དག་ཡེ་ཤེས་རླུང་དང་འདྲ
མ་བསྐྱོད་ཡེ་ཤེས་ཐབས་གསང་ཞིང
ཆོས་ཉིད་ལུས་ཀྱི་རྒྱན་བཟང་བ
ཆོས་ཀྱི་སྐུ་ཡི་སྤྱོད་པ་ནི
སངས་རྒྱས་ཀུན་གྱི་སྤྱོད་པ་དང
ཐིག་ལེ་རྣམས་ཀྱི་བཞུགས་ས་ནི
ངང་གིས་མ་གཡོས་གཡོ་བ་མེད
ལྟ་བའི་ཡེ་ཤེས་ཐབས་མཁས་པས
མ་བསྐྱོད་རྡོ་རྗེ་སེམས་དཔའི་ངང
སྣ་ཚོགས་རོལ་པའི་སྐུ་བསྟན་པས
རྒྱུན་ཏུ་སྣང་ཞིང་རྣམ་པར་རོལ
གསང་སྔགས་ཐབས་ཀྱི་སྒོ་མང་བས
ཡིད་ཆེས་གསུམ་གྱིས་རབ་ཏུ་བསྟན
༤༣༩
ཆོས་རྣམས་ཀུན་གྱི་རྩ་བ་ནི
སྤྱོད་པ་མ་སྤྱད་རང་སར་གྲོལ
ཐབས་ལས་སྐུ་ལྟར་སྣང་བ་དག
གསང་སྔགས་ལམ་ལ་གནས་པ་ཡི
བསམ་འདས་རབ་དག་ཡུལ་ལས་འདས
བག་ཆགས་ཡུལ་རྣམས་སྐུ་ཡི་ངང
གསང་སྔགས་ཐམས་ཅད་ཐབས་ལ་ཐུག
ཆགས་མེད་ཡེ་ཤེས་གསུང་གི་ངང
ལྷུན་རྫོགས་ཆེན་པོའི་ལྟ་བར་བསྟན
སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང
ཐུགས་རྗེ་དྲི་མ་རྣམ་པར་དག
ཤེས་རབ་ཆེན་པོར་གྱུར་པའོ
སྟོང་དག་ཡེ་ཤེས་རང་བྱུང་བ
ཆོས་རྣམས་ཀུན་གྱི་རྩ་བ་ནི
གསང་སྔགས་ལུ་གུ་རྒྱུད་ཀྱི་ངང
ཆོས་རྣམས་ཀུན་གྱི་རང་བྱུང་ནི
དབྱིངས་ཀྱི་སྒྲོན་མ་ཐབས་ཀྱི་རྒྱ
༤༤༠
ཆོས་སྐུ་དངོས་པོའི་ལམ་དུ་སྣང
དྲི་མ་མེད་པའི་ཡེ་ཤེས་ནི
སྟོང་པའི་ཡུལ་གྱི་གནད་དུ་བརྡེག
མན་ངག་རྒྱལ་པོ་སྤྱི་བཅིངས་དང
ཐམས་ཅད་རང་སྣང་ལྷུན་རྫོགས་པའོ
ཨེ་མ་ཧོ
རྣལ་འབྱོར་ཀུན་གྱི་ལྟ་བ་ནི
སེམས་ཀྱི་སྒོ་བཅད་རྣམ་རྟོག་དངས
ཁྱིམ་ཡངས་ཕུགས་རྡིབ་མན་ངག་ནི
འདོད་པའི་སྒོ་བཅད་ཡེ་ཤེས་ནང་དུ་གསལ
ཆོས་ཉིད་ལམ་དུ་ཁྱེར་ན་ཡེ་ཤེས་སྣང་བ་དག
ཁྱི་རྐུན་མདོར་ཕྱུང་རིག་པའི་ངོ་བོ་ཟིན
མཚན་མ་ཟིལ་གནོན་སྣང་བ་རྒྱ་ཡིས་བཏབ
ཡེ་ཤེས་འགྱུར་མེད་ཀློང་ཡངས་འོད་དབྱིངས་ཀུན་ཏུ་ཆུབ
ཤེས་རབ་རང་སྣང་ཆོས་ཉིད་ཡུལ་དུ་ཆོད
༤༤༡
རྐྱེན་བྲལ་ཆོས་ཉིད་ཀུན་གྱི་སྙིང་པོར་གནས
སྣང་བ་ཆིག་ཆོད་མཁའ་ལ་རྒྱུག
ཨེ་མ་ཧོ
རང་རིག་ཡེ་ཤེས་མ་གཡོས་ངང་དུ་ཞོག
མ་རིག་པ་ཉིད་ཀློང་དུ་སྐྱོལ
འཁོར་བ་ཉིད་ཀྱང་རུ་ནས་བཟློག
སྤྱད་པས་མ་ཕྱེད་ཡུལ་དུ་མེད
རྩ་བ་ལྔ་དག་ཡེ་ཤེས་སྐུ
དྲན་བྱེད་སངས་པས་རང་རིག་དག
ཀུན་གྱི་ལམ་ལ་རྣམ་པར་སྣང
ཀུན་གཞི་ལུས་ཀྱི་མེ་ལོང་ལ
སྟོང་རིག་གསལ་བའི་གཞི་བསྟན་པས
གཞན་བྱུང་འཁྲུལ་པ་གཞི་ལ་བསྐྱལ
ཕུང་པོ་ལྔ་ཉིད་རྒྱུ་མེད་པས
འཁྲུལ་པའི་ལུས་ནི་མངོན་སངས་རྒྱས
༤༤༢
འབྱུང་བ་ལྔ་ཉིད་ཡེ་དངས་པས
སྣང་བ་འོད་གསལ་གཉིད་དུ་གྲོལ
དབང་པོ་ལྔ་ཉིད་ཅེར་བཞག་པས
འཛིན་པའི་ཡུལ་ལྔ་རང་སར་གྲོལ
ཉོན་མོངས་ལྔ་ཉིད་རང་ཡིན་པས
ཁམས་གསུམ་ཉིད་ནི་གཞི་ལ་བསྐྱལ
མ་རིག་པ་ཉིད་རང་བྱུང་བས
འཁྲུལ་པའི་རྒྱུ་ཉིད་ཡེ་ནས་སངས
ཀུན་གཞི་ཆོས་སྐུར་རང་ཤར་བས
རྒྱུད་ཀྱི་སྐྱེ་བ་རྩད་ནས་བཅད
ཡིད་བཞིན་དགོངས་པར་ཡེ་ནས་པས
འགྱུ་བྱེད་རྣམས་ནི་རང་བཞག་ཡིན
དབུགས་ནི་ཡེ་ནས་རྒྱུན་ཆད་པས
སྐྱེ་ཤི་གདོད་ནས་ཡོད་མ་ཡིན
༤༤༣
འདོད་པའི་ཡོན་ཏན་ཡེ་རྫོགས་པས
ཞེན་པའི་མཐའ་ནི་བསྒོམ་པ་ཉིད
ཡན་ལག་མ་བསྐྱོད་ཡེ་ཕྱིན་པས
འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད
སྨྲས་པའི་ངག་ནི་བརྗོད་མེད་པས
ཡེ་ནས་སྨྲ་བསམ་ཡུལ་ལས་འདས
མེད་པའི་འཕྲོ་འདུ་ཡེ་སྟོང་པས
ཡེ་ནས་བསམ་གཏན་ཆེན་པོར་གནས
དིར་མ་རྣམས་ནི་རང་དག་པས
དིར་མེད་ཟང་ཐལ་ཆེན་པོར་གནས
བྱས་པ་བྱུང་བ་མེད་པའི་ཕྱིར
ཐོག་མ་ཉིད་ནས་བྱ་བྱེད་བྲལ
གཞི་ནས་གཞན་འབྱུང་ཆོས་མེད་པས
༤༤༤
གདོད་ནས་རང་བྱུང་ཉག་གཅིག་གོ
གཅིག་དང་ཉིས་ཀྱི་གྲངས་ཟད་པས
ཐིག་ལེ་ཟླ་དང་བྲལ་བ་ཉིད
མུན་པ་གདོད་ནས་རྣམ་དག་པས
རིག་པའི་སྣང་བ་འོད་གསལ་ཁྱབ
འཁོར་བ་རྒྱུ་མེད་འགགས་ཟིན་པས
ཡེ་ནས་སངས་རྒྱས་ཉིད་ཀྱི་ས
མཚན་མའི་དངོས་པོ་སྟོང་སངས་པས
བདག་འཛིན་བློ་ནི་ཡེ་ནས་ཟད
རྐྱེན་རྣམས་རྐྱེན་གྱིས་རང་གྲོལ་བས
ལྟོས་ཆོས་རྣམས་ནི་ཅོག་བཞག་པའོ
དེ་ནས་རྟ་མགྲིན་རྒྱལ་པོ་ཉིད
སྣང་བ་དེ་ཀུན་རང་གྲོལ་བས
༤༤༥
ངོ་མཚར་མཆོག་ཏུ་གྱུར་ནས་ནི
བརྒྱལ་ཞིང་ས་ལ་རབ་ཏུ་འགྱེལ
དེ་ནས་རྡོ་རྗེ་འཆང་ཆེན་དེས
དེ་ལྟར་བརྒྱལ་བ་བསླང་བའི་ཕྱིར
འདི་སྐད་ཅེས་ནི་ཆེད་དུ་བརྗོད
ཨེ་མ་དེ་ལྟར་སྣང་བ་རྣམས
འཁྲུལ་པ་ཉིད་ཀྱང་རང་གྲོལ་ན
འཁྲུལ་མེད་སྣང་བ་ཅིས་མི་གྲོལ
ཇི་ལྟར་སྨྲ་དང་བྱ་བྱེད་རྣམས
སྟོང་རིག་གསལ་བའི་སྤྱོད་པ་ཡིན
བཟང་དང་ངན་པའི་རྟོག་པ་རྣམས
བསྒོམ་པ་ཆུ་བོའི་ཀློང་ཆེན་ཡིན
ལོག་ལྟ་ཡང་དག་འདོད་པ་རྣམས
རྣལ་འབྱོར་རིས་མེད་ལྟ་བ་ཡིན
རེ་དང་དོགས་པར་འཛིན་པ་ཀུན
༤༤༦
ཟང་མ་ཐལ་བྱུང་འབྲས་བུ་ཡིན
ཕྱག་རྒྱ་ཆེན་པོ་མངོན་འདོད་པས
སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ
ཆར་དང་ཁུ་རླངས་ཆག་ཆག་བཏབ
འགྲོ་བའི་ལམ་དམིགས་ཐིག་ཆེན་ཏེ
རྐང་པའི་རྗེས་ནི་རྡུལ་ཚོན་རིས
འགྲོ་བར་འདོད་པ་སྟངས་སྟབས་ཉིད
ཡན་ལག་བསྐྱོད་པ་ཕྱག་རྒྱའོ
ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག
བསམ་པ་རྣམས་ནི་བསྐྱེད་རིམ་ཡིན
ཡིད་ལ་འགྱུ་བ་མཆོད་པ་ཉིད
གཟུགས་སུ་སྣང་བ་ལྷ་ཡི་སྐུ
སྒྲ་ཆེན་བརྗོད་པ་རོལ་མོ་ཉིད
༤༤༧
རང་གི་ལུས་ནི་བུམ་པ་ལ
སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས
ཁྲག་དང་ཆུ་སེར་ཆུ་རྣམས་ཉིད
དོན་སྙིང་ལ་སོགས་རྫས་ཀྱིས་གཏམས
རང་ལ་སྣང་བའི་དབང་རྣམས་བྱིན
མ་བསྐུར་ཉིད་ལ་རྫོགས་པའོ
འདའ་བར་འདོད་པ་དམ་ཚིག་ལ
བསྲུང་བར་འདོད་པ་བཅིངས་པ་ཉིད
དགྲོལ་བར་འདོད་པ་ཉམས་པ་སྟེ
མེད་པར་འདོད་པ་ཐུབ་མཆོག་ཡིན
བཟའ་དང་བཏུང་བ་བསྙེན་པ་ལ
ཉལ་དང་འདུག་པ་སྒྲུབ་པའོ
འདུ་བྱེད་རྣམས་ནི་ལྷག་གནས་ཉིད
གློ་དང་ལུང་པས་དཀྱིལ་འཁོར་སྒྲུབ
མཐོང་བ་རྣམས་ནི་ཕྱག་རྒྱའི་བརྡའ
དེ་ལ་ཆགས་པ་ཉམས་མྱོང་ཡིན
༤༤༨
ཤེས་རིག་གསལ་བ་གདམས་ངག་ལ
ཡུལ་སེམས་གཉིས་འདུས་གདབ་པའི་ཡུལ
སྐྱེ་རྒས་ན་འཆི་གོམས་པའི་གནད
ཚོགས་དྲུག་མ་འགགས་རྟོགས་པའོ
དེ་ནས་ཡེ་ཤེས་མཁའ་འགྲོ་རྣམས
ཤིན་ཏུ་དགའ་མགུ་ཡི་རངས་ནས
རྡོ་རྗེ་འཆང་ལ་འདི་སྐད་གསོལ
ཀྱེ་འཁྲུལ་མེད་གྲོལ་བ་དེ་ལྟར་ན
སྣོད་ཀྱི་འཇིག་རྟེན་ཅིས་མི་གྲོལ
རྡོ་རྗེ་འཆང་གིས་བཀའ་སྩལ་པ
ནམ་མཁའ་ཉིད་ནི་ཁྱབ་སྟོང་པས
ནམ་མཁའ་ཉིད་ནི་དངོས་པོར་གྲོལ
རླུང་ནི་གཟུང་ཡུལ་མེད་སྣང་བས
དངོས་པོ་སྡུད་པའི་ལས་སུ་གྲོལ
མེ་ནི་སྨིན་བྱེད་བྱིན་ཟ་བས
༤༤༩
བསྐྱོད་ཅིང་དངས་སྙིགས་འབྱེད་པར་གྲོལ
ས་ནི་སྐྱེད་བྱེད་བདེགས་པས་ན
དངོས་མེད་མཐའ་ཡས་སྟོང་པར་གྲོལ
ཆུ་ནི་སྡུད་བྱེད་རླན་པས་ན
སྲེག་བྱེད་སྨིན་པའི་ལས་སུ་གྲོལ
ནམ་མཁའི་རླུང་ནི་དངོས་པོ་ལ
ནམ་མཁའི་མེས་ནི་སྡུད་པར་བྱེད
ནམ་མཁའི་ཆུས་ནི་སྲེག་བྱེད་པའོ
ནམ་མཁའི་ས་ཡིས་གོ་སྐབས་འབྱེད
ནམ་མཁའི་ནམ་མཁའ་སྣང་བའོ
རླུང་གི་རླུང་ནི་བརྟན་པ་ལ
རླུང་གི་ནམ་མཁའ་ཡེ་གདངས་ཆེ
རླུང་གི་ཆུ་ནི་མྱུར་མགྱོགས་ཏེ
རླུང་གི་མེས་ནི་འཕེན་སྡུད་ཕྱེད
རླུང་གིས་ས་ནི་གཟུགས་བརྙན་གསལ
༤༥༠
ཆུ་ཡི་ཆུ་ནི་སྒྲ་སྙན་ཡིན
ཆུ་ཡི་ནམ་མཁའ་ཐོགས་པ་མེད
ཆུ་ཡི་རླུང་ནི་ཆགས་མེད་རྒྱུག
ཆུ་ཡི་མེས་ནི་སྡུད་པར་བྱེད
ཆུ་ཡིས་ས་ནི་ཁྱབ་པར་བྱེད
མེ་ཡི་མེས་ནི་བསྐྱེད་པར་བྱེད
མེ་ཡི་ནམ་མཁས་དངོས་པོ་བསྲེག
མེ་ཡི་རླུང་གིས་འབར་བར་བྱེད
མེ་ཡི་ཆུས་ནི་ཤིང་བརླག་པར་བྱེད
མེ་ཡི་སས་ནི་འཛིན་པའོ
ས་ཡི་སས་ནི་འགྲོ་བ་ཁྱབ
ས་ཡི་ནམ་མཁའ་ཐེག་ཆེན་ཏེ
ས་ཡི་རླུང་གིས་གང་སྟོངས་བྱེད
ས་ཡི་ཆུས་ནི་དངོས་པོ་བསྐྱེད
ས་ཡི་མེས་ནི་སྐེམས་པའོ
ངེས་པ་མེད་པའི་བྱུང་བ་ཡིས
༤༥༡
ངེས་པར་སྣང་བའི་སེམས་ཉིད་གྲོལ
གཟུགས་སུ་མེད་པའི་སྣང་བ་ཐམས་ཅད་ནི
རང་བཞིན་མེད་པའི་ངང་དུ་གྲོལ
གཟུགས་མེད་རྣམས་ནི་དངོས་པོས་གྲོལ
ཆོས་ནི་ཆོས་ཀྱིས་གྲོལ་བ་ལ
མེད་པ་ལ་ཡང་མེད་པས་གྲོལ
གཅིག་ནི་གཅིག་གིས་གྲོལ་བ་ལ
གཉིས་སུ་སྣང་བས་གཉིས་གྲོལ་བའོ
རྟ་མཆོག་དཔལ་གྱིས་ཡང་གསོལ་པ
ཀྱེ་མ་བཅོམ་ལྡན་རྡོ་རྗེ་འཆང
སྣོད་འཇིག་རྟེན་ཀྱང་གྲོལ་གྱུར་བས
བཅུད་ཀྱི་སེམས་ཅན་ཅིས་མི་གྲོལ
སེམས་ཅན་གྲོལ་བ་རྣམས་ལ་དོན་མེད་འགྱུར
ཡང་ན་གྲོལ་བ་དེ་དག་ཀུན
༤༥༢
འབད་པ་མེད་པར་གྲོལ་ལམ་ཅི
འབད་པས་གྲོལ་ན་བེམ་པོ་ནི
གྲོལ་བར་རིགས་པ་མ་ལགས་ན
སེམས་ཅན་གྲོལ་བ་ཇི་ལྟར་གྲོལ
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ
འབད་པས་གྲོལ་བ་མ་ཡིན་ཏེ
ཡེ་ཉིད་ནས་ནི་གྲོལ་བར་གནས
ཐབས་དང་ཤེས་རབ་སྦྱོར་བ་ལས
ཕ་དང་མ་ཡི་རྒྱུ་ཉིད་དག
འཕེན་པའི་རླུང་གིས་བསྐྱོད་པ་ནི
བྱང་ཆུབ་རང་རིག་བདེ་ཆེན་པོ
འབྱུང་ལྔའི་རྒྱུ་ལས་ས་བོན་ནི
སྟོང་ཉིད་ཡུལ་ལས་རྣམ་པར་ཤར
གཉིས་ཀྱི་བདེ་བ་སྙོམས་འཇུག་ནི
ཐབས་ལས་བྱུང་བའི་ཤེས་རབ་ཉིད
༤༥༣
མངལ་གྱི་ལྷུམས་སུ་ཚུད་པ་ནི
རང་རིག་གཞི་ནས་སྣང་བར་ཤར
བདུན་ཚན་བདུན་གྱི་རྟོགས་ཚད་དོ
ཟླ་བཅུ་ས་རྣམས་བགྲོད་པ་ཉིད
བཙས་པ་ཉིད་ནི་སྐུར་བཞེངས་ཏེ
ལུས་བསྐྱེད་པ་ནི་གཞི་སྣང་ཡུལ
ལུས་སུ་གནས་པ་གཞི་ཡིན་ཏེ
རྒས་པ་དག་ནི་འཁྲུལ་པ་སངས
ན་བ་ཉིད་ནི་རྟོགས་པའི་གདིང
ཤི་བས་ཆོས་ཉིད་སྟོང་པར་གྲོལ
དེ་ལྟར་གཟུགས་སུ་སེམས་ཅན་ཏེ
འབད་པ་མེད་པར་ཡེ་ནས་གྲོལ
ཨེ་མ་སྤྱོད་བསམ་བསྒྱུར་སྣང་བ་གྲོལ
བསྒོམས་པས་མ་བཅོས་ཆོས་ཅན་གྲོལ
༤༥༤
ལྟ་བས་མ་བརྟགས་རྟག་ཆད་གྲོལ
འབྲས་བུ་མ་བཅིངས་རང་ལུས་གྲོལ
སྣང་བ་ཡེ་རྒྱས་ཐེབས་པའོ
ཞེས་མུ་ཏིག་ཕྲེང་བ་རིན་པོ་ཆེའི་རྒྱུད་ལས
འབད་མེད་རང་གྲོལ་གྱི་ལེའུ་སྟེ་བཞི་པའོ
༄༥
དེ་ནས་རིགས་ཀྱི་ཁྲོ་བོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ
ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང
སངས་རྒྱས་ཀུན་གྱི་རང་བཞིན་གང
སེམས་ཅན་རྣམས་ལ་ཇི་ལྟར་ངས
དེ་ཉིད་གནས་ན་འཁྲུལ་མི་རིགས
འཁྲུལ་དེ་ཇི་ལྟར་ལྡོག་ཚུལ་ནི
གང་དང་གང་གིས་ལྡོག་པ་ལགས
མ་འཁྲུལ་ཡེ་ཤེས་ཇི་ལྟ་བུ
བདག་ཅག་རྣམས་ནི་གྱུར་ན
དེ་ལ་གཉིས་སྣང་ཇི་ལྟར་ལགས
གཙོ་བོ་ཐེ་ཚོམ་ཇི་ལྟར་བསལ
༤༥༥
རྡོ་རྗེ་འཆང་གིས་བཀའ་སྩལ་པ
གསང་བ་མཆོག་བདག་རྡོ་རྗེ་འཛིན
གཉིས་ནི་གཞི་ངོ་བོ་གཅིག་ཁྱད་པར་ལས
སྤྲོས་མེད་ཉག་གཅིག་དགོངས་པར་གནས
བདེ་ཆེན་ཐིག་ལེའི་རང་བཞིན་ཅན
སངས་རྒྱས་ཀུན་བདག་དཀྱིལ་འཁོར་གཅིག
ངོ་བོ་ཉིད་ཀྱི་ཀ་དག་པས
རང་བཞིན་ཉིད་ལ་ལྷུན་གྲུབ་པོ
ས་དང་ཕྱོགས་དང་རིས་ལས་འདས
ཡོད་དང་མེད་དང་ལྟར་སྣང་མེད
གཅིག་དང་གཉིས་དང་བགྲང་ཡུལ་མེད
སྟོང་པ་ཆེན་པོར་བབས་ཀྱིས་གྲུབ
༤༥༦
ལུང་དང་རིགས་པའི་སྤྱོད་ཡུལ་མིན
རྒྱུད་དང་མན་ངག་གིས་མི་མཚོན
ལྟ་དང་སྒོམ་དང་སྤྱོད་པས་ནི
དེ་ཡི་དོན་རྣམས་ཤེས་མི་འགྱུར
དེ་དོན་འབྲས་བུ་གྲུབ་པ་མེད
ཆོས་ཀྱིས་དེ་ཉིད་བསྒྲིབས་པར་འགྱུར
བསམ་པས་འགྲུབ་པ་མ་ཡིན་ཏེ
ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད
སྦྱིན་དང་ཚུལ་ཁྲིམས་དང་བཟོད་པ་ཡིས
དེ་ཉིད་གནོད་དང་ཕན་འབྲས་བུ་བྲལ
ཐོས་དང་བསམ་དང་བསྒོམས་པས་ནི
མཆོག་ཏུ་བརྟགས་ཀྱང་དོན་མི་མཐོང
དེ་ལ་དཀྱིལ་འཁོར་ཡོད་པ་མིན
ལྷ་མེད་སྐྱེད་པའི་ས་བོན་མེད
སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ
མཆོད་པ་ལ་སོགས་སྤྲོ་མི་དགོས
དབང་དང་དམ་ཚིག་ག་ལ་ཡོད
༤༥༧
བསྙེན་པ་དང་ནི་སྒྲུབ་པ་མེད
འཁོར་ལོ་སྤྲོ་བ་ཡོད་མ་ཡིན
བསྲུང་བ་མེད་ཅིང་བསྲུང་ཡུལ་མེད
གདོན་དང་གནོད་པའི་ཡུལ་ལས་འདས
དེ་ནི་ཡིན་འགྲོ་བའང་ཡིན
སེམས་ཡིན་སེམས་ལས་བྱུང་བ་སྟེ
དུ་མ་ཡིན་ལ་ཉག་གཅིག་ཡིན
འཁོར་དང་མྱང་འདས་ང་རང་ཡིན
དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན
ཆོས་ཡིན་ཆོས་སུ་སྣང་བ་ཡིན
གནས་པ་ཡིན་ལ་གྲོལ་བ་ཡིན
འདུག་དང་ཉལ་དང་འཆག་པ་ཡིན
སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན
༤༥༨
འཇིག་རྟེན་གསུམ་པོ་དེ་ལས་སྐྱེས
ལྷ་དང་སྔགས་དང་ཕྱག་རྒྱར་སྣང
དགེ་དང་དེ་ཡི་འབྲས་ལྟར་བྱུང
ཕ་རོལ་ཕྱིན་པ་བཅུ་ཡང་དེ
ས་རྣམས་དང་ནི་ཡོན་ཏན་ཀྱང
དེ་ཉིད་ལས་ནི་ཐམས་ཅད་བྱུང
སྤྱོད་པ་སྒོམ་པ་ཉིད་དང་ནི
ལྟ་བ་ལ་སོགས་ཀུན་ཀྱང་བྱུང
ཆེ་ཆུང་རིམ་པའི་ཐེག་པ་ཡང
དེ་ལས་ཐམས་ཅད་བྱུང་བའོ
མདོར་ན་ཇི་ལྟར་སྣང་བ་ཡི
ས་ཆུ་མེ་རླུང་ནམ་མཁའ་དང
འབྱུང་བ་ཆེ་རྣམས་དེ་ལས་བྱུང
ལྷ་དང་ལྷ་མིན་མི་རྣམས་དང
དམྱལ་བ་བྱོལ་སོང་ཡི་དྭགས་དང
༤༥༩
ཆེན་པོ་དེ་ལས་ཡང་དག་བྱུང
འདོད་ཆགས་ཞེ་སྡང་གཏི་མུག་དང
ང་རྒྱལ་ཕྲག་དོག་ལ་སོགས་ནི
དེ་ཉིད་ལས་ནི་ཆོ་འཕྲུལ་འབྱུང
མ་རིག་སེམས་དང་ཡིད་རྣམས་དང
ཕུང་པོ་ཁམས་དང་སྐྱེ་མཆེད་དང
རྣམ་པར་ཤེས་པའི་ཚོགས་རྣམས་དང
དབང་པོ་ལྔ་ལ་སོགས་པ་བྱུང
སྒྲ་དང་དྲི་དང་རོ་དང་ནི
རེག་བྱ་ཉིད་དང་འདོད་ཡོན་ནི
དེ་ཉིད་ཀྱི་ནི་རྒྱན་དུ་བྱུང
གསོག་དང་ཡ་མ་བརླ་དང་ནི
སྙིང་པོ་མེད་ལ་སོགས་པ་ཡང
དེ་ཡི་རྩལ་དང་རོལ་པར་བྱུང
ཀུན་གཞི་དང་ནི་ཉེར་ལེན་གྱི
ཤ་དང་ཁྲག་དང་ཆུ་སེར་དང
རུས་པ་པགས་པ་བ་སྤུ་དང
བསགས་པའི་ལུས་རྣམས་དེ་ལས་བྱུང
ལུས་དང་ངག་དང་ཡིད་དང་ནི
སེམས་བྱུང་ཉོན་མོངས་སྣ་ཚོགས་ནི
ཐམས་ཅད་ང་ཡི་ངོ་ལས་བྱུང
༤༦༠
སྐྱེས་པ་བུད་མེད་རྟ་གླང་དང
གཟུགས་ནི་ཐམས་ཅད་དེ་ལས་བྱུང
བཟའ་དང་ཉལ་དང་འདུག་པ་དང
སྣ་ཚོགས་ལས་ནི་བྱུང་བའོ
ཀྱེ་ཁྲོ་བདག་དེ་ལྟར་གནས་པའི་ཆོས་ཉིད་ལ
འཁྲུལ་པ་གདོད་ནས་མེད་པ་སྟེ
ཆོས་སྐུ་ནམ་མཁའ་ལྟ་བུ་ལ
གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས
མ་འཁྲུལ་པ་ཡི་ཆོས་ཉིད་ཀྱང
གློ་བུར་འཁྲུལ་པའི་ཚུལ་དང་ལྡན
རྒྱུ་རྐྱེན་དང་བཅས་སྐད་ཅིག་མ
ཡུལ་ལ་དེ་ལྟར་སྣང་མོད་ཀྱང
ཐོག་མ་ཉིད་ཀྱི་ཀ་དག་ལ
འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད
དེ་བཞིན་མ་འཁྲུལ་པ་ཡང་ཅི
དེ་ཕྱིར་འཁྲུལ་པ་གདོད་ནས་དག
གཞི་སྣང་ཆེན་པོ་དེ་ཉིད་ལ
མ་རིག་པ་ཞེས་བརྟག་མེད་པས
༤༦༡
འཁྲུལ་པར་གྲུབ་པ་ཡོད་མ་ཡིན
བློ་ཞེས་ཀུན་ཏུ་མ་བརྟགས་པས
དྲི་མ་འཁྲུལ་པའི་མིང་ཡང་མེད
མིང་དང་ཡི་གེའི་ཚོགས་མེད་པས
བཏགས་པའི་འཁྲུལ་པ་ཡོད་མ་ཡིན
ཆོས་ཞེས་མིང་དུ་དུམ་གྲགས་པས
བློ་བཏགས་འཁྲུལ་པ་མིང་ཡང་མེད
སེམས་དང་ཡིད་དུ་མ་གྲུབ་པས
འགྱུ་བྱེད་འཁྲུལ་པ་ངང་གིས་མེད
ཕྲ་རགས་དྲི་མ་གཉིས་མེད་པས
འབྱུང་རྐྱེན་འཁྲུལ་པ་ངང་གིས་མེད
བྱ་དང་བྱེད་པ་གཉིས་མེད་པས
ཡུལ་འཛིན་འཁྲུལ་པ་ག་ལ་ཡོད
ཡུལ་དང་དབང་པོ་གཉིས་མེད་པས
ཡུལ་འཛིན་འཁྲུལ་པ་མེད་པའོ
ཀྱེ་ཁྲོ་བདག་ཆེན་པོ་ལེགས་པར་ཉོན
རང་བཞིན་སྣང་བའི་ཆོས་རྣམས་ལ
༤༦༢
དྲི་མ་མེད་པས་ཕྲ་རགས་ལོག
གཟུང་འཛིན་མེད་པས་འཁྲུལ་པ་ལོག
འགྱུ་བ་མེད་པས་ལས་རླུང་ལོག
ཟང་ཐལ་ཡིན་པས་དངོས་པོ་ལོག
གསལ་བ་ཡིན་ཕྱིར་སྟོང་པ་ལོག
ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག
རྩོལ་བ་མེད་པས་སྤྱོད་པ་ལོག
མ་བཙལ་བཞག་པས་བསྒོམ་པ་ལོག
རང་གྲོལ་ཡིན་པས་སྣང་བ་ལོག
མངོན་དུ་སྣང་བས་ལྟ་བ་ལོག
སྒྲ་ཚིག་མེད་པས་ཐ་སྙད་ལོག
ཡོད་མ་མྱོང་པས་ཞེན་པ་ལོག
མེད་མ་མྱོང་བས་གཞན་ལྟོས་ལོག
གཟུང་དུ་མེད་པས་བློས་བཏགས་ལོག
ཉག་གཅིག་ཡིན་པས་གྲངས་མཐའ་ལོག
༤༦༣
ཡོངས་ལ་ཁྱབ་པས་གཞན་འབྱུང་འགགས
རང་ཤར་ཡིན་པས་མུན་པ་སངས
སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ
གསལ་བར་སྣང་བས་ལོངས་སྐུར་རྒྱས
མ་བུ་འཕྲད་པས་སྤྲུལ་སྐུར་བྱུང
རྟགས་སུ་ཡོད་པས་ཐབས་སུ་བྱུང
བསམ་འདས་ཡིན་པས་དྲན་པ་སངས
རྟག་ཆད་མེད་པས་གྲུབ་མཐའ་རྫོགས
བཅུང་དུ་དྲིལ་བས་རིག་པ་གསལ
རང་གྲོལ་ཡོད་པས་ཅོག་བཞག་དང
དེ་ཉིད་ལོག་པའི་རིག་པ་ནི
རང་ལས་བྱུང་བས་གྲོལ་ཞེས་བྱ
༤༦༤
གནས་པ་ཡིན་པས་ཁྱབ་ཅེས་བྱ
མཚན་མ་མེད་པས་སྟོང་ཞེས་བྱ
ནུབ་པ་མེད་པས་ཤར་ཞེས་བྱ
