Jump to content

Page:རིན་ཆེན་འབར་བ་ཞེས་བྱ་བའི་སྒྲུབ་པའི་ཐབས།.pdf/8

From Wikisource
This page has been proofread.

མངོན་དགའ་ཞིང་། །ཐེག་པ་ཆེ་ལ་དགའ་བའི་བློ། །སྔགས་དང་རྒྱུད་ལ་སྦྱོར་བ་དང་། །བཟོ་སོགས་ཐམས་ཅད་རྟོག་འདོད་ཅིང་། །སྦྱོར་དང་བསམ་གཏན་དགའ་བ་དང་། །ཉན་དང་ཀློག་ལ་བརྩོན་པ་དང་། །རྟག་ཏུ་བླ་མ་གུས་འདོད་དང་། །སྦྱིན་པ་ལ་སོགས་དགེ་ལ་དགའ། །དེ་བཞིན་ འདོད་ལ་མི་དགའ་བ། །ལོངས་སྤྱོད་ལ་ནི་མི་གནས་པ། །ང་རྒྱལ་ཁྲོ་བ་མེད་པ་གཟུང་། །གང་ཞིག་ཚུལ་ཁྲིམས་འཆལ་བ་དང་། །སློབ་དཔོན་དང་ནི་རྒན་པའི་ལྷ། །སེམས་ཅན་ཀུན་ལ་སྨོད་པ་དང་། །ངན་པའི་བདག་ཉིད་གདུག་སེམས་དང་། །རྟག་ཏུ་སྡིག་པའི་བློ་ངན་དང་། །ཚིག་ རྐྱལ་ངག་རྩུབ་སྨྲ་བ་རྣམས། །འདི་དག་འདྲ་བ་སྤང་བར་བྱ། །གལ་ཏེ་བདེ་གཤེགས་དགོངས་པ་ནི། །སྒྲུབ་པ་དོན་གཉེར་བརྩོན་ལྡན་ན། །གཟུགས་ངན་ཡོན་ཏན་མེད་པ་འམ། །དམན་པ་འམ་ལྷག་གནས་བྱ་བར་རིགས། །སྟོན་པས་དེ་ལ་འདི་སྐད་བརྗོད། །ཚེ་ འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །དེ་ཕྱིར་འབྲས་བུ་མཆོག་འདོད་བྱ། །དེ་སྐད་བརྗོད་ནས་སློབ་མ་དེ། །རྟག་པར་བསམས་ ལ་གསོལ་བ་གདབ། །དགའ་ཆེན་ཁྱོད་བདག་སྟོན་པ་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་སྐད་ལན་གསུམ་བརྗོད་པར་བྱ། །དེ་ནས་དཔའ་བོས་སློབ་མ་ཡི། །ཡོན་ཏན་དམིགས་བྱས་ཚིག་འདི་བརྗོད། །ཁྱོད་ནི་ཚུལ་ ཆེན་སྣོད་ཡིན་ཏེ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །