Jump to content

སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། སྨད་ཆ།

From Wikisource

Page: 601 ༄༅། །ན་གཞན་གྱིས་བདག་ནི་བསྟོད་དོ་བསང་བསྔགས་སོ་བཀུར་རོ་སྙན་པར་བསྒྲགས་སོ་ཞེས་ལོག་པར་རྟོགས་པས་བཏགས་ནས་ཚིག་ཙམ་དེས་རང་གི་རྒྱུད་ལ་དགའ་བ་སྐྱེད་པ་དང་དེས་རློམ་པ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ཡང་བརྟགས་ཤིང་དཔྱད་ན་དོན་དང་ དགོས་པའི་སྙིང་བོ་ཅི་ཡང་མེད་པའི་ཕྱིར་བསྟོད་གྲགས་ཀྱི་ཚིག་འབྲུ་སྐམ་པོ་དེ་ཙམ་ནི་དེ་ལྟར་དགའ་ཞིང་བདེ་བའི་རྒྱུར་མི་འཐད་པས་དེ་ལ་དགའ་ཞིང་ཞེན་པ་ནི་བྱིས་པ་རྨོངས་པའི་ཆོས་ཉིད་དམ་སྤྱོད་པ་ཁོ་ནར་ཟད་དོ་ཞེས་སམ་ཡང་ན་བྱིས་པ་རྩེ་མོ་ལ་དགའ་ཞིང་ཆགས་ པའི་སྤྱོད་པ་དང་འདྲ་བ་ཁོ་ནར་ཟད་དོ་ཞེས་པའོ། །དེ་དག་ནི་འཇིག་རྟེན་གྱི་ཆོས་བསྟོད་གྲགས་སོགས་ལ་ཡོན་ཏན་ཅི་ཡང་མེད་ཕྱིར་དེ་དག་འགོག་པ་གནོད་བྱེད་མ་ཡིན་པར་བསྟན་པའོ། །སྟོད་གྲགས་སོགས་བཞི་ལ་ཆགས་པས་ཉེས་པ་བསྐྱེད་པ་ནི། བསྟོད་གྲགས་ སོགས་བཞི་ཉམས་པར་བྱེད་པ་ལ་ཁྲོ་མི་རིགས་ཏེ། དེ་དག་ལ་ཡོན་ཏན་མེད་པར་མ་ཟད་བསྟོད་གྲགས་དང་རྙེད་བཀུར་སོགས་བྱུང་བས་བདག་གི་སེམས་ནི་དགེ་བའི་དམིགས་པ་ལས་གཞན་དུ་གཡེང་བར་བྱེད་ཅིང་དེ་ཡིས་སམ་དེས་ནི་འཁོར་བའི་སྡུག་བསྔལ་ལ་སྐྱོ་ཞིང་ ཡིད་འབྱུང་བའང་འཇིག་པར་བྱེད་ལ། དེར་མ་ཟད་རིན་ཆེན་ཕྲེང་བ་ལས། ཕྲག་དོག་གཞན་གྱི་ཡོན་ཏན་གདུངས། །ཞེས་པ་ལྟར་བསྟོད་གྲགས་སོགས་ལ་ཆགས་པའི་དབང་གིས་ཡོན་ཏན་དང་ལྡན་པའི་གང་ཟག་གཞན་གྱི་ཡོན་ཏན་ལ་མི་བཟོད་ཅིང་གདུང་བའི་ ཕྲག་དོག་སྐྱེ་བ་དང༌། རང་གི་དགེ་བའི་ཕྱོགས་གཞིག་པ་དང་གཞན་གྱི་རྙེད་བཀུར་སོགས་ཕུན་སུམ་ཚོགས་པའང་མི་བཟོད་པས་དེ་བས་འཇིག་པར་བྱེད་འདོད་པ་སྟེ་བསྟོད་གྲགས་སོགས་ལ་ནི་དེ་དག་ལ་སོགས་པའི་སྐྱོན་མང་པོ་ཡོད་པས་ན་ཉེས་པའི་འབྱུང་གནས་སུ་ཤེས་

Page: 602 ནས་ཆགས་ཞེན་སྤང་བར་བྱའོ། །འགྲེལ་ཆེན་སོགས་སུ། ཕུན་སུམ་ཚོགས་ལ་ཁྲོ་བར་བྱེད། །ཅེས་གསུངས་ཏེ། གཞན་གྱི་ཕུན་སུམ་ཚོགས་པ་ལ་སྣང་ཞིང་ཁྲོ་བར་བྱེད་ཅེས་པའོ། །བསྟོད་གྲགས་སོགས་འགོག་པ་ངན་འགྲོ་འགོག་བྱེད་དུ་བསྟན་པ་ནི། བསྟོད་ གྲགས་སོགས་ལ་ཞེན་པ་ནི་ཉེས་སྐྱོན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དེ་ཡི་ཕྱིར་བདག་གི་བསྟོད་པ་དང་གྲགས་པ་སོགས་ཁ་བ་ནི་གཞིག་ཅིང་དགག་པའི་ཕྱིར་འབད་པར་བྱེད་པའི་སྐྱེ་བོ་གང་དག་ཉེ་བར་གནས་པ་དེ་དག་ཐམས་ཅད་ཀྱང་བདག་ནི་བསྟོད་སོགས་ལ་ཆགས ་པའི་ཉེས་པས་དམྱལ་བ་ལ་སོགས་པའི་ངན་སོང་དུ་ལྟུང་བ་ལས་བ་བསྲུང་བ་དང་བསྐྱབ་པར་བྱ་བའི་ཕྱིར་ཞུགས་པ་མིན་ནམ་སྟེ་ངེས་པར་ཡིན་པས་དེ་དག་ལ་ཁྲོ་བར་བྱ་མི་ས་རིགས་ཀྱི་དྲིན་དུ་གཟོ་བར་བྱ་རིགས་ཏེ་ཕན་འདོགས་བྱེད་པའི་མཛའ་གྲོགས་མཆོག་ཡིན་པའི་ཕྱིར་རོ། ། བསྟོད་སོགས་འགོག་པ་སྲིད་པ་དང་ངན་འགྲོ་ལས་དགྲོལ་བྱེད་ཡིན་པ་ནི། གཞན་ཡང་བདག་ནི་སྲིད་པ་ལས་རྣམ་པར་གྲོལ་བའི་ཐར་བ་དོན་དུ་གཉེར་བ་ཡིན་ལ་བསྟོད་པ་དང་གྲགས་པ་རྙེད་པ་དང་བཀུར་སྟིས་ནི་འཁོར་བར་འཆིང་བར་བྱེད་པས་ན་གྲོལ་བ་དོན་གཉེར་ལ་ འཆིང་བྱེད་དེ་རྣམས་མི་དགོས་སོ། །དེས་ན་དགྲ་བོ་གང་དག་གིས་བདག་སྲིད་པར་འཆིང་བྱེད་ཀྱི་རྙེད་བཀུར་སོགས་ཀྱི་གེགས་བྱས་ནས་དེ་དག་གི་ཉེས་པས་རང་སྲིད་པའི་བཙོན་རར་བཅིངས་པ་ལས་གྲོལ་བར་བྱེད་པའི་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད་པའི་སྒོ་ནས་ཕན་ འདོགས་བླ་ན་མེད་པ་བྱེད་པ་དེ་དག་ལ་བདག་ནི་ཇི་ལྟར་ཁྲོ་སྟེ་ཁྲོ་མི་རིགས་སོ། །ཁྲོ་མི་རིགས་པའི་རྒྱུ་མཚན་གཞན་ཡང་བདག་ནི་རྙེད་བཀུར་བསྟོད་གྲགས་སོགས་ལ་ཆགས་ཤིང་ཞེན་ནས་སྡུག་བསྔལ་གྱི་འབྱུང་གནས་སྤྱིར་སྲིད་པའི་འཆིང་བ་དང་ཁྱད་པར་སྡུག་

Page: 603 ༄༅། །བསྔལ་མི་བཟད་པས་འཆིང་བའི་༌ངན་སོང་གི་བཙོན་རར་འཇུག་པར་འདོད་པ་ལ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་ནུས་མཐུ་ཆེན་པོས་བྱིན་གྱིས་བརླབས་པ་བཞིན་དུ་རྙེད་བཀུར་བསྟོད་གྲགས་སོགས་ཀྱི་གེགས་བྱས་ནས་སྡུག་བསྔལ་ ཅན་གྱི་བཙོན་ཁང་དུ་མི་གཏོང་བའི་སྒོ་འཕར་རམ་སྒོ་གླེགས་ཉིད་དུ་གྱུར་པའི་དགྲ་བོ་བཀའ་དྲིན་ཅན་དགེ་བའི་བཤེས་གཉེན་ལྟ་བུ་དེ་དག་ལ་བདག་ནི་ཇི་ལྟར་ཁྲོ་རྣམ་པ་ཀུན་ཏུ་ཁྲོ་མི་རིགས་ཀྱི་ངན་སོང་གི་འཆིང་བ་ལས་དགྲོལ་བར་བྱེད་པ་ལ་བྱས་པ་ཤེས་ཤིང་དྲིན་དུ་ གཟོ་རིགས་སོ། །དེ་ལྟར་རྙེད་བཀུར་སོགས་རང་རྒྱུད་འཆིང་བྱེད་ཀྱི་མཆོག་ཡིན་པར་ནི། འོད་སྲུང་གིས་ཞུས་པ་ལས། ལྟ་གྱུར་འཆིང་དང་རྙེད་དང་བཀུར་སྟི་དང༌། །གྲགས་པའི་འཆིང་བ་རབ་ཏུ་བྱུང་བ་ཡི། །འཆིང་བ་དམ་ཞེས་འཕགས་པ་རྣམས་ཀྱི་གསུངས། ། དེ་དག་རྟག་ཏུ་རབ་ཏུ་བྱུང་བས་སྤང༌། །ཞེས་དང༌། ལྟ་བའི་འཆིང་བ་དང་རྙེད་བཀུར་སོགས་ཀྱི་འཆིང་བ་རབ་ཏུ་བྱུང་བས་སྤང་དགོས་པར་གསུངས་ལ། ཇོ་བོས་ཀྱང་། རབ་བྱུང་འཆིང་བ་དམ་པོ་གང༌། །རྙེད་པ་དང་ནི་བཀུར་སྟི་སྟེ། །འཆིང་བ་དེ་ལས་གྲོལ་བ་གང་། ། མེ་ཡི་ནང་གི་པད་མ་བཞིན། །ཞེས་སོགས་གསུངས་པས་དེ་དག་ལ་ཆགས་ཞེན་སྤང་བར་བྱའོ། །དེ་དག་ནི་འཇིག་རྟེན་པའི་ཆོས་རྙེད་བཀུར་བཞི་ནི་ཉེས་པའི་འབྱུང་གནས་འཁོར་བ་དང་ངན་སོང་དུ་འཆིང་བྱེད་ཡིན་པས་ན་དེ་དག་འགོག་པ་ཕན་འདོགས་བྱེད་ཡིན་པར་ བསྟན་པའོ། །དེ་ལྟར་འཇིག་རྟེན་པའི་ཆོས་ཀྱི་གེགས་བྱེད་ལ་ཁྲོ་མི་རིགས་པར་མ་ཟད་བསོད་ནམས་ཀྱི་གེགས་བྱེད་པ་ལ་ཡང་ཁྲོ་མི་རིགས་པ་ལ་ཁྲོ་བ་ཉིད་བསོད་ནམས་ཀྱི་གེགས་བྱེད་ཡིན་པ་ནི། འཇིག་རྟེན་པའི་ཆོས་བསྟོད་གྲགས་སོགས་ཀྱི་གེགས་བྱེད་པ་ལ་

