Jump to content

Page:སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་།.pdf/46

From Wikisource
This page has been proofread.

དེ་ཉིད་ཅི་ནས་ཀྱང་གཟུང་རིགས་ཏེ། སྡོང་པོ་བཀོད་པ་ལས། བྱི་ལས་མིག་གིས་བལྟས་པས་བྱི་བ་རྣམས་ཟིལ་གྱིས་གནོན་ཞིང་མི་བཟོད་པ་དེ་བཞིན་དུ། །ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེའི་མིག་གིས་ཀྱང་ལས་དང་ཉོན་མོངས་པའི་བྱི་བ་རྣམས་ཟིལ་གྱིས་གནོན་ཅིང་མི་ བཟོད་པར་བྱེད་དོ་ཞེས་དང༌། ཆོས་བཞི་བསྟན་པར་ཡང་རྟེན་གྱི་སྟོབས་བྱང་ཆུབ་ཀྱི་སེམས་སྟོབས་དང་ལྡན་པ་ལ་བརྟེན་པས་སྡིག་པ་རྣམས་ཟིལ་གྱིས་གནོན་པར་གསུངས་པ་ལྟར་རོ། །གོང་གི་བསོད་ནམས་དགེ་བའི་ཕྱོགས་ཞེས་པ་ནི་དགེ་བ་རང་ཉིད་དང་དེ་སྐྱེད་བྱེད་ཀྱི་རྒྱུའམ་ས་ བོན་དང་དེའི་ལྷན་ཅིག་བྱེད་པའི་རྐྱེན་ནམ་གྲོགས་དང་བཅས་པ་ཡིན་ལ། སྡིག་པ་མི་དགེ་བའི་ཕྱོགས་ཞེས་པའང་དེ་དང་འདྲའོ། །འདིར་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་ལ་ངན་སོང་གི་རྒྱུའི་སྡིག་པ་སྔར་བྱས་འདག་ཅིང་ཕྱིས་འབྱུང་རྒྱུན་གཅོད་པའི་ནུས་པ་ཡོད་པར་ གསུངས་པ་དེ་ཉིད་བསྟན་བྱའི་གཙོ་བོ་ཡིན་གྱི་དོན་དམ་སེམས་བསྐྱེད་ལ་སྒྲིབ་པའི་ས་བོན་འཇོམས་པའི་ནུས་པ་ཡོད་པར་གསུངས་པ་འདིར་བཤད་བྱའི་གཙོ་བོ་མིན་པར་གསུངས་ལ། གོང་དུ་མདོ་དྲངས་པའི་ལུང་སྔ་ཕྱིས་ཀྱང་དེ་ལྟར་གསལ་ལོ། །སྙིང་རྗེ་ཆེན་པོ་དང་ བྱང་ཆུབ་ཀྱི་སེམས་ཀྱིས་ཕྱིས་འབྱུང་གི་སྡིག་པ་དང་ལྟུང་བའི་རྒྱུན་འགོག་པ་ནི། །མདོ་རྒྱན་ལས། བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང་། །མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་བསྡམས། །ཞེས་དང་། སྐྱེས་རབས་ལས་ཀྱང། བདག་རང་ཉིད་དམ་ ནང་མི་ལ། །བརྩེ་བས་བ་བཞིན་དུ་གཞན་ལ་བརྩེ། །དེ་ཡི་སེམས་ནི་ཆོས་མིན་ལ། །འཇུག་པ་མི་དགེ་ག་ལ་འབྱུང་། །ཞེས་གསུངས་པ་ལྟར་རོ། །འགྲེལ་བ་འགའ་ཞིག་ཏུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་སྨོས་ནའང་གཙོ་བོར་བཤད་མ་ཐག་པ་ལྟར་གོ་བར་བྱའོ། །