Jump to content

Page:བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ།.pdf/159

From Wikisource
This page has been proofread.
བདག་གིས་སྡིག་པ་ཚེ་རབས་སྔ་མ་ལ་བྱས་པ་སྟེ། གཞན་ལ་གནོད་པ་བྱས་པ་ལས་བྱུང་བའོ། །མང་བ་ནི་རྣམ་གྲངས་དུ་མས་བྱས་པའོ། །འབྱུང་སྟེ་སྡུག་བསྔལ་དེ་ཉམས་སུ་མྱོང་བ་རྣམ་པར་སྨིན་པས་ཟད་པར་འགྱུར་རོ། །བདག་ལ་བརྟེན་ནས་ནི་བདག་གི་ལས་

ཀྱིས་བསྐུལ་བ་སྟེ་དེ་ལྟར་བདག་ལ་གནོད་པ་བྱས་ནས་ཡང་འདི་དག་ནི་དམྱལ་བའི་ཚོར་བ་མི་བཟད་པ་བསྟན་པར་དཀའ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་དོང་ངོ་། །དེའི་ཕྱིར་བསྟན་པའི་རིམ་པས། བདག་ནི་དེ་ལ་གནོད་བྱེད་ལ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། ། གལ་ཏེ་ཁྱོད་གནོད་པ་བྱེད་པ་མ་ཡིན་ནམ། དེ་ལྟ་ན་ནི་ཁྱོད་སེམས་ཅན་དམྱལ་བར་འགྲོ་བར་རིགས་ལ་དེ་དག་ནི་མ་ཡིན་ནོ་ཞེ་ན། བདག་ལ་བསམས་པའི་ཡོན་ཏན་གྱིས། །ཞེས་གསུངས་པ་ཡིན་ཏེ། སླར་གནོད་པ་བྱེད་པ་ལས་ལོག་པའི་མཐར་ཐུག་པ་དེ་དག་ནི་བདག་ གི་བསམ་པའི་ཆེ་བའི་བདག་ཉིད་ཡིན་ཏེ། དམྱལ་བར་འགྲོ་བ་ལས་ལོག་པའི་རྒྱུ་ཡིན་ནོ། །དམྱལ་བར་མི་འགྲོ་བ་གང་ཡིན་པ་དེ་ནི་བདག་གི་བསམ་པའི་ཆེ་བའི་བདག་ཉིད་ཀྱི་སྟོབས་ཀྱིས་ཡིན་ལ། འདི་དག་ནི་བསམ་པ་ངན་པའི་ཕྱིར་བདག་དམྱལ་བར་མ་ལྷུང་བ་ནི་མ་ཡིན་ནོ་ སྙམ་དུ་དགོངས་པའོ། །དེ་ལྟར་ན་ཡང་། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། གལ་ཏེ་བདག་ཉིད་གནོད་པ་བྱེད་པ་ཡིན་ཡང་ཐབས་ལ་མཁས་པ་འགའ་ཞིག་གིས་གལ་ཏེ་སེམས་ཅན་དམྱལ་བར་མི་འགྲོ་ཡང་དེའི་ཚེ་ ཕན་འདོགས་པར་བྱེད་པ་དེ་དག་ལ་ཅི་ཞིག་འབྱུང་སྟེ་ཅི་ཞིག་ཟད་ཅི་ཞིག་ཉམས་ཞེས་བྱ་བའི་དོན་ཏོ། །རེ་ཞིག་བདག་ཉིད་གཅིག་པུས་ཁྱེད་ཅག་གཞན་ནི་མ་བསྲུངས་ལ། བདག་ཉིད་ནི་བསྲུང་བ་ཡིན་ཏེ། དེ་དག་གིས་དེ་དག་གི་ཡོན་ཏན་དང་སྐྱོན་ལ་ཅུང་ཟད་

ཀྱང་ལྷག་པའམ་མ་ཚང་བར་འགྱུར་བ་མེད་དོ། །གལ་ཏེ་དེ་ལྟ་ན་ཡང་ཁྱོད་ཀྱི་བདག་ཉིད་བསྲུང་བ་ཡང་མི་རིགས་པ་ཡིན་ཏེ་ཕན་འདོགས་པ་བྱས་པ་ཤེས་པའི་ཕྱིར་རོ་ཞེས་དོགས་པ་ལ། འོན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱིས་པ་ལ་སོགས་པ་