Jump to content

Page:བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ།.pdf/165

From Wikisource
This page has been proofread.
ཡང་མི་བདེ་བ་མི་མངའོ་སྙམ་དུ་དགོངས་པའོ། །དེ་བས་ན་སྐུ་གཟུགས་ལ་སོགས་པ་འཇིག་པར་བྱེད་པ་རྣམས་ལ་ཞེ་སྡང་གི་སེམས་བསྐྱེད་པར་མི་བྱའོ། །དེའི་ཚེ་འགལ་བའི་ཆོས་བྱེད་པ་དེ་དག་ལ་དམ་པ་རྣམས་ཀྱིས་སྙིང་བརྩེ་བ་ཉིད་དུ་རིགས་སོ། །གཞན་དུ་ན་དེ་ཁྱད་པར་མེད་

པའི་ཕྱིར་སྡིག་པ་འབའ་ཞིག་སྐྱེ་བར་འགྱུར་རོ། །གལ་ཏེ་ཆོས་ཀྱིས་བཟློག་པར་ནུས་ན་དེའི་ཚེ་ཉེས་པ་མེད་དེ། གང་ལ་ཆོས་འདོད་པས་བླ་མ་དང་ཕ་མ་ལ་སོགས་པ་ལ་གནོད་པ་བྱེད་པ་རྣམས་ལ་ཞེ་སྡང་གི་སེམས་སྐྱེ་བ་དེ་ཡང་བཟློག་པར་བྱའོ་ཞེས་གསུངས་པ། བླ་མ་གཉེན་ལ་ ཞེས་བྱ་བ་ལ་སོགས་པ་ལ། བླ་མ་ནི་ཆོས་ཀྱི་ལམ་སྟོན་པར་བྱེད་ཅིང་མི་དགེ་བའི་ཕྱོགས་ལས་ལོག་པར་བྱེད་པའོ། །གཉེན་ནི་མ་ལྟོ་གཅིག་པ་དང་། གཉེན་འདབ་དང་། རུས་ཆགས་དང་། གཉེན་འདུན་ལ་སོགས་པ་གཞན་དག་ཀྱང་སྟེ། དེ་དག་ལ་གནོད་པ་བྱེད་པ་ དང་། དེ་བཞིན་དུ་བཤེས་ལ་སྟེ་ཕོངས་པའི་གནས་རྣམས་ལ་གནོད་པ་བྱེད་པ་རྣམས་ལ་ཡང་ཁྲོ་བ་བཟློག་པར་བྱའོ་ཞེས་སྦྱར་རོ། །ཇི་ལྟར་ཞེ་ན། སྔ་མའི་ཚུལ་དུ་རྐྱེན་དག་ལས་འབྱུང་བ་མཐོང་ནས་གང་། ཉེས་པ་ཇི་སྙེད་ཐམས་ཅད་དང་། །སྡིག་པ་རྣམ་པ་སྣ་ཚོགས་པ། །ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། དེ་བས་ན་འདི་དག་ཐམས་ཅད་ཀྱང་སྔར་གྱི་ལས་ཀྱིས་བསྐྱེད་པའི་འབྲས་བུ་ལོངས་སྤྱོད་དེ། འདི་ལ་འགའ་ཡང་བཅོས་པའི་རྒྱུ་ཡོད་པ་མ་ཡིན་ནོ། །དེ་བས་ན་འདིས་ནི་ཇི་སྐད་དུ་གཞན་གྱི་གཞུང་ལུགས་ལས་ལྷ་དང་མི་དང་བྲམ་ཟེ་དང་ཕ་དང་མ་ལ་ སོགས་པའི་དོན་དུ་སྡིག་བྱས་ཀྱང་ཉེས་པ་མེད་དོ་ཞེས་འདོད་པ་དེ་ལྟར་འདིར་མངོན་པར་འདོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་དངོས་པོའི་དེ་ཁོ་ན་ཉིད་འདི་ཡང་ཡིད་ལ་བྱེད་པས་སེམས་ཅན་རྣམས་ལ་ཁྲོ་བར་མི་བྱའོ་ཞེས་གསུངས་པ། ལུས་ཅན་ཞེས་བྱ་བ་ལ་

སོགས་པ་ལ། འབྲས་བུ་མཐའ་དག་གིས་སྐྱེད་པར་བྱེད་པ་པོ་ཉིད་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཚོགས་པའི་མཚན་ཉིད་ནི་རྒྱུ་ཡིན་པར་ངེས་པར་བཟུང་སྟེ་ཚོགས་པ་དེ་ཡང་དངོས་པོའི་ཆོས་ཡིན་པའི་ཕྱིར་འགའ་ཞིག་ཏུ་ནུས་པ་ཡོད་པའི་རང་བཞིན་ཡིན་ནོ། །དེ་ལ་