བཏང་སྙོམས་སྣ་ཚོགས་རྡོ་རྗེས་མཛེས། །འཁོར་ལོའི་གཟུགས་ནི་མི་བསྐྱོད་པ། །རྣ་ཆ་དག་ལ་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་གཙོ། །ཡན་ལག་ཀུན་བཀོད་རྣམ་སྣང་མཛད། །འོད་དཔག་ལ་ནི་དོན་ཡོད་གྲུབ། །ཡན་ལག་ཀུན་ཐུགས་རྡོ་རྗེ་འཛིན། །ཞལ་བརྒྱད་ རྣམ་པར་ཐར་པ་བརྒྱད། །སྐུ་གསུམ་དཀར་དམར་གནག་པའི་ཞལ། །ཕྱག་རྣམས་སྟོང་པ་བཅུ་དྲུག་སྟེ། །ནད་རྣམས་འཇོམས་པས་གླང་པོ་སོགས། །དངོས་གྲུབ་མྱུར་བས་ལྷ་མོ་སོགས། །རུས་པའི་རྒྱན་ཡང་བདེན་པ་བཞི། །སྟག་གི་པགས་པ་བྱང་ཆུབ་བདུན། །བསྡུ་བ་ བཞི་ནི་ཞབས་བཞི་ཡིན། །སྐྱེ་རྒ་བཅོམ་པས་བདུད་བཞི་མནན། །བདག་མེད་ཆོས་སྐུ་རྣམ་དག་ཉིད། །ཕུང་པོ་དག་པས་གཽ་རཱི་སོགས། །ཡེ་ཤེས་དག་པས་ཁ་དོག་བཞི། །གྲི་གུག་སོགས་ཀྱིས་བདུད་བཞི་བྱེད། །ཚད་མེད་གོམས་པས་ཁམས་བཞི་ལ། །པུཀྐ་སཱི་ སོགས་ལྷ་མོ་བཞི། །མདོག་དང་ཕྱག་མཚན་དེ་བཞིན་ནོ། །ཉིན་མོ་བཅོམ་ལྡན་ཐབས་སུ་གནས། །མཚན་མོ་ཤེས་རབ་སྟོང་པ་ཉིད། །འགྲོ་བའི་གར་དང་ཕྱག་རྒྱ་བསྐྱོད། །བརྗོད་པས་ཐམས་ཅད་སྔགས་ཡིན་ནོ། །ཁྲུས་བྱེད་དབང་བསྐུར་བསམ་གཏན་དང་། །ཉལ་བ་གཉིད་ ཀྱི་བསམ་གཏན་བསྒོམ། །དེ་ལྟར་བརྟན་པའི་རྣལ་འབྱོར་པས། །དབང་པོ་མི་དགག་འགྲོ་རྣམས་བསྐྱབ། །བླ་མའི་རིམ་འོངས་རྒྱུད་རྒྱལ་དོན། །བསྒོམས་པས་བློ་ལ་གསལ་བའི་དོན། །དགྱེས་རྡོར་མོས་ལ་ཕན་ཕྱིར་བྱས། །འདི་ལས་བྱུང་བའི་བསོད་ནམས་དེས། །བདག་ དང་འགྲོ་བ་མ་ལུས་པ། །དགྱེས་རྡོར་མྱུར་དུ་འགྲུབ་པར་ཤོག །དཔལ་དགྱེས་པ་རྡོ་རྗེ་སྒྲུབ་པའི་ཐབས། རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་གན་དར་མ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་སོ།།
Page:དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ།.pdf/13
Appearance