རྡོས་བཅས་མེད་པས་ཟང་ཐལ་ལོ
གྲོལ་བར་གནས་པས་ལོག་ཅེས་བྱ
སྣ་ཚོགས་དངས་པས་སངས་ཞེས་བྱ
གཉིས་སུ་མེད་པས་གཅིག་པུ་ཉིད
ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ
མ་ལུས་རྫོགས་པས་འབྲས་བུ་ཉིད
དམིགས་པ་དག་པས་ལམ་ཞེས་བྱ
འཁྲུལ་པ་ཟད་པས་ལུང་ཡང་ཡིན
ཡེ་ནས་གནས་པས་རྒྱུད་ཅེས་བྱ
མཚོན་དུ་ཡོད་པས་མན་ངག་ཡིན
གྲངས་ལས་འདས་པས་རྩིས་ཞེས་བྱ
དེ་ལྟ་བུ་ཡི་སེམས་ཉིད་ནི
དགོས་འདོད་སྐོངས་པས་ནོར་བུ་འདྲ
༤༦༥
དགོས་པ་ཚང་བས་བང་མཛོད་བཞིན
གང་བསྟན་སྣང་ས་མེ་ལོང་འདྲ
དྲི་མེད་གསལ་བའི་ཤེལ་སྒོང་འདྲ
སྣང་བ་སྣ་ཚོགས་ཟ་འོག་གུར
སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ
ལྟ་བའི་རྩལ་རྫོགས་སེང་གེ་བཞིན
གཏིང་རྫོགས་ཁྱབ་པས་རྒྱ་མཚོ་འདྲ
རང་བྱུང་གྲོལ་བས་ནམ་མཁའ་བཞིན
ཐམས་ཅད་བརྟེན་པས་ས་གཞི་འདྲ
ཡུལ་རྣམས་ཀུན་ལས་ཁྱད་པར་འཕགས
འགག་པ་མེད་པའི་རིག་པ་ལས
འཁྲུལ་པ་མེད་པས་རྟོག་པ་མེད
ཡེ་གྲོལ་ཡིན་པས་གཏན་ནས་འཕགས
རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད
ཅེར་གྲོལ་ཡིན་པས་སྣང་བ་དག
༤༦༦
མཐའ་གྲོལ་ཡིན་པས་མུ་བཞི་འགགས
གཅིག་གྲོལ་ཡིན་པས་དུ་མ་སྟོངས
རྐྱེན་རྣམས་རྐྱེན་གྱིས་གྲོལ་བས་ན
དམིགས་པའི་ཆོས་ལ་ང་མི་ལྟོས
ཡུལ་རྣམས་ཡུལ་གྱིས་གྲོལ་བས་ན
གཟུང་འཛིན་གཉིས་ལ་ང་མི་ལྟོས
རྒྱུ་ཉིད་རྒྱུ་ཡིས་གྲོལ་བ་ལ
འཁོར་འདས་གཉིས་ལང་མི་ལྟོས
ཆོས་ནི་ཆོས་ཀྱིས་གྲོལ་བ་ལ
ཐ་སྙད་ཚིག་ལ་ང་མི་ལྟོས
སེམས་ཉིད་སེམས་ཀྱིས་གྲོལ་བ་ལ
མཚོན་བྱེད་བློ་ལ་ང་མི་ལྟོས
དྲི་མས་དྲི་མ་འཁྲུལ་བ་བཞིན
དེ་ནི་དག་པས་དག་པ་གྲོལ
དུག་གིས་དུག་རྣམས་འཛིམས་པ་དང
ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང
༤༦༧
རྡོ་ཡིས་རྡོ་རྣམས་གཅོག་པ་དང
ཤིང་གིས་ཤིང་རྣམས་བསྲེག་པ་ལྟར
རང་རང་དགྲ་ནི་རང་གིས་བྱེད
རིགས་མི་མཐུན་པས་གྲོལ་བ་མིན
དེ་ཕྱིར་གཞི་གནས་རིག་པ་ལ
རང་ཤར་ཡིན་ཕྱིར་སྣང་བ་རྫོགས
རང་བྱུང་ཡིན་ཕྱིར་གཞི་ཉིད་རྫོགས
རང་སྣང་ཡིན་ཕྱིར་ཡུལ་ཡང་རྫོགས
རང་གྲོལ་ཡིན་ཕྱིར་འཁྲུལ་གཞི་རྫོགས
རང་དག་ཡིན་ཕྱིར་ལམ་ཀུན་རྫོགས
རང་རིག་ཡིན་ཕྱིར་ཤེས་བྱ་རྫོགས
རང་ཁྱབ་ཡིན་ཕྱིར་འབྲས་བུ་རྫོགས
རང་ས་ཡིན་ཕྱིར་རྒྱུ་རྐྱེན་རྫོགས
རང་གིས་རྟོགས་ཕྱིར་ཆོས་ཉིད་རྫོགས
རང་ལོག་ཡིན་ཕྱིར་འཁོར་འདས་རྫོགས
རང་གནས་ཡིན་ཕྱིར་རྒྱུད་ལུང་རྫོགས
རང་རྫོགས་ཡིན་ཕྱིར་དུས་གཅིག་རྫོགས
༤༦༨
རང་ཤེས་ཡིན་ཕྱིར་གདམས་ངག་རྫོགས
རང་བཞག་ཡིན་ཕྱིར་བསམ་གཏན་རྫོགས
རང་གནས་ཡིན་ཕྱིར་དབྱིངས་རྫོགས་པའོ
ཨེ་མ་ཧོ
རང་རྫོགས་པ་ཆེན་པོའི་ཆོས་སྐུ་ནི
ཀ་ནས་དག་པས་དྲི་མ་ཟད
ཐོག་མར་བྱུང་བས་བརྒྱུད་པ་ཟད
ཟླ་དང་བྲལ་བས་རྩིས་ལས་འདས
སྡུག་བསྔལ་རྒྱུ་མེད་བདེ་ཆེན་པོ
བརྗོད་པའི་རྒྱུ་མེད་སྨྲ་བསམ་འདས
ཡེ་ནས་རང་རིག་རྣམ་དག་རིག་པའོ
ཟག་པ་ཟད་ཕྱིར་རྡོས་བཅས་མིན
དངོས་པོ་བཟོད་ཕྱིར་སྟོང་པར་གནས
གཉིས་ཀྱིས་འཕེལ་མེད་ངོ་བོ་ཉིད
ཆོས་དང་བྲལ་བས་མཐའ་ལས་འདས
རྟོག་མེད་གསལ་བས་འགྱུ་བ་སངས
བེམ་རིག་གཉིས་མེད་ཚོགས་གཉིས་རྫོགས
༤༦༩
འགྲན་པའི་ཟླ་མེད་ཅོག་བཞག་རང
དེ་ཚིག་གིས་བསྒྱུར་མི་བཏུབ་པས
བཅོས་པའི་ཚིག་མེད་ཀུན་ཏུ་ཁྱབ
བསམ་བྱེད་སེམས་མེད་དྲན་པ་བྲལ
སོ་མ་ཉིད་ཡིན་གཉུག་མའི་རང
མ་བཅོས་མཆོག་ཡིན་རྣལ་མར་བཞུགས
ཤེས་བྱ་ཉིད་ལས་བབ་ཀྱིས་གྲུབ
སྔོན་མེད་ཕྱིས་མེད་གདོད་ནས་མེད
འགྱུ་བ་མ་ཡིན་དྲན་པ་གནས
ཡོངས་ལ་ཁྱབ་པའི་སེམས་གཅིག་པོ
གྲུབ་པའི་མཐའ་རྫོགས་སྤྱི་ཕུད་ཡིན
ཐོག་མ་བར་དང་ཐ་མར་གྲུབ
དེ་ལྟར་གནས་པའི་འཁྲུལ་མེད་གཞི
རང་རིག་ཡེ་ནས་འོད་རེགས་ལ
སྐུ་གསུམ་ཡེ་ནས་མ་བསྐྱེད་རྫོགས
༤༧༠
འབྲས་བུ་ཡེ་ནས་རང་གནས་པ
ཆོས་ཀྱིས་ཡེ་ནས་བཅོས་སུ་མེད
གྲུབ་མཐས་པེ་ནས་བསྐྱངས་དང་བྲལ
དུག་ལྔས་ཡེ་ནས་གོས་པ་མེད
འཁོར་བ་འདས་འདུ་འབྲལ་ག་ལ་ཡོད
གསལ་བའི་ངོས་ནི་བརྗིད་རེ་ཆེ
སྣང་བ་ཉིད་ནི་ལྷུན་རེ་སྡུག
ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ
ངོ་བོ་ཟང་ཐལ་སྦུབས་རེ་ཡངས
རང་བཞིན་ཀུན་ཁྱབ་གདལ་རེ་ཆེ
ཐུགས་རྗེ་ཀུན་འབྱུང་སྐྱོ་རེ་ཆེ
ཁྱབ་པ་ཡེ་གདངས་བཀྲག་རེ་གསལ
གནས་པ་ཐོགས་མེད་བང་རེ་མགྱོགས
རིག་པའི་རང་གདངས་འོད་རེ་གསལ
༤༧༡
སྟོང་པ་ཀུན་འབྱུང་ངོ་རེ་མཚར
མ་བཙལ་བཞག་པ་རྒྱུན་རེ་རིང
མ་བཀོད་རང་བྱུང་བརྡལ་རེ་ཆེ
སྣང་སྲིད་གཞིར་བཞེངས་དཔངས་རིམ་ཐོ
འབད་མེད་རང་གྲོལ་རྒྱ་རེ་ཆེ
ཡེ་རྟོགས་ཆེན་པོ་འཁོར་རེ་མཁས
ཁ་དོག་ལྔ་ལྡན་བྲི་རེ་ལེགས
སྣང་སྲིད་རྣམ་དག་ཁོང་རེ་སྙོམས
རང་བྱུང་འོད་གསལ་བཀོད་རེ་ལེགས
གཞི་སྣང་ཆེན་པོ་ཤོངས་རེ་ཆེ
འཁོར་འདས་གཉིས་པོ་འབྲེལ་རེ་མཁས
སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས
རང་བཞིན་གནས་པའི་ངོ་བོ་ལ
སངས་རྒྱས་མེད་ཅིང་སེམས་ཅན་མེད
མ་རིག་མེད་ཅིང་འཁྲུལ་པ་མེད
༤༧༢
སེམས་མེད་ཡིད་ཀྱང་ཡོད་མ་ཡིན
དགྲ་མེད་བཤེས་མེད་གཉེན་ཡང་མེད
ཉོན་མོངས་མེད་ཅིང་ངར་འཛིན་མེད
འགྲོ་བ་མེད་ལ་འོང་བ་མེད
ཆོས་མེད་ཆོས་སུ་སྣང་བ་མེད
ཐབས་མེད་ཤེས་རབ་ཉིད་ཀྱང་མེད
ཕུང་པོ་མེད་ཅིང་ཁམས་ཀྱང་མེད
ཡུལ་མེད་འཛིན་པར་བྱ་བ་མེད
དབང་པོ་མེད་ཅིང་ཡུལ་ཡང་མེད
གཟུང་བར་བྱ་ཞིང་འཛིན་པ་མེད
སྐུ་མེད་ཡེ་ཤེས་ཉིད་ཀྱང་མེད
ཤེས་དང་ཤེས་བྱའི་བདག་པོ་མེད
འོད་མེད་ཁ་དོག་ཡོད་མ་ཡིན
སྒྲ་མེད་དྲིལ་སོགས་པ་མེད
འདོད་པ་མེད་ལ་ཞེན་པ་མེད
དབྱིངས་མེད་གཞལ་ཡས་ཁང་ཡང་མེད
ལྷ་མེད་མཆོད་པའི་ཡུལ་འདས་པའོ
༤༧༣
ཀྱེ་མ་གསང་བདག་རྡོ་རྗེ་འཛིན
ཁྱད་པར་ཆེན་པོའི་སྣང་བ་ལ
ཡོད་དང་མེད་པ་གཉིས་བྱུང་སྟེ
སྤྱིས་གཞི་འཁྲུལ་གཞི་ཞེས་བྱ་བ
མ་རིག་ཉིད་དང་སྦགས་པའི་ཕྱིར
ཤེས་བྱ་ཉིད་ཀྱང་དྲི་མར་སྣང
སེམས་ལས་དྲན་བསམ་འཆར་བའི་ཕྱིར
ངོ་བོ་ཉིད་ནི་རྟོག་པས་སྔགས
ཡིད་དྲུག་འཛིན་པ་མ་འགགས་ཕྱིར
ཆོས་སྐུ་ཉིད་ཀྱང་བཟུང་བས་བཅིངས
ཆ་མེད་རྡུལ་དང་བཅས་པའི་ཕྱིར
འོད་གསལ་ཉིད་ཀྱང་བག་ལ་ཆགས
རྐྱེན་བཞི་དམིགས་པ་མ་དག་ཕྱིར
སྣང་བ་ཉིད་ནི་དུ་མར་ཤར
༤༧༤
སྣང་བ་དེ་ཉིད་ཡུལ་སྣང་ཕྱིར
མཁའ་ལ་རླུང་བརྟེན་དེ་ལ་ཆུ
འབུམ་ཕྲག་བཅུ་གཅིག་དག་གིས་ནི
ཟླུམ་ལ་འདྲིལ་བ་ཉིད་དུ་ཆགས
འོ་མ་ལས་ནི་སྤྲིས་འབྱུང་བཞིན
ས་ནི་འབུམ་ཕྲག་བཅུ་གཉིས་སོ
རླུང་གི་གྲངས་ནི་ས་ཡ་ཉིད
རླུང་ནི་ཆགས་དང་སྡུད་པ་དང
འཕེན་པ་དང་ནི་འདེགས་པའོ
ཆུ་ནི་ཁྱབ་དང་འཛིན་པ་དང
སྨིན་བྱེད་དང་ནི་གསུམ་ཡིན་ནོ
ས་ནི་སྒྲུབ་བྱེད་ཕྲ་བ་དང
རགས་པ་ཉིད་དང་གསུམ་ཡིན་ནོ
དཀྲོགས་ནས་མར་དུ་འགྱུར་བ་བཞིན
རི་རབ་རི་ཡི་རྒྱལ་པོ་ནི
བང་རིམ་བཞི་དང་ལྕོག་ཆེན་དང
རོལ་མཚོ་དང་ནི་རི་རྣམས་བདུན
༤༧༥
གླིང་རྣམས་དང་ནི་ཁོར་ཡུག་ཆགས
སྟོང་གསུམ་ལ་སོགས་ཁམས་རྣམས་སོ
འདོད་དང་གཟུགས་དང་གཟུགས་མེད་ཀྱི
ཁམས་གསུམ་པོ་ནི་དེ་ལ་བརྟེན
ཡོད་མིན་ཅི་ཡང་མེད་པའི་དང
རྣམ་ཤེས་ཅུང་ཟད་མེད་པ་ཡི
གཟུགས་མེད་རྣམས་ནི་དེ་ལས་སྐྱེས
གནས་གཙང་ལ་སོགས་ལུས་ཅན་ནི
གོང་ནས་འོག་ཏུ་ཐེགས་པའི་ཚུལ
འོག་མིན་ལ་སོགས་འདོད་པའོ
ལྷ་དང་ལྷ་མིན་རྣམས་ལ་ནི
མངོན་མཐོའོ་དེ་ནས་གནས་གསུམ་ནི
བྱོལ་སོང་ཡི་དགས་དམྱལ་བ་དང
༤༧༦
སེམས་ཅན་དེ་དག་སྐྱེ་བ་བཞི
དེ་ཡང་བསྐལ་པ་དང་པོའི་མི
གཟུགས་དང་ལང་ཚོ་དཔེ་བྱད་དང
རབ་འོད་མདངས་ཀྱིས་ལུས་ཁྱབ་སྟེ
འདོད་འཇོ་ལ་སོགས་བསོད་ནམས་ཟས
སྐྱེད་གུའི་ཚེ་ཡང་བརྒྱད་ཁྲི་ལ
ཕོ་དང་མོ་ཡི་དབང་པོ་མེད
དེ་ནས་འཁྲུལ་པའི་རྒྱུ་གཉིས་ལས
འདོད་ཆགས་ལ་སོགས་ཉོན་མོངས་ནི
བགས་ཀྱིས་རགས་པ་ཉིད་དུ་གྱུར
དབང་པོ་ལ་སོགས་སྒོ་དོད་དེ
བསོད་ནམས་ཟད་ཕྱིར་འོད་སོགས་བྲི
དེ་ནས་རིམ་གྱིས་ས་ཚིལ་དང
༤༧༧
ས་ལུ་ལ་སོགས་ཟས་སྤྱོད་དོ
