ངོ་སྤྲོད་རིན་པོ་ཆེ་སྤྲས་པའི་ཞིང་ཁམས་བསྟན་པའི་རྒྱུད

From Wikisource
Jump to navigation Jump to search

༧༧
ངོ་སྤྲོད་རིན་པོ་ཆེ་སྤྲས་པའི་ཞིང་ཁམས་བསྟན་པའི་རྒྱུད་ཅེས་བྱ་བ་བཞུགས
༧༨
༄༡
རྒྱ་གར་སྐད་དུ
དར་ཤ་ནོ་པ་དེ་ཤ་རཏ་ན་ཙིག་ཀེ་ཤ་ཏྲ་དྷ་ཏུ་ཤ་ས་ན་ཏན་ཏྲ་ན་མ
བོད་སྐད་དུ
ངོ་སྤྲོད་རིན་པོ་ཆེ་སྤྲས་པའི་ཞིང་ཁམས་བསྟན་པའི་རྒྱུད་ཅེས་བྱ་བ
བཅོམ་ལྡན་གཞོན་ནུ་རྡོ་རྗེ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ
འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན
ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྒྱན་མ་བཀོད་པར་སྣང་བ་སྟེ
འོད་ཀྱི་ཡུལ་སྐུའི་མཁའ་གསུང་གི་ཟེར
ཐུགས་ཀྱི་གནས་ཡེ་གདངས་ཆེན་པོའི་སྣང་བ
ཁྱབ་བརྡལ་ཆེན་པོའི་ཕོ་བྲང
༧༩
སྟོང་པ་ཡེ་རྫོགས་ཀྱི་གཞལ་ཡས་ན
གསང་བ་ཆེན་པོའི་དོན་རང་དག་ཏུ་བཀོད་པ་འདི་གསུངས་སོ
གསུང་ངོ
གསུང་བར་འགྱུར་རོ
འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན
རང་བཞིན་རྫོགས་པ་ཆེན་པོའི་གནས
ཤིན་ཏུ་རྒྱ་ཆེ་ལ་ཁྱབ་ཅིང་གསལ་བའི་གཞི
གཞན་གྱིས་དཔག་པར་བཀའ་བ་ཆེན་པོ་ན
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་པ་ཆེན་པོའི་བདག་ཉིད་དུ་བཞུགས་སོ
༨༠
དེ་ནས་གསང་བའི་བདག་པོས
ཆོས་ཐམས་ཅད་ཡོངས་སུ་སྡུད་པ་ཞེས་བྱ་བའི་སེམས་བསྐྱེད་དེ
བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་བསྐོར་ནས་འདི་དག་རྣམས་མངོན་དུ་ཞུ་བའི་ཚིག་རྡོ་རྗེ་མཛད་པ་ཞེས་བྱ་བ་རྣམས་ཀྱི་ཚིག་ཏུ་འདི་རྣམས་ཞུ་བ
ཉིད་རབ་ཏུ་ཞུས་སོ
ཀྱེ་སྟོན་པ་ཆེན་པོ་ཉིད་ཀྱི་སྐུ་ཇི་ལྟ་བུ་ལགས
གསུང་གང་ཐུགས་ནི་ཅི་ལྟ་བུ་ལགས
མཛད་པ་ནི་ཅི་ཡུལ་ནི་གང་ལགས
ཁོར་ནི་ཇི་ལྟ་བུ་ཏིང་ངེ་འཛིན་ནི་ཇི་ལྟ་བུ་ཞིག་མངའ
འདི་དག་བདག་ཐེ་ཚོམ་དུ་གྱུར་ཡིད་གཉིས་སུ་གྱུར
བློའི་རྟོག་པར་མ་ཚུད་ལགས་ན
དེ་དག་ཇི་ལྟར་ལགས་བསྟན་དུ་གསོལ
ཞེས་ཞུས་སོ
དེ་ནས་ཉིད་ཀྱི་རང་བཞིན་གྱི་གནས་ནས་འདི་དག་ཐུགས་ཀྱི་དཀྱིལ་འཁོར་ནས་ཕྱུང་ངོ
ཀྱེ་གསང་བའི་བདག་པོ་ཉོན་ཅིག
ངའི་སྐུ་ནི་སངས་རྒྱས་ཐམས་ཅད་འདུས་པའི་སྐུ་རྡོ་རྗེ་སྙིང་པོ་མི་ཤིགས་པ་རྒྱན་གྱི་འཁོར་ལོ་ཞེས་བྱ་བ་ཡིན་ནོ
ངའི་གསུང་ནི་རང་བཞིན་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བདག་ཉིད་དུ་གནས་སོ
༨༡
ཐུགས་ནི་མི་བསྐྱོད་པའི་རང་བཞིན་ཡེ་ཤེས་ཆེན་པོར་ཡེ་གནས་པ་ཡིན་ནོ
ངའི་མཛད་པ་ནི་སྐྱེ་བ་བཞི་དུས་ཐམས་ཅད་དུ་འབྱུང་བའོ
ངའི་ཡུལ་ནི་བཀོད་པ་ཡོངས་སུ་རྫོགས་པ་རྒྱ་ཆེ་བ་ཡིན་སྟེ
མཐའ་གང་དུ་ཡང་མ་ལྷུང་བ་ཉིད་ཡིན་ནོ
ངའི་འཁོར་ནི་ཕྱི་དང་ནང་དང་གསང་བ་ལས་སྤྲུལ་པ་ཉིད་དོ
ངའི་ཏིང་ངེ་འཛིན་ནི་འདི་ལྟ་སྟེ
མི་བརྗེད་པ་རྒྱུན་གྱི་ཏིང་ངེ་འཛིན་དང
ཡེ་ནས་རབ་ཏུ་གསལ་བ་རྒྱུན་གྱི་ཏིང་ངེ་འཛིན་དང
ཤིན་ཏུ་རྣམ་པར་དག་པ་རྡོ་རྗེ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་དགྲ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང
འཇིགས་པ་ཐམས་ཅད་ལས་ཡོངས་སུ་སྒྲོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ
ཀྱེ་ལག་ན་རྡོ་རྗེ་འཆང
ཁྱོད་ཀྱིས་འདི་དག་རྣམས་ཀྱེ་དོན་དྲིས་པ་དེ་ལེགས་སོ
འདི་དག་རྣམས་ཀྱི་ཚིག་འདི་ལ་དོན་དུ་སྐྱེ་ལས་བསམ་མི་ཁྱབ་སྟེ
༨༢
ང་ནི་ལུང་ཀུན་གྱི་བདག་ཉིད་དུ་བྱུང་བའི་ཕྱིར་རོ
དེ་ནས་འཁོར་དེ་དག་ཀྱང་ཤིན་ཏུ་དགའ་ཞིང་ཡིད་རབ་ཏུ་རངས་ཏེ
བཅོམ་ལྡན་འདས་ལ་བསྟོད་ཅིང་ལག་ན་རྡོ་རྗེ་ལ་རབ་ཏུ་སྙན་པའི་ཚིག་གིས་མཆོད་ཅིང
སོ་སོའི་དོན་སྐུལ་བའི་ཚིག་འདི་དག་ཀྱང་བརྗོད་དོ
ཨེ་མ་སྟོན་པ་ཐུགས་རྗེ་མཆོག་གིས་བཀའ་སྩལ་པའི་དོན་གྱི་སྙིང་པོ་དེ་དག་སོ་སོའི་སྙིང་ལ་ཞུགས
