Jump to content

Page:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།.pdf/411

From Wikisource
This page has been proofread.

༄༅། །བཞིན་བསྙེན་བཀུར་གྱིས། །ཞེས་བསྟན་ཏོ། །

ལྔ་པ་ཤེས་བྱེད་ཀྱི་ཁུངས་ནི། འདི་དང་སངས་རྒྱས་བཀའ་བསྩལ་གཞན། མདོ་སྡེ་བཀླགས་ནས་ཤེས་པར་བྱ། །མདོ་སྡེ་རྣམས་ལ་སློབ་པ་གནང་། །དེ་བས་མདོ་སྡེ་བཀླག་པར་བྱ། ། ནམ་མཁའི་སྙིང་པོའི་མདོ་སྡེ་ནི། །ཐོག་མ་ཉིད་དུ་བལྟ་བར་བྱ། །གང་ཕྱིར་རྟག་ཏུ་སྤྱད་པ་ནི། །དེ་ལས་རྒྱ་ཆེར་རབ་སྟོན་པས། །བསླབ་པ་ཀུན་ལས་བཏུས་པ་ཡང་། །ངེས་པར་ཡང་དང་ཡང་དུ་བལྟ། །ཡང་ན་རེ་ཞིག་མདོར་བསྡུས་པ། ། མདོ་རྣམས་ཀུན་ལས་བཏུས་པ་བལྟ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། གཉིས་པོའང་འབད་པས་བལྟ་བར་བྱ། །ཞེས་གསུངས་ཏེ། དང་པོས་མཚམས་སྦྱར། གཉིས་པས་ནམ་སྙིང་གི་མདོ་ཁུངས་སུ་བསྟན། གསུམ་པས་ སློབ་དཔོན་ཉིད་ཀྱི་བསྟན་བཅོས་གཉིས་དང་། ཚིག་རྐང་གཉིས་ཀྱིས་ཀླུ་སྒྲུབ་ཞབས་ཀྱི་བསྟན་བཅོས་ཁུངས་སུ་བསྟན་ཏོ། །དེ་ཡང་དགེ་བའི་བཤེས་གཉེན་བསྟེན་ཚུལ་འདི་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚུལ་སོགས་མཐའ་ཡས་པ་རྣམས་ནི་ བཅོམ་ལྡན་འདས་ཀྱི་བཀའ་ཉིད་ལས་ཤེས་པར་བྱ་སྟེ། མདོ་སྡེའི་མིང་གིས་སྨོས་པ་ཐེག་ཆེན་གྱི་སྡེ་སྣོད་གསུམ་ལ་བསླབ་པར་བྱ་སྟེ། དེའི་ཡང་ཐོག་མར་ནམ་མཁའ་སྙིང་པོས་ཞུས་པའི་མདོ་ནི། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལྟུང་བ་སྦྱང་ཐབས་ དང་བཅས་པ་དེ་ལས་སྟོན་པས་ཐོག་མར་བལྟ་ལ་དེ་ནས་གཞན་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཀྱི་བར་དུ་བལྟའོ། །སྤྱིར། གླང་པོ་རྙེད་ནས་གླང་པོའི་རྗེས་ནི་འཚོལ་བ་ལྟར། །ཤེས་རབ་ཕ་རོལ་ཕྱིན་ཐོས་མདོ་ཚོལ་དེ་བཞིན་ནོ། །ཞེས་སོགས་ དང་། མདོ་དང་སྔགས་ཀྱིས་འདྲིད་མི་བྱ། །ཞེས་སོགས་ཉན་ཐོས་ཀྱི་གཞུང་ལ་མདོའི་མིང་དུ་གསུངས་ནས་ཐེག་ཆེན་གྱི་མི་མཐུན་པའི་ཕྱོགས་སུ་གསུངས་པ་དང༌། སྡེ་སྣོད་གསུམ་གྱི་བྱེ་བྲག་གི་མདོ་སྡེ་ལ་དེར་བཤད་པ་ཡོད་ཀྱང་སྐབས་འདིར་ནི་ཐེག་