དེ་ལྟར་འཇིག་རྟེན་གསུམ་པ་ཉིད
ཕུང་པོ་ལྔ་དང་དབང་པོ་ལྔ
ཡན་ལག་ལྔ་དང་དོན་སྙིང་ལྔ
ཡུལ་ལྔ་དང་ནི་ཉོན་མོངས་ལྔ
སེམས་ལྔ་ཡིད་ལྔ་རྟོག་པ་ལྔ
གཟུང་འཛིན་འཁོར་བ་ཉིད་དུ་གྲུབ
འཁྲུལ་པ་གཉིས་སྣང་དེ་ལྟ་བུ
དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན
རྒྱུད་ཆགས་འཁོར་ལ་ཡུན་རིང་གནས
དེ་ལྟར་སྣང་བ་སྣ་ཚོགས་རྣམས
ཐག་པ་ལས་ནི་སྤྲུལ་མཐོང་བཞིན
༤༧༨
དེ་མ་ཡིན་ལ་དེར་བཟུང་བས
ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས
དེ་ཡང་བརྟགས་ན་ཐག་པ་ཉིད
སྣོད་བཅུད་ཡེ་ནས་སྟོང་པ་སྟེ
དོན་དམ་ཀུན་རྫོག་གཟུགས་ཅན་ནོ
སྤྲུལ་མཐོང་དེ་ཉིད་མཐོང་བས་བདེན
ཐག་པ་ཡང་དག་ཉིད་དུ་བདེན
དཔེར་ན་མཐོ་ལ་བྱ་གནས་བཞིན
བདེན་པ་གཉིས་ཀྱི་རང་བཞིན་ནི
འཇིག་རྟེན་ཀུན་རྫོག་ཙམ་དུ་སྟེ
ཡང་དག་ཉིད་འབྲེལ་པ་མེད
སྟོང་པ་ཉིད་ཀྱི་དབྱིངས་ལས་ནི
དེ་ཡི་ངོ་བོར་ཐམས་ཅད་གྲོལ
རིག་པ་སྟོང་གསལ་ཁྱབ་ཆེ་བས
བཅུད་རྣམས་སྙིང་པོ་ཉིད་དུ་དྲིལ
༤༧༩
དེ་ལ་སྙིང་པོ་དེ་ཉིད་ལ
སྐུ་ལྔ་ཡེ་ཤེས་ལྔ་དང་ནི
འོད་ལྔ་ཁ་དོག་རྣམ་པ་ལྔ
ཆོས་ལྔ་ཡེ་ཤེས་རླུང་ལྔ་ཉིད
ངོ་བོ་ལྔ་དང་རང་བཞིན་ལྔ
ཐུགས་རྗེ་ལྔ་ཡིས་ཀུན་ལ་ཁྱབ
དྲན་མེད་འགྱུ་བ་ཉིད་ཀྱང་མེད
ཆོས་ཀྱི་དབྱིངས་ཀྱི་ཆོ་འཕྲུལ་ལ
ཐམས་ཅད་དེ་ཡི་ངང་དུ་འདུས
གཅིག་དང་གཉིས་ནི་ཉག་གཅིག་པོ
ཞེས་མུ་ཏིང་ཕྲེང་བ་རིན་པོ་ཆེ་གསང་བའི་རྒྱུད་ལས
༤༨༠
གནས་ལུགས་འཁྲུལ་པ་རང་རྫོགས་སུ་བསྟན་པའི་ལེའུ་སྟེ་ལྔ་པའོ
༄༦
རྡོ་རྗེ་འཛིན་པས་ཡང་གསོལ་པ
ཀྱེ་ཀྱེ་རྡོ་རྗེ་འཆང་ཆེན་གསང་སྔགས་བདག
སངས་རྒྱས་ཐམས་ཅད་གཅིག་ཉིད་པའི
དེ་ཉིད་གོངས་པ་ཇི་ལྟར་ལགས
ཉོན་མོངས་ལྔ་ཡི་དྲི་མ་ཡིས
སེམས་ཅན་ཇི་ལྟར་བཅིངས་པར་འགྱུར
བཅོམ་ལྡན་འདས་ཀྱིས་བདག་ལ་གསུངས
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ
སངས་རྒྱས་ཀུན་གྱི་བདེན་གཅིག་ནི
རང་བཞིན་ནི་ངོ་བོ་ཡིས
དེ་ཉིད་ལས་ནི་ཁྱད་པར་ཕྱེ
ངོ་བོ་ཡེ་ཤེས་སྣང་བ་ལ
རང་བཞིན་ཀུན་ཁྱབ་སྐུ་ལྔར་ལྡན
འབྲས་བུ་ཐིག་ལེ་ཉག་གཅིག་གོ
སྣང་བ་ཉིད་ལ་ཟུང་འཇུག་སྟེ
༤༨༡
སྟོང་པ་ལ་ནི་འོད་གསལ་ལོ
ངོ་བོ་ཉིད་ནི་ཅིག་ཆར་ཏེ
རང་བཞིན་ཉིད་ལ་རིམ་གྱིས་སོ
ཆོས་ཉིད་སྟོང་པ་ཀུན་ཁྱབ་ལ
མཐའ་ཡི་རྡུལ་དང་བྲལ་བ་ཉིད
རང་བཞིན་སྣང་བ་འོད་གསལ་ལ
འཁྲུལ་པའི་དྲི་མ་བྲལ་བ་ཉིད
ཆོས་སྐུ་འོད་གསལ་བདེ་ཆེན་ལ
དངོས་པོའི་མཐའ་རྣམས་སྟོང་པ་སྟེ
རང་བྱུང་རིག་པའི་རྒྱལ་པོ་ལ
མཐོ་དང་དམའ་བའི་ཡུལ་ལས་འདས
ང་ཉིད་སངས་རྒྱས་དགོངས་པ་ལས
འཁོར་བ་ང་ཡིན་མྱང་འདས་ང
ཆོས་ཀྱང་ང་ཡིན་ཆོས་མིན་ང
དམྱལ་བ་ལ་སོགས་ངན་སོང་ང
དཀྱིལ་འཁོར་ལྷ་དང་སྔགས་ཀྱང་ང
སངས་རྒྱས་སགས་དཀོན་མཆོག་ང
༤༨༢
སྟོན་པ་འཁོར་དང་བསྟན་པ་ང
རང་གི་འཁོར་སྡུད་སྡུད་པ་ང
ལྟ་དང་སྐོམ་དང་སྤྱོད་པ་ང
དབང་དང་དམ་ཚིག་སྡོམ་པ་ང
མཆོད་པ་དང་བསམ་གཏན་ཏིང་འཛིན་ང
ཁྲུས་དང་གཙང་སྦྲ་དྲི་མེད་ང
དགེ་དང་མི་དགེ་སྤྱོད་པ་ང
མདོ་སྡེ་འདུལ་བ་མངོན་པ་ང
སྟོང་དང་མི་སྟོང་བདེན་གཉིས་ང
སྤྱི་དང་ཐེག་པའི་ཁྱད་པར་ང
སྡིག་དང་ལས་དང་རྣམ་སྨིན་ང
འཇིག་རྟེན་སྣོད་དང་བཅུད་ཀྱང་ང
དེ་ཕྱིར་འགྲོ་དང་མི་འགྲོ་ང
ལས་དང་དེ་ཉིད་ཉོན་མོངས་དྲི་མ་ང
དབང་པོ་དང་ནི་ཡུལ་རྣམས་ང
༤༨༣
ཕུང་པོ་ཁམས་དང་སྐྱེ་མཆེད་ང
ཤ་དང་ཁྲག་དང་རུས་པ་ང
མིང་དང་ཡི་གེ་སྒྲ་གཟུགས་ང
གཟུང་འཛིན་ཡུལ་དང་བདག་རྟོག་ང
སྡུག་བསྔལ་མ་རིག་འཁྲུལ་པ་ང
སྒྲ་དང་དྲི་དང་རོ་རེག་ང
ཚ་དང་གྲང་བའི་ལོག་འཛིན་ང
བཀྲེས་དང་སྐོམ་དང་རྨོངས་པ་ང
བདེ་དང་སྡུག་བསྔལ་བཏང་སྙོམས་ང
མདོར་ན་ཇི་ལྟར་སྣང་བ་ང
ང་ནི་མི་འཕམ་ཀུན་ལས་རྒྱལ་བའོ
ང་ནི་བཅོས་པའི་ཚིག་མེད་ཀུན་ལས་ཕགས་པ་ཡིན
ང་ནི་རྟག་ཆད་ཉིས་མེད་ཀུན་ལྟར་འཇུག་པ་ཡིན
༤༨༤
ང་ནི་མཐོང་བའི་ཡུལ་མེད་ཀུན་ལ་མངོན་དུ་སྣང
ང་ནི་ཐམས་ཅད་གཏིང་རྫོགས་ཀུན་ལས་ཆེ་བ་ཡིན
ང་ནི་བགྲོད་པའི་ལམ་མེད་ཀུན་ལས་ཕ་རོལ་ཕྱིན
ང་ནི་གཅིག་པུ་ཉིད་དེ་ཀུན་ལ་འབྲེལ་པ་ཡིན
ང་ནི་གནས་པའི་ས་མེད་ཀུན་ལ་བརྟེན་པ་ཡིན
ང་ནི་འགྲན་པའི་ཟླ་མེད་ཀུན་ལ་ཉག་གཅིག་གོ
ང་ནི་བེམ་རིག་གཉིས་མེད་ཀུན་ལ་ཁྱབ་པ་ཡིན
ང་ནི་མུན་པའི་གོས་གྱོན་ཀུན་ལ་སྣང་བ་སྟོན
ང་ཡིས་རི་བོ་རྒྱ་ཐེག་བྱས་པས་སྟོབས་ཀྱང་ཆེ
ང་ཡིས་རྒྱ་མཚོ་ཧུབ་ཀྱིས་སྟོབ་པས་ལྒོབ་ཆེ
ང་ཡིས་རི་བོ་ཏིལ་འབྲུར་འཛུད་པས་མཛད་པ་ཆེ
༤༨༥
ང་ཡིས་མུན་པ་གོས་སུ་གྱོན་པས་དཔའ་བོ་ཆེ
ང་ཡིས་འཁོར་འདས་གོམ་གཅིག་བགྲོད་པས་མཆོངས་པ་ཆེ
ང་ཡིས་ས་རྣམས་དུས་གཅིག་ནོན་པས་གཟི་བརྗིད་ཆེ
ང་ཡིས་ཉི་ཟླ་གདན་དུ་བཏིང་བས་བརྗིད་པོ་ཆེ
ང་ལ་འཁོར་འདས་དུས་གཅིག་རྫོགས་པས་བྱ་དང་བྲལ
ང་ལ་སྣང་བ་ཐོགས་མེད་ཤར་བས་རང་ཤར་ཉིད
ང་ལ་རྟོགས་དང་མ་རྟོགས་མེད་པས་ཡེ་སངས་རྒྱས
ང་ལ་རེ་དང་དོགས་པ་མེད་པས་འཁོར་འདས་དུས་གཅིག་རྫོགས
༤༨༦
ང་ལ་ཡེ་ང་བག་ཚ་མེད་པས་འཇིགས་པ་ཀུན་དང་བྲལ
ང་ལ་འཆོས་པའི་མཁན་པོ་མེད་པས་ཡེ་ནས་ལྷུག་པ་ཉིད
ང་ལ་གཟུང་འཛིན་ཡུལ་དུ་མེད་པས་ཡེ་ནས་རང་གནས་ཉིད
ང་ལ་སྣོད་བཅུད་གཉིས་སུ་མེད་པས་ཐམས་ཅད་ང་རང་ཉིད
ང་ལ་ཆོས་ཅན་ཆོས་ཉིད་མེད་པས་ཐམས་ཅད་གཅིག་བའོ
རྡོ་རྗེ་འཛིན་པས་ཡང་གསོལ་པ
དེ་ལྟར་འཇིག་རྟེན་འཁོར་འདས་ཆོས
ཐམས་ཅད་ངོ་བོ་གཅིག་ཉིད་ན
སེམས་ཅན་གིས་བཅིངས་པ་ལགས
དེ་དག་འཆིང་བར་མི་རིགས་ན
ཡང་ན་མ་བཅིངས་དེ་ཉིད་དམ
འོན་ཏེ་གཞན་དག་གིས་བཅིངས་སམ
བཅོམ་ལྡན་འདས་ཀྱིས་བདག་ལ་སུངས
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ
སེམས་ཅན་ཉོན་མོངས་ལྔ་ཉིད་ནི
༤༨༧
ནམ་མཁའ་ལ་ནི་སྤྲིན་བཞིན་དུ
གློ་བུར་རྐྱེན་དང་བཅས་པ་ཉིད
སྤྲིན་དེ་ནམ་མཁའི་ངང་ལས་བྱུང
དེ་བཞིན་ནམ་མཁར་ཐིམ་པ་ན
དབྱེར་མེད་གཅིག་གི་ངང་ཞེས་བྱ
དེ་བཞིན་ཉོན་མོངས་དྲི་མ་མེད
རང་བྱུང་རང་བཞིན་ཉིད་ཤེས་ན
སེམས་ཅན་འཆིང་བར་ག་ལ་འགྱུར
དེ་ཉིད་ལ་ནི་བདེན་བཟུང་ན
སངས་རྒྱས་ཉིད་ཀྱང་འཆིང་བར་འགྱུར
སེམས་ཅན་རྣམས་ནི་ཅིས་མི་འཆིང
བདེན་མེད་རང་བཞིན་མེད་ཤེས་ན
དྲི་མ་རྣམས་ནི་རང་སར་དག
ཆུ་ཡི་རྙོག་མ་རང་དངས་ལྟར
ཆོས་ཀུན་རང་བཞིན་མེད་གཅིག
དེ་ལྟར་དངོས་མེད་མ་ཤེས་ན
ཕུང་པོ་ཁམས་དང་སྐྱེ་མཆེད་ལ
གཟུང་འཛིན་དག་གིས་བཟུང་ན་ནི
༤༨༨
འཁོར་བ་ཉིད་ལ་ཡུན་རིང་གནས
ཁམས་གསུམ་པ་ཡི་ཁང་པ་རུ
མིང་དང་གཟུགས་ཀྱི་བཙོན་པར་ཚུད
མ་རིག་ལས་ཀྱི་ལྕགས་ཀྱིས་བསྡམས
རང་བྱུང་སྒྲོན་མ་ཉིད་དང་བྲལ
འཁོར་བའི་མུན་ནག་སྟུག་པོས་གཡོགས
འདོད་ཆགས་ལན་ཚའི་རོལ་ཆགས
གཏི་མུག་ཞགས་པས་དམ་དུ་བཅིངས
ཞེ་སྡང་མེ་ཡི་ཚད་པས་གདུངས
ང་རྒྱལ་དག་གིས་མགོ་གཏུམས་ཏེ
ཕྲག་དོག་ཉིད་ཀྱི་སྒོ་མོས་བསྒྲིབས
ཁོང་ཁྲོ་ལ་སོགས་དམག་གིས་བསྐོར
དྲན་ཉིད་ཀྱིས་གཡས་གཡོན་བརྟན
གཟུང་འཛིན་ཞགས་པས་སྐེ་ནས་བཏགས
༤༨༩
སྔ་ཕྱི་བག་ཆགས་འདམ་དུ་བྱིང
རྣམ་སྨིན་ཉིད་དང་ལག་སྤྲེལ་ཏེ
ལས་ཀྱིས་མ་བུ་བར་དོ་དང
ལས་ཀྱིས་མ་བུ་མཚམས་སྦྱར་ནས
གཅིག་ནས་གཅིག་ཏུ་ཟོ་ཆུ་བཞིན
བཟང་ངན་རིམ་པའི་ལུས་བླངས་ཏེ
སོ་སོའི་རིགས་སུ་སྐྱེ་བར་འགྱུར
ངར་འཛིན་རབས་ལ་འབོགས་ནས་ནི
སྡུག་བསྔལ་རྒྱ་མཚོའི་གཏིང་དུ་བྱིང
ངན་སོང་ལྕགས་ཀྱུས་སྙིང་ནས་བཟུང
རང་གིས་རང་བཅིང་ཉོན་མོངས་དགྲ
དམྱལ་བ་པར་ནི་མེ་ཆུར་སྣང
ཡི་དགས་རྣམས་ལ་བཀྲེས་དང་སྐོམ
བྱོལ་སོང་རྣམས་ལན་བུན་ལྟར
མི་རྣམས་ཕུང་པོ་ཁམས་དང་ནི
སྐྱེ་མཆེད་འབྱུང་བ་ལྔ་རུ་སྣང
དེ་ཡང་བདེ་སྡུག་བཏང་སྙོམས་སོ
ལྷ་མིན་རྣམས་ལ་གོ་མཚོན་དུ་སྣང་ཏེ
ལྷ་རྣམས་འདོད་པའི་ཡོན་ཏན་ནོ
༤༩༠
གསང་བའི་བདག་པོ་རྡོ་རྗེ་འཛིན
སེམས་ཅན་འཁོར་བ་དེ་དག་ནི
རང་གི་རྣམ་རྟོག་གིས་བཅིངས་ཀྱང
རང་བཞིན་མེད་པས་གྲོལ་བར་ངེས
ཆོས་ཀྱི་དབྱིངས་སུ་མཉམ་པའི་ཕྱིར