Page: 604 ཁྲོ་མི་རིགས་ཀྱང་དགྲ་བོ་འདི་ཉིད་ཀྱིས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་བསོད་ནམས་དགེ་བའི་ཆོས་ཀྱི་གེགས་བྱེད་པའི་ཕྱིར་ཅེས་བསམ་ནས་ཁྲོའོ་ཞེ་ན། དེ་ལྟར་བསོད་ནམས་ཀྱི་གེགས་བྱེད་པའི་དགྲ་བོ་དེ་ལའང་ཁྲོ་བར་བྱ་བ་ནི་རིགས་པ་མིན་ཏེ་བསོད་ ནམས་འདོད་པའི་གང་ཟག་ཡིན་ན་བཟོད་པ་སྒོམ་པ་དང་མཚུངས་ཤིང་མཉམ་པའི་དཀའ་ཐུབ་བམ་ལེགས་པར་སྤྱད་པའི་དགེ་བ་ཡོད་པ་མིན་ཞིང་དེ་ཉིད་བསོད་ནམས་དགེ་བའི་ལས་ཐམས་ཅད་ཀྱི་མཆོག་དང་གཞི་ཡིན་པས་ན་དཀའ་ཐུབ་བམ་བསོད་ནམས་ཀྱི་ དམ་པ་བཟོད་པ་དེ་ལ་བདག་ནི་མི་གནས་སམ་ཞེས་པའམ་བདག་ནི་དཀའ་ཐུབ་ཀྱི་མཆོག་བཟོད་པ་དེ་ལ་མི་གནས་སམ་སྟེ་བསོད་ནམས་དོན་དུ་གཉེར་བས་དེ་ལ་ཅི་ནས་ཀྱང་གནས་པར་བྱ་རིགས་པས་སོ། །གལ་ཏེ་བདག་ནི་ཁོང་ཁྲོ་ཤས་ཆེ་བ་ལ་སོགས་པའི་རང་གི་ སྐྱོན་གྱིས་གནོད་བྱེད་ཀྱི་དགྲས་རྙེད་བཀུར་སོགས་ཀྱི་གེགས་བྱེད་པ་འདི་ལ་བཟོད་ཅིང་བསྲན་པར་མི་བྱེད་ན་བཟོད་པ་སྒོམ་པའི་བསོད་ནམས་དཔག་མེད་ཀྱི་རྒྱུར་ནི་དགྲ་བོ་ཉེ་བར་གནས་པ་ཞེས་སམ། ཡང་ན་བསོད་ནམས་དཔག་མེད་འབྱུང་བའི་རྒྱུ་མཚུངས་པ་ མེད་པ་བཟོད་པའི་དཀའ་ཐུབ་མཆོག་ནི་ཉེ་བར་གནས་པ་འདི་ཉིད་ལ་གེགས་སུ་བཟུང་ནས་བདག་རང་ཉིད་བསོད་ནམས་ཀྱི་གེགས་བྱེད་དུ་གྱུར་པར་ཟད་ཀྱི་དགྲ་ཕ་རོལ་པོ་ནི་བསོད་ནམས་ཀྱི་གེགས་བྱེད་མིན་ནོ། །རང་ཉིད་བསོད་ནམས་ཀྱི་གེགས་བྱེད་ཡིན་པའི་རྒྱུ་ མཚན་ནི། བཟོད་པ་སྒོམ་པའི་ཡུལ་གནོད་བྱེད་ཉེ་བར་གནས་བཞིན་དུ་བཟོད་པ་མི་སྒོམ་པར་མཐུན་རྐྱེན་ལ་གེགས་སུ་བཟུང་ནས་རང་ཉིད་ཀྱིས་བཟོད་པ་བསྒོམས་པའི་བསོད་ནམས་དེ་འཐོབ་པའི་གེགས་བྱས་པས་སོ། །ཇོ་བོ་རྗེས། །གནོད་པ་བྱེད་པ་ལ་ཁོང་

Page: 605 ༄༅། །མ་ཁྲོ། གནོད་པ་བྱེད་པ་ལ་ཁོང་ཁྲོ་ན་བཟོད་པ་ཇི་ཙམ་ན་སྒོམ་ཞེས་གསུངས་པ་ལྟར་རོ། །གནོད་བྱེད་བསོད་ནམས་ཀྱི་གེགས་མིན་ལ་རྒྱུ་ཡིན་པ་ནི། སྤྱིར་འབྲས་བུའི་ཆོས་གང་ཞིག་རྒྱུའི་ཆོས་གང་མེད་ན་མི་འབྱུང་ལ་རྒྱུའི་ཆོས་ གང་ཞིག་ཡོད་ན་འབྲས་བུའི་ཆོས་དེ་ཡོད་པར་འགྱུར་བའི་རྒྱུའི་ཆོས་དེ་ཉིད་འབྲས་བུའི་ཆོས་དེ་འབྱུང་བ་ཡི་རྒྱུ་ཉིད་དུ་ངེས་པ་ཡིན་ན་ཇི་ལྟར་རྒྱུ་དེ་ལ་འབྲས་བུ་དེའི་གེགས་ཞེས་བྱ་མི་རིགས་ཏེ་དེ་དེའི་མཐུན་རྐྱེན་དུ་གྱུར་པའི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པས་སོ། ། དེ་ནི་ས་སྨྱུག་དང་མེ་དུ་སོགས་རྗེས་སུ་འགྲོ་ལྡོག་ངེས་པའི་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ལ་སྦྱར་ནས་ཤེས་པར་བྱ་བ་སྟེ། འབྲས་བུ་མྱུ་གུ་ལྟ་བུའི་ཆོས་གང་ཞིག་རྒྱུ་ས་བོན་ལྟ་བུའི་ཆོས་གང་མེད་ན་མི་འབྱུང་ལ་ཞེས་པ་སོགས་སོ། །སྐབས་དོན་ཁྱད་པར་བ་དང་སྦྱར་ ན། བཟོད་པའི་བསོད་ནམས་གང་ཞིག་གནོད་བྱེད་ཀྱི་རྐྱེན་དགྲ་ལྟ་བུ་གང་ཡང་མེད་ན་མི་འབྱུང་ལ་གནོད་བྱེད་ཀྱི་དགྲ་ལྟ་བུ་གང་ཞིག་ཡོད་ན་བཟོད་པའི་བསོད་ནམས་གང་ཡོད་པར་འགྱུར་བ་ཉིད་ཡིན་པས་གནོད་བྱེད་ཀྱི་དགྲ་དེ་ཉིད་བཟོད་པའི་བསོད་ནམས་དེ་ འགྲུབ་པ་ཡིན་རྒྱུའམ་རྐྱེན་ཉིད་དུ་ངེས་པ་ཡིན་ན་ཇི་ལྟར་གནོད་བྱེད་དེ་ལ་འབྲས་བུ་བཟོད་པའི་བསོད་ནམས་དེའི་གེགས་ཞེས་བྱ་སྟེ་གནོད་བྱེད་དེ་བཟོད་པ་དེ་འགྲུབ་པའི་མཐུན་རྐྱེན་དུ་ངེས་པས་དེ་དེའི་གེགས་སུ་མི་༌་རིགས་ཤིང་འགལ་བས་སོ། །དེས་ན་གནོད་ བྱེད་ཀྱི་རྐྱེན་དེ་ཉིད་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པའི་བསོད་ནམས་དེའི་རྗེས་སུ་འགྲོ་ལྡོག་བྱེད་ངེས་པའི་རྒྱུའམ་མེད་ན་མི་འབྱུང་བའི་རྒྱུ་ཡིན་པར་རིགས་པར་བྱའོ། །དོན་དེ་ཉིད་དཔེས་བསྟན་པ་ནི། དཔེར་ན་སྦྱིན་བདག་འགའ་ཞིག་ལ་སྦྱིན་རྒྱུའི་ནོར་ཡོད་ཅིང་

Page: 606 དེ་ཉིད་སྦྱིན་པར་སྤྲོ་བའི་དུས་སུ་སྒོ་དྲུང་དུ་ཉེ་བར་ཕྱིན་པའི་སློང་མོ་བ་དེ་སྦྱིན་པའི་མཐུན་རྐྱེན་ཁྱད་པར་ཅན་ཡིན་པས་དེས་སྦྱིན་པའི་གེགས་བྱས་པ་ཡོད་པ་མ་ཡིན་ལ། དེ་བཞིན་དུ་རབ་ཏུ་བྱུང་བར་བྱེད་པར་འདོད་ནས་དེ་དོན་དུ་གཉེར་བ་ན་རབ་ཏུ་འབྱིན་པར་བྱེད་པ་ པོར་གྱུར་པའི་མཁན་པོ་དང་སློབ་དཔོན་སོགས་དེར་ཉེ་བར་སླེབས་པའམ་དེ་དག་དང་ཕྲད་པར་གྱུར་ན་དེ་དག་རབ་ཏུ་བྱུང་བའི་མཐུན་རྐྱེན་མེད་དུ་མི་རུང་བ་ཡིན་པས་མཁན་སློབ་དེ་དག་ལ་རབ་བྱུང་གི་གེགས་ཞེས་བྱར་མི་རུང་བ་བཞིན་ནོ། །གནོད་བྱེད་བྱང་ཆུབ་ སྤྱོད་པའི་གྲོགས་ཡིན་པས་དེ་ལ་ཁྲོ་མི་རིགས་པར་མ་ཟད་དགའ་ཞིང་གུས་པར་བྱ་རིགས་པ་ལ། བཟོད་པའི་ཉེ་རྒྱུ་ཡིན་པས་དགའ་བར་བྱ་རིགས་པ་ནི། སྦྱིན་པ་གཏོང་བའི་ཡུལ་དང་བཟོད་པ་སྒོམ་པའི་ཡུལ་གཉིས་ཀ་བསོད་ནམས་ཀྱི་རྒྱུར་འདྲ་ཡང་འཇིག་ རྟེན་འདི་ན་ནི་སྦྱིན་པ་གཏོང་ཡུལ་གྱི་སློང་མོ་བ་ནི་མོད་པ་སྟེ་རྙེད་སླ་བ་ཡིན་ཏེ་བྱིན་པ་ཙམ་ནས་མང་དུ་འདུ་ལ་དེའི་ཕྱིར་སྦྱིན་པ་འགྲུབ་སླ་བ་དང༌། བཟོད་པའི་སྒོམ་པའི་ཡུལ་གནོད་པ་བྱེད་པ་པོའི་དགྲ་ལྟ་བུ་ནི་སྦྱིན་པའི་ཡུལ་ལས་ཀྱང་ཆེས་ཆེར་དཀོན་པས་དེ་དང་ ཕྲད་དཀའ་བ་སྟེ། ཅིའི་ཕྱིར་ན། འདི་ལྟར་རང་གིས་གཞན་ལ་ཕར་གནོད་སེམས་འཆང་ནས་རྣམ་པར་འཚེ་བ་མ་བྱས་ན་གཞན་སུ་འགའ་ཡང་རང་ལ་ཚུར་གནོད་པ་མི་བྱེད་པའི་རྒྱུ་མཚན་གྱིས་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གཞན་ལ་ གནོད་པ་གཞི་དང་བཅས་པ་ལས་ལོག་པ་ཡིན་པས་ཕར་གནོད་པ་བྱེད་མི་སྲིད་ལ་དེ་མ་བྱས་པའི་ཕྱིར་གང་ཟག་གཞན་འགའ་ཡང་རྒྱུ་མཚན་མེད་པར་ཚུར་ལ་གནོད་པ་མི་བྱེད་པ་ཉིད་དོ། །དེའི་ཕྱིར་བཟོད་པ་སྒོམ་པའི་ཡུལ་ནི་སྦྱིན་པའི་ཡུལ་ལས་ཀྱང་དཀོན་ལ།

Page: 607 ༄༅། །སྦྱིན་པ་ལ་ལྟོས་ན་བཟོད་པ་སྒྲུབ་དཀའ་ཞིང་བསོད་ནམས་ཀྱང་བཟོད་པ་ཆེ་བས་ན་བཟོད་པ་སྒོམ་པའི་ཡུལ་དགུ་ནི་ཤིན་ཏུ་དྲིན་ཆེའོ། །དེ་ལྟར་བཟོད་པའི་ཞིང་དཀོན་ལ་ཕན་འདོགས་ཆེ་བ་དེ་བས་ན་ངལ་བས་ཏེ་འབད་རྩོལ་ཆེན་པོའི་དཀའ་ཚེགས་ ཀྱིས་མ་བསྒྲུབས་པར་ནོར་གྱིས་ཕོངས་པའི་དབུལ་པོའི་ཁྱིམ་དུ་རིན་པོ་ཆེ་ཟད་མི་ཤེས་པའི་གཏེར་ནི་བྱུང་བ་ལ་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས་ཤིན་ཏུ་དགའ་བ་སྐྱེ་བ་ལྟར་སངས་རྒྱས་ཐོབ་བྱེད་ཀྱི་ཐབས་མེད་དུ་མི་རུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་ཅན་ བཟོད་པ་སྒྲུབ་པའི་གྲོགས་སུ་གྱུར་པས་ན་བདག་གིས་ཀྱང་དེ་ལྟའི་གནོད་བྱེད་ཀྱི་དགྲ་བརྒྱ་ལ་རེས་འགའ་བྱུང་བ་ལའང་ཕན་འདོགས་བྱེད་པ་པོ་ཤིན་ཏུ་རྙེད་པར་དཀའ་བའི་མཆོག་ཏུ་གྱུར་པ་འདི་འདྲ་བ་ལེགས་པར་རྙེད་དོ་སྙམ་ནས་དྲིན་གཟོའི་བསམ་པས་དགའ་བ་དང་གུས་ པ་བསྐྱེད་པར་བྱ་རིགས་ཀྱི་བསོད་ནམས་ཀྱི་གེགས་སུ་གཟུང་མི་རིགས་སོ། །སྡུད་པ་ལས། གལ་ཏེ་གཞན་ལས་ངན་བརྗོད་ཚིག་རྩུབ་ཐོས་གྱུར་ན། །བདག་བདེ་ཡིན་ཞེས་བྱང་ཆུབ་སེམས་དཔའ་མཁས་པ་དགའ། །ཞེས་དང༌། མདོ་རྒྱན་ལས་ཀྱང་། གཞན་གནོད་ བྱེད་ལ་ཕན་བྱེད་བློ་ལྡན་པ། །གནོད་བྱེད་དྲག་པོ་དག་ཀྱང་རབ་ཏུ་བཟོད། །ཐབས་རིག་གནོད་བྱེད་བཟོད་པ་དེ་དག་གིས། །གནོད་བྱེད་དགེ་བ་ཡང་དག་ལེན་དུ་འཇུག །ཅེས་གསུངས་པ་ལྟར་རོ། །བཟོད་པ་སྒོམ་པའི་ཡུལ་ནི་བྱང་ཆུབ་ཀྱི་སྤྱོད་པའི་གྲོགས་ཡིན་པའི་ཕྱིར་ ཇོ་བོ་ཨ་ཏི་ཤས་ཀྱང་བཟོད་པ་སྒོམ་པའི་རྟེན་དུ་རྒྱལ་པོ་ས་ཧི་སིརྒྱུ་ཞེས་པ་གཤིས་ངན་ཞིག་གལ་གྱིས་ཁྲིད་ནས་ཡོང་བ་ཡིན་སྐད་དོ། །དེ་ལྟར་གནོད་བྱེད་ཀྱི་དགྲའི་རྣམ་པར་སྣང་ཞིང་བཟོད་པ་སྒོམ་པའི་དམིགས་རྐྱེན་དུ་གྱུར་པའི་གྲོགས་ཁྱད་པར་ཅན་འདི་དང་བཟོད་པ་སྒོམ་

