Jump to content

Page:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།.pdf/863

From Wikisource
This page has been proofread.

༄༅། །འཐད་པར་བསྟན། ལྷག་མས་དེས་ན་རེག་པ་མེད་པས་ཚོར་བ་མི་འབྱུང་བར་བསྟན་ཏོ། །གསུམ་པ་ཚོར་བའི་ཡུལ་མེད་པ་ནི། མཐོང་བའམ་ནི་རེག་པ་ཡང༌། །རྨི་ལམ་སྒྱུ་འདྲའི་བདག་ཉིད་ཀྱིས། །ཞེས་པ་དང༌། བཞི་པ་ཚོར་བའི་འཛིན་པ་མེད་པ་ནི། སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར། །ཚོར་བ་དེ་ཡིས་མཐོང་མ་ཡིན། །སྔ་དང་ཕྱི་མར་སྐྱེས་པས་ཀྱང༌། །དྲན་པར་འགྱུར་གྱིས་མྱོང་མ་ཡིན། །རང་གིས་བདག་ཉིད་མྱོང་མིན་ན། །གཞན་ དག་གིས་ཀྱང་མྱོང་མ་ཡིན། །ཚོར་པོ་འགའ་ཡང་ཡོད་མིན་ཏེ། །དེས་ན་ཚོར་བ་དེ་ཉིད་མིན། །དེ་ལྟར་བདག་མེད་ཚོགས་འདི་ལ། །འདི་ཡིས་ཅི་སྟེ་གནོད་པ་བྱེད། །ཅེས་གསུངས་ཏེ། དང་པོས་དུས་གསུམ་གྱི་ཚོར་འཛིན་བཀག ། གཉིས་པས་ཚོར་བ་པོ་མེད་པར་བསྟན། རྐང་པ་གཉིས་ཀྱིས་བརྗོད་བྱའི་དོན་སྤྱིར་བསྡུས་པའོ། །དེ་ཡང་ཚོར་བ་ནི་མིག་གིས་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སོགས་དྲུག་གམ། བསྡུ་ན་བདེ་སྡུག་བར་མ་གསུམ་དུ་འདུ་བའི་ཕྱིར། རེ་ཞིག་སྡུག་ བསྔལ་གྱི་ཚོར་བ་སྡུག་བསྔལ་དེ་ཉིད་དུ་བདེན་ཞིང་ཡོད་པར་ངེས་ན་ཅིའི་ཕྱིར་རབ་ཏུ་དགའ་བདེའི་ཚོར་བ་ལ་ཅིས་མི་གནོད་དེ་སྡུག་བསྔལ་གྱི་ཚོར་བ་ཉིད་དུ་བདེན་པས་བདེ་བ་ཚོར་དུས་ན་ཡང་སྡུག་བསྔལ་དེ་ཉིད་ཡོད་པའི་ཕྱིར། བདེ་བ་དོན་དམ་ པར་ཡོད་ན་ཡང་མྱ་ངན་དང་སྡུག་བསྔལ་གྱིས་གདུངས་པ་སོགས་ཀྱི་གནས་སྐབས་ལའང་རོ་ཞིམ་པ་སོགས་ལ་དགའ་བ་དང་ཅི་སྟེ་ཡིད་བདེ་ཞིང་དགའ་བར་མི་བྱེད་དེ་བདེ་བ་དོན་དམ་དུ་བདེན་ལ་དེ་དང་ལྡན་པའི་སེམས་ཡིན་པའི་ཕྱིར། སྡུག་ བསྔལ་གྱི་ཚོར་བ་ཡོད་མོད་ནའང་བདེ་བ་སྟོབས་དང་ལྡན་པས་ཟིལ་གྱིས་མནན་པའི་ཕྱིར། གལ་ཏེ་བདེ་བ་མྱོང་བའི་སྐབས་དེར་སྡུག་བསྔལ་དེ་མྱོང་བ་མ་ཡིན་ནོ་ཞེ་ན། གང་ཞིག་བདེ་བ་ཉམས་སུ་མྱོང་བས་ཟིལ་གྱིས་མནན་པའི་བདག་ཉིད་ཅན་