Jump to content

Page:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།.pdf/219

From Wikisource
This page has been proofread.

༄༅། །སེམས་ནི་མི་མཉེན་རབ་ཏུ་རྩུབ་པར་འགྱུར། །ཞི་གནས་ལྷག་མཐོང་དག་དང་རབ་ཏུ་རིང་། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །རྟག་ཏུ་བླ་མ་རྣམས་ལ་གུས་པ་མེད། །སྦགས་པས་གཏམ་དག་ལ་ནི་དགའ་བ་ སྐྱེ། །སྙིང་པོ་མེད་ལ་གནས་ཤིང་ཤེས་རབ་ཉམས། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་སོགས་དང་། ཟླ་བ་སྒྲོན་མའི་མདོ་ལས། གང་གི་འཁྲུལ་པ་ཅི་མཐོང་ཡང་། །དེ་དག་ཉེས་པར་མི་བསྒྲག་སྟེ། ཅི་འདྲ་བ་ཡི་ལས་ བྱས་པའི། །འབྲས་བུ་དེ་འདྲ་འཐོབ་པར་འགྱུར། །ཞེས་དང༌ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ལ་ལྟུང་བ་གླེང་ན་བྱང་ཆུབ་དང་རིང་དུ་འགྱུར་རོ་ཕྲག་དོག་གིས་གླེང་ན་བྱང་ཆུབ་དང་རིང་དུ་འགྱུར་ རོ་ཞེས་སོ། །རྙེད་བཀུར་ལ་ཆགས་པ་ནི་ཉེས་པའི་འབྱུང་ཁུངས་ཏེ་ལྷག་བསམ་བསྐུལ་བའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔས་རྙེད་པ་དང་བཀུར་སྟི་ནི་འདོད་ཆགས་སྐྱེད་པར་བརྟག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ་ཞེ་སྡང་ སྐྱེད་པ་དང་གཏི་མུག་སྐྱེད་པ་དང་གཡོ་སྐྱེད་པ་དང་སངས་རྒྱས་ཐམས་ཅད་ཀྱིས་མ་གནང་བ་དང་དགེ་བའི་རྩ་བ་འཕྲོག་པ་དང་ཕ་རོལ་འབྲིད་པའི་སྨད་ཚོང་མ་དང་འདྲ་བར་བརྟག་པར་བྱའོ་ཞེས་སོགས་དང༌། ཡབ་སྲས་མཇལ་བའི་མདོར། རྨི་ལམ་ རྨིས་པའི་ཆུ་དག་ནི། །འཐུངས་ཀྱང་ངོམས་པར་མི་འགྱུར་བ། དེ་ལྟར་འདོད་པའི་ཡོན་ཏན་རྣམས། །བསྟེན་ཡང་ངོམས་པར་མི་འགྱུར་རོ། །ཞེས་སོ། །གཉིད་རྨུགས་ལ་ཆགས་ན་དགེ་བ་མཐའ་དག་ལ་སྒྲིབ་སྟེ། གང་ཞིག་གཉིད་ དང་རྨུགས་ལ་དགར་གྱུར་པ། །དེ་ཡི་ཤེས་རབ་ཤིན་ཏུ་ཉམ་ཆུང་འགྱུར། །དེ་ཡི་བློ་ཡང་ཡོངས་སུ་ཉམས་པར་འགྱུར། །ཡེ་ཤེས་ལས་ནི་རྟག་ཏུ་དེ་ཉམས་འགྱུར། །ཞེས་དང༌། གང་ཞིག་གཉིད་དང་རྨུགས་ལ་དགར་གྱུར་པ། །མི་ཤེས་ལེ་ལོ་སྙོམས་ལས་ཤེས་རབ་འཆལ། །