Jump to content

Page:དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ།.pdf/2

From Wikisource
This page has been proofread.

མེད་ཅིང་བྲལ་བ་ཉམས་སུ་མྱོང་། །སྲིད་དང་སྲིད་པ་མ་ཡིན་གཉིས་ཀྱི་འབེན་ལ་མདའ། །གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་སྐྱབས་སུ་གྱུར། །དགའ་བྲལ་དང་པོའི་བདུད་རྩིའི་བཏུང་བ་བདག་ལ་དགྱེས། །དགྱེས་ཤིང་ངེས་ལ་དུལ་བའི་ཡན་ལག་བརྒྱ་ཕྲག་གིས། །སེམས་ཅན་བརྒྱ་ཕྲག་ཚོགས་རྣམས་ཡོངས་ སུ་སྨིན་པ་དག །རྩི་མཛད་གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་ནོ། །བདུད་སྡེ་ལ་སོགས་རྣམས་ཀྱི་ཁ་ལ་རོ་མེད་མཛད། །ཁ་ཡི་ཆུ་སྐྱེས་དག་ནི་དགྲ་ཡིས་གང་བ་འཇོམས། །སྐྱེ་མཆེད་འདར་བའི་ཕས་རྒོལ་རི་ཡི་དབང་པོ་འཁྲུ། །ཁྲུས་མཛད་ནགས་ཀྱི་རིན་ཆེན་གནས་བརྟན་ཆེན་པོའོ། །དཔལ་ལྡན་བླ་མ་ནགས་ ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ་འདི་ནི་རྫོགས་སོ།། །།ཡུལ་མ་ག་དྷཱ་ནས་བྱུང་བའི་དགེ་བསྙེན་དམ་པ་ཉི་མ་པ་ཞེས་བྱ་བས་མཛད་པའོ། །འདི་ནི་སྤྱན་མངའ་ཆོས་ཀྱི་རྒྱལ་པོས་གསེར་གྱི་མེ་ཏོག་དང་བཅས་པའི་བཀའ་ལུང་གིས། རྩེ་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་བསྒྱུར་བའོ།། །།