Jump to content

Page:ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད།.pdf/22

From Wikisource
This page has been proofread.

མདོ་དངོས་ཀྱི་དོན་ལ་གསུམ། ཤཱ་རིའི་བུ་དྲི་བ་བྱེད་ཚུལ་དང་། སྤྱན་རས་གཟིགས་ཀྱིས་ལན་བཏབ་ཚུལ་དང་། དེ་ལ་སྟོན་པས་རྗེས་སུ་ཡི་རངས་མཛད་ཚུལ་ལོ། །
དང་པོ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས་ཅི་ལྟར་བསླབ་ པར་བྱ་ཞེས་དྲིས་སོ། །དེ་ནས་ཞེས་པ་ནི་དེ་བཞིན་གཤེགས་པའི་མཐུས་སྤྱན་རས་གཟིགས་ཀྱིས་བཤད་བྱའི་དོན་ཐུགས་སུ་ཆུད་པའི་རྗེས་སུ་ཞེས་པའོ། །ཚེ་དང་ལྡན་པ་ཞེས་པ་ནི་སྤྱིར་གཞོན་པ་ལ་འབོད་པར་གྲགས་པའི་ཚིག་ཡིན་ཡང་། ཚིག་འདི་ནི་བཀའ་ བསྡུ་བའི་སྐབས་སུ་བྱུང་བའི་ཚིག་ཡིན་ན་ཤཱ་རིའི་བུ་བཀའ་སྡུད་པ་པོ་ལས་བསླབ་པ་གཞོན་པ་མི་འཐད་པས། དེས་ན་ཉོན་མོངས་སྤངས་ཤིང་ལས་ཉོན་གྱི་སྐྱེ་འཆི་ལས་གྲོལ་བའི་ཚེ་དང་ལྡན་པ་ཞེས་ཉེ་བའི་ཚིག་གིས་སྨོས་པ་ཡིན་ནོ། །ཤཱ་རིའི་བུ་ཞེས་པ་ ནི། ནལནྡྲའམ་འདམ་བུའི་ཚལ་དུ་བྱ་ཤ་རི་ཀའི་མིག་དང་འདྲ་བའི་མ་ཤ་རི་ཀ་དང༌། ཕ་སྐར་རྒྱལ་འདུས་པ་ལས་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཁྱེའུ་ཞིག་བྱུང་བར། ཕ་ལས་དྲངས་པའི་མིང་ཉེ་རྒྱལ་དང༌། མ་ལས་དྲངས་པའི་མིང་ཤཱ་རིའི་བུ་དང་། ཤཱ་ར་དྭ་ཏིའི་ རིགས་ཡིན་པས་ཤཱ་ར་དྭ་ཏིའི་བུ་ཞེས་གྲགས་པ་དེའོ། །རིགས་ཀྱི་བུ་དང་བུ་མོ་ཞེས་པ་ནི་ཐེག་ཆེན་གྱི་རིགས་དང་ལྡན་པའི་དོན་ནོ། །བུ་དང་བུ་མོ་གཉིས་སྨོས་པའི་དགོས་པ་ནི་ལམ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་སྐྱེས་པ་དང་བུད་མེད་ཀྱི་རྟེན་ ཁོ་ན་ལ་སྐྱེ་ཞིང་ཟ་མ་དང་མ་ནིང་སོགས་ཀྱི་རྟེན་ལ་མི་སྐྱེ་བས་དེ་དག་ལས་དགར་བའི་ཆེད་དུའོ། །གང་ལ་ལ་ཞེས་པ་ནི་བྱེ་བྲག་མ་ཕྱེ་བ་སྟེ་སྟོང་པ་ཉིད་ལ་མི་སྐྲག་ཅིང་མོས་པ་དང་ལྡན་པ་སུ་རུང་རུང་ཞེས་པའོ། །ཟབ་མོའི་སྤྱད་པ་སྤྱོད་