ཇི་ལྟར་བརྗོད་པའི་སྒྲ་ཡིས་རང་རང་ཡིད་ཀུན་ཚིམ
བཅོམ་ལྡན་འཇིག་རྟེན་གསུམ་གྱི་གཙོ་བོ་ཁྱོད
བདག་ཅག་རྣམས་ཀྱི་ཡིད་རྣམས་ཁྱེད་ཀྱིས་ཅི་བཞིན་མཁྱེན
འཇིག་རྟེན་མགོན་པོ་མ་རིག་དམག་དཔུང་འཇོམས
དཔའོ་བོ་ཉོན་མོངས་དྲི་མེད་ཉི་མའི་འོད་ལྟ་བུ
བསྟན་པ་མི་ནུབ་གཏེར་འཛིན་རྡོ་རྗེ་སྙིང་པོའི་གདུང
ཡེ་ཤེས་སྟོང་བདག་མེད་ལ་ཕྱག་འཚལ་ལོ
ཞེས་ཚིག་རྣམས་ཀྱིས་ཀྱང་རབ་ཏུ་བསྟོད་ཅིང་སོ་སོའི་ཏིང་ངེ་འཛིན་རང་བཞིན་རྣམས་དང་ལྡན་པར་གྱུར་ཏེ
སངས་རྒྱས་ཀྱི་མཐུས་བདེན་པའི་དོན་གྱིས་རང་གི་རྒྱུད་ཚིམ་པར་བྱས་ཏེ
ཀུན་ཀྱང་འོད་ཟེར་གྱི་ཕུང་པོ་སྣ་ཚོགས་དང་ལྡན་ནས
སངས་རྒྱས་རྣམས་ཀྱི་བཀའི་དེ་བཞིན་ཉིད་ཡོངས་སུ་འཛིན་པར་གྱུར་ཏེ
༨༣
སེམས་རངས་པ་དང་ལྡན་པར་གྱུར་ཏོ
ཞེས་ངོ་སྤྲོད་རིན་པོ་ཆེ་སྤྲས་པའི་རྒྱུད་ལས
གླེང་གཞི་རང་བསྟོད་ཀྱི་ལེའུ་དང་པོའོ
༄༢
དེ་ནས་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱིས་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ལས་འདི་དག་རྣམ་པར་ཕྱུང་སྟེ
ཆེད་དུ་བརྗོད་པ་འདི་དག་རྣམ་པར་བརྗོད་དོ
ལག་ན་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག
སྐུ་གསུམ་འབྲས་བུ་མངོན་དུ་བལྟ་འདོད་པས
བཅུད་ཀྱི་སྙིང་པོ་དཔེ་ཡི་ཡེ་ཤེས་ལྟོས
རིན་ཆེན་སྙིང་པོ་ནོར་བུ་འོད་འབར་རམ
ནོར་བུ་མ་རྒད་སྔོན་པོ་ཆུ་ཤེལ་ལམ
ས་ཡི་སྙིང་པོ་རིན་ཆེན་མིག་མ་ཕུག
རྡོ་ཡི་སྙིང་པོ་རིན་ཆེན་མན་ཤེལ་གྱིས
སངས་རྒྱས་རྣམས་ཀྱི་གནས་ལུགས་གཏན་ལ་འབེབས
དེ་ཡི་ཕྱིར་ན་འདི་དག་མཁས་པས་བཙལ
སྙིང་པོ་ལྟ་བའི་དོན་དུ་འདི་རྣམས་ནན་ཏན་བྱ
སྐྱེས་བུ་རྣམས་ཀྱི་དོན་ལ་འཇུག་པའི་ཐབས
༨༤
དཔེ་ཡི་ཡེ་ཤེས་བལྟ་བར་གང་འདོད་པ
དོན་ནི་འདི་ལྟར་སྐྱེས་བུས་རིག་པར་གྱིས
དཔེ་ཡི་གྱི་འོད་ཀྱིས་ཕྱི་ཡིད་ཕྱིངས་རྣམས་བསྟན
དཔེ་ཡི་ཐབས་ཀྱིས་སྐུ་ཡི་ངོ་བོ་བསྟན
དཔེ་ཡི་ཚད་ཀྱིས་ཡེ་ཤེས་ལམ་ཡང་བསྟན
དཔེ་ཡི་མཐོང་བས་རང་གི་གནས་ལུགས་བསྟན
འོད་དང་ཐིག་ལེ་སྐུ་དང་ཡེ་ཤེས་དང་རིག་པ་དང་ནི་དབྱིངས་ཀྱི་ཚད་འཛིན་པ
རྣལ་འབྱོར་རྣམས་ཀྱིས་དཔེ་ལ་མཁས་པར་བྱ
གང་ཟག་རྣམས་ཀྱེ་དབང་པོའི་བྱེ་བྲག་གིས
ངོ་དང་རྣལ་འབྱོར་ཤེས་པ་སྤྲད་པའི་ཕྱིར
རང་ངོ་མཐོང་བར་འདོད་ན་འདི་དག་ལྟོས
རྡོ་རྗེ་སེམས་དཔའི་གསལ་བྱེད་ལ
མཆོད་པ་དག་ནི་རབ་མཆོད་ནས
རང་གི་བླ་མའི་སྐུར་བསམ་སྟེ
ཇི་ལྟར་རིགས་པའི་ཚོགས་རྣམས་བསག
དེ་ནས་སྐལ་ལྡན་རྗེས་འཇུག་རྣམས
རང་གི་ངོ་བོ་བལྟ་བའི་ཕྱིར
གནས་ཁང་ཕྱོགས་ནི་ཕྱེད་པར་ནི
༨༥
བུ་ག་ཉི་མའི་ཟེར་ལྡན་དག་ལ་ཡང
གསལ་བར་བྱེད་པའི་མེ་ལོང་ཕྱར་བ་ཡིས
འོད་ཀྱི་སྣང་བ་ཕྱིར་འབྱུང་མཐོང་བ་ཡིན
མིག་གི་སྟེང་དུ་མཁས་པས་དེ་བཞག་ན
ནང་འོད་གསལ་བའི་ཆ་ཟང་ཐལ་ཏུ
ཡང་མཐོང་པའོ
རྗེས་འཇུག་གཡོན་པའི་ཟུར་གྱིས་གཅིག་བལྟས་ན
བར་གྱི་འབྲེལ་ཐག་ཟེར་གྱི་སྣང་བ་མཐོང
ཡང་ནི་མིག་གི་སྟེང་དུ་འོང་བཞག་ནས
ཡང་ནི་གཅིག་གིས་གཅིག་ལ་བལྟས་པ་ན
སྐུ་གསུམ་གཅིག་ཏུ་འབྲེལ་བའི་ཚུལ་ཡང་མཐོང
མར་མེའི་སྙིང་པོ་ལ་ནི་དེ་ཉིད་གྱིས་བལྟས་ན
ཡེ་ཤེས་སྣང་གསལ་རང་གི་ངོ་ཡང་འཕྲད
མཁས་པས་རྡུལ་ཚོན་དཀྱིལ་འཁོར་འགྲམ་དུ་མེ་ལོང་གཉིས
གསལ་བྱེད་མིག་གིས་ཐབས་མཆོག་ཉིད་བལྟས་ན
རིག་པ་མ་བུའི་ཚད་རྣམས་ངོ་འཕྲད་ནས
ཆོས་ཉིད་མ་ཡི་ཚད་རྣམས་ཤེས་པ་ཡིན
ཁམ་སའི་གཟུགས་བརྙན་ཁོང་སྟོང་དབང་སྒོ་དོང
༨༦
ནང་དུ་མར་མེ་བཅུག་སྟེ་ཡེ་ཤེས་སྒོ་ངོས་བཟུང
འཁར་པོར་ཆུས་གཏམས་ལེགས་པའི་ནང་ཉིད་བལྟ
ཐིག་ལེ་ཉིད་ཀྱི་རང་ངོ་འཕྲོད་པ་ཡིན
རས་ཀྱི་སྣམ་བུ་དཀར་དམར་རྣམས་བཀྲམ་ནས
གསལ་བྱེད་ལྡན་པའི་མིག་གིས་བལྟས་གྱུར་ན
ཡེ་ཤེས་རྣམས་ཀྱི་འོད་རྣམས་རང་ངོ་འཕྲོད
