པས་བདག་མེད་གཉིས་ཀྱི་རྟོགས་རིམ་བསྟན་པ་ཡང་ཡིན་ནོ། །རང་བཞིན་གྱིས་སྟོང་ཞེས་པ་ནི་རང་ངོས་ནས་སྟེང་ཞེས་པ་ཡིན་པས་ཡུལ་གྱི་སྟེང་ནས་སམ་ཡུལ་གྱི་ངོས་ནས་མ་གྲུབ་པའི་དོན་ཡིན་ལ། དེ་ཡང་དཔེར་ན་རྨི་ལམ་དུ་ཁང་པ་སྣང་ པ་ན་སྣང་གཞིའི་ངོས་ནས་ཚུར་སྣང་བ་མ་ཡིན་གྱི་སྣང་མཁན་ཤེས་པའི་ངོས་ནས་ཕར་བཟོ་པ་ཡིན་པས་ཆོས་རྣམས་ཀྱི་ཀུན་རྫོབ་པའི་སྡོད་ལུགས་འདི་ཁོ་ན་ལྟར་གོ་དགོས་སོ། །ཐལ་འགྱུར་བ་ལྟར་ན་རང་བཞིན་གྱིས་གྲུབ་པ་དོན་དམ་དཔྱོད་པའི་རིགས་པའི་ དགག་བྱ་ཡིན་པས་མདོ་འདི་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་ཡང་དོན་གྱིས་སྦྱར་བར་སོང་བས་ན་ངེས་དོན་སྒྲ་ཇི་བཞིན་པའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་ གཟུགས་གཞན་མ་ཡིན་ནོ་ཞེས་པ་གོ་ལུགས་རགས་པ་བྱས་ན། སེམས་ཙམ་པ་ལྟར་ན། གཟུགས་སུ་སྣང་བ་འདི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་རང་རིག་གོ །རང་རིག་དེ་ནི་གཟུགས་སུ་སྣང་བའོ། །གཟུགས་སྣང་བ་ལས་རང་རིག་གཞན་མ་ཡིན། རང་ རིག་ལས་ཀྱང་གཟུགས་སུ་སྣང་བ་གཞན་མ་ཡིན་ནོ་ཞེས་པའི་དོན་ཅན་དང་། ཐལ་འགྱུར་པ་ལྟར་ན། གཟུགས་སུ་སྣང་བས་ན་མེད་པའོ། །མེད་པས་ན་གཟུགས་སུ་སྣང་བའོ། །གཟུགས་སུ་སྣང་བ་འདི་ག་རང་མེད་པ་ཡིན་གྱི་དེའི་མེད་པ་དེ་ལས་གཞན་ དུ་བཙལ་དགོས་པ་མ་ཡིན། དེ་མེད་བཞིན་དུ་གཟུགས་སུ་སྣང་བ་ཡིན་པས་དེ་ལས་གཟུགས་ལོགས་སུ་ཡོད་པ་མ་ཡིན་ཞེས་པའི་དོན་ནོ། །སྤྱིར་སྟོང་ཚུལ་ལྔ་ཡོད་དེ། འོ་མའི་དུས་ན་ཞོ་མེད་པ་ནི་སྔ་ནས་མེད་པའི་སྟོང་པའོ། །ཞོའི་དུས་ན་འོ་མ་མེད་པ་ནི་ཞིག་
Page:ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད།.pdf/24
Appearance