Jump to content

Page:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།.pdf/922

From Wikisource
This page has been proofread.

ཞེས་དང༌། ཀུན་གཞི་དྲི་མེད་བསོད་ནམས་ཀྱིས། །དེ་བཞིན་གཤེགས་ པར་འགྱུར་བ་ཡིན། །ཞེས་དང༌། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པ་སྟོན་པར་མཛད། །ཅེས་སོ། །དེ་ཡང་དགེ་བའི་སྒྲ་ནི་བྱས་པའི་ལས་ལ་འཇུག་པ་དང༌། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ལ་འཇུག་པའི་སྐབས་གཉིས་ཡོད་དེ། དེ་ཡང་སྦྱིན་སོགས་བྱས་པའི་ལས་ལ་འཇུག་པའི་ཚེ་ནི་འདི་ནི་ལེགས་པར་བྱས་སོ། །དགེ་བར་བྱས་སོ། །བྱ་བར་འོས་པ་བྱས་སོ། །ཞེས་པའི་དོན་གྱིས་དགེ་བའི་སྒྲར་འཇོག་པ་ཡིན་ལ། ཆོས་ཉིད་རང་ བཞིན་གྱིས་དག་པ་ལ་དགེ་བར་བཤད་པ། ཀུན་གཞི་ངང་ལུགས་དགེ་བ་ནི། །ཞེས་དང༌། ཀུན་གཞི་མཆོག་ཏུ་དགེ་བ་ནི། །ཞེས་བཤད་པ་ལྟ་བུ་ནི་བྱས་པའི་དགེ་བར་བཞག་པ་མ་ཡིན་ཡང་ངོ་བོ་ཉིད་ཀྱིས་རྣམ་པར་དག་ལ། འདིའི་མཐུས་དགེ་བློ་རྣམས་སྐྱེ་བ། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང༌། །ཞེས་སོགས་གསུངས་པ་ལྟར། མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཕྱོགས་ན་མི་གནས་ཤིང་དགེ་བ་འབྱུང་བ་དང་གནས་པའི་རྟེན་བྱེད་པའི་ཆ་ནས་རང་བཞིན་རྣམ་དག་གི་དགེ་བར་བཤད་པ་ཡིན་ཏེ། དཔེར་ན། མི་ཞིག་སྦྱིན་གཏོང་སོགས་རྒྱ་ཆེན་པོ་ལ་འཇུག་པ་ན་འདིས་ནི་དགེ་བ་བྱས་ཏེ། སྐྱེས་བུ་དགེ་བ་ཅན་ཡིན་ནོ་ཞེས་སྒྲོག་ལ། ཡང་མི་ཞིག་དངོས་སུ་སྦྱིན་པ་སོགས་མི་བྱེད་བར་གཉུག་མར་གནས་ཀྱང༌། རང་བཞིན་གྱིས་རྒྱུད་དྲང་ཞིང་ཀུན་ལ་གཉེན་གཤིན་པ་ཞིག་ ན་མི་འདི་ནི་རང་བཞིན་གྱིས་དགེའོ་ཞེས་འཇོག་པ་ལྟ་བུ་ཡིན་ནོ། །དེས་ན་མཐོ་རིས་སམ། ཐར་པ་ཙམ་མམ། ཐམས་ཅད་མཁྱེན་པའི་གོ་འཕང་དངོས་སམ། བརྒྱུད་ནས་འཐོབ་པར་བྱེད་པའི་རྒྱུ་གང་གི་རྒྱུད་ལ་གནས་པ་ནི་གང་བསྔོ་རྒྱུའི་དགེ་བའི་མཚན་ཉིད་ཡིན་ལ།