ཕུང་པོ་ལྔ་ཁམས་དང་སྐྱེ་མཆེད་ནི
རིགས་དང་རིགས་ཀྱི་བདག་པོར་གྲོལ
གཟུང་དང་འཛིན་པའི་ཆོས་ཅན་ནི
ཐབས་དང་ཤེས་ཀྲབ་ཉིད་དུ་གྲོལ
འཁོར་བ་ཆོས་ཀྱི་དབྱིངས་སུ་གྲོལ
ཆོས་ཉིད་གཞལ་ཡས་ཟང་ཐལ་ཉིད
དོན་དམ་ངེས་མེད་ཡངས་པ་ཆེ
ཡེ་ཤེས་འཕྲུལ་གྱི་ལྡེ་མིག་མངའ
འོད་གསལ་སྟོང་པའི་མར་མེ་གསལ
རིག་པ་རང་སྣང་འོད་པོ་ཆེ
ཆགས་པས་མ་བཅིངས་སྦྲུལ་མདུད་བཞིན
༤༩༡
ཉམས་མྱོང་བདེ་བའི་རོ་ལ་ཆགས
ཐུགས་རྗེའི་ཞགས་པས་རང་ལུས་བཅིངས
ཤེས་རབ་མེ་ཡིས་ཉོན་མོངས་བསྲེག
འོད་གསལ་ཆེན་པོའི་གོས་ཀྱང་གྱོན
ཆོས་ཉིད་མཛོད་ཀྱི་སྒོ་ཕྱེ་སྡེ
རང་རིག་མཚོན་ཐོགས་དམག་གི་དཔུང
ལྟ་སྤྱོད་གཉིས་ལ་ལུས་བརྟེན་ཏེ
རྟོག་པའི་ཞགས་པས་འཁོར་བར་བཅིངས
ཆགས་པའི་རང་རིག་སྔ་ཕྱི་སྣང
རྟོག་མེད་ཆོས་དང་ལག་པ་སྒྲེལ
ཆོས་ཉིད་མ་བུ་གཉིས་སུ་འཕྲད
རང་རིག་ཡེ་ཤེས་གཅིག་པུ་ཉིད
སྟོང་གསལ་ཆེན་པོའི་ཡུལ་རྙེད་ནས
འཛིན་པ་མེད་པའི་ཆོས་སྐུ་ཐོབ
ཏིང་ངེ་འཛིན་རྒྱུན་ཆགས་རབ་ལས་བརྒལ
སྡུག་བསྔལ་རྒྱ་མཚོའི་ཀློང་ལས་ཐར
གསང་སྔགས་ཐབས་ཀྱི་དགོངས་པ་གཅིག
ཡེ་ཤེས་ཉིད་ལ་ཡེ་ཤེས་རྫོགས
༤༩༢
མ་རིག་པ་ཉིད་རྣམ་དག་པས
ཆོས་སྐུ་འོད་གསལ་ཆེན་པོར་གནས
བདེ་བ་ཆེན་པོའི་རང་བཞིན་ལ
དངོས་དང་དངོས་མེད་མྱ་ངན་འདས
སྟོང་པ་ཡེ་ཤེས་ངོ་བོས་སྟོང
རང་བཞིན་ཀུན་ཁྱབ་ཡེ་ཤེས་ནི
སྒྲ་དང་དྲི་རོ་མྱ་ངན་འདས
སྤྲོས་པ་མེད་པའི་ཆོས་སྐུ་ནི
གཟུགས་དང་རྣམ་ཤེས་མྱ་ངན་འདས
རིག་པའི་ཡེ་ཤེས་ཁྱབ་གདལ་བས
སྟོང་གསུམ་ཐམས་ཅད་མྱ་ངན་འདས
ཆོས་དབྱིངས་ཡེ་ནས་རྣམ་དག་པས
འབྱུང་བ་ལྔ་ཉིད་མྱ་ངང་འདས
སངས་རྒྱས་སྐུ་གཅིག་ཀུན་ཁྱབ་པས
མིང་དང་ཡི་གེ་མྱ་ངན་འདས
༤༩༣
མི་ཤིགས་རྡོ་རྗེ་ཡེ་ཤེས་པས
ས་རྡོ་རི་བྲག་མྱ་ངན་འདས
ཆོས་ཉིད་སྤྲོས་དང་བྲལ་བ་ལ
ཐ་སྙད་ཉིད་ནི་མྱ་ངན་འདས
ཨེ་མ་ཧོ
འདི་ནི་རྫོགས་པའི་སངས་རྒྱས་ཀྱི
ངོ་བོ་ཉིད་ལས་མ་གཡོས་པའི
མི་འགྱུར་ཆོས་ཉིད་རབ་ཏུ་བརྟན
རང་སྣང་རང་གྲོལ་རང་གི་ཡུལ
རང་བཞིན་རང་དག་རང་གི་གདངས
ཅོག་བཞག་བཞག་རང་བཞག་གོ
དེ་ནས་རྡོ་རྗེ་ཅན་རྣམས་ཀྱིས
བཅོམ་ལྡན་འདས་ལ་འདི་སྐད་གསོལ
ཀྱེ་མ་བཅོམ་ལྡན་རྡོ་རྗེ་འཆང
འཇིག་རྟེན་སེམས་ཅན་འདི་ཀུན་གྱི
གནས་པའི་ས་ནི་ཇི་ལྟ་བུ
འགྲོ་བའི་ལམ་ནི་གང་ལྟར་ལགས
འབྲས་བུ་ཇི་ལྟ་བུ་ཞིག་ཐོབ
རྡོ་རྗེ་འཆང་གིས་བདག་ལ་གསུངས
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ
རྡོ་རྗེ་འཛིན་པ་ལེགས་ཉོན་ཅིག
རྟོག་བཅས་འཁྲུལ་པའི་ལུས་འདི་ལ
༤༩༤
དྲི་མེད་དག་པ་ཆོས་ཀྱི་སྐུ
མ་བཙལ་བཞག་པའི་ཚུལ་དུ་གནས
སངས་རྒྱས་རྣམས་ཀྱི་སྐུ་ཉིད་ནི
ཐུགས་ཀྱི་དཀྱིལ་འཁོར་མ་བསྐྱེད་རྫོགས
འགྱུར་བ་མེད་པའི་སྐུ་གཅིག་ནི
ཀུན་ཏུ་ཁྱབ་པའི་ཚུལ་དུ་གནས
ཡོངས་ལ་ཁྱབ་པའི་སེམས་གཅིག་པོ
རང་བཞིན་གཉུག་མའི་ངང་ལ་གནས
རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ
རྒྱུན་ནི་ཆད་པ་མེད་པར་གནས
ལུ་གུ་རྒྱུད་ནི་གྲངས་མང་བས
ཆ་ཤས་སྐུ་ནི་བསམ་མི་ཁྱབ
ཡོད་པ་གཅིག་ལས་མེད་པ་ལ
སྣང་བ་ཐམས་ཅད་ཡོངས་ལ་སྣང
སྟོང་དང་གསལ་བའི་བདག་ཉིད་ཅན
༤༩༥
དེ་ནི་ཡེ་ཤེས་སྣང་བའོ
སྐུ་ཡི་ངོ་བོ་དེ་བཞིན་ནོ
རྩ་རྣམས་ནས་ནི་ཐིག་ལེ་སྟེ
ཕྲ་དང་འཁྱུག་པའི་བདག་ཉིད་ཅན
འོད་ཟེར་ཉིད་ཀྱིས་མཛེས་པའོ
དེ་ཡང་ཆ་ནི་གསུམ་པོ་སྟེ
གཡས་དང་གཡོན་དང་དབུས་མའོ
གཡས་པ་རོ་མ་ཀུན་རྫོབ་ཐིག་ལེ་སྟེ
བདེ་བ་ཆེན་པོའི་ཡན་ལག་ཅ
བདེ་བ་འདུས་པའི་འབྱུང་གནས་ནི
སངས་རྒྱས་ཀུན་གྱི་གསང་ཆེན་ཡིན
ཐབས་ཀྱིས་མཚོན་པའི་རང་བཞིན་ནོ
དོན་དམ་ཆོས་སྐུའི་རང་བཞིན་ཅན
སྟོང་གསལ་ཐིག་ལེ་གཅིག་ཏུ་གནས
༤༩༦
དབུས་ནང་གནས་ཤིང་རང་བཞིན་གསལ
སྤྲོ་བསྡུ་སྨྲ་བསམ་ཡུལ་ལས་འདས
བགས་ཀྱིས་རྣམ་པར་རྟོག་པ་བྲལ
ཡོད་མེད་མཐའ་གཉིས་རྣམ་པར་གསལ
རྟག་ཆད་མུ་ལ་གནས་པ་མེད
རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ
བརྗོད་པ་མེད་ཅིང་ངང་གིས་སྟོང
དོན་དམ་དངོས་པོའི་ཐིག་ལེའོ
གཡོན་ན་རང་བཞིན་ཐིག་ལེ་གནས
བདེ་བས་ཟུང་འཇུག་གཉིས་ཁྱབ་སྟེ
རབ་ཏུ་གནས་པ་མ་ཡིན་པར
ཁ་སྦྱར་ཉིད་ཀྱིས་བདེ་བ་ཐོབ
ཕྱག་རྒྱ་ཆེན་པོ་ཉིད་ཀྱི་རྒྱུ
བདེ་ཆེན་ཡེ་ཤེས་ཆེན་པོའི་ལམ
གསང་སྔགས་ཀུན་བདག་དཀྱིལ་འཁོར་ཡིན
༤༩༧
འཁོར་བ་བསྐྱབ་པའི་ཐབས་ཆེན་པོ
གསང་བའི་ཡེ་གདངས་འབར་བའི་འོད
དེ་ནི་བདེ་ཆེན་ངོ་བོའོ
འགྲོ་བའི་ལམ་ནི་མཐོང་བྱེད་སྒོ
དེ་ཉིད་གཡས་གཉིས་གཡོན་གཉིས་དབུས
སྒྲོན་མ་འབར་བའི་ཚུལ་དུ་གནས
ཐིག་ལེ་སྟོང་པའི་སྒྲོན་མ་དང
དག་པ་དབྱིངས་ཀྱི་སྒྲོན་མ་དང
ཤེས་རབ་རང་བྱུང་ཉིད་དང་ནི
རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི
མཐོང་བྱེད་ཡུལ་ལ་སྣང་བའོ
རིག་པ་རྟོག་མེད་ལུ་གུ་རྒྱུད
བདེ་ཆེན་ཚངས་པའི་སྒོ་ནས་སྣང
དཔེར་ན་རྨ་བྱའི་མདངས་ལྟ་བུ
ཐིག་ནི་འགྱུར་བ་ཡོད་མ་ཡིན
༤༩༨
ལེ་ནི་ཁྱབ་ཅིང་ཡུལ་ལ་སྣང
སྒྲོན་མས་མུན་པ་སྣང་བར་བསྒྱུར
དཔེར་ན་ནམ་མཁའི་འཇའ་ཚོན་ལྟར
དག་པས་ཉོན་མོངས་དྲི་མ་ཟད
དབྱིངས་ནི་ཡངས་ཤིང་རྒྱ་མ་ཆད
ཆོས་ཉིད་ཡུལ་ལ་རྣམ་དག་པས
གཉིས་ཀའི་ཟུར་ནས་འཆར་བར་བྱེད
ཁྱབ་བྱེད་མཐིང་ག་འགྱུར་བ་མེད
སྣང་བ་དག་པའི་རྐྱེན་ཕྲད་ན
ཁ་དོག་ལྔ་དང་ལྡན་པར་འགྱུར
དཔེར་ན་སྲེག་བྱེད་མེ་སྒྲོན་ལྟར
ཤེས་པས་ཆོས་རྣམས་གཅིག་ཆར་རྟོགས
རབ་ཀུན་གྱི་རྩེ་མོར་གྱུར
རང་ནི་གཞན་ལྟོས་ཆོས་དང་བྲལ
བྱུང་བ་མ་བཀག་ལྷུག་པར་སྣང
གཡོན་ནས་འཆར་བྱེད་སྒོ་མ་འགགས
༤༩༩
དཔེར་འཛིན་བྱེད་ལྕགས་ཀྱུ་ལྟར
རྒྱད་ནི་སྒོ་ལྔའི་རྟ་ཕོ་ལ
ཡིད་ཀྱི་རྣམ་ཤེས་ཞོན་ནས་འགྱུ
ཡུལ་རྣམས་ཀུན་ལ་འཇུག་ཅིང་སྡུད
ཞགས་ནི་གཟུང་བའི་ཡུལ་ཉིད་ལ
འཛིན་པའི་སེམས་ཀྱིས་རྣམ་པར་གཟུང
ཆུ་ནི་དངས་སྙིགས་འབྱེད་པར་བྱེད
དེ་ཡང་གཉིས་ན་ཆ་མཉམ་སྟེ
མདོར་ན་དབང་པོའི་དངས་མ་ཡིན
དཔེར་ན་གསེར་གྱི་ལུ་གུ་རྒྱུད
བཟོ་མཁས་ལེགས་པར་བརྒྱུས་པ་ལྟར
རིག་པས་ཐམས་ཅད་ཤེས་ཤིང་རིག
རྟོག་མེད་འཁོར་བས་གོས་པ་མེད
ལུ་གུ་རྒྱུད་ནི་འབྲེལ་ཆགས་སོ
བདེ་ཆེན་བུ་ག་རྟོག་མེད་ལམ
འབྲས་བུ་རྣལ་བ་གཉིས་ཞེས་ཏེ
མ་སྨིན་འཁོར་བ་ཉིད་དང་ནི
གྲོལ་བྱེད་སྐུ་དང་ཡེ་ཤེས་སོ
དེ་ཡང་སྐྱེ་བཞིས་བསྡུས་པ་ཡི
༥༠༠
ལྷ་དང་ལྷ་མིན་མི་རྣམས་དང
བྱོལ་སོང་རྣམས་དང་ཡི་དྭགས་དང
དེ་བཞིན་དམྱལ་བའི་འཇིག་རྟེན་ནི
མ་སྨིན་པ་ལས་གཟུགས་སུ་སྣང
དེ་དག་འདོད་ཆགས་ཞེ་སྡང་དང
ང་རྒྱལ་གཏི་མུག་ཕྲག་དོག་སོགས
ཉོན་མོངས་དྲི་མའི་རྩ་བ་ཅན
སྟོང་ཕྲག་དུ་མས་བསྡུས་པའོ
དེ་ཡང་སེམས་ལ་སོགས་པ་ཡི
གཟུང་འཛིན་ཡིད་ལ་སོགས་པས་བཅིངས
མངོན་སྣང་ཡུལ་ནི་འདི་ལྟར་རོ
སྐུ་གསུམ་དང་ནི་ཡེ་ཤེས་ལྔ
སྟོང་པ་ཉིད་དང་གསལ་བས་ཁྱབ
ཐིག་ལེ་འདུ་འབྲལ་མེད་པའི་ཕྱིར
ཚིག་མེད་ཉིད་དང་རྗོད་བྱེད་བྲལ
ཀ་དག་དྲི་མ་བྲལ་བ་ཡི
གནས་སུ་ཐམས་ཅད་མངོན་སངས་རྒྱས
དེ་ལ་དྲི་མེད་རྡུལ་དང་བྲལ
༥༠༡
སྤྲོས་པ་རྣམས་ཀྱིས་མ་སྤྲོས་པའོ
སྣ་ཚོགས་སྣང་བ་ལྷུན་གྲུབ་ཏུ
འབྲིང་ལ་སོགས་པ་ལམ་དུ་གྲོལ
འཆར་བྱེད་སྒོ་རྣམས་སོ་སོ་ནས
བདེན་པའི་ཁྱད་པར་རེ་རེ་ལས
ཡུལ་གྱི་ཤེས་པ་རེ་རེ་ཡིས
རྟོགས་པའི་ཚད་ནི་རེ་རེ་རྙེད
དེ་ནས་སྣང་བ་བརྟས་ནས་ནི
རིམ་གྱིས་ཆོས་ཉིད་ཀ་དག་མཐོང
དེས་ཀྱང་འབྲས་བུ་བདེ་ཆེན་ཐོབ
སངས་རྒྱས་ཀུན་གྱི་གསང་བ་གཅིག
འབྲས་བུ་ཉིད་ནི་དེ་དག་ལ
དྲི་མ་དང་ནི་དག་པ་གཉིས
རང་བཞིན་དུ་ནི་རྣམ་པར་གནས
དེ་ནི་དེ་ཡི་འབྲས་བུ་ལ
དངོས་པོ་ཉིད་དང་དངོས་མེད་ཀྱང
དེ་ཉིད་འབྲས་བུ་ལ་གནས་པའོ
སྟོང་གསལ་རིག་ཅིང་འགྱུར་བ་མེད
ངོ་བོ་དེ་ཡི་མཚན་ཉིད་ཡིན
༥༠༢
ཀ་དག་ཁྱབ་དང་གཅིག་པུ་ནི
ངོ་བོ་ཉིད་ཀྱི་རང་ལུས་ཡིན
ཅོག་བཞག་དང་ནི་རང་སོ་ཉིད
ངོ་བོ་ཉིད་ཀྱི་བསམ་གཏན་ཡིན
ཞེས་མུ་ཏིག་ཕྲེང་བ་རིན་པོ་ཆེ་གསང་བའི་རྒྱུད་ལས
