མའི་ཞབས་ལ་ཕྱག་བྱས་ཏེ། །དེ་ནས་འདི་ལྟར་བརྗོད་པར་བྱ། །ཨོཾ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་བདག་གིས་དེ་རིང་མཐོང་། །ཨོཾ་གསང་བའི་དཀྱིལ་འཁོར་ ཆེན་པོ་ཡིས། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །དེ་ནས་དམ་ཚིག་ཀྱང་བརྗོད་པར་བྱ་སྟེ་ས་མ་ཡ་ཧོཾ་ཧོཾ་ཧོཾ། །དེ་ནས་དཀྱིལ་འཁོར་འཁོར་ལོ་བསྟེན། །རིགས་རྒྱལ་ལྷ་མོའི་མཚན་མ་དང་། །འདབ་ལྡན་པདྨར་བཅས་པ་དང་། །ལྷ་ཡི་གནས་རྣམས་བསྟན་པར་བྱ། །འདི་དག་ ནི་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ། །དེ་ནས་སློབ་མས་སློབ་དཔོན་གྱི། །ཞབས་ལ་གུས་པར་ཕྱག་འཚལ་ཏེ། །ཚིགས་བཅད་འདི་ཡིས་བླ་མ་ལ། །དབང་བསྐུར་དོན་དུ་གསོལ་བ་གདབ། །ཁྱོད་ནི་ཧེ་རུ་ཀ་དཔལ་ཏེ། །བདེ་གཤེགས་རྣམས་ཀྱིས་བདེ་གསོལ་ མཛད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡིས། །དབང་གི་མཆོག་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལ་འཁོར་བ་ཡི། །སྡུག་བསྔལ་རྣམས་ནི་བསལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག ། མ་རིག་ཉེས་པ་རབ་རིབ་འཇོམས། །གང་གི་བྱང་ཆུབ་བླ་མེད་པ། །དེ་རིང་བདག་གིས་ཐོབ་པར་མཛོད། །དཀྱིལ་འཁོར་ཤར་དུ་ཁྲུ་གཉིས་དོར། །ནང་གི་དཀྱིལ་འཁོར་ཕྱེད་ཙམ་གྱི། །དཀྱིལ་འཁོར་མཚན་ཉིད་ལྡན་པ་ཡི། །དཀྱིལ་འཁོར་གཉིས་པར་སློབ་མ་གཞག ། མཆོད་ཡོན་ཞབས་བསིལ་ལ་སོགས་སྦྱིན། །སྦྱང་བའི་ཆོ་ག་བྱས་ནས་ནི། །སློབ་མ་ཤིས་པར་འདོད་པའི་ཕྱིར། །བླ་མས་བཀྲ་ཤིས་གླུ་བླང་བྱ། །ཕུན་སུམ་ཚོགས་འཛིན་གསེར་གྱི་རི་བོ་ལྟ་བུ་མདོག །འཇིག་རྟེན་གསུམ་མགོན་དྲི་མ་གསུམ་ནི་རབ་ཏུ་སྤངས། །སངས་ རྒྱས་ཆུ་སྐྱེས་འདབ་རྒྱས་ལྟ་བུའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་དིང་འདིར་ཁྱོད་ལ་བདེ་བྱེད་ཤོག །དེ་ཡིས་ཉེ་བར་བསྟན་པ་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །དམ་ཆོས་རབ་མཆོག་སྐྱེ་དགུ་རྣམས་ལ་ཞི་བར་བྱེད། །
Page:དཀྱིལ་འཁོར་གྱི་ཆོ་གའི་སྒྲུབ་ཐབས་བཟང་པོ་ཡོངས་སུ་གཟུང་བ་ཞེས་བྱ་བ།.pdf/31
Appearance