Jump to content

Page:བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ།.pdf/164

From Wikisource
This page has been proofread.
༄༅། །འཛིན་པར་བྱེད་པ་སྟེ། རང་སེམས་མ་དང་བས་དེ་དག་ཀྱང་སེམས་མ་དང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེས་ན་མི་སྙན་པ་སྨྲ་བ་ལ་ཁྲོ་བ་ཡིན་ནོ་ཞེས་བརྗོད་ན་དེའི་ཚེ་གཞན་ལ་སྟེ། སེམས་ཅན་ཕ་རོལ་པོ་ལ་མི་སྙན་པ་བརྗོད་པ་གང་ཡིན་པ་དེ་ལ་ཡང་

ཅི་སྟེ་ཁྲོ་བའང་མི་བྱེད། མི་སྙན་པ་སྨྲ་བ་དེ་ཡང་སེམས་ཅན་ཉམས་པར་བྱེད་པ་ཡིན་ཏེ། དེ་བས་ན་འདི་ལ་ཡང་ཁྲོ་བའི་ཚུལ་རིགས་པ་ཡིན་ནོ། །འདིར་ལེན་ཏེ་དོགས་པ་མ་དད་ཅེས་བྱ་བ་ལ་སོགས་པ་གསུངས་པ། གཞན་ཏེ་སེམས་ཅན་ཕ་རོལ་ལ་མ་དད་པ་རག་ལས་ཤིང་བརྟེན་ པ་སྟེ། སེམས་ཅན་གཞན་ཡུལ་དུ་བྱས་པ་ལས་བྱུང་བ་ཡིན་ནོ། །དེའི་དངོས་པོ་ནི་དེ་ཉིད་དེ། དེ་བས་ན་མ་དད་པ་གཞན་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དད་པ་མེད་པ་ནི་སེམས་མ་དད་པ་དང་མི་སྙན་པ་སྨྲ་བ་ལའོ། །ཁྱོད་བཟོད་ན་ནི་བཟོད་པ་སྐྱེ་ནའོ་ཞེས་རང་གི་སེམས་ཉིད་ལ་ འདྲི་བའོ། །འདིར་གསུངས་པ། ཉོན་མོངས་སྐྱེ་ལ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཁྱོད་མ་དད་པ་གཞན་ལ་རག་ལས་པ་གང་ཡིན་པ་དེ་ལ་བཟོད་པ་ཡིན་ན། དེའི་ཚེ་རང་ལ་མི་སྙན་སྨྲ་ལ་ཅིས་མི་བཟོད། ཅིའི་ཚུལ་གྱིས་སོ། །ཉོན་མོངས་སྐྱེས་ལ་རག་ལས་པའི་ ཉོན་མོངས་པ་རྣམས་ཀྱི་སྐྱེས་པ་ནི་གཞན་གྱི་དབང་ཡིན་ཏེ། མ་དད་གཞན་ལ་རག་ལས་པ་ཉིད་ལ་བཟོད་པའི་རྒྱུས་འདིར་གཉི་གར་མཚུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐུ་གཟུགས་ལ་སོགས་པ་འཇིག་པར་བྱེད་པ་རྣམས་ལ་ནི་དད་པའི་དབང་གིས་ཀྱང་ཁོང་ཁྲོའི་སེམས་བསྐྱེད་ པར་མི་བྱའོ་ཞེས་གསུངས་པ། སྐུ་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་པར་བྱེད་པ་ནི་རྣམ་པར་འཁྲུག་པར་བྱེད་པའོ། །འཁྱལ་བ་ནི་སྐྱོན་གྱི་བློས་ཚུལ་དང་མི་མཐུན་པར་སྨྲ་བའོ། །དེ་རྣམས་ལ་བདག་གི་ཞེ་སྡང་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་

སངས་རྒྱས་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ལ་ལོག་པར་མངོན་པར་ཞེན་པ་ལས་བྱུང་བའི་བདག་ཏུ་འཛིན་པ་ལ་ལོག་ཅིང་ཆགས་པ་མེད་པའི་ཕྱིར་གནོད་པ་ནི་མི་མངའ་སྟེ། སེམས་གཟིར་བའི་མཚན་ཉིད་