Jump to content

Page:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།.pdf/659

From Wikisource
This page has been proofread.

༄༅། །ཇི་ལྟར་སོར་མོ་རང་རྩེ་ལ། །མི་གཅོད་རེག་པར་མི་བྱེད་པ། །དེ་བཞིན་སེམས་ཀྱིས་སེམས་མི་མཐོང༌། །ཞེས་གསུངས་པའི་ཕྱིར། དེ་ལ་རྣམ་རིག་པ་ན་རེ། ཇི་ལྟར་མར་མེ་རང་གིས་མར་མེའི་དངོས་པོ་ཡང་དག་ པར་གསལ་བར་བྱེད་པས་རང་གསལ་ཡིན་པ་བཞིན་དུ་སེམས་ཀྱང་རང་གསལ་བ་ཡིན་ནོ་ཞེ་ན། དེ་ལ་བཤད་པ། དེ་ནི་དཔེ་མ་གྲུབ་སྟེ། གསལ་བ་ནི་མུན་པ་བཀག་ནས་གཟུགས་གསལ་བར་བྱས་པ་ལ་མར་མེས་གསལ་བར་བྱས་ པའི་ཐ་སྙད་དུ་འཇོག་པ་ཡིན་ལ། མར་མེ་རང་ཉིད་ནི་གསལ་བར་བྱ་དགོས་པ་མིན་ཏེ། གང་གི་ཕྱིར་མར་མེ་མུན་གྱིས་བསྒྲིབས་པ་མེད་པའི་ཕྱིར་ཏེ། དབུ་མ་རྩ་བར། མར་མེ་དང་ནི་གང་དག་ན། །དེ་འདུག་པ་ན་མུན་པ་མེད། །མར་མེས་ཅི་ ཞིག་སྣང་བར་བྱེད། །མུན་པ་སེལ་བས་སྣང་བྱེད་ཡིན། །ཞེས་སོ། །ཡང་མར་མེ་རང་གསལ་ཡང་ཡིན་ན་གཞན་ཡང་སྣང་བར་བྱེད་པར་འདོད་དགོས་ལ། དེ་ལྟ་ན་མུན་པས་རང་གཞན་གཉིས་ག་སྒྲིབ་པར་འགྱུར་ཏེ། མར་མེ་རང་དང་ གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་འགྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །རྣམ་རིག་པ་ན་རེ། སྐྱོན་དེ་མེད་དེ། ཤེལ་དྭངས་པ་སྔོན་པོ་མ་ཡིན་ཡང་དར་སྔོན་པོ་དང་ ཉེ་བའི་རྐྱེན་གྱིས་སྔོན་པོར་སྣང་བ་བཞིན་དུ། རྐྱེན་གཞན་ལ་བལྟོས་པའི་གསལ་བ་དང༌། ཨུཏྤལ་སྔོན་པོ་ཉིད་སོགས་ལ་ནི་རྐྱེན་གཞན་ལ་བལྟོས་པ་ཡོད་པ་མ་ཡིན་པར་རང་བཞིན་གྱིས་སྔོན་པོར་གནས་པ་དེ་བཞིན་དུ། ཆོས་འགའ་ཞིག་རྐྱེན་གཞན་ ལ་ནི་བལྟོས་པ་དང༌། འགའ་ཞིག་བལྟོས་པ་མེད་པར་ངོ་བོ་ཉིད་ཀྱིས་དེ་ལྟར་ཡིན་པ་ཡང་མཐོང་བས་ན་ཤེས་པ་ནི་རྐྱེན་གཞན་ལ་མ་བལྟོས་པར་ངོ་བོ་ཉིད་ཀྱིས་རང་གསལ་བ་ཡིན་ནོ་ཞེ་ན། དེ་དགག་པ་ནི། སྔོན་པོ་དང་རང་རིག་དཔེ་མི་མཚུངས་ཏེ།