Jump to content

Page:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།.pdf/929

From Wikisource
This page has been proofread.

༄༅། །ཐལ་འགྱུར་ཏེ། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་ཕྱིར་སྡིག་པ་དང༌། །ལུང་མ་བསྟན་ཡང་འདུས་མ་བྱས། །ཡིན་པ་ཉིད་དུ་ཐལ་བར་འགྱུར། །ཞེས་ཁོ་བོ་སྨྲ་སྟེ་འདི་ནི་གཟུར་གནས་ཀྱི་ངོར་ལན་དང་ བྲལ་བ་ཡིན་ནོ། །དེ་ལྟར་དོགས་པའི་གནས་ཅུང་ཟད་ཀྱང་བསལ་ནས། མདོར་ན་ཆོས་ཀྱི་དབྱིངས་གཟོད་ནས་རྣམ་པར་དག་ཅིང་དམིགས་མཚན་གྱིས་མ་གོས་པའི་རང་བཞིན་ཡང་དག་པར་ཤེས་པས་བདག་དང༌། སེམས་ཅན་དང༌། བྱང་ཆུབ་དང༌། དགེ་བའང་ཆོས་ཉིད་ཀྱི་ ཚུལ་གང་ཡིན་པ་དེ་ཁོ་ནར་མཐོང་བས་དམིགས་མཚན་གྱི་འདུ་ཤེས་ལོག་ཅིང་རྒྱུ་རྐྱེན་གྱི་དབང་ལས་སྒྲུབ་ཏུ་མི་རུང་བའི་ཆོས་ཀྱང་མི་སྲིད་པ་རྟེན་འབྲེལ་གྱི་ཚུལ་མཁྱེན་པས་བསྔོ་བ་དང་སྨོན་ལམ་གྱི་ཚོགས་མཐའ་ཡས་པ་ལ་འཇུག་པ་འདི་ནི་དམིགས་མེད་ཀྱི་བསྔོ་བ་ ཞེས་བྱ་བ་ཡིན་ནོ། །ལས་དང་པོ་པ་བློ་ཆུང་བ་ཁ་ཅིག་ནི་ཐོག་མར་རྒྱུ་དགེ་བ་དང་འབྲས་བུ་བྱང་ཆུབ་ལ་ཡིད་ཆེས་པ་ཁོ་ན་བསྐྱེད་པར་བྱ་སྟེ། ནན་ཏན་གྱིས་གུས་པས་བསྔོར་བཅུག་པས་དད་པ་གོང་དུ་འཕེལ་བར་འགྱུར་ཏེ། ཇོ་བོ་ལ་རྒན་མོ་ཞིག་གིས་གསེར་གཡུ་ཕུལ་བ་ ན་དགེ་བ་འདི་སེམས་ཅན་ཐམས་ཅད་ལ་སྟེར་སྙམ་པས་མཐུན་གྱུར་གྱིས་ཤིག་གསུངས་པ་ན་སེམས་ཅན་ལ་མི་སྟེར་ང་རང་གི་དོན་དུ་བསྔོ་བ་ཞུ་ཞེས་ཞུས་པས་ཐེག་ཆེན་གྱི་རིགས་ཅན་མིན་པར་འདུག་ཀྱང་དགེ་བ་ལ་ཡིད་ཆེས་པའི་གཏམ་ཡིན་གསུང་ནས་མཉེས་པར་གྲགས་ པ་ལྟ་བུའོ། །དེའི་ཕྱིར་དགོངས་གཅིག་པས་ཆེད་དུ་མཚན་མར་བཟུང་སྟེ་བསྔོ་བ་གནད་ཟབ་ཅེས་འཆད་པ་ཡང་ཕྱི་མ་འདི་ལ་དགོངས་པ་ཡིན་ནོ། །ཡུམ་རྒྱན་ལས་ནི། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །ཞེས་ངོས་བཟུང་ནས། དབྱེ་ན་བཅུ་གཅིག་སྟེ། དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་མཁས་མཚན་མ་མེད་པ་དང༌། །སངས་རྒྱས་རྗེས་སུ་ཡི་རང་དང༌། །