དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བདག་གིས་སྤང་བར་མི་བྱ་བ་དང་། ཐ་ན་མགལ་དུམ་ལ་ཡང་ཁོང་ཁྲོ་བསྐྱེད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་བདག་ཉིད་སླར་ཉམས་པར་འགྱུར་རོ། །དེ་ལྟ་བས་ན་ད་ནི་སླར་ འཆོས་པའི་ཐབས་མེད་པས་ཉོན་མོངས་རེ་སྡུག་བསྲུང་བར་མི་ནུས་པའི་ཕྱིར་བརླག་པར་འགྱུར་ཏེ། ངན་འགྲོར་ལྟུང་བར་འགྱུར་བ་ཡིན་པས་ད་ལྟ་རེ་ཞིག་བཏང་སྙོམས་སུ་བྱས་ལ་ཕྱིན་ནས་ཐབས་ལ་བརྟེན་ཏེ་ཇི་ནས་འདི་དག་ལ་སྡུག་བསྔལ་རྡུལ་ཙམ་ཡང་མེད་པར་འགྱུར་བ་དེ་བྱའོ། ། དེ་ལྟར་གཞན་གྱིས་གནོད་པ་བྱས་པ་ལ་ཇི་མི་སྙམ་པའི་བཟོད་པ་བསྟན་ནས། ད་ནི་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཉེ་བར་བསྟན་པའི་ཕྱིར། ཡིད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་བརྟགས་ན་གནོད་པ་སྐྱེ་བའི་སྡུག་བསྔལ་རྣམ་པ་གཉིས་ཏེ། ལུས་ཀྱི་ དང་། སེམས་ཀྱིའོ། །དེ་ལ་ཡིད་ལ་ནི་སུས་ཀྱང་དབྱིག་པས་བརྡེག་པ་ལ་སོགས་པ་བྱར་མི་ནུས་ཏེ། ཡིད་ནི་ལུས་ཅན་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེ་ལས་བྱུང་བའི་སྡུག་བསྔལ་དོན་དམ་པར་མེད་དོ། །རྟོག་པ་ལས་བྱས་པའི་ཡིད་མི་བདེ་བ་ཡོད་དེ། དེ་ཉིད་བསྟན་པ་ ལུས་ལ་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་ལུས་འདི་སྙམ་དུ་རྣམ་པར་རྟོག་པ་གོམས་པའི་དབང་གིས་སྡུག་བསྔལ་དག་གིས་ནོན་ཏེ། དེ་ལ་ཡང་སྡུག་བསྔལ་གྱི་རྒྱུ་ངེས་པ་ཉིད་ཡིན་ནོ་ཞེས། བརྙས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བརྙས་པ་ལ་སོགས་པའི་
ཚོགས་པ་ནི་ལུས་ཀྱི་སྡུག་བསྔལ་གྱི་རྒྱུ་མ་ཡིན་ཏེ། གང་གི་ཕྱིར་འདི་ནི་ལུས་ལ་ཅུང་ཟད་ཀྱང་གནོད་པ་བྱེད་པར་མིན་པ་དེའི་ཕྱིར་ན་སེམས་ཁྱོད་རྒྱུ་ཅིའི་ཕྱིར་ཁྲོ་བར་བྱེད། འོན་ཏེ་གལ་ཏེ་བརྙས་པ་ལ་སོགས་པ་ལ་ལུས་ལ་གནོད་པར་བྱེད་པ་མ་ཡིན་མོད་ཀྱི། དེ་ཐོས་པས་ཀྱང་བདག་Page:བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ།.pdf/160
Appearance