Jump to content

Page:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།.pdf/755

From Wikisource
This page has been proofread.

༄༅། །དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བའི་འོད་ཟེར་བཀྱེ་སྟེ། སངས་རྒྱས་ཐམས་ཅད་ལ་མཆོད་པའི་སྤྲིན་སྤྲོ་བས་མཆོད་ཅིང༌། བརྒྱ་སྟོང་དུ་བསྐོར་བས་སྐུ་ལ་རེག་པ་ན་བྱང་ཆུབ་སེམས་དཔའ་དེ་མངོན་པར་དབང་ བསྐུར་བའི་དུས་ལ་བབ་པར་གཟིགས་ནས་སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་བའི་འོད་ཟེར་ཆེན་པོ་ཕྱུང་སྟེ་བྱང་ཆུབ་སེམས་དཔའ་དེ་ཀུན་ནས་སྣང་བར་བྱས་ཏེ། དེའི་གཙུག་ཏོར་དུ་ནུབ་པར་གྱུར་པའི་མོད་ལ་མངོན་པར་རྫོགས་ པའི་སངས་རྒྱས་ཉིད་མངོན་དུ་བྱས་པ་ཡིན་ནོ། །སྤྲུལ་སྐུར་འཚང་རྒྱ་བའི་ཚུལ་ནི། རྒྱ་ཆེ་རོལ་པ་སོགས་ལས་བཤད་པ་ལྟར་ཏེ། སྟོན་པས་དགའ་ལྡན་ནས་འཕོ་བ་སོགས་མཛད་པ་སོ་སོ་བསྟན་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ ཏེ། ཐུན་མོང་གི་གདུལ་བྱ་ལ་ལྷའི་རྩྭ་རེག་ན་འཇམ་པའི་གདིང་བ་དང་རྒྱལ་སྲས་རྣམས་ཀྱི་ངོར་ཞིང་ཚད་མེད་ཅིང་ཡོངས་སུ་དག་པར་བྱང་ཆུབ་ཤིང་གི་ཚད་མཐའ་ཡས་ཤིང་རྒྱན་དཔག་ཏུ་མེད་པའི་དྲུང་དུ་གཞལ་མེད་ཁང་རྒྱན་དང་བཀོད་པ་བསྐལ་པར་ བཤད་ཀྱིས་མི་རྫོགས་པ་གཞལ་མེད་ཁང་གི་འཁོར་མཐའ་ཡས་པ་དང་བཅས་པའི་དབུས་སུ་སེང་གེའི་ཁྲི་བསམ་གྱིས་མི་ཁྱབ་པའི་བཀོད་པ་ཅན་ལ་བཞུགས་ནས་འཚང་རྒྱ་བར་སྣང་ཞིང༌། ཐུན་མོང་གི་གདུལ་བྱའི་ངོར་བདུད་བཏུལ་ཏེ་ཐོ་ རེངས་སྐད་ཅིག་གཅིག་གི་ཤེས་རབ་ཀྱིས་འཚང་རྒྱ་བར་སྟོན་ཏོ། །དེ་ལྟར་འཚང་རྒྱ་བ་དང་ལས་དང་པོ་བ་ནས་ངན་སོང་གི་གཟུགས་ཀྱི་བར་གང་འདུལ་དུ་གདུལ་བྱ་ཐམས་ཅད་ལ་རྟག་པར་སྣང་ཡང༌། དེ་བཞིན་གཤེགས་པ་ཉིད་ནི་ཆོས་ ཉིད་ཇི་ལྟ་བ་ཉིད་ལས་གཡོ་བ་མེད་ལ། གདུལ་བྱ་དང་གདུལ་བྱེད་དུ་མི་རྟོག་ལ་གཟུགས་སྐུར་ལྡང་བར་ཡང་མི་འགྱུར་མོད་ཀྱི་གཟུགས་སྐུའི་རྣམ་པ་དེ་ཐམས་ཅད་ཆོས་ཀྱི་སྐུ་ལས་གཞན་པ་ཡང་མ་ཡིན་ནོ། །དེ་ལ་འཛམ་གླིང་པའི་ཚེ་