Jump to content

Page:བདེ་བ་ཆེན་པོའི་བདུད་རྩིའི་འོད་ཅེས་བྱ་བ།.pdf/2

From Wikisource
This page has been proofread.

སྐུ་ཞེས་བཤད། །ལོངས་སྤྱོད་རྫོགས་པའི་སྐུ་བཅུ་དྲུག །མགྲིན་པའི་གནས་སུ་ཡང་དག་སྐྱེས། །དེ་ཡི་རི་བོང་འཛིན་པར་ཨོཾ། །ཡ་ཝ་ར་ལ་ཡི་གེ་རྣམས། །ཤར་ནས་བྱང་དུ་རིམ་བཞིན་ནོ། །རྟོགས་ཡུལ་བཅུ་རླུང་གཉིས་ཀྱི་གནས། །འབྱུང་བཞིའི་རྟགས་ནི་འཛིན་པར་བཤད། །ས་བོན་ཟླ་བ་ རྒྱས་འདྲ་བ། །བདེ་བ་ཆེན་པོའི་གནས་སུ་འཁྱིལ། །སུམ་ཅུ་རྩ་གཉིས་རང་བཞིན་གནས། །དེ་ཡི་གནས་ན་ཨཱ་ལི་གཉིས། །གཡས་དང་གཡོན་གཉིས་མགོ་དང་མཇུག །གཅིག་ཏུ་ཕྲད་པས་བརྒྱན་པ་ཡིན། །དེ་དབུས་ཧཾ་ལས་སྲ་མ་ན། །ལོངས་སྤྱོད་མཁྱེན་ལ་བདེ་ཆེན་ཐུར། །ཐབས་ དང་ཤེས་རབ་ཚུལ་དུ་གནས། །ཆོས་དང་སྤྲུལ་པའང་དེ་བཞིན་ནོ། །ཀུན་གྱི་དབུས་ནས་རི་བོང་འཛིན། །འཁོར་ལོ་ཡི་གེ་ཁ་དོག་དཀར། །ཡཾ་ལས་འབྱུང་བ་རླུང་དཀྱིལ་འཁོར། །ཧ་གཉིས་གནས་སུ་བསམ་པར་བྱ། །དེ་སྟེང་རཾ་བྱུང་གྲུ་གསུམ་མེ། །རང་གི་གནས་སུ་བསམ་པར་བྱ། །དེ་ ལྟར་རང་བཞིན་ཀུན་ཤེས་ནས། །ཡེ་ཤེས་ཆེན་པོའི་བྱིན་རླབས་ལས། །རླུང་གིས་མེ་བུས་བཅུ་དྲུག་འབར། །དེ་ཉིད་ཡེ་ཤེས་མེ་ཞེས་བྱ། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །ཀུན་གྱི་ལུས་བསྲེགས་མགོ་ གཅིག་བསམས། །ལོངས་སྤྱོད་གསུམ་སྐར་འབྱུང་བཞིའོ། །བསྲེགས་ནས་གཡས་འབྱུང་སངས་རྒྱས་དང་། །སེམས་ཅན་ཀུན་བསྲེགས་དབུ་མ་གཡོན། །ཐིམ་སྟེ་བདེ་ཆེན་གཡོན་ནས་བསྐོར། །བསྲེགས་ནས་རྣ་བ་གཡས་སུ་འདུ། །མཁའ་འགྲོ་མ་ཀུན་བསྲེགས་གཅིག་བྱེད། ། ཨ་བ་དྷཱུ་ཏཱིའི་གནས་ནས་བྱུང་། །སངས་རྒྱས་སེམས་ཅན་གཉིས་མེད་བསྲེགས། །སྟེང་གི་ཞབས་སུ་སྲ་མ་ན། །བདེ་བ་ཆེན་པོའི་ལུས་ཀྱང་སྐྱེས། །ཧཾ་དཀར་ལས་བྱུང་སེར་པོ་དཀར། །ལུས་སྐྱེས་མི་ལ་ཡེ་ཤེས་བསྐྱེད། །དེ་རུ་མ་ནུས་ཆུ་ཡི་རྩ། །གཡོན་གྱི་རྩ་ནས་སྤྲུལ་པ་རུ། །དེར་ནི་ཡང་ དག་རབ་ཏུ་གཟུང་། །དེ་རུ་མི་གནས་སམ་པོ་ཀ །རྩ་བའི་རྡོ་རྗེ་ལམ་ནས་འགྲོ། །སམ་པོ་ཀ་ནས་ཆོས་སྐུའོ། །ལུས་རྣམས་ཡང་དག་སྐྱེ་བར་འགྱུར། །སྐྱེས་ནས་བསྐལ་པའི་བར་དུ་གནས། །ཆོས་ཀྱི་གནས་སུ་མ་སྐྱེས་ན། །ནིར་མ་ཀ་ཡི་གནས་སུ་བསམ། །ཡང་དང་ཡང་དུ་འདི་བཞིན་བྱ། །