Jump to content

Page:བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ།.pdf/388

From Wikisource
This page has been proofread.
༄༅། །ཡང་རྒྱུན་ཅིག་ཅེས་པས་ཐ་སྙད་ཇི་ལྟ་བ་བཞིན་དུ་མ་བརྟགས་པའི་ངོ་བོར་བསྟན་པ་ཉིད་དེ། རྒྱུད་ཀྱི་ཚིགས་གིས་ནི་རྐྱེན་འདི་པ་ཙམ་ཁས་བླངས་པའི་ཕྱིར་རོ། །གཞན་དུ་རྒྱུད་ཉིད་མེད་པར་འགྱུར་རོ། །དེས་ན་དངོས་པོ་ལ་གྲུབ་པའི་རྒྱུ་དང་འབྲས་བུའི་དངོས་པོ་ལ་ཡོད་

པའི་སྐྱོན་གྱིས་གོས་པ་མ་ཡིན་ནོ། །འདི་ཉིད་སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་གསུངས་པ་ཡིན་ཏེ། ཐམས་ཅད་ནུས་པ་མེད་ཅེ་ན། །ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་དེ་ཀུན་རྫོབ། །འདོད་ན་ཇི་ལྟར་དེ་ལྟར་འགྱུར། །ཞེས་གསུངས་སོ། །རྒྱུ་དང་འབྲས་བུའི་དངོས་པོ་ སོ་སོར་ངེས་པ་ཉིད་ཀྱིས་དྲན་པ་མེད་པ་ཡང་སྤངས་པ་ཡིན་ནོ། །གཅིག་རྗེས་སུ་འགྲོ་བའི་བདག་ནི་ཡོད་པ་མ་ཡིན་པའི་ཕྱིར་དྲན་པ་པོ་འགའ་ཞིག་ཀྱང་འདིར་ཡོད་པ་མ་ཡིན་ཏེ། འོན་ཀྱང་སྒྲོ་བཏགས་པའི་དབང་གིས་དྲན་པ་འབའ་ཞིག་ཙམ་ཡིན་ནོ། །དངོས་པོའི་ཡུལ་དྲན་པར་བྱ་བ་ཡང་འདིར་དྲན་པ་པོ་ མེད་ན་ཡང་ཉམས་པར་འགྱུར་བ་མ་ཡིན་ནོ། །ཉམས་སུ་མྱོང་བའི་དངོས་པོ་ལ་རྣམ་པར་ཤེས་པའི་རྒྱུད་ལ་དྲན་པའི་ས་བོན་གཞག་པ་ལས་དུས་ཕྱིས་ཏེ་ཡོངས་སུ་སྨིན་པའི་རྒྱུ་ལས་དྲན་ཞེས་བྱ་བའི་འབྲས་བུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ངོ་ཤེས་པ་ལ་སོགས་པ་ཡང་བལྟ་བར་བྱའོ། །དེ་ལྟར་ ན་ཤིན་ཏུ་མངས་པས་འཇིགས་པས་སོ་སོར་འདིར་བརྗོད་པ་མ་ཡིན་ནོ། །དེ་བསྒྲུབས་པ་ནི་གཞན་དུ་རྒྱས་པར་བཤད་པས་དེར་གོ་བར་བྱའོ། །འདི་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ལས་བརྩམས་ཏེ་བསྒྲུབ་པ་ཡིན་ནོ། །དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་པའི་ཕྱིར་ དང་། རྣམ་པར་རྟོག་པ་ཐམས་ཅད་རྒྱུན་ཆད་པའི་ཕྱིར་ཅུང་ཟད་ཀྱང་སྐྱེ་བ་དང་། འགག་པ་དང་། རྒྱུ་དང་འབྲས་བུ་བདག་དང་བཅས་པ་དང་། བདག་མེད་པ་ཡོད་པ་མ་ཡིན་ནོ། །རྣམ་པར་དཔྱད་པ་ན་ལས་དང་འབྲས་བུ་ཡོད་པ་མ་ཡིན་ལ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་ཅུང་ཟད་ཀྱང་ཡོད་

པ་མ་ཡིན་ཏེ་རྟོག་པས་སྤྲུལ་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ཐམས་ཅད་གཟུགས་བརྙན་དང་མཚུངས་པ་ཡིན་ཏེ། རང་བཞིན་མེད་པ་སྐྱེ་ཞིང་འགག་པ་དང་། རྒྱུ་དང་འབྲས་བུ་དང་། བདག་དང་བཅས་པ་དང་། བདག་མེད་པ་དང་། རྟག་པ་དང་མི་རྟག་པར་བརྗོད་དོ། །རྨི་ལམ་བཞིན་དུ་ལས་དང་།