རྒྱ་མཚོའམ་སྟེང་ཀ་རྫོང་ངམ་འཁྱིལ་ཆུའི་འགྲམ
གསལ་བྱེད་ལྡན་པའི་མིག་གིས་དེ་བལྟས་ན
འོད་ཀྱི་གནག་བུ་ནམ་མཁའ་གང་བ་ཡིས
བར་དོ་དང་པོའི་སྣང་བ་གཏན་ལ་ཕེབས
རྨ་བྱ་མེ་ལོང་ཉིད་ཀྱི་འཕྲེང་བརྒྱུས་ལ
གསལ་བྱེད་ལྡན་པའི་མིག་གིས་བལྟས་ན་ནི
ཐིག་ལེ་འོད་གསལ་ལྡན་པ་མཐོང་བ་ནི
ཡེ་ཤེས་དགོངས་པ་ཉིད་ཀྱི་ངོ་ཡང་འཕྲོད
དབྱུག་པ་ལ་ནི་འཁར་ཕོར་བཏགས་བསྒྲིགས་སྟེང་འོག་ལ
༨༧
གསལ་བྱེད་ལྡན་པས་དེ་ཉིད་བལྟས་པ་ན
ཐིག་ལེ་དགུ་བརྩེགས་ཐིག་ལེའི་དོན་ངོ་སྤྲོད
རིགས་ལྔའི་འདྲ་འབག་ཚོན་བཀྲག་ཆེ་བ
ཐང་ལ་བཞག་ནས་ནི་གསལ་བྱེད་ལྡན་པས་གོང་བཞིན་བལྟས་པ་ན
ནམ་མཁའ་ཉིད་ལ་གཟུགས་ཀྱི་མཐོང་སྟེ
ལོངས་སྐུའི་ཞིང་ཁམས་རང་ངོ་སྤྲད་པ་ཡིན
གཟུགས་ཀྱི་སྐུ་ཉིད་ཉམས་ཀྱི་དགོངས་པའོ
སྐྱེས་བུ་རྒྱན་དང་ལྡན་པ་རང་གི་མདུན་བཞག་སྟེ
གསལ་བྱེད་ལྡན་པའི་མིག་གིས་ཡང་བལྟས་ན
འོད་ཀྱི་སྐུ་ནི་འགྲོ་འོད་ཟེར་དང་ལྡན
དེ་ཉིད་མཐོང་བས་ལོངས་སྐུ་རང་རྐྱང་སྣང
རིག་པ་གཞོན་ནུ་བུམ་པའི་སྐུ་ཞེས་བྱ
ཡང་ནི་སྣང་བ་མེད་པའི་ཁྱིམ་དག་ཏུ
སྐྱེས་བུ་ཁ་དོག་ནག་པ་རྒྱན་ལྡན་པ
རང་གི་མདུན་དུ་གོང་བཞིན་བཞག་ནས་ནི
གསལ་བྱེད་ལྡན་པའི་མིག་གིས་བལྟས་ན་ནི
ཁྲོ་སྐུ་འཇིགས་པའི་གཟུགས་བརྙན་ནམ་མཁར་ནི
འགྲོ་དང་འོང་དང་སྟབས་དང་བཅས་པ་མཐོང
༨༨
ལོངས་སྤྱོད་ཁྲོ་བོའི་སྐུ་ཡི་ངོ་བསྟན་པས
རིག་པ་ཉིད་ནི་གཞོན་ནུ་ཁྲོ་གཉེར་ཅན
དཔའ་བོ་ཉིད་ནི་སྟོབས་དང་ལྡན་པར་བསྟན
སྐྱེས་བུ་རྒྱན་དང་ལྡན་པ་ཕྱེད་སྣང་མཚམས་འདུག་སྟེ
གསལ་བྱེད་ལྡན་པས་གོང་བཞིན་བལྟས་པ་ན
སེམས་དཔའ་ཉིད་ཀྱི་བཞུགས་ཚུལ་ངོ་འཕྲོད་ནས
སྐུ་ཕྱེད་བསྟན་པས་འདྲ་འབག་ཉིད་ལ་སྤྲད
ཤེལ་ལས་བྱས་པའི་ལུགས་སྐུ་ཕྱག་གང་པ
རྣལ་འབྱོར་ལྡན་པའི་གཡོན་པས་བཟུང་ནས་ནི
གསལ་བྱེད་ལྡན་པས་ཡང་ནི་དེ་བལྟས་ན
ཤིན་ཏུ་འོད་དང་ལྡན་པའི་སྐུ་མཐོང་བར
སྐུ་ཕྱེད་ཉིད་དེས་སེམས་དཔའི་རང་ངོ་སྤྲད
གསལ་བྱེད་སྣང་བ་མཉམ་སྦྱོར་སྐུ་ཞེས་བྱ
སྐལ་ལྡན་གཉིས་ཀ་རྒྱན་གྱིས་རབ་བརྒྱན་ཏེ
གསལ་བྱེད་ལྡན་པའི་མིག་གིས་ཕན་ཚུན་བལྟ
ཡབ་དང་ཡུམ་གྱི་ངོ་བསྟན་ཡེ་ཤེས་བཟུང
མཉམ་ཉིད་ཁ་སྦྱོར་དགོངས་པ་ཞེས་བྱའོ
དེ་དག་གཉིས་ཀྱི་བར་དུ་སྐྱེས་བུ་རྒྱན་དང་ལྡན
གསུམ་གཉིས་གི་ཅིག་ལ་བལྟས་པས་སྐུ་གསུམ་རང་ངོ་འཕྲོད
༨༩
སྐུ་གསུམ་རང་འཇུག་དགོངས་པ་ཞེས་ནི་བྱ
ཡང་ནི་སྐྱེས་བུ་རྒྱན་ལྡན་གཉིས་ཀྱི་བར
རྟ་རྔ་དག་ལ་སྒོང་གཉིས་བརྒྱུས་ཏེ
མཁའ་མི་ཐད་ཀར་གཉིས་ཀས་རབ་བཟུང་ནས
གསལ་བྱེད་ལྡན་པའི་མིག་གིས་བལྟས་ནས་ནི
བར་དུ་ཐིག་ལེ་ཟེར་དང་ལྡན་པ་ཉིད་མཐོང་སྟེ
ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས་ངོས་བཟུང
གཉིས་མེད་གསང་སྦྱོར་ཞེས་བྱའི་དགོངས་པའོ
དབྱུག་པ་ཡང་ནི་ནམ་མཁར་བསླང་བྱས་ཏེ
ཁ་དོག་མི་མཐུན་དཀར་དམར
དར་གྱི་འཕུར་ལྕེ་འཕྱར
གསལ་བྱེད་ལྡན་པས་ཡང་ཞིང་ལྟས་པ་ན
ཡེ་ཤེས་བསྐྱོད་པའི་ནང་རླུང་རང་ངོ་འཕྲོད
གནས་པ་རླུང་འཛིན་ཞེས་བྱའི་དགོངས་པའོ
སྐུ་ནི་ཁ་དོག་དཀར་དམར་སེར་ལྗང་མཐིང
རེ་རེའི་ཁ་དོག་སྣམ་བུ་རྣམས་བལྟས་ན
རིགས་ལྔ་སོ་སོའི་སྐུ་ཡང་རང་ངོ་འཕྲོད
རིགས་རྣམས་འབྱེད་པ་ཞེས་བྱའི་ངོ་སྤྲོད་དོ
ཤིང་ནི་བར་སྣང་ཕྱོགས་བཞི་སྟེང་འོག་ཏུ
༩༠
མུ་ཏིག་སོགས་པའི་ཕྲེང་བས་ཡོངས་བསྐོར་ཏེ
གསལ་བྱེད་ལྡན་པའི་མིག་གིས་ཕྲེང་བ་ལ
ཡང་བལྟས་ན
དྲ་བ་དང་ནི་དྲ་བ་ཕྱེད་པ་ཡང
ཤིན་ཏུ་གསལ་བའི་འོད་ཀྱིས་རྣམ་སྤྲས་ཏེ
སྟེང་འོག་ཕྱོགས་མཚམས་རྣམས་ནི་གསལ་བར་མཐོང
རིགས་ལྔའི་དྲ་བ་ཉིད་ལ་ངོ་སྤྲད་པས
གཞལ་ཡས་རང་སྟོན་ཞེས་བྱའི་ངོ་སྤྲོད་དོ
ཡང་ནི་གནས་ཁང་ཕྱོགས་ནི་ཕྱེད་པ་རུ
ཕྱོགས་བཞིའི་སྐར་ཁུང་དབུས་ཀྱི་མཐོངས་དང་བཅས
རང་འདོད་ལྷ་ཡི་གཟུགས་བརྙན་ལེགས་བྲིས་ལ
ལོགས་ལ་བྲིས་དབུས་སུ་དམར་པོའི་ཆུ
འོད་དང་ལྡན་པའི་རྫས་རྣམས་བཀྲིམ་ནས་ནི
དེ་ཡི་འོད་རྣམས་རང་འདོད་ལྷ་དང་སྦྱར
དེ་ཉིད་བལྟ་ཞིང་བློ་ལ་གོམས་པར་བྱ
དེ་ལྟར་བྱས་ན་རྟག་ཏུ་ལྷ་དང་མཉམ་པར་གནས
མེ་ཏོག་སྣོད་བཀང་རང་གི་མདུན་དུ་བཞག
གསལ་བྱེད་ལྡན་པའི་མིག་གིས་ཡང་བལྟས་ན
༩༡
ཆོམ་བུ་རྣམས་དང་རང་ངོ་འཕྲད་པ་ཡིན
དེ་ཡི་ཕྱིར་ན་འདི་ལ་སུ་གོམས་པ
བར་དོ་ལས་ནི་སྣང་པ་རང་ལོག་གོ
དེ་སྐད་ཅེས་བཀའ་སྩལ་པས
གསང་བའི་བདག་པོ་ལ་སོགས་པའི་འཁོར་དེ་དག་རབ་ཏུ་དགའ་ནས
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ
ཀྱེ་བཅོམ་ལྡན་འདས་ངོ་སྤྲོད་པའི་ཚིག
དེ་དག་རྣམས་གསུངས་པས
བདག་ཅག་རྣམས་ཡིད་རབ་ཏུ་དད་པར་གྱུར་ཏེ
སེམས་ཀྱི་ནུས་པ་རྙེད་ལགས་སོ
དེ་དག་ནི་དབང་པོ་རྒྱ་ཆེ་བ་རྣམས་ཀྱི་དོན་དུ་གསུངས་ན
དབང་པོ་རྒྱ་ཆུང་བ་རྣམས་ཀྱིས་ཇི་ལྟར་སྤྱད་པར་བགྱི
བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་གསུང་དུ་གསོལ
ཞེས་ཞུས་སོ
དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་གི་རྟོག་པ་བསལ་བའི་ཕྱིར
ཡང་འདི་དག་རྣམས་ཐུགས་ཀྱི་དཀྱིལ་འཁོར་ནས་ཕྱུང་ངོ
དེ་ནས་རྣལ་འབྱོར་བློ་རབ་ཅན
དོན་འདི་ཉིད་ལ་རབ་ཏུ་དད་པས་ནི
འདི་དག་རྣམས་སུ་བསྟན་གྱིས་ཉོན
དཔེ་ཡིས་དཔེ་རྣམ་པ་གྲངས་བསྟན་པས
ཕྱི་ཡི་ཡུལ་རྣམས་སྙིང་པོར་གྲོལ
༩༢
འདི་ལྟར་མིག་གི་ཨ་འབྲས་ཕུག
རང་གི་ཚོན་ཐེབ་ཀྱིས་ནི་དེ་བཙིར་ན
འོད་ནི་དམར་པོ་ཐིག་ལེ་སྟོང་པའི་སྒྲོན་མ
ཚོན་གང་ཆ་ཐིག་ལེ་ཉིད་ནི་ལུས་གནས་རྟགས
ངེས་པའི་སྙིང་པོར་གཏན་ལ་དབབ
མགྲིན་པ་ཡི་ནི་ཕྱི་རོལ་རྩ
རང་གི་མཛུབ་དང་སྲིན་ལག་གིས
དབུགས་ནི་རྔུབས་ཏེ་དེ་བཙིར་ན
འོད་ལྔའི་དུ་མ་བུ་ཉིད་སྣང་བ
ལུས་ལ་དེ་བཞིན་གནས་པའི་རྟགས
དེས་ནི་འབྱུང་བ་རང་སར་གྲོལ
དབུགས་རྔུབ་གློ་དང་སྤྲིད་བྱས་ན
རང་བཞིན་གྱིས་ནི་མེ་སྟག་བཞིན
རྣམ་པར་འཕྲོ་བའི་འོད་རྣམས་ནི
ཤེས་རབ་ཀྱི་ནི་རྟགས་སུའོ
འབད་བཅས་རྟགས་ནི་དེ་དག་གིས
འབད་བཅས་གྲོལ་བའི་ངེས་དོན་ཐོབ
སྨིན་མ་ཡི་ནི་ཡར་མཚམས་དང
མིག་མཐིང་ག་ཁྱབ་ཆེན་གཉིས་དག་ནི
དབྱིངས་ཀྱི་རྟགས་ཏེ་གོམས་པའི་གནས
ལུ་གུ་རྒྱུད་ནི་འབྲེལ་ཆགས་པས
སངས་རྒྱས་ཡུལ་ནི་མངོན་སུམ་དུ
རྣལ་འབྱོར་རྣམས་ཀྱིས་ཅི་དགར་རོལ
རང་བཞིན་རྫོགས་ཆེན་རྣལ་འབྱོར་པས
༩༣
གཞན་གྱི་འབད་པ་མ་ཡིན་པར
འདི་ཉིད་དུ་ནི་མངོན་སུམ་དུ
ཡུལ་རྣམས་ཀུན་ཀྱང་དབྱིངས་རིག་གོ
གང་གི་རྣལ་འབྱོར་ཉིད་ལྡན་པས
འབྱུང་བ་རྣམས་ནི་རང་དེངས་སུ
རྣལ་འབྱོར་ལྡན་པ་དེ་ཉིད་འགྱུར
དེ་ལྟར་འབད་པ་མེད་པའི་རྟགས
རྣལ་འབྱོར་ལུས་ལ་དེ་འཆར་བས
དོན་གྱི་སྙིང་པོ་གཏན་ལ་ཕེབས
དོན་ནི་རང་གི་ལུས་དཀྱིལ་ན
སྙིང་ན་ཡེ་ཤེས་སྙིང་པོ་གནས
མ་འཁྲུལ་པ་ཡི་ཡེ་ཤེས་ཏེ
འཁྲུལ་པ་ཀུན་གྱི་བདག་ཉིད་དོ
སྣང་བ་ཉིད་ནི་འདི་དག་ལ
རྩོལ་མེད་ཉིད་ལ་རབ་གོམས་ན
དོན་དེ་ཆོས་ཉིད་བར་དོ་ལ
སྔར་འདྲིས་མི་བཞིན་ཤེས་པར་འགྱུར
དེ་ཡི་དོན་རྣམས་དེར་སྣང་ངོ
གསང་བའི་བདག་པོས་ཡང་གསོལ་པ
ཀྱེ་མ་བཅོམ་ལྡན་ཐུགས་རྗེ་ཅན
རྒྱ་ཆུང་སེམས་ཅན་བློ་མཆོག་ཏུ་བསྡུས་པ་དེ་ལྟར་ན
དེ་དག་རྣམས་ཀྱི་བྱེ་བྲག་རྣམས
རིམ་པ་ཇི་ལྟར་བདག་ལ་གསུངས
༩༤
རྡོ་རྗེ་འཆང་གིས་བཀའ་སྩལ་པ
གསང་བའི་བདག་པོ་ཡང་ཉོན་ཅིག
སྤྱི་རྣམས་སྤྲོས་པ་ཅན་གྱི་དོན
རྒྱ་ཆེ་ལས་ནི་རྣམ་བསྡུས་པ
ཉི་ཤུ་རྩ་གཅིག་བློ་རིམ་བཞིན
འོང་དང་ཡེ་ཤེས་ཉིད་ལ་ནི
ངོ་སྤྲོད་རྣམ་པ་བདུན་དག་གིས
བློ་ཆུང་རིམ་པ་བདུན་རྣམས་གྲོལ
སྐུ་དང་ཐིག་ལེ་ཉིད་ལ་ཡང
ངོ་སྤྲོད་ཉིད་ནི་རྣམ་བདུན་གྱིས
འབྲིང་པོ་བདུན་པོའི་དོན་དུའོ
རིག་པ་དང་ནི་དབྱིངས་ལ་བདུན
ཆེན་པོ་རྣམས་ཀྱི་དོན་དུའོ
དེ་ནི་ཕྱི་ལས་ནང་དུ་བསྡུས
