གསུངས་ཏེ། རལ་གྲི་ལོ་མའི་ནགས་ཚལ་ནི་སེམས་ཅན་དམྱལ་བ་འབྱུང་བ་སྟེ། འདི་ལ་རལ་གྲི་ལོ་མ་ཡོད་པས་ན་སྟེ་དེའི་ཕྱིར་རོ། །རལ་གྲི་སྨོས་པ་ནི་གཙོ་བོའི་ཕྱིར་ཏེ། སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་རྒྱུའི་འཁྲུལ་འཁོར་དང་མཚོན་ཆ་གཞན་དག་ཀྱང་ བཟུང་ངོ་། །ནགས་ཚལ་དེ་ན་གནས་པའི་བྱ་རྒོད་དང་འུག་པ་དང་ཁྭ་ལ་སོགས་པའི་བྱ་རྣམས་ཇི་ལྟ་བ་བཞིན་དུ་རང་གི་ལས་ཀྱིས་བསྐྱེད་པ་སྡུག་བསྔལ་གྱི་རྒྱུར་གྱུར་པ་སྟེ། སྡུག་བསྔལ་གྱི་རྒྱུ་གཞན་ཡོད་པ་མ་ཡིན་པ་དེ་བཞིན་དུ་གཞན་གྱི་མཚོན་ཆ་ལ་སོགས་པ་འདི་ཡང་ སྡུག་བསྔལ་གྱི་རྒྱུ་ཡང་ཡིན་ནོ། །རང་གི་ལས་ཀྱིས་འདི་བསྐྱེད་པ་ཡིན་པས་གང་ཞིག་ལ་ཁྲོ་བར་བྱ། འདི་ལྟར་ཡང་འདི་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། བདག་གི་ལས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་བདག་གི་ལས་ཀྱིས་ བསྐུལ་བྱས་ནས་ཏེ། སྦད་ནས་བདག་ལ་གནོད་པ་བྱས་པས་གནོད་པ་བྱེད་པ་རྣམས་བྱུང་སྟེ་ཡོད་པ་སེམས་ཅན་དམྱལ་བར་དོང་ནས་དེའི་ཕྱིར་བདག་གིས་འདི་དག་ལ་གནོད་པ་བྱས་ཏེ་མ་བརླག་གམ་ཞེས་རང་གི་སེམས་ལ་འབད་པར་བྱེད་པ་ཡིན་ཏེ། ང་ནི་འདི་དག་གིས་མ་བརླག་གོ། ། དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་བདག་གིས་འདི་འདྲ་བའི་ལས་མ་བྱས་ན་དེའི་ཚེ་དེ་དག་ཀྱང་གནོད་པ་བྱེད་པར་མི་འགྱུར་བས་དེ་བས་ན་བདག་གིས་བྱས་པའི་ལས་ཉིད་གནོད་པ་བྱེད་པ་ཡིན། བདག་གི་བློ་ནི་ཕན་འདོགས་པ་རྣམས་ལ་རྨོངས་པའི་དབང་གིས་གནོད་པ་བྱེད་པར་
འཛིན་པའོ་ཞེས་ཚིག་ལེའུར་བྱས་པ་གཉིས་ཀྱིས་བསྟན་པ། འདི་དག་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདི་དག་ལ་ནི་གནོད་པ་བྱེད་པའོ། །བརྟེན་བཅས་ནས་ནི་རྒྱུ་མཚན་དུ་བྱས་ནས་ཏེ། བཟོད་པས་ནི་བཟོད་པ་ལ་དམིགས་པས་སོ། །Page:བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ།.pdf/158
Appearance