སེམས་ཅན་གྱི་སྣང་བ་ཐབས་ལ་མཁས་པ་བསྟན་པའི་ལེའུ་སྟེ་དྲུག་པའོ
༄༧
དེ་ནས་རྡོ་རྗེ་འཛིན་པ་ཡིས
རྡོ་རྗེ་འཆང་ལ་འདི་སྐད་གསོལ
སེམས་ཅན་རྣམས་དང་འཁོར་འདས་ཆོས
གཅིག་གམ་འོན་ཏེ་ཐ་དད་ལགས
དེ་ལ་བདག་ནི་ཐེ་ཚོམ་མཆིས
བཅོམ་ལྡན་འདས་ཀྱིས་བདག་ལ་གསུང
དེ་ནས་རྡོ་རྗེ་འཆང་ཆེན་དེས
བདེ་བའི་སྟན་ལས་བཞེངས་ནས་ནི
འདི་སྐད་ཆེད་དུ་བརྗོད་པའོ
འཁོར་བའི་ཆོས་ནི་འདི་ལྟ་བུ
ཐོག་མ་ཉིད་ནི་འདི་མེད་པས
ཡུལ་ལ་འཁྲུལ་པས་བརྟགས་པ་ལྟར
སེམས་ཅན་ཡུལ་ལ་སྣང་བའོ
དེ་ལ་ཡང་ནི་འདི་ལྟ་སྟེ
ས་དང་ཆུ་དང་མེ་དང་རླུང
༥༠༣
ནམ་མཁའ་དང་ནི་ཉི་ཟླ་དང
སྐྱེས་པ་བུད་མེད་དག་གི་གཟུངས
གཟའ་དང་སྐར་མ་སྤྲིན་དང་ནི
ཤིང་དང་རི་དང་བྲག་རྣམས་དང
རྩ་བ་སྡོང་པོ་ཡལ་ག་དང
འདབ་མ་མེ་ཏོག་འབྲས་བུ་དང
དྲི་དང་རོལ་དང་སྒྲ་དང་རེག
རོལ་མོ་རྣམས་དང་འཕན་གདུགས་དང
རྒྱལ་མཚན་དང་ནི་བླ་རེ་སོགས
དེ་དག་འཁོར་ཏེ་སྣང་བའི་ཆོས
རྣལ་འབྱོར་ཉིད་ཀྱི་ལུས་ཚང་ངོ
ས་ནི་ཤ་སྟེ་དངོས་པོ་ཉིད
ཆུ་ནི་ཁྲག་སྟེ་སྡུད་པ་ཉིད
མེ་ནི་དྲོད་དེ་ལུས་ཀུན་སྨིན
རླུང་ནི་དབུགས་ཏེ་ལུས་ཟུངས་འཛིན
ནམ་མཁའ་སེམས་ཏེ་ལུས་དངོས་འཛིན
ཉི་ཟླ་མིག་སྟེ་གསལ་བར་བྱེད
སྐྱེས་པ་དག་ནི་སྐྱེ་བ་ཉིད
བུད་མེད་དག་ནི་འཚོ་པར་སྣང
གཟའ་ནི་ཁ་ལ་སྐར་མ་སོ
སྤྲིན་ནི་སྐྲ་ལ་ཤིང་ནི་རྩ
༥༠༤
རི་ནི་ལུས་ལ་བྲག་ནི་རུས
རྩ་བ་སྙིང་ལ་སྡོང་པོ་རྐང
ཡལ་ག་དག་ནི་ཡན་ལག་ལ
མེ་ཏོག་ཉིད་ནི་དབང་པོ་ལྔ
འབྲས་བུ་ལུས་སུ་གྲུབ་པའོ
དྲི་ནི་བ་སྤུ་རོ་ནི་ལྤགས
སྒྲ་ནི་སྐད་ལ་རེག་ནི་ནད
རོལ་མོ་ནང་ཁྲོལ་འཕན་ནི་ཆུ
གདུགས་ནི་རྐང་པ་རྒྱལ་མཚན་མིང
བླ་རེ་དག་ནི་རླངས་པའོ
རྣལ་འབྱོར་ལུས་ལ་དེ་དག་རྫོགས
རིག་པ་ཉིད་ནི་འདི་ལྟ་སྟེ
འབྱུང་བ་ལྔ་ནི་འོད་ལྔ་སྟེ
ཉི་དང་ཟླ་བ་ཤེས་རབ་ཐབས
སྐྱེས་པ་གཞི་ལ་བུད་མེད་པས
གཟའ་ནི་རྟོགས་ཚད་སྐར་མ་ཆོས
༥༠༥
སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ
ཤིང་ནི་ཆོས་ཉིད་རྒྱས་པའི་ལམ
རི་ནི་ལྟ་བ་འགྱུར་བ་མེད
བྲག་ནི་ཆོས་སྐུ་འཇིག་དང་བྲལ
རྩ་བ་ཆོས་སྐུ་རྒྱུ་གཅིག་པ
ཡལ་ག་བྱང་ཆུབ་ཡན་ལག་ཉིད་
སྡོང་པོ་སྟོང་པར་རོ་གཅིག་སྟེ
འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས
མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད
འབྲས་བུ་སྐུ་གསུམ་རང་རྫོགས་སོ
སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ
དྲི་ནི་སངས་རྒྱས་གསུང་དུ་གྲགས
རོ་ནི་ཉམས་མྱོང་བདེ་བའི་རོ
རེག་ནི་བསམ་གཏན་ཆེན་པོའི་གོས
རོལ་མོ་འོད་ལྔའི་དཀྱིལ་འཁོར་རྫོགས
འཕན་ནི་ཁ་དོག་གསལ་བས་དངས
གདུགས་ནི་སྐྱོབ་པ་ཤེས་རབ་གདངས
བླ་རེ་མན་ངག་ཆེ་བའི་གནད
རྒྱལ་མཚན་རྟོགས་པ་མངོན་སངས་རྒྱས
༥༠༦
སེམས་ཉིད་ངོ་བོའི་ཆོས་རྣམས་ནི
ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས
དེ་ཕྱིར་བླ་དང་དངོས་བོ་ཡི
ཆོས་ནི་བརྒགས་པ་ཉིད་དུའོ
ཀྱེ་རྡོ་རྗེ་འཛིན་པ་ལེགས་ཉོན་ཅིག
འདས་པ་དཀར་པོའི་ཆོས་རྣམས་ནི
ལུས་དང་སེམས་ལ་ཐམས་ཅད་རྫོགས
འཁོར་བའི་ཆོས་ནི་འདས་སྟོང་ཕྱིར
དཀྱིལ་འཁོར་ལྷ་དང་མཆོད་པ་དང
སྔགས་དང་ཕྱག་རྒྱ་ཏིང་འཛིན་དང
དབང་བསྐུར་བ་དང་དམ་ཚིག་དང
མན་ངག་འབོགས་དང་ཉམས་མྱོང་དང
དེ་བཞིན་བསྐྱེད་པའི་རིམ་པ་དང
ཐོས་དང་བསམ་དང་སྒོམ་པ་དང
༥༠༧
ལྟ་བ་སྤྱོད་པ་བསྒོམ་པ་དང
སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང
བརྩོན་འགྲུས་བསམ་གཏན་ཤེས་རབ་དང
སྟོབས་དང་སྨིན་ལམ་ཡེ་ཤེས་དང
དེ་བཞིན་ཐབས་ཀྱི་ཕ་རོལ་ཕྱིན
དགེ་བཅུ་སྤྱོད་པ་ལ་སོགས་པ
ཐབས་དང་ཤེས་རབ་ཉིད་ལ་ཡང
དབྱིངས་དང་རིག་པ་སྣང་བ་དང
སྐུ་དང་ཡེ་ཤེས་འདུག་ཚུལ་དང
གཞི་དང་ལམ་དང་འབྲས་བུ་དང
རྟོགས་པ་དང་ནི་རྟོགས་ཚུལ་དང
འོད་ལྔ་དང་ཁ་དོག་ཡུལ་ཉིད་དང
༥༠༨
སྟོང་པ་ཉིད་དང་སྤྲོས་པ་མེད
ངོ་བོ་རང་བཞིན་ཐུགས་རྗེ་དང
ངང་དངས་རང་བཞིན་བདག་ཉིད་ཆེ
ཀ་དག་ཉིད་དང་ལྷུན་གྲུབ་དང
སྤྱི་སའི་གཞི་དང་འཁྲུལ་གཞིའོ
ཨེ་མ་ཧོ
འདི་ཀུན་ཤེས་བྱའི་ཡུལ་དུ་སྣང
སངས་རྒྱས་ཆོས་དང་དགེ་འདུན་དང
བསྟན་པ་གནས་དང་འཁོར་དང་དུས
ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང
མདོ་སྡེ་འདུལ་བ་མངོན་པ་ཆེ
ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས
ཉན་ཐོས་ཕལ་ཆེན་སྡེ་པ་དང
ཐམས་ཅད་ཡོད་སྨྲ་ཀུན་གྱིས་བཀུར
གནས་བསྟན་ཉིད་དང་རྩ་སྡེ་བཞི
སྡུག་བསྔལ་ཀུན་འབྱུང་འགོག་པ་དང
ལམ་གྱི་བདེན་པ་ལ་སོགས་ཕྱེ
བྲག་པ་བཅས་དང་ཟག་མེད་དང
ས་ལས་འདས་དང་གནས་པའོ
༥༠༩
རྡོ་རྗེ་འཛིན་པས་ཡང་གསོལ་བ
མཁའ་དང་མཉམ་པའི་ཆོས་དབྱིངས་ལ
རིག་པའི་ཡེ་ཤེས་རྣམ་སྣང་བ
མྱང་འདས་མཚོན་པའི་ཆོས་དེ་རྣམས
ལུས་དང་སེམས་ལ་ཇི་ལྟར་གནས
དོན་ཉིད་ངོ་ལ་ཇི་ལྟར་འཆར
བཅོམ་ལྡན་འདས་ཀྱིས་བདག་ལ་གསུང
རྡོ་རྗེ་འཆང་གིས་བཀའ་སྩལ་པ
གཞི་དང་དངོས་པོའི་ཁྱད་པར་ལས
ཐམས་ཅད་ཆོས་ཀྱི་དབྱིངས་སུ་དག
ལུས་སེམས་སྟོང་པ་ཉིད་ཀྱི་རྒྱ
དངོས་པོ་ཉིད་ནི་ཟག་པས་སྟོང
རང་སྣང་རིག་པ་ངོ་གང་ལ
འདི་ལྟར་སྣང་བའི་ཆོས་རྣམས་རྫོགས
ཚོམ་བུ་ལྔ་ནི་རྣམ་དག་པས
ཆོས་ཉིད་དཀྱིལ་དང་ཡེ་ཤེས་འཁོར
རང་རིག་མཆོད་པའི་གནས་འགྱུར་ཕྱིར
རང་གི་ལྷར་ནི་རང་ཉིད་ཆེ
བསྟི་གནས་ཆེན་པོར་རང་གནས་པས
རང་གི་དཀྱིལ་འཁོར་རང་ཉིད་མཆོད
བརྗོད་ཅིང་སྨྲ་བསམ་ཡུལ་མེད་པས
༥༡༠
ཐམས་ཅད་རང་གི་སྔགས་ཀྱི་ཚིག
བསྐྱོད་ཅིང་བསྒྱུར་བ་རང་ཡིན་པས
ཡན་ལག་མ་བསྒྱུར་ཕྱག་རྒྱ་རྫོགས
བསམ་པས་ཆོས་ཉིད་སྟོང་ཉིད་རང་སངས་པས
རྫོགས་པས་ཏིང་འཛིན་བསྒོམ་དུ་མེད
རིག་པའི་རྩལ་དབང་གཞིར་གནས་པས
རྫས་ནི་མི་དགོས་དབང་བསྐུར་ཐོབ
བསྲུང་བའི་མཚམས་མེད་འདའ་ཉམས་བྲལ
ཚིག་བརྗོད་དམ་ཚིག་བསྲུང་ལས་འདས
སྣང་བ་ཉིད་ནི་རང་གྲོལ་པས
ཚིག་མཚོན་མན་ངག་རང་རིག་ཀློང
རང་ལས་བྱུང་བས་རང་གྲོལ་བས
ཉམས་སུ་མྱོང་བའི་ཡེ་ནས་གདིངས
སྐུ་གསུམ་མ་བསྐྱེད་ཡེ་རྫོགས་པས
བསྐྱེད་པའི་རིམ་པ་རང་བྱུང་བའོ
འདི་ལྟར་རང་བཞིན་སྣང་བ་ཡི
ཆོས་ཉིད་རྣམ་པར་བརྟག་པར་བྱ
སྣ་ཚོགས་སྣང་བའི་སྒྲ་རྣམས་ནི
ཆོས་ཉིད་བརྗོད་དང་བྲལ་བའི་ཕྱིར
བརྗོད་མེད་རང་རིག་བདེ་ཆེན་པོ
རང་རིག་བསམ་པས་མི་མཐོང་ཕྱིར
བསམ་བཞིག་བརྟག་པའི་ཡུལ་ལས་འདས
༥༡༡
རིག་པའི་ཡེ་ཤེས་ཡེ་གདངས་པས
བསྒོམ་ཞིང་བཅོས་པའི་ཚིག་ལས་གྲོལ
འཁོར་འདས་གཉིས་ནི་རང་རྫོགས་པས
རིག་སྟོང་རང་གྲོལ་ལྟ་བ་ཆེ
སྣང་བ་རྣམས་ནི་ཅེར་བཞག་པས
མ་བཅོས་རང་བྱུང་སྤྱོད་པ་ཆེ
ཡེ་ནས་ཏིང་འཛིན་རང་གསལ་ནས
ཡེངས་པ་མེད་པ་བསྒོམས་པའི་གདིངས
རིག་པའི་ངོ་བོ་དམིགས་མེད་པས
བཏང་གཞག་མེད་པའི་སྦྱིན་པ་རྫོགས
རང་རིག་རྣམ་རྟོག་དྲི་མེད་ཕྱིར
མ་བསྒྲིབས་ཚུལ་ཁྲིམས་རང་ལུས་ཡིན
ཆོས་སྐུ་གདངས་དང་བྲལ་བས་ན
བསྒོམ་པའི་རྒྱུ་མེད་བཟོད་པ་ཉིད
འབྲལ་མ་མྱོང་བའི་རིག་པ་ལ
འགྱུར་བ་མེད་པའི་བརྩོན་འགྲུས་སོ
ཡེ་ནས་རིག་ཅིང་བསམ་བྲལ་བས
༥༡༢
ཡོན་ཏན་རྫོགས་སེམས་ཉིད་བསྟན
ལུ་གུ་རྒྱུད་ནི་ཐོགས་མེད་པས
ཐོགས་མེད་གསལ་བའི་ཤེས་རབ་ཉིད
ཟིལ་གྱིས་མི་གནོན་རིག་པ་ལ
ཆོས་སྐུ་རང་རྫོགས་སྟོབས་དང་ལྡན
ཡེ་ནས་རང་བཞིན་ལྷུན་གྲུབ་པས
མ་བཏབ་རང་རྫོགས་སྨོན་ལམ་ཉིད
སྟོང་པའི་ཡེ་ཤེས་རང་གནས་ཕྱིར
འཛིན་མེད་གསལ་བའི་ཡེ་ཤེས་རང
རིག་པས་སྣང་བ་དབང་བསྒྱུར་བས
སེམས་ཉིད་སྟོང་པའི་ཐབས་དང་ལྡན
འདས་པ་ཡེ་ཤེས་ངོ་བོ་བཅུ
བྱ་དང་བྱེད་པའི་ཆོས་རྣམས་རྫོགས
ཐབས་ནི་རང་གསང་ཡེ་ཤེས་ལ
ཤེས་རབ་སྟོང་པ་ཉིད་ཀྱི་སྐུ
དབྱིངས་ནི་ཁྱབ་ཆེན་ཡེ་ཤེས་ཡུལ
༥༡༣
རིག་པ་ཤེས་བྱ་སྣང་བར་གྲོལ
སྐུ་གསུམ་སངས་རྒྱས་ཉག་གཅིག་པོ
ཡེ་ཤེས་མཚན་ཉིད་ལྔ་ལྡན་ཉིད
འདུག་ཚུལ་ཤེས་བྱ་བབས་ཀྱིས་གྲུབ