Page: 608 པ་པོ་བདག་གིས་གཉེན་པོའི་སྟོབས་བསྐྱེད་ནས་དཀའ་ཐུབ་ཐམས་ཅད་ཀྱི་མཆོག་བཟོད་པའི་ཕར་ཕྱིན་གྱི་ཉམས་ལེན་འདི་བསྒྲུབས་པར་བྱས་པས་ན་བཟོད་པ་སྒོམ་ཡུལ་གྱི་དགྲ་དེ་༌དང་བཟོད་པ་སྒོམ་པ་པོ་བདག་གཉིས་ཀ་བཟོད་པའི་བསོད་ནམས་སྒྲུབ་པ་པོ་ཡིན་པ་ལ་ ཁྱད་པར་མེད་པ་དེ་ཡི་ཕྱིར་བཟོད་པ་བསྒོམས་པའི་འབྲས་བུ་བསོད་ནམས་ཀྱི་གཏེར་ཆེན་པོར་གྱུར་པའི་བྱང་ཆུབ་ཆེན་པོའམ་དམ་པའི་ཆོས་ཀྱི་བདུད་རྩི་གྱ་ནོམ་པའི་ཕུད་ཀྱི་མཆོད་པ་ནི་གནོད་བྱེད་ཀྱི་དགྲ་བོ་འདི་ལ་བྱས་ཤེས་དྲིན་གཟོའི་བསམ་པས་གུས་པ་དང་ བཅས་ཏེ་ཐོག་མར་བརྡར་བ་སྟེ་བ་སོ་ཞིང་སྦྱིན་པའམ་མཆོད་པར་འོས་ཏེ། ཅིའི་ཕྱིར་ན། འདི་ལྟར་གནོད་བྱེད་ཀྱི་དགྲ་དེ་ནི་བདག་གིས་བྱང་ཆུབ་སྒྲུབ་པའི་ཐབས་མཆོག་ཏུ་གྱུར་པ་བཟོད་པའི་དཀའ་ཐུབ་དམ་པ་དེ་ཉིད་སྒྲུབ་བྱེད་ཀྱི་རྒྱུ་ཁྱད་པར་ཅན་ནུས་མཐུ་དང་ལྡན་ པ་ཡིན་པའི་༌་ཕྱིར་ཞེས་དེའི་རྒྱུ་མཚན་བརྣན་ཏེ་སྨོས་པའོ། །དེ་ནི་དཔེར་ན་ཞིང་པ་དག་གིས་སྟོན་ཀའི་དུས་ཀྱི་ལོ་ཏོག་གི་ཕུད་ནི་ཞིང་བདག་གང་ཡིན་པ་དེ་ལ་དབུལ་བ་བཞིན་ནོ། །གཞན་ཡང་རྒྱལ་པོ་བྱམས་པའི་སྟོབས་དང་དྲང་སྲོང་བཟོད་པ་སྨྲ་བས་སྙིང་རྗེ་ཆེན་པོའི་སྒོ་ ནས་གནོད་བྱེད་དག་རྗེས་སུ་བཟུང་ནས་སྨོན་ལམ་ཁྱད་པར་ཅན་བཏབ་པས། མཐར་དེ་དག་འཁོར་གྱི་དང་པོར་གྱུར་པ་ལ་ཆོས་ཀྱི་བདུད་རྩི་ཐོག་མར་བྱིན་པ་ལྟ་བུའང་ཡིན་ལ། བདག་ཅག་གིས་ཀྱང་དེ་བཞིན་དུ། གནོད་བྱེད་ལ་ཁོང་ཁྲོ་མི་བྱ་བར་ཅི་ནུས་སུ་སྙིང་རྗེ་བསྐྱེད་ནས་ གནོད་ལན་དུ་ཕན་འདོགས་བྱེད་པའི་སྨོན་ལམ་གདབ་པར་བྱའོ། །དེ་མཆོད་འོས་སུ་མི་རིགས་སྙམ་པའི་དོགས་པ་སྤོང་བ་ནི། གལ་ཏེ་གནོད་བྱེད་ཀྱི་དགྲ་འདི་བཟོད་པའི་རྒྱུར་གྱུར་ཀྱང་བདག་གིས་བྱང་སེམས་འདི་ལ་བཟོད་པ་བསྒྲུབ་པའི་གྲོགས་བྱའོ་སྙམ་པའི་ཕན་གདགས་པར་འདོད་

Page: 609 ༄༅། །པའི་ཀུན་སློང་གི་བསམ་པ་བཟང་པོ་མེད་པས་དགྲ་འདི་མཆོད་པར་བྱ་བའི་འོས་མིན་ནོ་ཞེ་ན། འོ་ན་སངས་རྒྱས་འགྲུབ་པ་ཡི་ནི་རྒྱུར་རུང་བ་ཞེས་སམ་ཚོགས་གཉིས་ཀྱི་དགེ་ཚོགས་རླབས་པོ་ཆེ་འགྲུབ་པ་ཡི་ནི་རྒྱུར་རུང་བའི་དམ་པའི་ཆོས་ཏེ་ཆོས་དཀོན་ མཆོག་གམ་གསུང་རབ་ལྟ་བུ་དག་ཀྱང་ཅི་སྟེ་མཆོད་དེ་མཆོད་འོས་སུ་མི་འཐད་པར་ཐལ་བར་འགྱུར་ཏེ་སངས་རྒྱས་བསྒྲུབ་པར་བྱའོ་སྙམ་པའམ་འདིའི་རྒྱུད་ལ་དགེ་བའིཆོས་བསྐྱེད་པར་བྱའོ་སྙམ་པའི་ཀུན་སློང་གི་བསམ་པ་མི་མངའ་བའི་ཕྱིར་རོ། །རྒྱུ་དཔེར། འགྲུབ་པའི་རྒྱུ་ ནི་བསམ་མེད་པ། །ཞེས་ཡོད་པར་གསུངས་ལ་དོན་ཡང་དེ་ལྟར་རོ། །གལ་ཏེ་དེ་གཉིས་མི་མཚུངས་ཏེ། དམ་པའི་ཆོས་ལ་གནོད་སེམས་ཀྱང་མེད་ལ་གནོད་བྱེད་ཀྱི་དགྲ་འདི་ལ་ནི་བདག་ལ་གནོད་པ་བྱ་བར་འདོད་པའི་བསམ་པ་ངན་པ་ཡོད་པའི་ཕྱིར་མཆོད་པར་བྱ་བའི་ འོས་མིན་ནོ་ཞེ་ན། དགྲ་དེ་དག་ལ་གནོད་པའི་བསམ་སྦྱོར་ཡོད་པའི་རྒྱུ་མཚན་གྱིས་བཟོད་པའི་རྒྱུར་གྱུར་པ་ཡིན་གྱི་གནོད་སེམས་མེད་པར་སྨན་པ་བཟང་པོ་བཞིན་དུ་བདག་ལ་ཕན་བདེ་འབའ་ཞིག་སྒྲུབ་པ་ལ་བརྩོན་པ་ཡིན་ན་དེ་ནི་དགའ་བ་སྐྱེ་བའི་ཡུལ་ཡིན་གྱི་ཁོང་ཁྲོ་སྐྱེ་ཡུལ་ མ་ཡིན་པས་དེ་ལ་བརྟེན་ནས་བདག་གིས་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་ཇི་ལྟར་འགྲུབ་སྟེ་དེ་ལྟ་བུའི་བཟོད་པ་དེ་ནི་གནོད་པ་བྱེད་པ་ལ་ཁོང་ཁྲོའི་བསམ་པ་བཟློག་ནས་སྲོན་ནུས་པ་ཡིན་པའི་ཕྱིར་རོ། །ཕན་པར་བརྩོན་པའི་གང་ཟག་ལ་བརྟེན་ནས་བཟོད་པའི་ཉམས་ལེན་མི་ རྫོགས་པ་དེ་བས་ན་བསམ་པའི་ཁྱད་པར་རབ་ཏུ་སྣང་བའི་སེམས་མ་རུངས་པ་དང་ལྡན་ཞིང་སྦྱོར་བའི་ཁྱད་པར་དྲག་ཅིང་རྩུབ་མོས་གནོད་པ་མི་བཟད་པ་བྱེད་པ་ལ་ཞུགས་པ་དེ་འདྲ་བ་ལ་བརྟེན་ནས་གནོད་བྱེད་ལ་མི་མཇེད་པའི་བཟོད་པ་སྐྱེ་ཞིང་རྫོགས་པར་འགྱུར་བས་ན་དེ་ལྟའི་གནོད་

Page: 610 བྱེད་དེ་ཉིད་བཟོད་པའི་དཀའ་ཐུབ་དམ་པ་དེ་འགྲུབ་བྱེད་ཀྱི་རྒྱུ་མེད་དུ་མི་རུང་བ་ཡིན་པས་བྱང་སེམས་བདག་ལ་བཟོད་པ་བསྒྲུབ་པར་བྱའོ་སྙམ་དུ་ཕན་པའི་བསམ་པ་མེད་ཀྱང་དམ་པའི་ཆོས་བཞིན་དུ་མཆོད་པར་འོས་སོ། །དེ་རྣམས་ཀྱིས་ནི་བདག་དང་བདག་གི་བཤེས་པ་ འདོད་པའི་ལེགས་བྱེད་པ་ལ་ཡིད་མི་བདེ་བ་དང་ཁོང་ཁྲོ་སྤངས་ནས་ཡིད་བདེ་དང་བཟོད་པ་སྒོམ་དགོས་པར་བསྟན་ཏོ། །དེ་ལྟར་བཟོད་པ་སྒོམ་ཚུལ་སྟོན་པའི་སྐབས་འདི་དག་སོགས་སུ་འཇིག་རྟེན་ཆོས་བརྒྱད་མགོ་སྙོམ་ཚུལ་ཡང་གཙོ་བོར་བྱས་ནས་བསྟན་ལ། དེ་བཞིན་དུ་བཤེས་སྤྲིང་ལས་ཀྱང༌། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་གདམས་ཏེ། བདེ་སོགས་བཞི་ བྱུང་ཚེ་དགའ་བ་དང་མ་རྙེད་པ་སོགས་བཞི་བྱུང་ཚེ་མི་དགའ་བ་སྐྱེས་ཏེ་དེས་ཡིད་ཕྲོགས་ནས་གཡེང་བར་གྱུར་ན་ནམ་ཡང་འཇིག་རྟེན་ལས་འདའ་མི་ནུས་པས་ན། དེ་ལས་འདའ་བའི་སླད་དུ་བྱིས་པ་སླུ་བྱེད་ཀྱི་ཆོས་བརྒྱད་པོ་འདི་བདག་རང་གི་ཡིད་གཡེང་བར་བྱེད་པའི་ ཡུལ་མིན་པར་མགོ་སྙོམས་པར་མཛོད་ཅེས་པ་སྟེ། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོར། འཇིག་རྟེན་གྱི་ཆོས་དང་འབྲེལ་བས་འཇིག་རྟེན་ལས་འདའ་བར་མི་ནུས་སོ། །དེ་བས་ན་ཐོབ་པ་དང་མ་ཐོབ་པ་དང་གྲགས་པ་དང་མ་གྲགས་པ་དང་བསྟོད་པ་དང་སྨད་ པ་དང་བདེ་བ་དང་སྡུག་བསྔལ་གྱིས་མི་འཕྲོགས་པ་དེས་ནི་ཡེ་ཤེས་ཆེན་པོ་རྙེད་པར་སླའོ་ཞེས་གསུངས། དེ་བརྒྱད་མགོ་སྙོམས་པའི་ཐབས་ལ། ཀུན་རྫོབ་ཀྱི་སྒོ་ནས་སྙོམས་ཚུལ་ནི། །འདིར། རྙེད་པའི་བར་ཆད་བྱེད་པའི་ཕྱིར། །ཞེས་སོགས་དང༌། འོག་ཏུའང་།

