Jump to content

Page:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།.pdf/320

From Wikisource
This page has been proofread.

རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །དེ་རྣམས་ལ་ཡོད་པའམ་མེད་པའམ་དེ་དག་གི་དབུས་སོགས་སུ་ཞེན་ཞིང་འཛིན་པ་ནི་ཆོས་ཀྱི་བདག་ཏུ་འཛིན་པ་ཡིན་ལ། མཚན་མར་འཛིན་པའི་ལོག་རྟོག་འདི་ནི་ལྷ་དང་མིར་བཅས་པའི་འགྲོ་བ་ལ་མཐུན་པར་ ཡོད་ཀྱང་ཇི་ལྟར་བཏགས་པ་དེ་ལྟར་མེད་དེ། དེ་དག་ལོག་རྟོག་མཚན་མར་བཅས་པ་ཡང་། །ལྷ་མི་མཐུན་པ་ཡིན་ཏེ་དེ་མེད་དོ། །ཞེས་སོ། །ཇི་ལྟར་མེད་ན་སྣང་ཙམ་པ་འདི་ལས་ལོགས་སུ་སྟོང་པ་ཉིད་བཙལ་དུ་མེད་དེ་སྣང་དུས་འདི་ཉིད་ ན་ཡང་ཆུ་ཟླ་ལྟར་དེར་ཡོད་པ་མ་ཡིན་པ་དང་། སྐད་ཅིག་ཡང་མི་གནས་པས་མི་རྟག་པ་དང་། རྐྱེན་གྱིས་བཤིག་པའམ་བཅོམ་པ་ན་རྒྱུན་ཆད་པས་འགགས་པར་མཐོང་བ་སོགས་འདི་དག་ཁོ་ན་ལ་སྟོང་པའི་མིང་གིས་བསྙད་པའི་ཕྱིར་ཏེ། ཅི་ཕྱིར་ཞེ་ན་ ཕྱི་ནང་ཆོས་འདི་ལ། །དངོས་འདི་སྤངས་ནས་སྟོང་ཉིད་མི་བཙལ་གྱི། །སྣང་བ་ཉིད་ན་སྟོང་པ་ཉིད་ཡིན་ཕྱིར། །བཤིག་བཅོམ་མི་རྟག་ཙམ་ལ་སྟོང་མིང་བཏགས། །ཞེས་སོ། ཅིའི་ཕྱིར་སྣང་བ་ལྟར་མ་གྲུབ་ཅེ་ན། ཡོད་མེད་དབུས་དང་གསུམ་དུ་ མི་གནས་པའི་ཕྱིར་ཏེ། དེ་ལ་ཡོད་པར་འཇིག་རྟེན་ན་གྲགས་པ་ནི་འཁོར་འདས་གཉིས་སོ། །འཁོར་བ་ཡང་ཡུལ་དང་སེམས་གཉིས་སུ་ངེས་ཏེ། སྣང་ལ་རང་བཞིན་མེད་པར་ཅིས་མངོན་ན། །ཡོད་མེད་དབུས་དང་གསུམ་དུ་མི་གནས་ཕྱིར། ། ཡོད་པར་གྲགས་པ་འཁོར་བ་མྱ་ངན་འདས། །འཁོར་བའི་རང་བཞིན་ཡུལ་སེམས་རྣམ་གཉིས་ཏེ། །ཞེས་སོ། དེ་ཡང་ཡུལ་གྲུབ་པ་མེད་དེ། རགས་པ་འཇིག་རྟེན་གྱི་ཁམས་ཀྱང་དཔག་ཚད་དུ་མ་འདུས་པ་ཡིན་ལ། དཔག་ཚད་རེ་རེ་ཞིང་རྒྱང་གྲགས་ བརྒྱད་དོ། །རྒྱང་གྲགས་རེ་རེ་ནི་འདོམ་ལྔ་བརྒྱའི་ཕུང་པོ་ཡིན་ལ། འདོམ་རེ་ཡང་ཁྲུ་བཞི་དང་ཁྲུ་རེ་ནི་སོར་ཉེར་བཞི་ཡིན་ལ། དེ་བཞིན་དུ། སོར་མོ་ནས་དང་ཤིག་སྲོ་མ། །ཉི་རྡུལ་གླང་ལུག་རི་བོང་ཆུ། །ལྕགས་རྡུལ་རྡུལ་ཕྲན་རྡུལ་ཕྲ་རབ། ཞེས་པ་རྣམས་