༄༅། །ཞེས་བཤད་པའང་མཁས་པ་ལ་མི་འོས་ཏེ་མཚན་ཉིད་ནི་དོན་དང༌། མཚོན་བྱ་ནི་མིང་ཡིན་ལ། དོན་རེ་ལ་ཡང་མིང་མཐའ་ཡས་པ་འཇུག་པ་མངོན་བརྗོད་ཀྱི་བསྟན་བཅོས་སོགས་ལས་གསལ་བ་དང་། མིང་རེ་ཡང་དོན་མང་པོས་
གཏན་ལ་འབེབས་པ་ཆོས་ཀྱི་དབྱིངས་ཁོ་ན་ཡང་ཁྱབ་པ་དང༌། མི་དམིགས་པ་དང༌། སྟོང་པ་ཉིད་དང༌། འགྱུར་བ་མེད་པ་སོགས་མཐའ་ཡས་པས་འཆད་པའི་ཕྱིར་དང་། བདེན་པ་གཉིས་ཞེས་བྱ་བ་འདི་ཁོ་ན་ལ་གྲུབ་མཐའ་སྨྲ་བ་བཞིས་མཚན་ཉིད་ཐ་དད་དུ་འཇོག་པའི་
ཕྱིར་བདེན་གཉིས་བཞིར་ཐལ་བར་འགྱུར་རོ། །ཞེས་པ་ནི་འཕྲོས་པའི་དོན་ཏོ། །
གསུམ་པ་གོ་རིམ་ནི། རྒྱུ་འབྲས་དམན་མཆོག་རགས་ཕྲ་སྟེ། །རྒྱུ་མཚན་གསུམ་ལས་དྲུག་རིམ་བཞིན། །ཞེས་བྱ་སྟེ། ལུས་དང་ལོངས་སྤྱོད་ལ་མ་ཆགས་ པའི་སྦྱིན་པ་དང་ལྡན་ན་བཅས་རང་གི་ཁ་ན་མ་ཐོ་བ་སྲོག་ལ་བབ་ཀྱང་སྡོམ་ནུས་པས་ཚུལ་ཁྲིམས་དང་ལྡན་པར་འགྱུར་ལ། དེ་ཡོད་ན་བཟོད་པ་དང་ལྡན་ཞིང་བཟོད་ལྡན་ནི་བརྩོན་འགྲུས་བརྩམ་པར་གདོན་མི་ཟ་ལ། དེ་ལས་ཏིང་ངེ་འཛིན་སྐྱེ་ཞིང་དེ་ཡིས་རྒྱུད་རྣམ་པར་ གྲོལ་བར་འགྱུར་བ་རྒྱུ་འབྲས་ཀྱི་གོ་རིམ་དང༌། ཡང་ན་སྔ་མ་སྔ་མ་དམན་ལ་ཕྱི་མ་ཕྱི་མ་མཆོག་ཡིན་པས་དམན་མཆོག་གི་གོ་རིམ་དང་། ཡང་ན་སྔ་མ་སྔ་མ་རགས་ཤིང་སྒྲུབ་པར་སླ་ལ་ཕྱི་མ་ཕྱི་མ་ཕྲ་ཞིང་སྒྲུབ་པར་དཀའ་བས་རགས་ཕྲའི་གོ་རིམ་ཡང་ ཡིན་ཏེ། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། དེ་དག་རིམ་པས་བསྟན་པ་ཡིན། །ཞེས་སོ། །
བཞི་པ་ངེས་ཚིག་ནི། སྲིད་ཞིའི་ཕ་རོལ་སོང་ཕྱིར་རོ། །ཞེས་བྱ་སྟེ། འཇིག་རྟེན་པ་དང་ཐེག་དམན་གྱི་དགེ་བ་ཟིལ་གྱིས་གནོན་པས་དེ་དག་གི་ཕ་རོལ་ཏུ་སོང་བའམ། ཕྱིན་ཟིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ལ་འཁོར་བའི་ཕ་རོལ་ཏུ་སོན་པ་ཞེས་བཏགས་པ་བཞིན་ནོ། །བྱེ་བྲག་ཏུ་