གཞི་ནི་ཀུན་གྱི་བྱུང་ཁུངས་ཉིད
ལམ་ནི་རང་སྣང་བར་དོའི་ཡུལ
འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ
རྟོགས་པ་ཡེ་ཤེས་ཟང་ཐལ་ཉིད
རྟོགས་ཚུལ་སྣང་བ་གཏིང་རྫོགས་ཏེ
འོད་ནི་ཡེ་ཤེས་ལྔ་ཡི་གདངས
ཁ་དོག་ལྔ་ཉིད་འབྱུང་བའི་གདངས
ཡུལ་ནི་ཆོས་ཉིད་སྟོང་པའོ
དངོས་པོ་ལས་ལོག་སྟོང་པ་ཉིད
བརྗོད་པས་སྟོང་ཕྱིར་སྤྲོས་པ་མེད
ངོ་བོ་ཀ་དག་བརྗོད་གཞི་བྲལ
རང་བཞིན་ལྷུན་གྲུབ་ཅིར་སྣང་རྫོགས
ཐུགས་རྗེས་ཀུན་ཁྱབ་རང་ཤར་བའོ
ང་ནི་མ་བྱས་པར་ཤུགས་ལས་བྱུང་བ་སྟེ
༥༡༤
རང་བཞིན་མ་བཅོས་ཀུན་སྣང་བ
བདག་ཉིད་ཁྱབ་གདལ་ཀུན་ཆུབ་པོ
ཀ་དག་དྲི་མ་རང་དག་སྟེ
ལྷུན་གྲུབ་སྣ་ཚོགས་འབྱུང་བའི་ཕྱིར
སྤྱི་སའི་གཞི་ནི་འཁྲུལ་པར་སྣང
འདི་ཀུན་གནས་ལུགས་རང་རྫོགས་ཕྱིར
གཞན་ནས་བཙལ་བས་རྙེད་མི་འགྱུར
སྤྲུལ་པའི་སྐུ་ནི་རང་ལུས་ལ
ཆོས་སྐུ་རང་རིག་སེམས་ཉིད་སྟོང
ལོངས་སྐུ་སྣ་ཚོགས་སྣང་བ་ཉིད
མདོ་སྡེ་ཆོས་ཉིད་ཟབ་མོ་རྟོས་ལ
འདུལ་བ་རང་གི་འཁྲུལ་སྣང་འདུལ
མངོན་པ་སེམས་ཉིད་རྟོགས་པར་མངོན
ཕལ་ཆེར་སྣང་རྫོགས་རང་རིག་པ
སེམས་ཉིད་བརྗོད་པའི་གཞིར་གྱུར་ཐམས་ཅད་ཡོད
ཀུན་ལས་འཕགས་ཕྱིར་ཀུན་གྱིས་བཀུར
གཞི་ལས་མ་གཡོས་གནས་བརྟན་ཉིད
བདེ་བ་བསྐྱེད་ཕྱིར་སྡུག་བསྔལ་ཉིད
༥༡༥
མ་ལུས་རྫོགས་པས་ཀུན་འབྱུང་པ
འགྱུར་བ་མེད་པས་ལམ་ཞེས་བྱ
རྐྱེན་དང་བྲལ་བས་འགོག་པ་ཉིད
རང་བྱུང་ཡིན་ཕྱིར་ཟག་བཅས་དང
སྤྲོས་དང་བྲལ་བས་ཟག་མེད་ཉིད
ཆོས་སྐུ་ཐོབ་ཕྱིར་ས་ལས་འདས
དྲི་མ་དང་བཅས་པ་གནས་སོ
བརྗོད་པའི་གཞི་ཡིན་སྟོན་པ་དང
མི་འགྱུར་གནས་དང་འབྱུང་ཚོགས་འཁོར
ཁྱད་པར་རྟོགས་ཕྱིར་དུས་ཀྱང་ཡིན
རིག་སེམས་ལུས་ལ་ཐམས་ཅད་རྫོགས
དེ་ཉིད་རྫོགས་ཕྱིར་གཞན་ནས་ནི
བཙལ་བས་རྙེད་པའི་གནས་མེད་དོ
དེ་ནས་སེམས་མེད་རིག་པ་ཡིས
ཆོས་མེད་ལུས་ལ་འདི་སྐད་གསོལ
འདི་ལྟར་སྣང་བའི་ཆོས་རྣམས་ཀུན
རང་ལ་ཐམས་ཅད་ཡེ་རྫོགས་པས
༥༡༦
ཚིག་དང་ཡི་གེ་བརྡར་བཀོད་པའི
ཆོས་ལ་དགོས་པ་ཡོད་མ་ཡིན
དེ་ཕྱིར་ཆོས་མེད་ལུས་འདི་ལ
སེམས་དེ་ཇི་ལྟར་དགོས་པ་འགྱུར
སེམས་དེ་མེད་ན་བེམ་པོས་ནི
བསྐྱེད་པར་ནུས་པ་མ་ཡིན་ཏེ
མ་བསྐྱེད་དོན་རྣམས་ཇི་ལྟར་འབྱུང
དེ་ཉིད་དྲན་བསམ་སེམས་མེད་ན
དུར་ཁྲོད་རོ་དང་ཁྱད་ཅི་ཡོད
ཡང་ན་ནམ་མཁའ་ཇི་བཞིན་ནོ
དེ་ཉིད་ཡིན་ན་སྟོང་པས་ནི
སེམས་ཅན་དོན་ནི་ཇི་ལྟར་འབྱུང
དེ་ཉིད་རིགས་པ་མ་ལྒས་ན
བདག་ལ་གཙོ་བོས་བཀའ་སྩོལ་ཅིག
དེ་ནས་ཡུལ་མེད་སྣང་བ་ནས
ཆོས་མེད་སྟོན་པས་བཀའ་སྩལ་པ
སེམས་མེད་དྲན་བསམ་འཁོར་གྱིས་ཉོན
སེམས་ནི་འདུས་ཚོགས་འབྱུང་བའི་ཕྱིར
དྲི་མ་ཉིད་དང་ཡང་སྔགས་པས
ཀུན་གཞི་སྡུད་པའི་སེམས་ལ་སོགས
༥༡༧
དྲི་མའི་གྲངས་སུ་གྱུར་པས་ན
སེམས་དང་ཡེ་ཤེས་དབྱེ་བ་ནི
མཁས་པ་རྣམས་ཀྱིས་ཤེས་པར་བྱ
སེམས་ནི་བག་ཆགས་ཀུན་གྱི་གཞི
ལུས་ཅན་རྣམས་ཀྱི་དྲི་མ་ཡིན
གཟུང་བ་ཡིན་ལ་འཛིན་པ་ཡིན
དེ་ཕྱིར་འཁོར་བའི་ཆོས་ཉིད་དོ
སེམས་དེ་བྲལ་ན་སངས་རྒྱས་ས
ལུས་ཅན་ཀུན་གྱི་དྲི་མ་ཟད
འགྲོ་བ་རྣམས་ནི་སེམས་དེས་འགྲོ
དེ་མེད་འགྲོ་བར་ནུས་མེད་དེ
དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན
ཐུགས་ནི་བསྐྱོད་པ་ཀུན་བྲལ་བས
བེམ་པོ་ལྟ་བུ་མ་ཡིན་ཏེ
ཤེས་ཞིང་རིག་ལ་གསལ་བྱེད་སྣང
རྣམ་པར་རྟོག་པ་ཀུན་བསྲེགས་ཏེ
ཡེ་ཤེས་ཉིད་ནི་མེ་བཞིན་ཟ
ནམ་མཁའ་ཉིད་དང་མཚུངས་པ
༥༡༨
སྟོང་གསལ་རིག་བཅས་ཉིད་ཡིན་ནོ
དེ་ཕྱིར་ཡེ་ཤེས་སྣང་བར་སྟོན
འབད་མེད་ཐུགས་རྗེ་རང་ཤར་བས
ཁྱབ་ཅིང་ཀུན་འབྲེལ་ཆོས་ཀུན་རྫོགས
དྲན་པ་ཉིད་ནི་དྲན་མེད་པས
ཡེ་ཤེས་དྲན་གཞི་ཉིད་དང་བྲལ
ཡེ་ཤེས་ཉིད་ནི་འདི་ལྟ་སྟེ
གཞི་ནས་དག་པའི་ཡེ་ཤེས་དང
མཚན་ཉིད་འཛིན་དང་ཡུལ་ཁྱབ་པོ
ཀུན་གཞི་ཉིད་ནི་བསག་པའི་ཕྱིར
ཆོས་ཀྱི་སྐུ་ནི་ཟག་པ་ཟད
སྟོང་ཞིང་གསལ་བ་གསལ་ཞིང་ཁྱབ
བསམ་པས་མ་སྦགས་དྲན་པ་སངས
སྤྲོས་པ་ཉིད་དང་བྲལ་བ་སྟེ
ནམ་མཁའ་ལྟ་བུར་ཀུན་ཏུ་ཁྱབ་ཅིང་སྟོང
༥༡༩
རང་མཚོན་པ་ཀུན་དང་བྲལ
རྒྱུ་རྐྱེན་བཅས་ཀུན་གཞི་ལ
བག་ཆག་བསོག་ཕྱིར་རྫིང་དང་འདྲ
ཆོས་ཀྱི་སྐུ་ནི་བག་ཆག་བྲལ
ཡིད་དང་སེམས་སོགས་འདུས་པ་ལས
ལུས་ཅན་ཀུན་གཞི་དུ་མར་སྣང
ཆོས་སྐུ་ཡིད་སོགས་བྲལ་བས་ན
དུམ་གཟུགས་སྣང་ལུས་མེད་པའོ
འབྱུང་ཆེན་ལྔ་བོ་ལུས་སྣང་བས
དངས་མའི་འོད་ལྔ་དྲི་མས་བསྒྲིབས
ཕྲ་རགས་ལྔ་ནི་ཡུལ་སྣང་བས
ཁ་དོག་ལྔ་ཡང་རྡུལ་དང་བཅས
འབྱུང་བའི་མདུད་པ་རང་གྲོལ་བས
ཆེན་པོ་ལྔ་ཡང་འོད་ལྔར་གསལ
ཕྲ་རགས་དྲི་མ་རང་ལོག་པས
༥༢༠
ཁ་དོག་ལྔ་པོ་མ་འདྲེས་གསལ
བག་རྡུལ་ནམ་མཁར་རང་དེངས་པས
ཡེ་ཤེས་ལྔ་ནི་འོད་དུ་ཤར
དམིགས་པའི་ཡུལ་ལྔ་རང་གྲོལ་བས
འབྱུང་བའི་རྩལ་ལྔ་མ་ལ་ཐིམ
ཡུལ་དང་ཤེས་པ་རང་ཡལ་བས
འབྱུང་བའི་དངོས་མ་འོད་དུ་ཐིམ
དེ་ཕྱིར་འབྱུང་བ་དངས་སྙིགས་དབྱེ
ཞེས་མུ་ཏིག་ཕྲེང་བ་རིན་པོ་ཆེའི་རྒྱུད་ལས
འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ལ་རྫོགས་པར་བསྟན་པའི་ལེའུ་སྟེ་བདུན་པའོ
༄༨
དེ་ནས་རྡོ་རྗེ་འཛིན་པ་དེས
རྡོ་རྗེ་འཆང་ལ་འདི་སྐད་གསོལ
ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས
གསང་བའི་རྒྱུད་ཀྱི་ཐབས་དང་ནི
རང་བཞིན་ཇི་ལྟ་བུ་ཞིག་ལགས
བཅོམ་ལྡན་འདས་ཀྱིས་བདག་ལ་གསུང
སྟོན་པས་གསུངས་པ་རྡོ་རྗེ་འཛིན
སངས་རྒྱས་ཀུན་གྱི་ཐབས་ཀྱི་རྒྱུད
གཞི་གཅིག་ངོ་བོའི་ཁྱད་པར་ལས
༥༢༡
མཚོན་བྱ་དང་ནི་མཚོན་བྱེད་དོ
མཚོན་བྱ་རྒྱུད་གཅིག་ཀུན་ཁྱབ་པས
ཐམས་ཅད་དེ་ཡི་རྗེས་སུ་འབྲང
ཁྱབ་པ་རྣམ་པ་ཉིས་ཡིན་ཏེ
སྟོང་པས་ཁྱབ་དང་གསལ་བས་ཁྱབ
སྟོང་པ་རྒྱུ་གཅིག་དངོས་མེད་ཕྱིར
དངོས་པོ་ཀུན་གྱི་ཆོས་ལས་འདས
དངོས་ཏེ་སྣང་མེད་ཁྱབ་གཅིག་པས
ཀུན་གྱི་གཞིར་གྱུར་ངོ་བོ་གཅིག
ཁྱབ་བདག་ཉིད་དང་བྱང་ཆུབ་པོ
སྐྱེ་མེད་དྲན་པ་ཟད་པ་ཡིས
ཀ་དག་ཉིད་ཁྱད་པར་ལས
སྟོང་ཞིང་སྣང་ལ་སྣང་ཞིང་སྟོང
དངོས་ཏེ་དངོས་མེད་ཉིད་ཀྱང་ཡིན
ཟད་ཕྱིར་ཡེ་ནས་སྟོང་པར་གནས
རྒྱུ་རྐྱེན་བྲལ་བས་སྟོང་པའི་ཡུལ
༥༢༢
ཁྱབ་བརྡལ་དངོས་མེད་ངོ་བོས་སྟོང
དྲི་མ་མེད་ཅིང་མ་འདྲེས་རྫོགས
རྟོག་མེད་སྟོང་པའི་རང་བཞིན་ཏེ
སྟོང་པས་ཁྱབ་ཕྱིར་རྒྱུད་ཅེས་སོ
གསལ་ཏེ་རང་བཞིན་མ་འགགས་པས
སྒྲོན་བྱེད་སྣང་དང་ཀུན་ཁྱབ་པ
གསལ་དང་དྲོ་དང་བསིལ་བ་དང
ཡང་ཞིང་གཡོ་བའི་བདག་ཉིད་འཛིན
ཁྱབ་དང་ཡེ་གདངས་རང་གསལ་དང
གྲོལ་བྱེད་སྨིན་པའི་ས་བོན་ཉིད
སྟོང་ལས་ལོག་ཕྱིར་གསལ་བས་ཁྱབ
ཅིག་ཆར་བ་དང་རང་གྲོལ་དང
རང་ཤར་གསལ་བས་ལུས་དང་འབྲེལ
དྲི་མ་མེད་དང་སོ་སོར་དངས
འཛིན་མེད་གསལ་བའི་ཡུལ་སྣང་ལ
སྒོ་ལྔའི་ཤེས་པ་རང་གསལ་རྫོགས
ལུས་ལ་གསལ་བས་ཁྱབ་ཕྱིར་རྒྱུད
༥༢༣
དེ་དག་མངོན་པར་རྟོགས་པས་ནི
ཐབས་ཞེས་ཁྱད་པར་ཉིད་ཀྱང་ངོ
གང་ཟག་བློ་ཡི་བྱེ་བྲག་གིས
རིམ་པ་ཇི་ལྟར་བཤད་བྱ་བ
འབད་རྩོལ་མེད་པར་རང་གྲོལ་དང
འབད་བཅས་ཉམས་སུ་བླང་པའོ
འབད་མེད་རྣམས་ནི་རང་དག་ཡིན
གནད་ནི་རྣམ་པ་གསུམ་དག་གིས
དེ་ཡི་དོན་ཉིད་ཉམས་སུ་བླངས
ལུས་དང་དང་ཡུལ་ཉིད་དོ
ལུས་ཀྱི་གནད་ནི་རྣམ་གསུམ་སྟེ
སེང་གེའི་ཚུལ་དང་གླང་ཆེན་ཚུལ
དྲང་སྲོང་ལྟ་བུར་ཞེས་པར་བྱ
༥༢༤
སྒོ་ནི་དེ་ཉིད་མ་འཁྲུལ་དང
གསལ་བྱེད་རྣམ་གཉིས་མ་འགུལ་བས
ནམ་མཁའ་ཉིད་ཀྱང་འགུལ་བ་མེད
ཡུལ་གྱི་གནད་ཀྱང་རྣམ་པ་གསུམ
དག་པའི་དབྱིངས་ནི་སྡོད་པ་དང
དེ་བཞིན་རིག་པའི་ངོ་བོ་སྡོད
སྣང་བ་ཐམས་ཅད་སྡོད་པའོ
ཡིད་ནི་འགྱུ་མེད་རང་སར་གནས
སེམས་ནི་འགྱུ་མེད་དྲན་སངས་པ
རིག་པ་མི་འགྱུ་སྐུ་གསུམ་གསལ
ཡིད་སེམས་དལ་བས་དྲན་རྒྱུན་འགགས
ལུས་ངག་དལ་བས་སྡུག་བསྔལ་བྲལ
རིག་པ་དལ་བས་སྐུ་ལྔར་ཤར
༥༢༥
རིག་པ་ཤར་བས་འབྱུང་རྐྱེན་འགགས
འོད་གསལ་ཤར་བས་ཕྲ་རགས་འགགས
དབྱིངས་རིག་ཤར་བས་ཡུལ་སེམས་འགགས
