རྣམ་པར་མི་རྟོག་པའི་དེ་བཞིན་ཉིད་ལ་དམིགས་པའོ། །ཌིཎྜི་མི་ནི་ཆོས་ཀྱི་སྐུ་དང་བདེ་བ་ཆེན་པོའི་སྐུ་གཅིག་པ་ཉིད་དོ། །པདྨ་བྷཉྫ་ནཾ་ནི་ནམ་མཁའོ། །ཏྲི་པི་ཏ་ནི་དེ་བཞིན་ཉིད་སྒོམ་པར་བྱེད་པའོ། །མཱ་ལ་ཏཱིནྡྷ་ནཾ་ནི་བདེ་བ་ཆེན་པོས་རྗེས་སུ་མྱོང་བའོ། །ཙ་ཏུཿས་མཾ་ནི་འབྱུང་ བ་བཞི་མཉམ་པ་ཉིད་དོ། །ཀསྟུ་རི་ནི་མི་བསྐྱོད་པའི་རང་བཞིན་དུ་བསམ་པར་བྱའོ། །སིཧླ་ནི་བསམ་གཏན་དེའི་ཡེ་ཤེས་ཀྱི་འོད་འབྱུང་བའོ། །ཀཔྤཱུ་ར་ནི་ཟླ་བའི་འོད་ཟེར་སྟོན་བར་བྱེད་པའོ། །ཀུནྡུ་རུ་ནི་ཤེས་རབ་དང་དེའི་བདག་ཉིད་ཐབས་སུ་རྣམ་པར་བརྟག་པར་བྱའོ། །བོ་ ལ་ནི་དབྱེར་མེད་པའི་སྟོང་པ་ཉིད་ཡེ་ཤེས་སོ། །ཀཀྐོ་ལ་ནི་ཆོས་ཀྱི་འབྱུང་གནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །བཤད་པའི་རྣམ་གྲངས་གསུམ་པའོ།། །།
བཤད་པའི་རྣམ་གྲངས་བཞི་པ།
ལ་ཞེས་བྱ་བ་ནི་ཡོད་དོ། །ང་ཞེས་བྱ་བ་ནི་འདུལ་བའོ། །ཡ་ཞེས་བྱ་བ་ནི་རླུང་ངོ་། །གང་དུ་ ཞེ་ན། རྗེས་འགྲོའི་དབྱངས་ཀྱི་ཐིག་ལེའི་མ་ཞེས་བྱ་བ་ཚངས་པའི་བུ་གར་རོ། །ཨཾ་ས་ཞེས་བྱ་བ་ནི་སྒྲ་ཡིན་ཏེ། སྔགས་ཀྱི་སྒྲའོ། །འདི་གཉིས་ཀྱི་དབུས་སུ་ཡོད། དང་རླུང་འདུལ་ཞེས་བྱ་བ་སྟེ། རྣལ་འབྱོར་མའི་བརྡ་ཉིད་དོ། །ལ་ཞེས་བྱ་བ་ནི་སྤྱི་བོ་ཡིན་ལ། ཨ་ཞེས་བྱ་བ་ནི་ དབང་ཕྱུག་སྟེ། དེ་ཉིད་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །ལ་ཞེས་བྱ་བ་ནི་དེ་ཉིད་དུ་སྔགས་ཀྱི་སྒྲས་ཐིམ་པར་བྱའོ། །འདིས་ནན་ཞེས་བྱ་བས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའོ། །ག་ཞེས་བྱ་བ་ནི་མགྲིན་པ་ཡིན་ལ། ཏ་ཞེས་བྱ་བ་ནི་གདོན་པར་བྱ་བ་ཡིན་ ཞིང་། ཨི་ཞེས་བྱ་བ་ནི་སོང་པའི་དོན་ཏེ་མྱ་ངན་ལས་འདས་ཞེས་བྱ་བའི་དོན་ཏོ། །པ་ཞེས་བྱ་བ་ནི་དེ་བསྒྲུབ་པར་བྱ་བ་ཡིན་ཞིང་། བ་ཞེས་བྱ་བ་ནི་ཁྱེད་རྣམས་ཀྱིས་སོ། །ཨ་ཞེས་བྱ་བ་ནི་འོག་མིན་གྱི་གནས་ཀྱི་བདེ་བ་ཆེན་པོ་སྟེ། ས་ཞེས་བྱ་བ་ནི་རྣལ་འབྱོར་ པའོ། །གང་གིས་དེ་ལྟར་བྱས་པ། དེས་ན་ཐི་ཞེས་བྱ་བས་གནས་པ་ཡིན་ནོ། །ཨ་ཞེས་བྱ་བ་ནི་སྒྲིབ་པ་ཡིན་ལ། བ་ཞེས་བྱ་བས་བཅོམ་པ་ཡིན་ནོ་ཞེས་བྱ་བ་ནི་གང་གིས་ཞེས་པ་ཡིན་ལ། ཎ་ཞེས་བྱ་བ་འགོག་པའི་ཚིག་ཡིན་ཞིང་ཞེན་པ་ཡིན་ཡང་ཇི་ལྟར་ཞེན་པ་