སྔགས་ཡིན་ནོ། །ལྷ་ཡི་དཀྱིལ་འཁོར་གཤེགས་ནས་ནི། །སྔགས་ཀྱི་རྡུལ་ཚོན་བསྡུ་བྱས་ཏེ། །གཙང་མའི་སྣོད་དུ་གཞག་བྱས་ལ། །དེ་ནས་ཆུ་བོར་དོར་བར་བྱ། །ཨོཾ་གི་ལི་གི་ལི་ཧཱུྃ་ཛ་སྭཱ་ཧཱ། །རྡུལ་ཚོན་བསྡུ་བ་དང་དོར་བའི་སྔགས་སོ། །དེ་ནས་དཀྱིལ་འཁོར་ནང་ གནས་པའི། །ས་ནི་བདུད་རྩིས་ཉེར་བྱུགས་ཏེ། །ཕྱོགས་སྐྱོང་བ་ཡི་གཏོར་མ་འམ། །འབྱུང་པོ་ཀུན་ལ་གཏོར་མ་གཏང་། །ཕྱོགས་སྐྱོང་རྣམས་ཀྱི་གཏོར་མ་ནི། །དཀྱིལ་འཁོར་སྒྲུབ་པའི་སྔོན་དུ་བསྟན། །སྔོན་དང་མཐུན་པ་མ་ཡིན་པའི། །འབྱུང་པོ་ཀུན་གྱི་གཏོར་མ་བཤད། །ནམ་ མཁའི་ཁམས་ཀྱི་དབུས་གནས་པར། །པདྨ་འདབ་བརྒྱད་བསྒོམ་པར་བྱ། །ཤར་གྱི་འདབ་མར་དབང་པོ་བསམ། །ལྷོ་རུ་མཐར་ཕྱེར་དགོད་པར་བྱ། །ནུབ་ཀྱི་འདབ་མར་ཆུ་བདག་སྟེ། །བྱང་དུ་གནོད་སྦྱིན་དེ་བཞིན་ནོ། །མེ་ཡི་མཚམས་ལ་མེ་ཆེན་པོ། །བདེན་བྲལ་དུ་ནི་སྲིན་པོའི་བདག ། རླུང་དུ་གནས་མེད་བསམ་པར་བྱ། །དབང་ལྡན་དུ་ནི་འབྱུང་པོའི་བདག །ཉི་ཟླ་ཚངས་པ་ལ་སོགས་དང་། །ཚངས་པའི་རིགས་ནི་དམ་པ་དང་། །ཚངས་པ་མདུན་ན་འདོན་པ་དང་། །དགའ་བྲལ་མཐའ་བྲལ་གནས་པ་དང་། །ཡང་དག་པར་བྱུང་རྒྱལ་ཆེན་དང་། །གཞན་འཕྲུལ་དབང་ སྒྱུར་ཉིད་དང་ནི། །འཕྲུལ་དགའ་ཡི་ནི་ལྷ་རྣམས་དང་། །གནས་གཙང་མ་ན་གནས་པ་དང་། །བདེ་བ་ཅན་ན་གནས་པ་དང་། །འོག་མིན་དུ་ནི་གནས་པ་དང་། །འོད་ཟེར་ཅན་གྱི་འཇིག་རྟེན་ཁམས། །སུམ་ཅུ་རྩ་གསུམ་གནས་པ་རྣམས། །དེ་དག་ཐམས་ཅད་སྟེང་དུ་དགོད། །ཆོས་ཀྱི་ འབྱུང་གནས་ངན་སོང་བ། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་། །དེ་བཞིན་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་རིགས་ལྡན་དང་། །པད་ཆེན་པདྨ་བཟང་པོ་དང་། །ལྷ་མིན་སེམས་ཅན་དམྱལ་བ་རྣམས། །ཆོས་འབྱུང་སྨད་དུ་བསམ་པར་བྱ། །ཨོཾ་ལས་ཚངས་པ་ལ་སོགས་ལྷ། །ཧཱུྃ་ལས་ བརྒྱ་བྱིན་ལ་སོགས་པ། །ཨཱཿལས་སྟོབས་ཀྱི་རྒྱུ་ལ་སོགས། །ཕྱག་གཉིས་ཞལ་ནི་གཅིག་པའོ། །སྟེང་གི་ལྷ་རྣམས་དཀར་པོ་ཆེ། །དབང་པོ་ལ་སོགས་ནག་པོ་སྟེ། །སྟོབས་ཀྱི་རྒྱུ་སོགས་དམར་པོ་ཆེ། །རང་མཚུངས་རིག་མས་ཡན་ལག་འཁྱུད། །ལག་ན་རྡོ་རྗེ་དྲིལ་བུ་བཅས། །
Page:དཀྱིལ་འཁོར་གྱི་ཆོ་གའི་སྒྲུབ་ཐབས་བཟང་པོ་ཡོངས་སུ་གཟུང་བ་ཞེས་བྱ་བ།.pdf/39
Appearance