ཡང་བསྡུས་པ་ནི་འདི་དག་གོ
འོད་ལ་གཉིས་ཏེ་ཡེ་ཤེས་གསུམ
སྐུ་ལ་གསུམ་བསྟན་ཐིག་ལེ་གསུམ
རིག་པ་གཉིས་ཏེ་དབྱིངས་ལ་གཉིས
དེ་དག་བསྡུས་པའི་དོན་དུའོ
ཤིན་ཏུ་བསྡུས་པ་འདི་དག་ཉིད
དཔེ་དང་རྟགས་དང་དོན་གསུམ་གྱིས
རང་བཞིན་གནས་པའི་འབྲས་བུ་ཐོབ
ཕྱག་རྒྱ་ལྷ་ཡི་རྣལ་འབྱོར་འཇུག
༩༥
མཚན་མ་ཅན་གྱི་དོན་དུའོ
སྤྲོས་བྲལ་ཉག་གཅིག་དགོངས་པ་ནི
དེ་དག་རྣམས་ཀྱི་འཛིན་པ་བྲལ
སྨིན་པས་སྨིན་པ་ལམ་དུ་བྱེད
མངོན་གསུམ་རྒྱུན་དུ་གནས་པ་ལ
སྙིང་པོ་རང་གིས་རང་མཐོང་བས
གཞན་རྩོལ་རྣམས་ཀྱིས་ཅི་ཞིག་བྱ
འདི་ཉིད་ལ་ནི་གོམས་པར་བྱའོ
ཞེས་ངོ་སྤྲོད་རིན་པོ་ཆེ་སྤྲས་པའི་རྒྱུད་ལས
གསང་བ་ནང་གི་ངོ་སྤྲོད་བསྟན་པའི་ལེའུ་སྟེ་གཉིས་པའོ
༄༣
དེ་ནས་ཕྱིའི་དཔེ་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལས
བཞེངས་ནས་གསང་བའི་བདག་པོ་ལ་སོགས་པ་རྣམས་ལ་བོས་ནས་འདི་སྐད་ཅེས་གསུངས་སོ
ཀྱེ་ལག་ན་རྡོ་རྗེ་འཛིན་པ་འདི་དག་རྣམས་ཁྱོད་ཀྱིས་ཟུང་ཞིག
ཕྱི་ཡུལ་གྱི་གནད་ཀྱིས་ནང་སེམས་གཏན་ལ་དབབ་པར་བྱ
དེ་ལྟར་སེམས་སྤྲོས་པ་ཆོད་ནས
ནང་སེམས་ཀྱི་གནད་ཀྱིས་གསང་བ་དབྱིངས་གཏན་ལ་དབབ་པར་བྱའོ
གསང་བ་དབྱིངས་ཀྱི་གནད་ཀྱིས་གསང་བ་བླ་ན་མེད་པའི་རིག་པ་ཉིད་མངོན་སུམ་དུ་གཏན་ལ་དབབ་པར་བྱའོ
༩༦
དེའི་ཕྱིར་ན་སངས་རྒྱས་ཀུན་གྱི་ཚད་འཛིན་པ
དཔེའི་ཡེ་ཤེས་རྣམས་ལ་བརྟག
རྟགས་ཀྱི་ཡེ་ཤེས་ཚད་འཛིན་པ
ཐིག་ལེ་སྟོང་པའི་སྒྲོན་མ་བརྟག
དོན་གྱི་ཡེ་ཤེས་ཚད་འཛིན་པ
མངོན་སུམ་གསལ་བའི་སྣང་བས་བརྟག
སྒྲ་ཚིག་མིང་གི་ཚད་འཛིན་པ
ཕྱི་ཡི་ཡུལ་དང་སྣང་བ་རྟག
མི་རྟོག་བསམ་གཏན་ཚད་འཛིན་པ
ལག་གི་འདུ་བྱེད་ཉིད་ལ་བརྟག
སྒྲ་དོན་ཤེས་པའི་ཚད་འཛིན་པ
འབྱུང་བའི་ཆོ་འཕྲུལ་ཉིད་ལ་བརྟག
ཨ་ལི་ཀ་ལིའི་ཚད་འཛིན་པ
གནས་དང་འབྱུང་བ་ཉིད་ལ་བརྟག
འཁྲུལ་པ་རྣམས་ཀྱི་ཚད་འཛིན་པ
རྨི་ལམ་བྱ་བྱེད་ཉིད་ལ་བརྟག
བག་ཆགས་འཐུག་པོའི་ཚད་འཛིན་པ
གང་ཞེན་ཡུལ་གྱི་རྐྱེན་ལ་བརྟག
མ་འཁྲུལ་ཡེ་ཤེས་ཚད་འཛིན་པ
སྤྲིན་དང་བྲལ་བའི་ནམ་མཁར་བརྟག
ཡེ་ཤེས་འོད་ཀྱི་ཚད་འཛིན་པ
མན་ཤེལ་སྙིང་པོ་ཉིད་ལ་བརྟག
ཐིག་ལེ་རྣམས་ཀྱི་ཚད་འཛིན་པ
དྲ་བ་མིག་ཚགས་བར་ལ་བརྟག
རྣལ་འབྱོར་གོམས་པའི་ཚད་འཛིན་པ
༩༧
རིག་པ་ཚད་ལ་ཕེབས་ལ་བརྟག
སྤྲོས་མེད་རང་དག་ཚད་འཛིན་པ
བསྒྲུབ་རྒྱུ་རྣམས་དང་བྲལ་བར་བརྟག
བདེ་བ་རང་གནས་ཚད་འཛིན་པ
སྙོམས་འཇུག་མཁའ་མཉམ་དག་ཏུ་བརྟག
ཕྱག་རྒྱ་ཆེན་པོའི་ཚད་འཛིན་པ
སྣང་སྲིད་ཕྱག་རྒྱའི་ཞིང་ལ་བརྟག
རིག་པ་རྩལ་དབང་ཚད་འཛིན་པ
གཞི་སྤྱོད་ལུས་ངག་བརྡའ་ལ་བརྟག
སྲོག་ཤིང་དམ་ཚིག་ཚད་འཛིན་པ
རིག་པ་མཁའ་ལྡིང་དབྱིངས་ཉིད་ལ་བརྟག
དྲན་པ་རྣམས་ཀྱི་ཚད་འཛིན་པ
སྒོ་ལྔའི་ཤེས་པ་ཉིད་ལ་བརྟག
གསལ་བ་རྣམས་ཀྱི་ཚད་འཛིན་པ
ཡུལ་རྐྱེན་བྲལ་བའི་མཚམས་སུ་བརྟག
རྟག་པ་ཉིད་ཀྱི་ཚད་འཛིན་པ
དྲན་པ་སངས་པའི་གནས་སུ་བརྟག
འཛིན་པ་ཀུན་གྱི་ཚད་འཛིན་པ
༩༨
འདོད་པའི་ཡོན་ཏན་ལྔ་ལ་བརྟག
མའི་ག་རྩ་བའི་ཚད་འཛིན་པ
ཡོད་མེད་གཉིས་ཀྱི་མཚམས་སུ་བརྟག
ཉོན་མོངས་རྣམས་ཀྱི་ཚད་འཛིན་པ
གློ་བུར་རྐྱེན་གྱི་དུས་སུ་བརྟག
འགྱུ་བྱེད་ཡིད་ཀྱི་ཚད་འཛིན་པ
གང་བསམ་ཡུལ་གྱི་སྣང་བ་བརྟག
བདག་འཛིན་བློ་ཡི་ཚད་འཛིན་པ
འགྱུ་བྱེད་འགྱུ་བའི་མཚམས་སུ་བརྟག
ཤེས་རབ་ཆེན་པོའི་ཚད་འཛིན་པ
ཡུལ་རྐྱེན་ཆོད་པའི་བར་དུ་བརྟག
རྟོག་མེད་རང་ས་ཚད་འཛིན་པ
ཕྲ་རགས་བྲལ་བའི་མཚམས་སུ་བརྟག
དངས་མ་ལྔ་ཡི་ཚད་འཛིན་པ
འབྱུང་བ་དག་པའི་དུས་ན་བརྟག
ཡེ་ཤེས་རྣམས་ཀྱི་ཚད་འཛིན་པ
རང་གདངས་ཡུལ་སྣང་ཚེ་ན་བརྟག
ཆོས་ཀྱི་སྐུ་ཡི་ཚད་འཛིན་པ
གནོད་པ་བྲལ་བའི་དུས་སུ་བརྟག
ལོངས་སྐུ་ཉིད་གྱི་ཚད་འཛིན་པ
མ་བུ་འཕྲད་པའི་ཚེ་ན་བརྟག
སྤྲུལ་པ་སྐུ་ཡི་ཚད་འཛིན་པ
ཕྱེད་ཕྱེད་ཉིད་ཀྱི་མཚམས་སུ་བརྟག
