Jump to content

Page:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།.pdf/544

From Wikisource
This page has been proofread.

ན་འཕེལ་བ་སྟེ། སྔོན་ཝ་སྐྱེས་གཅིག་གིས་གླང་པོ་ཆེའི་རོ་དང༌། མི་སྟོང་གི་རོ་རྙེད་པ་ན་ད་ལྟ་གཞོན་པའི་དུས་སྲ་བ་ནས་ཟ་ལ་རྒས་ནས་རྙི་བ་རྣམས་བཟའ་བར་སེམས་ཏེ་གཞུ་རྒྱུད་ཟོས་པས་ཆད་དེ་གཞུ་སྣ་ལ་ཕོག་ནས་ཤི་ཞིང༌། ལྷ་རྣམས་ཀྱིས་ ཚིགས་བཅད་སྨྲས་པར་ལུང་ལས་བཤད་པའི་ཕྱིར། རྙེད་བཀུར་དེ་ལྟ་བུ་ཐོབ་ཀྱང་རྟག་པ་མ་ཡིན་ཏེ་རིང་པོར་མི་ཐོགས་པར་དེ་དག་དོར་ཏེ་བདག་གི་རྣམ་པར་ཤེས་པ་གཅིག་པུར་ཕ་རོལ་ཏུ་འགྲོ་དགོས་པའི་ཕྱིར་དང༌། དེའི་ཚེ་བདག་གི་རྙེད་བཀུར་དང་ བསྟོད་གྲགས་དེ་དག་ནི་རྨི་ལམ་ན་ནོར་བུ་རྙེད་པ་ལས་སད་པ་ལྟར་ཡིད་ཀྱི་དྲན་ཡུལ་དུ་གསལ་ཞིང་ད་ལྟ་མེད་པས་ཀྱེ་མ་ཞེས་སྡུག་བསྔལ་བ་སྐྱེད་ཀྱི་རྙེད་གྲགས་དེ་དག་གང་དུ་སོང་ཡང་མི་ཤེས་ན་བདག་ཉིད་ཀྱི་དབང་བྱར་ག་ལ་ཡོད་པའི་ ཕྱིར་རོ། །ཁྱད་པར་བསྟོད་སྨད་ནི། སྒྲ་ཙམ་དང༌། མིང་ཚིག་དང༌། ཡི་གེའི་ཚོགས་པ་ཙམ་ཡིན་ལ། དེ་དག་གི་འབྲེལ་བ་དང༌། བརྗོད་བྱ་རྗོད་བྱེད་ཀྱང་རང་བློས་སྒྲོ་བཏགས་པ་ཁོ་ནར་ཟད་པས། ཡང་དག་པར་ཆུ་སྒྲ་དང༌། རླུང་གི་སྒྲ་སོགས་ལ་བསྟོད་སྨད་དུ་བཟུང་ བ་ལྟ་བུ་ཁོ་ནའི་ཕྱིར་དང༌། སྤྱིར་འཇིག་རྟེན་ནི་མཛའ་བ་དང༌། མི་མཛའ་བ་དང༌། བར་མར་གནས་ལ། སྐྱེ་བོ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གཅིག་ཆར་བསྟོད་པའམ་སྨད་པ་ནི་མི་སྲིད་ལ། མཛའ་བ་ཁ་ཅིག་གིས་བསྟོད་པ་དང༌། མི་མཛའ་བ་ཁ་ཅིག་གིས་སྨད་པ་ཙམ་ ལ་དགའ་བ་དང་མི་དགའ་བ་ཅི་ཡང་བྱར་ཅི་ཡོད་དེ། བདག་གི་ཕུང་པོ་ལྔ་དང་ཕ་རོལ་གྱི་བསྟོད་སྨད་ཀྱི་སྒྲ་ཙམ་དེ་ལ་འབྲེལ་བ་ཅི་ཡང་མེད་པའི་ཕྱིར་དང༌། མཛའ་མི་མཛའ་བར་མ་གསུམ་ཡང་རྐྱེན་ཅུང་ཟད་རེ་ལས་གནས་སྐབས་གཞན་དུ་འགྱུར་བའི་ཕྱིར་དང༌། སྐྱེས་བུ་ཞིག་ན་བ་ན་ཁྱོད་ཀྱི་ནད་མེད་དོ་ཞེས་བསྟོད་པ་དང་ཁྱོད་ཀྱི་ནད་ལྕིའོ་ཞེས་སྨོད་པ་གཉིས་ཀས་ཀྱང་ནད་འཕེལ་འགྲིབ་གང་ཡང་མེད་པ་ལྟར་བསྟོད་སྨད་ཀྱིས་བདག་ལ་ཕན་གནོད་ཅི་ཡང་མེད་པའི་ཕྱིར་དང༌། གཅིག་གིས་བདག་ལ་བསྟོད་པའི་ཚེ་