Jump to content

Page:བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ།.pdf/426

From Wikisource
This page has been proofread.
༄༅། །སྡུག་བསྔལ་བདག་གིར་འགྱུར་བ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་བདག་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། བདག་མེད་པ་ལ་གང་གི་ཡང་བདག་ལ་སོགས་པའི་རིགས་པ་པོ་མེད་པས་བདག་པོ་མེད་པའི་ཚོགས་འདི་ལ་གཅིག་རྗེས་

སུ་འགྲོ་བ་མེད་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་འདི་ལ་སྒྱུ་མའི་རང་བཞིན་དང་འདྲ་བ། དམིགས་པའི་སྤྱོད་ཡུལ་དུ་ཉེ་བར་གྱུར་པ་ཉིད་མིག་འཕྲུལ་བཞིན་དུ་མཐོང་བ་ན། རྨད་དུ་འབྱུང་བ་སྨྲ་བ་ནི། འདི་ཅི་སྟེ་གནོད་པར་བྱ་ཞེས་ཏེ། འདིས་ཇི་ལྟར་བརྗོད་པའི་རིམ་པས་མྱོང་བ་པོ་ འགའ་ཡང་མེད་པ་དང་། ཚོར་བ་ཡང་འགའ་ཡང་མེད་ན། དོན་དམ་པར་ཚོར་བ་འདིས་གང་ལ་གནོད་པར་བྱ་སྟེ། སྡུག་བསྔལ་བར་བྱ་ལ། རྣམ་པར་དཔྱད་ན་ཅུང་ཟད་ཀྱང་མ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཉིད་ཀྱིས་བདེ་བ་ལ་སོགས་པའི་སྒྲུབ་པར་ བྱེད་པར་ཞེན་པ་ཡིན་ནོ། །དེ་ལྟར་ན་འདི་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་བསྟན་པ་ཡིན་ནོ། །ད་ནི་སེམས་དྲན་པ་ཉེ་བར་གཞག་པ་བསྟན་པའི་ཕྱིར། ཡིད་ནི་དབང་རྣམས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་དྲུག་པོའི་མཐའ་ཡིད་ཀྱི་རྣམ་པར་ཤེས་པ་ལ་རྟོག་པར་མཛད་ པ་ཡིན་ཏེ། འདི་ལྟར་ཡང་གང་ན་ཡིད་ཀྱི་རྣམ་པར་ཤེས་པ་འདི་ཉེ་བར་གནས་པར་འགྱུར་ཏེ། དེ་ལ་རེ་ཞིག་དབང་པོ་རྣམས་ཏེ། མིག་ལ་སོགས་པ་རྣམས་ལ་ཡིད་གནས་ཤིང་། ཉེ་བར་གནས་པར་འགྱུར་བ་མ་ཡིན་ནོ། །གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ཡིད་ཉེ་བར་ གནས་པ་མ་ཡིན་ལ། བར་ནའང་མ་ཡིན་ཏེ་དབང་པོ་དང་ཡུལ་གྱི་བར་ཏེ། དབུས་ན་ཡང་གནས་པ་མ་ཡིན་ཏེ། གཅིག་ཏུ་ཡང་ངེས་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ནང་ཡང་སེམས་མིན་ཕྱི་མིན་ཞིང་། །ཞེས་ཏེ། ནང་སྟེ་ལུས་ཀྱི་དབུས་ན་སེམས་མ་ཡིན་ཞིང་།

ཕྱི་མིན་ཏེ་ཕྱི་རོལ་གྱི་ལུས་ཀྱི་ཡན་ལག་རྣམས་ལ་ཡང་སེམས་རྙེད་པ་མ་ཡིན་ནོ། །གཞན་དུ་ཡང་ནི་རྙེད་མ་ཡིན། །ཞེས་བརྗོད་མ་ཐག་པའི་གནས་རྣམས་ལས་ཡུལ་གཞན་འགའ་ཞིག་ཏུ་ཡང་མ་ཡིན་ནོ། །གང་དུ་མ་རྙེད་པ་ན། རྣམ་པར་བརྟགས་པ་ཐོབ་པ་མ་ཡིན་ནོ། །