༩༩
བླ་མའི་མན་ངག་ཚད་འཛིན་པ
འབྱུང་བ་དེངས་པའི་དུས་སུ་བརྟག
སྙིང་པོ་རྣམས་ཀྱི་ཚད་འཛིན་པ
ཐིག་ལེ་འདུས་པའི་དུས་སུ་བརྟག
ལུས་རྟགས་དྲོད་ཀྱི་ཚད་འཛིན་པ
རེས་འཇོག་བྲལ་བའི་དུས་ན་བརྟག
གསུང་གི་སྒྲ་ཡི་ཚད་འཛིན་པ
སྲིད་པ་གཞིར་བཞེངས་དུས་སུ་བརྟག
རང་གནས་མི་འགྱུར་སྐུ་ཡི་ཚད
འབྱུང་བ་ཟད་པའི་དུས་ན་བརྟག
ཡེ་ཤེས་ཐུགས་ཀྱི་ཚད་འཛིན་པ
སྣང་བ་གཞིར་བཞག་དུས་སུ་བརྟག
དགོངས་པ་རྣམས་ཀྱི་ཚད་འཛིན་པ
རིག་ལ་སྲད་ལ་ཐེབ་པར་བརྟག
ཏིང་ངེ་འཛིན་གྱི་ཚད་འཛིན་པ
འདུ་ཤེས་གསུམ་དང་བྲལ་བར་བརྟག
ཆོས་ཉིད་མི་གཡོའི་ཚད་འཛིན་པ
མཉམ་པ་ཉིད་ཀྱི་དུས་ན་བརྟག
ལྷག་མཐོང་ཉིད་ཀྱི་ཚད་འཛིན་པ
གདམས་ངག་ཉིད་ལ་བརྟག
༡༠༠
འབད་མེད་རང་གྲོལ་ཚད་འཛིན་པ
ཁྲེགས་ཆོད་ཐོད་རྒལ་མཚམས་སུ་བརྟག
ལུས་གནས་ཡེ་ཤེས་ཚད་འཛིན་པ
འདུག་སྟངས་རྣམས་ཀྱི་དུས་ན་བརྟག
ཡིད་ཆེས་གོམས་པའི་ཚད་འཛིན་པ
ཉམས་མྱོང་གོམས་པའི་དུས་ན་བརྟག
སྐུ་གསུམ་འབྲས་བུའི་ཚད་འཛིན་པ
ཆོས་རྣམས་ཟད་པའི་དུས་ན་བརྟག
ཐུགས་རྗེས་དོན་བྱེད་ཚད་འཛིན་པ
ཡེ་ཤེས་མཁྱེན་པའི་དུས་ན་བརྟག
ཁ་དོག་དབྱིབས་ཟད་ཚད་འཛིན་པ
འབྱུང་བའི་གནོད་བྲལ་དུས་ན་བརྟག
འབྱུང་བ་རྣམས་ཀྱི་ཚད་འཛིན་པ
ཕྱི་ནང་གཉིས་ཀྱི་མཚམས་སུ་བརྟག
དེ་ལྟར་ཚད་རྣམས་བརྟགས་པ་ཡིས
དོན་གྱི་ཡིད་ཆེས་ངོ་སྤྲོད་པའོ
ཞེས་གསུངས་པས་གསང་བའི་བདག་པོ་ལ་སོགས་པའི་འཁོར་དེ་དག་རབ་ཏུ་དང་བ་སྐྱེས་ཏེ
བློའི་དྲི་མ་ཐམས་ཅད་ཀྱང་རང་བཞིན་གྱིས་དག་ནས
དེ་དག་གི་ཚད་རྣམས་དུས་གཅིག་ལ་ཟིན་པར་གྱུར་ཏེ
མགྲིན་གཅིག་ཏུ་ཐལ་མོ་སྦྱར་ཏེ
༡༠༡
བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་སྟེ
འདི་སྐད་ཅེས་གསོལ་ཏོ
ཀྱེ་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་ཚད་བཀའ་སྩལ་པ
བདག་ཅག་རྣམས་ཀྱིས་ཀྱང་དེ་རྣམས་ཀྱི་ཚད་འདི་ལྟར་གཏན་ལ་ཕེབས་པ་ལགས་ན
མ་འོངས་པའི་སེམས་ཅན་རྣམས་ཀྱིས་ཀྱང
དེ་བཞིན་དུ་འགྱུར་བ་ལགས་པས
བདག་ཅག་དང་མ་འོངས་པའི་སེམས་ཅན་རྣམས་ཀྱི་སྤྲོས་པའི་གདུང་བ་གང་གིས་ཆོད་པ་ལགས
ཐུགས་རྗེ་ཆེན་པོས་བདག་ཅག་རྣམས་ལ་བཀའ་སྩོལ་ཅིག
ཅེས་ཞུས་སོ
དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས
འདི་སྐད་ཅེས་བཀའ་སྩལ་ཏོ
ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག
མ་འོངས་པའི་སེམས་ཅན་རྣམས་ཀྱིས་སྤྲོས་པ་འདི་དག་རྣམས་ཀྱིས་ཆོད་པར་འགྱུར་རོ
ཕྱི་སྣང་བ་ཐམས་ཅད་ལ་ངོ་སྤྲད་པས
ནང་དུ་ལྟ་བ་ཡིད་ལ་གསལ་བར་སྐྱེ་བ་ཡིན་ནོ
དེ་ཡང་སྣང་བ་ཐམས་ཅད་སེམས་སུ་ངོ་སྤྲད་པས
སེམས་ཉིད་སྣ་ཚོགས་སུ་གོ་བའོ
དེའི་ཚེ་ཆོས་ཐམས་ཅད་ཀྱི་འདུ་བྱེད་ལ་མཁས་པ་ཞེས་བྱ་སྟེ
མིག་དང
མིག་གི་རྣམ་བར་ཤེས་པ་དང
རྣ་བ་དང
༡༠༢
རྣ་བའི་རྣམ་པར་ཤེས་པ་དང
སྣ་དང
སྣའི་རྣམ་པར་ཤེས་པ་དང
ལྕེ་དང
ལྕེའི་རྣམ་པར་ཤེས་པ་དང
ལུས་དང
ལུས་ཀྱི་རྣམ་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་པས་ལུས་ཡོངས་སུ་མྱ་ངན་ལས་འདས་ཏེ
གཟུགས་ཀྱི་ཕུང་པོ་རྣམ་པར་དག
ནམ་མཁའ་ཡོངས་སུ་མྱ་ངན་ལས་འདས་ཏེ
འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག
ས་ཡོངས་སུ་མྱ་ངན་ལས་འདས་ཏེ
ཚོར་བའི་ཕུང་པོ་རྣམ་པར་དག
མེ་ཡོངས་སུ་མྱ་ངན་ལས་འདས་ཏེ
རྣམ་ཤེས་ཀྱི་ཕུང་པོ་རྣམ་པར་དག
རླུང་ཡོངས་སུ་མྱ་ངན་འདས་ཏེ
འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པས
སྣང་བ་ཐམས་ཅད་རྟེན་གཞལ་ཡས་ཁང་དུ་ངོ་སྤྲོད་པས
སངས་རྒྱས་ཐམས་ཅད་ཀྱི་གནས་ལ་ལོངས་སྤྱོད་པ་ཞེས་བྱ་བ་ཡིན་ནོ
ཀྱེ་རྡོ་རྗེ་སེམས་དཔའ་སེམས་ཉིད་སྐུའི་རང་བཞིན་དུ་ངོ་སྤྲད་པས
སྐུ་ཉིད་གསལ་བ་ཐམས་ཅད་ཀྱི་བདག་ཉིད་དམ་པར་གོ་བས
སངས་རྒྱས་རྣམས་དང་གན་གཅིག་ལ་གནས་པ་ཡིན་ཏེ
གཟུགས་སྐུ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང
སྒྲ་སྐུ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང་
དྲི་སྐུ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང
༡༠༣
རོ་སྐུ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང་
རེག་སྐུ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང་སྟེ་སྣང་བ་ཐམས་ཅད་སྐུར་ངོ་སྤྲད་པས
བརྟེན་པ་ལྷའི་སྐུ་ངོ་སྤྲད་པས
སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་གཅིག་ཏུ་གྱུར་པ་ཞེས་བྱའོ
ཀྱེ་གསང་བའི་བདག་པོ་ཉོན་ཅིག
རྡོ་རྗེ་སྐུ་ཡི་རང་བཞིན་པས
མི་འགྱུར་མི་ཤིགས་ངང་དུ་གནས
པད་མ་གསུང་གི་རང་བཞིན་པས
མ་འགགས་འགག་མེད་སྙིང་པོར་གནས
ཁོར་ལོ་ཐུགས་ཀྱི་རང་བཞིན་པས
མི་རྟོག་བསམ་གཏན་ཆེན་པོར་གནས
སྐུ་གསུམ་མི་འབྱེད་དཀྱིལ་འཁོར་ནས
སངས་རྒྱས་རྣམས་ཀྱི་ཐབས་ཤར་བས
ཞེན་པ་བློ་ཡི་ཐག་པ་བཅད
འགྲོ་བ་དྲུག་གི་གཡང་ས་ཟླུམ
སྣང་བ་བདེ་བའི་ཞིང་དུ་ཤར
ཞེས་པ་རྣམས་དམས་པའི་ཚིག་ཏུ་བསྒྲགས་ནས་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ
ཀྱེ་གསང་བའི་བདག་པོ
སྣང་བ་ཉིད་སྟོང་པར་ངོ་སྤྲད་པས་སྣང་བ་ཕུང་པོ་རྣམས་དང་གཉིས་སུ་མི་འབྱེད་པར་གྱུར་ནས་ཆོས་ཀྱི་དབྱིངས་ཀྱི་དབང་དུ་གྱུར་ཏེ
ཡུལ་ཐམས་ཅད་གཅེར་གྲོལ་དུ་ངོ་སྤྲད་པའོ
༡༠༤
སྟོང་པས་སྟོང་པའི་ཚད་ཟིན་ཏེ
གྲུབ་པའི་མཐའི་ཞེན་པ་ཐམས་ཅད་དུས་གཅིག་ལ་ཆོད་ནས་སྟོང་པ་ཉིད་སྐུའི་ཀློང་དུ་ཀུན་ཆུབ་པར་གྱུར་ནས
འཁོར་འདས་གཉིས་སུ་མེད་པའི་གདིང་རྙེད་པའོ
ཀྱེ་གསང་བའི་བདག་པོ་ཉོན་ཅིག
ཆུའི་སྣང་བ་མེད་པས་ཀུན་ཁྱབ་ཆེན་པོའི་སྣང་བ་རྙེད
སའི་སྣང་བ་རང་བྱུང་བས
ཁྱབ་བརྡལ་ཆེན་པོའི་སྟོང་པ་རྙེད
མེའི་སྣང་བ་ཡེ་རྫོགས་པས
རང་གསལ་ཆེན་པོའི་སྟོང་པ་རྙེད
རླུང་གི་སྣང་བ་རང་སངས་པས
བསྐྱོད་པ་ཆེན་པོའི་སྟོང་པ་རྙེད
ནམ་མཁའི་སྣང་བ་ཡེ་དངས་པས
དག་པ་ཡུལ་གྱི་སྟོང་པ་རྙེད
ཅེས་དམས་པའི་ཚིག་ཏུ་བརྗོད་ནས
ཡང་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ
ཀྱེ་གསང་བའི་བདག་པོ་རྡོ་རྗེ་འཛིན
སྟོང་པ་ཉིད་གསལ་བར་ངོ་སྤྲད་པས་སྟོང་ཉིད་བལྟ་བ་རྣམས་དང་མི་ཕྱེད་པར་གྱུར་ནས
ཡུལ་དང་འཛིན་པ་ཐམས་ཅད་རང་སར་དག་སྟེ
མི་གནས་པའི་ཀློང་མཁའ་མཉམ་དག་པའི་གནས་སུ
རྡོ་རྗེ་སྙིང་པོ་དང་དུ་ལེན་པ་ཟད་པ་གསལ་བའི་ཡུལ་ཞེས་བྱ་བའི་དོན་སྐྱེས་ཏེ
ཆོས་ཐམས་ཅད་ཀྱི་འབྲས་བུ་ལ་དབང་ཐོབ་ནས་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་གནས་པའོ
༡༠༥
ཀྱེ་མ་གསང་བའི་བདག་པོ་ཉོན་ཅིག
ཡེ་ནས་མེད་པའི་སྟོང་པ་ཡིས
འབྱུང་བ་རང་ཟད་འོད་སྣང་རྙེད
བྱ་བྱེད་བྲལ་བའི་སྟོང་པ་ཡིས
སྐུ་གསུམ་མཚོན་པའི་འོད་སྣང་རྙེད
འབྱུང་བ་ཟད་པའི་སྟོང་པ་ཡིས
རྣལ་འབྱོར་བརྟན་པའི་འོད་སྣང་རྙེད
རྒྱུན་དུ་གནས་པའི་སྟོང་པ་ཡིས
རང་གསལ་བཞག་པའི་འོད་སྣང་རྙེད
མཐའ་ལ་མི་གནས་སྟོང་པ་ཡིས
རང་རིག་སྒྲིབ་བྲལ་འོད་སྣང་རྙེད
ཅེས་དམས་པའི་ཚིག་ཏུ་བརྗོད་ནས
ཡང་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ
ཀྱེ་གསང་བའི་བདག་པོ
གསལ་བ་རིག་པར་ངོ་སྤྲད་པས
གསལ་བ་ཉིད་མཐའ་ཐམས་ཅད་རྣམ་པར་འབྱེད་པའི་རང་སྣང་དུ་ཤར་ནས
དྲི་མ་ཐམས་ཅད་ལས་འདས་པའི་དཀར་པོ་རང་བྱུང
ཡོན་ཏན་ཐམས་ཅད་རྫོགས་པའི་སེར་པོ་རང་བྱུང
མ་བཙལ་བཞག་པའི་དམར་པོ་རང་བྱུང
བྱ་བཙལ་རྫོགས་པའི་ལྗང་གུ་རང་བྱུང
མི་འགྱུར་ཁྱབ་པའི་མཐིང་གར་རང་བྱུང་བའོ
གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེ
༡༠༦
སྐུ་ཡི་གསལ་ཆས་རིག་པ་དྲི་མེད་མཐོང
ཐིག་ལེའི་གསལ་ཆས་རིག་པ་ཉག་གཅིག་མཐོང
