Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/41

From Wikisource
This page has been proofread.
༄༅། །མའི་འོད་ཟེར་ཞེས་མཚན་གསོལ་ཞིང་། ཟ་ཧོར་གྱི་རྒྱལ་ཁམས་འདུལ་བར་དགོངས་ནས། རྒྱལ་པོ་གཙུག་ལག་འཛིན་གྱི་བུ་མོ་མནྡྷ་ར་བ་དབང་

དུ་མཛད་ནས་གྲོང་ཁྱེར་དུ་སྤྱོད་པ་ལ་གཤེགས་པ་ལས། མི་རྣམས་ལོག་ལྟ་སྐྱེས་ནས། ཐམས་ཅད་ཀྱིས་ཙནྡན་གྱི་ཤིང་ཁུར་རེ་དང་། ཏིལ་མར་ཁལ་རེ། རོ་རས་ ཡུག་རེས་དྲིལ་ནས་བསྲེགས་པས། ཞག་དགུར་དུ་བ་མ་ཆད་ནས་བསྲེགས་པའི་མེ་ལྕེ་ཕྱིར་འབར་ནས། ཏིལ་གྱི་རྒྱ་མཚོ་འཁྱིལ་བའི་དབུས་ན། པདྨའི་སྡོང་པོ་ལ་ ཡབ་ཡུམ་གཉིས་སྐུ་གཟི་མདངས་ལྡན་པ་བཞུགས་པར་མཐོང་ནས། འགྱོད་དེ་བཤགས་པ་བྱས། རྗེས་སུ་བཟུང་བར་ཞུས་པས། ཐམས་ཅད་ལ་ཆོས་གསུངས་

པས༑ ཟ་ཧོར་གྱི་རྒྱལ་ཁམས་ཐམས་ཅད་ཐར་པའི་ལམ་ལ་བཀོད། ཀུན་གྱིས་པདྨ་འབྱུང་གནས་ཞེས་བསྟོད་ཅིང་འདུན་ནོ། །དེ་ནས་ཨྱོན་གྱི་ཡུལ་དུ་བྱོན་པ་ན།