དེ་ལྟར་མཚོན་བྱེད་ཐབས་ཀྱི་རྒྱུད
རང་གི་རྒྱུད་ལ་མ་བསྐྱེད་རྫོགས
མཚོན་པར་བྱེད་པ་ཐབས་ཡིན་ཏེ
རྒྱུན་དུ་གནས་པ་རྒྱུད་ཅེས་བྱ
དེ་བཞིན་གཤེགས་པའི་རང་བཞིན་གྱི
རྒྱུད་ཀྱི་སྙིང་པོ་རབ་ཏུ་ཕྱེ
འཁོར་དང་འདས་པ་གང་གིས་ཀྱང
འདི་ཉིད་ཤེས་པ་མ་ཡིན་ཏེ
མི་ཕྱེད་རྡོ་རྗེའི་རང་བཞིན་ཅན
རང་གི་མཚོན་པའི་གཞི་གཅིག་པའི
རང་བཞིན་སྟོང་པ་ཉིད་དུ་གཅིག
རྫོགས་པའི་སངས་རྒྱས་བསྐྱེད་པའི་ཡུལ
༥༢༦
རྒྱུད་ཀྱི་སྙིང་པོ་གསུམ་ཞེས་བྱ
རང་བཞིན་རྒྱུད་ནི་འདི་ལྟ་སེ
གཞི་དང་སྙིང་པོ་བཅུད་ཉིད་དོ
གཞི་ནི་ངོ་བོ་རང་བཞིན་དང
ཐུགས་རྗེ་ཀུན་ལ་ཁྱབ་ཅིང་འཆར
ཡེ་ཤེས་གསུམ་གྱི་བདག་ཉིད་ཅན
ཡེ་ནས་དྲི་མ་ཀ་ནས་དག
འདུ་འབྲལ་མེད་པའི་ཉག་གཅིག་ཉིད
སངས་རྒྱས་རྣམས་ཀྱི་གསང་ཆེན་ཡིན
སྐུ་ནི་སྙིང་པོ་རྫོགས་པའི་རིགས
སྐུ་ཡི་རྒྱུད་ནི་སྟོང་པས་ཁྱབ
གསལ་བ་ཉིད་ཀྱང་རང་སྣང་ངོ
མི་སྣང་གསལ་བའི་རང་བཞིན་ཅན
སྙིང་པོ་རྫོགས་པའི་རང་བཞིན་རྒྱད
༥༢༧
སྣང་བ་ཐམས་ཅད་རྒྱུད་ཡིན་ཏེ
ཐམས་ཅད་ཐམས་ཅད་འབྲེལ་ཞིང་ཆགས
རང་བཞིན་ཅིཏ་ཏའི་དཀྱིལ་འཁོར་དུ
མ་བསྐྱེད་རྫོགས་པའི་སྙིང་པོ་ཆེ
དེ་ཕྱིར་དྲིལ་བས་སྙིང་པོ་སྟེ
ཀུན་གྱི་སྲོག་ཏུ་གྱུར་པའི་ཕྱིར
སྙིང་པོའི་རྒྱུད་ཅེས་རབ་ཏུ་བཤད
སངས་རྒྱས་ཐམས་ཅད་ཀུན་གཅིག་བསྡུས་པའི
ངོ་བོ་ཐམས་ཅད་བཅུད་ཕྱུང་བའི
སྙིང་པོ་བསྡུས་པས་བཅུད་ཅེས་བྱ
སྟོང་གསལ་རིག་པའི་བཅུད་དུ་དྲིལ
སངས་རྒྱས་ཀུན་གྱི་བདེ་གསང་ཆེན
གཞི་དང་སྙིང་པོ་མེ་ཏོག་ཅན
རང་རིག་རྣམས་ཀྱི་ངོ་བོ་ནི
རྫོགས་པ་ཆེན་པོའི་བཅུད་ཅེས་ནི
རྒྱུད་གཞན་ལས་ཀྱང་རབ་ཏུ་གྲགས
༥༢༨
གསང་བའི་རྒྱུད་ནི་རྣམ་བཤད་པ
ངེས་པས་གཟུང་དུ་ཡོད་པའི་ལུང
རང་བཞིན་སྟོང་པ་ཀུན་ཁྱབ་པོ
དེ་ཡང་བཅུད་ཀྱི་རང་བཞིན་ནི
སྙིང་པོ་བསྡུས་པས་དངས་མ་གསུམ
གསལ་བ་གསུམ་དང་ཤེས་པས་ཁྱབ
གདིང་གསུམ་མི་རྟོག་གསུམ་གྱིས་ནི
བཅུད་མི་འགྱུར་བའི་ངེས་པ་ཐོབ
སྣང་བ་གསུམ་དང་སྟོང་པ་གསུམ
བཅུད་ནི་རང་བཞིན་དག་པ་ཡིས
རྒྱུད་དུ་གཏན་ལ་ཕབ་པའོ
གཞི་དང་ལམ་དྲང་པོ་དང་འབྲས་བུ་ཡིས
བཟུང་བར་ངེས་པར་རང་བཞིན་རྒྱུད
༥༢༩
དེ་ཕྱིར་རྒྱུད་ཅེས་འབྲེལ་བས་འགྲུབ
རང་བཞིན་བབས་ཀྱིས་གྲུབ་པས་ན
རང་བཞིན་ཉིད་ཀྱི་རྒྱུད་ཅེས་བྱ
གཞི་གཅིག་ངོ་བོའི་ཁྱད་པར་ལས
ཐབས་དང་རང་བཞིན་རྒྱུད་ཅེས་ནི
བཏགས་པ་ཙམ་དུ་དེར་སྣང་ཡང
ངོ་བོ་གཞི་གཅིག་རང་བཞིན་སྟོང
ཐ་དད་མ་ཡིན་འགྱུར་བ་མེད
དཔེར་ན་སྐྱེས་བུ་གང་ཞིག་ལ
མིང་ནི་མང་པོ་ཡོད་གྱུར་ན
གང་ནས་བོས་ཀྱང་དེར་སྣང་ལྟར
འགྱུར་མེད་དོན་ཡང་དེ་བཞིན་ནོ
དེ་ནས་རྡོ་རྗེ་འཛིན་པ་ཡིས
རྡོ་རྗེ་འཆང་ལ་འདི་སྐད་གསོལ
ཀྱེ་མ་སྟོན་པ་སེམས་དཔའ་ཆེ
སངས་རྒྱས་རྣམས་ཀྱི་དོན་གྱི་རྒྱུད
༥༣༠
ཐབས་དང་རང་བཞིན་དེ་ལྟར་ན
འདི་ལྟར་གསང་བའི་རྒྱུད་རྣམས་ཀྱི
དབྱེ་བའི་མཐའ་ནི་ཇི་ལྟར་ལགས
གཙོ་བོ་ཉིད་ཀྱིས་སྔར་མ་གསུང
རིམ་པ་ཇི་ལྟར་བདག་ལ་གསུང
དེ་ནས་རྡོ་རྗེ་འཆང་ཆེན་དེས
རྒྱུད་རྣམས་རབ་ཏུ་འབྱེད་པ་ཡི
ཏིང་ངེ་འཛིན་ལས་བཞེངས་ནས་ནི
རྡོ་རྗེ་ཅན་ལ་འདི་སྐད་གསུངས
ཨེ་མ་རྡོ་རྗེ་འཛིན་པ་ཉོན
དེ་ཉིད་རྣམ་པར་བཤད་པར་བྱ
དོན་རྒྱུད་དང་ནི་ཚིག་གི་རྒྱུད
དོན་ནི་སྔར་བསྟན་རིམ་པའོ
ཚིག་རྒྱུད་རིམ་པ་གསལ་བར་དབྱེ
སྤྲོས་པ་གཅོད་བྱེད་འཁོར་བ་ཡི
དོན་རྣམས་རྒྱུད་ཀྱིས་འགྲོལ་བར་འགྱུར
རྒྱ་མཚོ་དང་ནི་ཉི་མ་དང
སེང་གེ་དང་ནི་རི་རྒྱལ་དང
༥༣༡
འཁོར་ལོ་དང་ནི་ལྡེ་མིག་དང
རལ་གྲི་དང་ནི་གསལ་ཤིང་དང
གསེར་ཞུན་དང་ནི་མ་བུ་འབྲེལ
མེ་ལོང་དང་ནི་མུ་ཏིག་བརྒྱུས
སྦྲུལ་མདུད་དང་ནི་ཁྱུང་ཆེན་དང
ཆུ་རྒྱུན་དང་ནི་སྤུ་གྲི་དང
རྒྱལ་པོས་དང་ནི་བང་མཛོད་དང
དེ་ལྟར་རྣམ་པར་ཕྱེ་བས་ནི
ཚིག་རྒྱུད་གསལ་བར་བྱེད་པའོ
དེ་ཡི་དོན་རྣམས་རྣམ་ཕྱེ་བས
ངོ་བོ་ཉིད་ཀྱང་མཐོང་བར་འགྱུར
རྡོ་རྗེ་འཛིན་པ་ངེས་ཟུངས་ཤིག
༥༣༢
རྒྱུད་ཀྱི་སྙིང་པོ་གསུམ་ཤེས་ན
རྒྱལ་བློན་འབངས་གསུམ་འཛོམ་པ་འདྲ
རྒྱུད་ཀྱི་དངས་མ་གསུམ་ཤེས་ན
རི་གསུམ་རྩེ་མོར་ཕྱིན་པ་འདྲ
རྒྱུད་ཀྱི་མེ་ཏོག་གསུམ་ཤེས་ན
མཁའ་ལ་ཉི་མ་གསུམ་ཤར་འདྲ
རྒྱུད་ཀུན་སྡོམས་གཅིག་ཤེས་པ་ན
མཁར་གྱི་འགྲམ་རྡོ་ལེགས་བཙུགས་འདྲ
སྣང་བ་གཏིང་རྫོགས་རྒྱུད་ཤེས་ན
རྩེ་མོ་འབྱོངས་པའི་མཁར་དང་འདྲ
ཡེ་ཤེས་གསུམ་ཟློག་རྒྱུད་ཤེས་ན
ཕྱོགས་བཞིར་སྐར་ཁུང་བཏོད་པ་འདྲ
ཡན་ལག་རྒྱུད་ཆེན་གཉིས་ཤེས་ན
ངོས་བཞིར་བ་གམ་བཏགས་པ་འདྲ
རྣལ་འབྱོར་གྲོལ་བའི་རྒྱུད་ཤེས་ན
རྒྱལ་པོ་མཁར་གྱི་རྩེར་བཞག་འདྲ
སྙིང་དང་འདྲ་བའི་རྒྱུད་ཤེས་ན
༥༣༣
དེ་ལ་སྒོ་མོ་དམ་བསྒྲིགས་འདྲ
གསང་བ་རང་གཞུང་རྒྱུད་ཤེས་ན
མཐའ་མ་ལྕགས་རིས་བསྐོར་བ་འདྲ
མཚོན་ཆ་ལྟ་བུའི་རྒྱུད་ཤེས་ན
གོ་ཞུབ་ལྡན་པའི་སྒོ་བསྲུང་འདྲ
ཨེ་མ་དེ་ལྟར་རྒྱུད་ཀུན་ནི
ངོ་མཚར་མཆོག་ཏུ་ཆེ་བས་ན
དེ་ཡི་དོན་ཀུན་རྣམ་བཤད་བྱ
དེ་ཡང་རྒྱུད་ཀྱི་རིམ་པ་ནི
རྩ་བའི་རྒྱུད་ནི་གཉིས་ཀྱིས་ནི
ཆོས་ཀུན་གཅིག་པ་ཉིད་དུ་བཤད
བཤད་རྒྱུད་མ་བུ་གཉིས་ཀྱིས་ནི
ལོ་འདབ་རྒྱས་པའི་ཚུལ་དུ་བཤད
ཡན་ལག་རྒྱུད་ནི་གཉིས་དག་གིས
རྒྱ་མཚོར་གཟའ་སྐར་ཤར་བཞིན་བཤད
ལུང་རིག་གསལ་བའི་རྒྱུད་གཉིས་ཀྱིས
མེ་ཏོག་ཁ་བྱེའི་ཚུལ་དུ་བཤད
མན་ངག་རྒྱུད་སྡེ་བཞི་ཡིས་ནི
༥༣༤
འབྲས་བུ་སྨིན་པའི་ཚུལ་དུ་བཤད
དགོངས་པ་རང་གནས་རྒྱུད་གསུམ་གྱིས
མཐོང་བྱེད་མིག་གི་ཚུལ་དུ་བཤད
འཇུག་པ་རང་གྲོལ་རྒྱུད་གཉིས་ཀྱིས
དྲན་གཞི་སྙིང་གི་ཚུལ་དུ་བཤད
མཁས་པ་ཆོ་གའི་རྒྱུད་ཀྱིས་ནི
མེ་ལ་ཚེ་བྱེད་པའི་ཁྱེ་ལྟར་བཤད
དེ་ལྟར་རྒྱུད་ཀུན་ཐམས་ཅད་ཀྱིས
དོན་རབ་ཤིན་ཏུ་གསལ་བར་བཤད
སྡོམ་པའི་ངོ་བོ་རྣམ་ཕྱེ་བས
སངས་རྒྱས་ཀུན་གྱི་རང་བཞིན་ཐོབ
དེ་ལྟར་ཚིག་ཏུ་བྱ་བའོ
དེ་ནས་རྡོ་རྗེ་འཛིན་པ་རྣམས
གསང་བའི་རྒྱུད་ནི་རྣམ་ཕྱེ་བས
དགའ་མགུ་རངས་པའི་སེམས་སྐྱེས་ཏེ
རྡོ་རྗེ་འཆང་ལ་ཐལ་སྦྱར་ནས
ཚིག་ནི་འདི་སྐད་རབ་ཏུ་གསོལ
༥༣༥
ཀྱེ་མ་དྲུག་པ་རྡོ་རྗེ་འཆང
རྒྱུད་ཀུན་རིམ་པ་དེ་ལྟར་ན
མ་འོངས་སེམས་ཅན་རྣམས་ལ་ཡང
རྒྱུད་ཀུན་བསྡོམས་པས་གཅིག་གྱུར་པའི
སྙིང་པོ་ཐམས་ཅད་དྲིལ་ནས་ནི
སེམས་ཅན་རྣམས་ལ་ཇི་ལྟར་བསྟན
རྡོ་རྗེ་འཆང་གིས་བདག་ལ་གསུངས
དེ་ནས་སྟོན་པས་བཀའ་སྩལ་པ
ཇི་ལྟར་བརྗོད་བྱ་ཐམས་ཅད་ཀུན
བགྲངས་པ་ཙམ་དུ་ཟད་མོད་ཀྱང
མདོ་ནི་བྲབ་མོའི་དོན་དུ་བསྡུ
གནས་ལུགས་བསམ་གྱིས་མི་ཁྱབ་ཀྱང
ཡེ་ཤེས་རྣམ་པ་གསུམ་ཡིན་ནོ
འཁྲུལ་གཞི་རྣམ་པ་མང་བཤད་ཀྱང
ལྷུན་གྲུབ་དང་ནི་ཐུགས་རྗེའོ
རང་གནས་སྐུ་རིག་ཡེ་ཤེས་སོ
གནས་པ་ཐུས་ཏེ་ཅིཏ་ཏའི་དཀྱིལ
ལམ་ནི་རྩ་བཞི་འགྱུ་བྱེད་རླུང
འཆར་བྱེད་སྒོ་བཞི་མིག་སོགས་སོ
ནམ་མཁའ་རྐྱེན་བྲལ་ཡུལ་དུ་འདུས
ཉམས་བླངས་ཁྲེགས་ཆོད་ཐོད་རྒལ་ལོ
ཚད་ནི་གདིང་བཞིའི་རྣལ་འབྱོར་ཉིད
བར་དོ་མ་བུ་གཉིས་སྦྱོར་བས
གྲོལ་ས་ཉིད་ནི་ཐོག་མའོ
ཞེས་མུ་ཏིག་ཕྲེང་བ་རིན་པོ་ཆེའི་རྒྱུད་ལས
རྒྱུད་ཐམས་ཅད་བསྡོམས་ཏེ་བསྟན་པའི་ལེའུ་སྟེ་བརྒྱད་པའོ
དེ་སྐད་ཅེས་སེམས་མེད་པའི་རིག་པས་བཀའ་སྩལ་པ་དང
རིག་པ་རྡོ་རྗེ་རྣོན་པོ་ལ་སོགས་པ
རིགས་ལྔའི་དེ་བཞིན་གཤེགས་པ་དང
༥༣༧
རིགས་གསུམ་གྱི་ཁྲོ་བོ་དང
སངས་རྒྱས་ཆོས་དང་དགེ་འདུན་དང
ལྷ་དང་ལྷ་མ་ཡིན་དང
མཁའ་འགྲོ་མ་དཔག་ཏུ་མེད་པ་དང
དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ
བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ
མུ་ཏིག་ཕྲེང་བ་རིན་པོ་ཆེ་གསང་བའི་རྒྱུད་ཅེས་བྱ་བ
རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཁྱད་པར་དུ་ཕྱུང་བའོ
རྫོགས་སོ
མུ་ཏིག་ཕྲེང་བའི་རྒྱུད་ཀྱི་འགྲེལ་པ་གསལ་བྱེད་ཅེས་བྱ་བ་ཡོད
མུ་ཏིག་ཕྲེང་བའི་རྒྱུད་ལ་མ་བུ་གསུམ
དགེའོ
དགེའོ
དགེའོ