ཡེ་ཤེས་གསལ་ཆས་རིག་པ་ཡེ་དངས་མཐོང
དབྱིངས་ཀྱི་གསལ་ཆས་རིག་པའི་རང་ཡུལ་མཐོང
སྒྲོན་མའི་གསལ་ཆས་རིག་པའི་རང་ངོ་མཐོང
འོད་ལྔའི་གསལ་ཆས་རིག་པའི་ཁ་དོག་མཐོང
སྣང་བའི་གསལ་ཆས་རིག་པའི་རང་བཞིན་མཐོང
ཤེས་རབ་གསལ་ཆས་རིག་པའི་འདུག་ཚུལ་ཤེས
ཞེས་བརྗོད་ནས་ཡང་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ
ཀྱེ་གསང་བའི་བདག་པོ་ཁྱོད
ཡིད་གཞན་དུ་མ་ཡེངས་པར་ཉོན་ཅིག
རིག་པ་དང་དབྱིངས་ངོ་སྤྲད་པས་རིག་པ་ཉིད་ཡུལ་ཐམས་ཅད་ཀྱི་བདག་ཉིད་དུ་བྱུང་སྟེ
དེ་ཉིད་གནས་ཀུན་ལ་ལོངས་སྤྱོད་པ་ཞེས་བྱ་བར་རྡོ་རྗེ་སྙིང་པོའི་ཚིག་ཏུ་ངས་བསྟན་ཏོ
དེའི་ཕྱིར་ན
སྔོན་དུ་སྣང་བའི་ཡུལ་ལ་མཁས་པས
དྲན་པ་ཐམས་ཅད་ཀྱི་སྒོ་བཀག་པ་ཞེས་བྱ་སྟེ
དེ་ཉིད་ཀྱིས་དེ་ཉིད་གྲོལ་བའི་མན་ངག་གཞི་རྣམ་པར་དག་པས་ལམ་མངོན་དུ་ཤར་བ་སྟེ
སངས་རྒྱས་ཐམས་ཅད་ཀྱི་མཛད་པའི་དོན་ལ་མཁས་པ་ཞེས་བྱ་བར་རང་བྱུང་བ་ཡིན་པས
༡༠༧
བདག་ཉིད་ལུང་ཐམས་ཅད་ཀྱི་ལུང་དུ་རིག་པ་ཉིད་བྱུང་བའོ
ཀྱེ་གསང་བའི་བདག་པོ་ཉོན་ཅིག
གཞི་ལ་གནས་པའི་རིག་པ་ཡིས
ཆོས་ཉིད་འདུས་པའི་དབྱིངས་དང་འཕྲད
མཚན་ཉིད་འཛིན་པའི་རིག་པ་ཡིས
རྣམ་པར་དག་པའི་དབྱིངས་དང་འཕྲད
ལུ་གུ་རྒྱུད་ཀྱི་རིག་པ་ཡིས
རང་བཞིན་འོད་ཀྱི་དབྱིངས་དང་འཕྲད
ཅེས་དམས་པའི་ཚིག་རང་བྱུང་ངོ
དེ་ནས་ཡང་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ
ཀྱེ་བཅོམ་ལྡན་འདས་དེ་རྣམས་ཀྱི་དོན་བསྡུས་ནས་གང་ཟག་གཅིག་ལ་སྟོན་ན་ཅི་ལྟར་བགྱི
སྟོན་པ་ཉིད་ཀྱིས་བདག་ལ་གསུངས
དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས
འདི་དག་ཚིག་ཏུ་བརྗོད་དོ
ཨེ་མ་ཧོ
སྣང་བ་ཐམས་ཅད་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད
སེམས་སྟོང་པར་ངོ་སྤྲད་པས་སྟོང་པར་བདེ་བའི་རྒྱས་གདབ
སྟོང་པ་རིག་པར་ངོ་སྤྲད་པས་རིག་པ་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ
དེའི་ཕྱིར་ན
སྤྲུལ་སྐུ་ལ་ངོ་སྤྲད་པས་སྣང་བ་འདི་གཏན་ལ་ཕེབས
ལོངས་སྤྱོད་རྫོགས་པའི་སྐུ་ལ་ངོ་སྤྲད་པས་བར་དོའི་སྣང་བ་གཏན་ལ་ཕེབས
༡༠༨
ཆོས་ཀྱི་སྐུ་ལ་ངོ་སྤྲད་པས་ཆོས་ཉིད་ཀ་ནས་དག་པའི་སྣང་བ་གཏན་ལ་འབེབས་པའོ
དེ་ལྟར་ན་སྤྲུལ་སྐུ་དང་ངོ་སྤྲད་པས
ལུས་ཀྱི་གནད་གཅུན་པས་སྔོན་དུ་འགྲོ་བའི་ལས་ལ་མཁས་པར་བྱས
དེ་ལྟར་ན་ལོངས་སྐུ་དང་ངོ་སྤྲོད་པས་ཡུལ་དང་སྒོ་དང་ངོ་བོ་གསུམ་ལ་མཁས་པར་བྱས་ནས་ཉམས་མྱོང་རྒྱུད་ལ་བརྟེན
ཆོས་སྐུ་དང་ངོ་སྤྲད་པས་རིག་པ་ཉིད་ཚད་ལ་ཕབ་སྟེ
མངོན་སུམ་དུ་སྣང་བར་བྱས་པའོ
ཨེ་མ་ཧོ
ནམ་མཁའ་དག་ལ་སུས་འཛིན་པ
འདིས་ནི་རང་གི་འགྲོ་ས་ཤེས
ཙཀ་ཤུ་ཉིད་ལ་གང་སྤྱོད་བ
འདིས་ནི་ཞིང་ཁམས་གཏན་ལ་ཕེབས
རིག་པ་ཉིད་ལ་སུ་གོམས་པ
འདིས་ནི་རང་འབྱུང་རང་སར་དེངས
དེ་ཡི་ཚད་ལ་གང་གནས་པ
ཆོས་ཉིད་ཀུན་ཀྱང་ཟད་པའི་སའོ
ཞེས་ངོ་སྤྲོད་རིན་པོ་ཆེ་སྤྲས་པ་གསང་བའི་རྒྱུད་ཆེན་པོ་ལས
ཕྱི་ཡུལ་ལ་སྤྲད་པ་བསྟན་པའི་ལེའུ་སྟེ་གསུམ་པའོ
བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པས
༡༠༩
གསང་བའི་བདག་པོ་ལ་སོགས་པའི་འཁོར་དེ་དག་དགའ་མགུ་ཡི་རངས་ནས
བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ
གསང་བ་ངོ་སྤྲོད་རིན་པོ་ཆེ་སྤྲས་པའི་རྒྱུད་ཅེས་བྱ་བ
རང་བཞིན་རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་དུ་ཕྱུང་བ་རྫོགས་སོ
རྒྱ་གར་གྱི་མཁན་པོ་བི་མ་ལ་དང
བོད་ཀྱི་ལོ་ཙ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའོ
དཔལ་སྔགས་ཀྱི་སྲུང་མས་སྲུངས་ཤིག
ངོ་སྤྲོད་སྤྲས་པའི་རྒྱུད་ལ་འགྲེལ་པ་རིན་པོ་ཆེ་བསྟར་བརྒྱུས་བྱ་བ་ཡོད
ངོ་སྤྲོད་སྤྲས་པའི་རྒྱུད་ལ་མ་བུ་བཅོ་ལྔ
དགེའོ
དགེའོ
དགེའོ