Jump to content

Page:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།.pdf/565

From Wikisource
This page has been proofread.

དང་ཁྱོད་ཉིད་ཀྱིས་ཤེས་པར་འགྱུར་རོ། །སེམས་ཅན་འདི་དག་བདག་གམ་བདག་གི་བ་ལ་ཞེན་ཞིང་ཆགས་པར་ནི་མཐོང་མོད་ཀྱང་གང་ལ་ཆགས་པའི་ཡུལ་བུད་མེད་ལྟ་བུ་འདི་ནི་བདག་ཀྱང་མ་ཡིན་ལ། བདག་ཉིད་དབང་བ་ ཡང་མ་ཡིན་ན་དེ་ལ་འདོད་ཅིང་ཞེན་ནས་ཐར་པ་མི་སྒྲུབ་པར་སྡོད་པ་འདི་ཅིའི་ཐ་ཚིག་ཅེས་སྣང་བའོ། །དེ་ལྟ་མོད་ཀྱི་ཆགས་པས་གཟིར་བའི་སྐྱེས་པ་དག་ཆགས་ཡུལ་དེའི་གདོང་ལྟ་བར་འདོད་པས་སྟེང་དུ་གཏེག་ཅིང་དྲངས་ཀྱང་དེ་ངོ་ཚ་བའམ་གཡོ་ སྒྱུའི་བྱེ་བྲག་གིས་དེ་ཙམ་གྱིས་འོག་ཏུ་ལྟ་ཞིང་འབྱོལ་བ་ལྟར་བྱེད་པ་དང༌། རྒྱ་གར་ན་ཡུལ་བཅོམ་བརླག་པ་རྣམས་རིགས་ཀྱི་བུད་མེད་ཀྱི་གདོང་རྟག་ཏུ་སེང་རས་ཀྱིས་འགེབས་ཤིང་ཡུལ་དབུས་ན་རྟག་ཏུ་དྲ་བས་འགེབས་པས་སྐྱེས་པས་བུད་ མེད་ཀྱི་བཞིན་གསལ་བར་མི་མཐོང་བ་དེ་དག་གི་དབང་དུ་བྱས་ནས་ཁྱོད་སྔོན་ནི་བུད་མེད་ཀྱི་གདོང་ལྟ་བར་འདོད་ཀྱང་གཡོགས་པ་ལས་གཞན་དུ་ཚིམ་པར་མ་མཐོང་ལ། དེ་ཙམ་གྱིས་འདོད་པ་དག་ནི་ཚྭ་ཆུ་འཐུངས་པ་འདྲ་བའི་ཕྱིར། མཐོང་བར་འདོད་ པ་འཕེལ་བ་ཡིན་ན་ད་ལྟ་བུད་མེད་དེའི་ལུས་དུར་ཁྲོད་དུ་བོར་བའི་ཚེ་བཞིན་ལ་གཡོགས་པ་མེད་པས་ཤིན་ཏུ་གསལ་བའི་སྐབས་འདི་དང་དེ་བས་ཀྱང་བྱ་རྒོད་ཀྱིས་པགས་པ་དང་ཤས་གཡོགས་པ་ཡང་བཤུས་ཏེ་རུས་པ་འབའ་ཞིག་ཏུ་སྒྲེན་མོར་ བྱས་པ་འདི་ལྟ་བར་རིགས་ཀྱི་འཇིགས་པས་འབྲོས་པར་མི་རིགས་ཏེ། སྔོན་ཁྱོད་ཉིད་ཆེས་ཆགས་པའི་ལུས་དེ་འདི་ཁོ་ན་ཡིན་པའི་ཕྱིར་དང༌། སྔོན་གཡོགས་པའི་ཚེ་དེ་ཙམ་དུ་ཆགས་ན་ཕྱིས་མ་གཡོགས་པའི་སྐབས་འདིར་དེ་བས་ཆེས་ཆགས་པར་ རིགས་ལ། མ་གཡོགས་པའི་ལུས་འདི་ལ་མི་ཆགས་ན་ནི་སྔོན་གཡོགས་པའི་སྐབས་ལའང་ཆགས་པར་མི་རིགས་ཏེ་གང་ལ་གཡོགས་པའི་ལུས་ནི་འདི་ཁོ་ན་ཡིན་ལ། གཡོགས་པའི་གོས་དེ་ཡང་ཆགས་བྱའི་ཡུལ་མ་ཡིན་པའི་ཕྱིར་རོ། །