Jump to content

Page:དཀྱིལ་འཁོར་གྱི་ཆོ་གའི་སྒྲུབ་ཐབས་བཟང་པོ་ཡོངས་སུ་གཟུང་བ་ཞེས་བྱ་བ།.pdf/45

From Wikisource
This page has been proofread.

གནས་ལ་སོགས་རྗེས་ལ་ནི། །མ་དྲན་པ་དང་མ་ནུས་པ། །ཆོ་ག་མ་ཚང་གྱུར་པ་རྣམས། །སྦྱིན་སྲེག་གིས་ནི་རྫོགས་པར་བྱ། །བསྒྲུབ་བྱ་མང་པོའི་དབྱེ་བ་ཡིས། །སྦྱིན་སྲེག་རྣམ་པ་མང་པོར་འགྱུར། །གཞུང་མངས་པ་ཡིས་འཇིགས་པའི་ཕྱིར། །མདོར་བསྡུས་ ཙམ་ཅིག་འདིར་བསྟན་བྱ། །སྔགས་དང་ཕྱག་རྒྱར་བཅས་པ་ཡིས། །དང་པོར་ས་ནི་སྦྱང་བར་བྱ། །ལག་པ་གཡས་པ་བརྐྱང་བྱས་ལ། །རྡོ་རྗེར་བསྒོམས་ལ་ས་ལ་གདབ། །ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། །ས་སྦྱང་བའི་ཕྱག་རྒྱ་དང་སྔགས་སོ། །ཐབ་ཁུང་རྒྱ་རུ་ཁྲུ་ཚད་ཙམ། །དེ་ཡི་ ཕྱེད་ཙམ་ཟབས་སུ་བྱ། །དེ་ནས་གཞི་དང་ཁ་ཁྱེར་ཏེ། །ཕྱི་རུ་རྡོ་རྗེའི་ཕྲེང་བའོ། །གཞི་ནི་གེ་སར་བཅས་པ་སྟེ། །ཁ་ཁྱེར་ཆུ་སྐྱེས་མེ་ཏོག་ཅན། །རེ་རེ་ལ་ནི་སོར་བཞི་བཞི། །ཞེང་དང་དཔངས་དག་ཀུན་དུ་མཉམ། །འཁོར་ལོ་རིན་ཆེན་པད་རལ་གྲི། །ཐབ་ཁུང་དབུས་སུ་རྡོ་རྗེ་སྟེ། ། དབུས་ཀྱི་ཞིང་ལ་སོར་གཅིག་ལ། །མཆུ་རུ་སོར་བརྒྱད་བྲི་བར་བྱ། །ཞི་ལ་རྡུལ་ཚོན་དཀར་པོ་སྟེ། །རྒྱས་ལ་རྡུལ་ཚོན་སེར་པོས་བྱ། །དབང་ལ་དམར་བ་གཞན་དག་ལ། །ནག་པོ་རྣམ་པ་ལྔ་ཉིད་དོ། །ལས་ཀྱི་དབྱེ་བས་ཕྱོགས་དབྱེ་སྟེ། །དུས་དབྱེ་བ་ཡང་བརྟག་པ་ཡིན། །དེ་ཡི་ ཕྱོགས་དང་དེ་ཡི་དུས། །དེ་འདྲའི་ལས་ལ་མཁས་པས་དཔྱད། །སྔགས་པས་བྱང་དུ་མངོན་བལྟས་ལ། །ཞི་བའི་ལས་ནི་ཡང་དག་བརྩམ། །རྒྱས་པ་རྟག་ཏུ་ཤར་དུ་ཡིན། །མངོན་སྤྱོད་ལ་ནི་ལྷོ་རུ་སྟེ། །དབང་ལ་ནུབ་ཏུ་བཤད་པ་ཡིན། །དགུག་དང་བསྐྲད་ལ་དེ་བཞིན་ནོ། །ཞི་ བ་དགོངས་མོ་བྱ་བ་སྟེ། །རྒྱས་པ་ནང་པར་བྱ་བ་ཡིན། །གདུག་པའི་ལས་ནི་ཉིན་ཕྱེད་ལ། །མཚན་མོའི་ཕྱེད་ན་དབང་སོགས་བྱ། །མཆོད་སྦྱིན་ཤིང་གི་ལྕུག་མ་ཡི། །རྩེ་མོའི་ཆ་ནི་མ་ཉམས་པ། །བཟང་པོ་ལོ་མ་གཉིས་ལྡན་པ། །ལས་ཀྱི་དབྱེ་བས་དབྱེ་བར་བྱ། །རྒྱས་པ་ལ་ནི་ སོར་བཅུ་བཞི། །ཞི་བ་སོར་ནི་བཅུ་གཉིས་པ། །དབང་ལ་སོར་བཅུ་སྡང་བ་དང་། །བསྐྲད་པ་ལ་ཡང་སོར་མོ་བརྒྱད། །འབྲུ་དང་ཡམ་ཤིང་ལ་སོགས་ཉིད། །བསངས་ནས་གཡས་པའི་ཟུར་དུ་ནི། །ཇི་ལྟ་བར་ནི་གཞག་བྱ་སྟེ། །དེ་ཀུན་སྔགས་ཀྱིས་མངོན་པར་བཟླ། །ལག་