Jump to content

Page:ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད།.pdf/23

From Wikisource
This page has been proofread.

༄༅། །པར་འདོད་པ་དེས་ཅི་ལྟར་བསླབ་པར་བྱ་ཞེས་པ་ནི་ཤེར་ཕྱིན་ཀྱི་སུ་ལ་ཟབ་མོའི་སྤྱད་པ་སྟེ་དོན་ཉམས་སུ་བླང་བྱ། སྤྱོད་པར་འདོད་པ་སྟེ་ཉམས་སུ་ལེན་པར་འདོད་པ་དེས་ཅི་ལྟར་ཉམས་སུ་བླང་ཞེས་དྲིས་པའོ། །དེང་སང་གི་དཔེ་ ཕལ་ཆེ་བ་ལས་སྤྱོད་པ་སྤྱད་པར་འདོད་ཅེས་བྱུང་བ་ནི་མ་དག་པ་ཡིན་པས་སྤྱད་པ་སྤྱོད་པར་འདོད་ཅེས་འདོན་དགོས་ཏེ། སྤྱད་པ་དང་སྤྱོད་པ་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་ཅེས་པའམ་ཉམས་སུ་བླང་བྱ་དང་ཉམས་སུ་ལེན་པ་པོ་ལ་བྱེད་པའི་ཕྱིར། དྲི་ མེད་བཤེས་གཉེན་གྱི་རྒྱ་ཆེར་འགྲེལ་ལས། ཡི་གེ་ཁ་ཅིག་ལས་སྤྱད་པ་བྱེད་པར་འདོད་པ་དེས་ཞེས་འབྱུང་སྟེ། བྱེད་པ་དང་སྒྲུབ་པ་ཞེས་བྱ་བ་ཁྱད་པར་མེད་པ་ཉིད་ཀྱི་དོན་ནོ་ཞེས་རང༌། སློབ་དཔོན་པྲ་ཤྰསྟྲ་སེ་ནའི་འགྲེལ་པ་ལས། །སྤྱོད་ པ་ནི་གང་ཟག་སྟེ་བྱང་ཆུབ་སེམས་དཔའོ། །སྤྱད་པ་ནི་ཆོས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པའི་ཕྱིར།


གཉིས་པ་སྤྱན་རས་གཟིགས་ཀྱིས་ལན་བཏབ་ཚུལ་ནི། དེ་སྐད་ཅེས་སྨྲས་པ་དང་ཞེས་པ་ནས་འདི་ལྟར་རྣམ་པར་ བལྟ་བར་བྱ་སྟེ་ཞེས་པའི་བར་གྱིས་མཚམས་སྦྱར་ནས། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ་ཞེས་པས་ལན་མདོར་བསྡུ་དང་། གཟུགས་སྟོང་པའོ་ཞེས་པ་ནས་ལེགས་སོ་བྱིན་པའི་ བར་གྱིས་ལན་རྒྱས་པར་མཛད་དོ། །ཚིག་འབྲུ་ཙམ་ནི་ཕལ་ཆེར་སླ་བས་བཤད་མི་དགོས་ལ། ཕུང་པོ་ལྔ་པོ་དེ་དག་ཀྱང་ཞེས་པའི་ཀྱང་གི་སྒྲ་ནི་ང་རང་བཞིན་གྱིས་སྟོང་པར་མ་ཟད་ང་ཡི་བ་ཡང་རང་བཞིན་གྱིས་སྟོང་པར་བསྟན་པ་ཡིན་