Page: 611 ༄༅། །བདག་ནི་རྙེད་མང་བཀུར་སྟི་བཅས། །ཞེས་སོགས་ཚིགས་བཅད་གསུམ་གྱིས་རྙེད་བཀུར་ནི་ཉེས་པ་དུ་མའི་འབྱུང་གནས་ཡིན་ཕྱིར་དེ་ཐོབ་པ་ལ་དགའ་བ་སྐྱེ་མི་རིགས་པ་དང་། འདིར། བདག་ནི་གྲོལ་བ་དོན་གཉེར་ལ། ཞེས་སོགས་ ཀྱིས་མ་རྙེད་པ་ནི་སེམས་ཀྱི་འཆིང་བ་རང་བཞིན་གྱིས་གྲོལ་བྱེད་ཡིན་པས་དེས་མི་དགའ་བར་མི་བྱ་ཞེས་བསྟན་ཞིང༌། བཞི་བརྒྱ་པར། འདས་པ་བདེ་བ་ཡོད་མིན་ཞིང༌། །མ་འོངས་པ་ལ་ཡོད་མིན་ལ། །ད་ལྟ་བྱུང་བའང་འགྲོ་ཉིད་དེ། །ཁྱོད་ཀྱིས་ངལ་འདི་གང་ ཕྱིར་ཡིན། །ཞེས་བདེ་བ་འདས་མ་འོངས་ད་ལྟ་མྱོང་བྱར་མེད་ལ་བདེ་བ་ད་ལྟ་བའང་སྐད་ཅིག་གིས་འཇིག་པས་ཆགས་རིན་མེད་ཕྱིར་བདེ་བ་ལ་ཧ་ཅང་སྲེད་པར་བྱ་མི་རིགས་པ་དང༌། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །ཞེས་སོགས་ཀྱིས་བློ་སྦྱོང་ཤེས་ན་ སྡུག་བསྔལ་ཉིད་ཀྱང་དགེ་བའི་གྲོགས་སུ་འགྱུར་ཕྱིར་སྡུག་བསྔལ་གྱིས་ཀྱང་ཧ་ཅང་ཞུམ་པར་མི་བྱ་ཞེས་བསྟན་ལ། བསྟོད་དང་གྲགས་པའི་རིམ་གྲོས་ནི། །ཞེས་སོགས་ཚིགས་བཅད་བཅུ་ཙམ་གྱིས་བསྟོད་གྲགས་ལ་ཆགས་བྱའི་སྙིང་པོ་མེད་ཅིང་ཆགས་ན་ཉེས་པ་ སྐྱེད་ཕྱིར་དེ་ལ་ཆགས་མི་རིགས་པ་དང་། གལ་ཏེ་སེམས་ཅན་ཉམས་བྱེད་པས། །སོགས་ཀྱིས་བརྟགས་ན་ཁྲོ་བའི་རྒྱུ་མཚན་མེད་ཕྱིར་སྨད་ཅིང་མི་སྙན་བ་བརྗོད་པ་ལའང་ཁྲོ་མི་རིགས་པ་དང༌། དེར་མ་ཟད་འོག་ཏུ། བདག་ལ་སྨོད་པ་གཞན་ཡོད་ན། །སོགས་ ཀྱིས་བསྟོད་སྨད་ལ་ཆགས་སྡང་མི་རིགས་པར་བསྟན་པ་ལྟར་ཤེས་པར་བྱ་ཞིང་། ཏིང་རྒྱལ་ལས། དེ་ལ་རྙེད་པ་མི་འདོད་པ་གང་ཞེ་ན་ཡང་དག་པར་འདོད་པར་ཉུང་བའོ། །དེ་ལ་རྙེད་པ་དང་བཀུར་སྟི་མི་ལེན་པ་གང་ཞེ་ན་འདི་ལྟ་སྟེ་གདུང་བ་མེད་པ་དང་སྡིག་པ་འདོད་

Page: 612 པ་དང་བྲལ་བའོ། །དེ་ལ་བསྡགས་པ་མ་ཡིན་པས་ཞུམ་པར་མི་འགྱུར་བ་གང་ཞེ་ན་འདི་ལྟ་སྟེ་ཕུང་པོ་དང་ཁམས་ལ་ཡོངས་སུ་རྟོག་པར་ཤེས་པའོ། །ཞེས་སོགས་རྒྱས་པར་གསུངས་ལ་དེ་བཞིན་དུ་མདོ་སྡེ་རྣམས་ལས་མང་དུ་འབྱུང་བལྟར་ཤེས་དགོས་པར་ གསུངས་སོ། །དོན་དམ་པའི་སྒོ་ནས་སྙོམས་ཚུལ་ནི། འདི་འོག་ཏུ། དེ་ལྟར་འགགས་བ་ཡོད་མིན་ཞིང༌། །སོགས་དང༌། དེ་ལྟར་སྟོང་བའི་དངོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །ཅེས་སོགས་ཀྱིས་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་ཉིད་སོགས་ ཡིན་པས་སྐྱེ་སོགས་མཐའ་བརྒྱད་དང་བྲལ་བ་རྨི་ལམ་དང་སྒྱུ་མ་ལྟར་ཤེས་པས་ཆོས་བརྒྱད་ཀྱི་རྟོག་པའི་སྤྲོས་པ་ཐམས་ཅད་དྲུངས་ནས་འབྱིན་པར་བསྟན་ལ། དེ་ནི་ཆོས་ཡང་དག་པར་སྡུད་པའི་མདོ་ལས། དེ་ལ་ཇི་ལྟར་ན་མི་འཕྲོགས་པས་སྟོང་པ་ཉིད་སྨྲ་བར་ཁོང་དུ་ ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་སྨྲ་བ་ནི་མི་གནས་པའི་ཕྱིར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་སྟེ་རྙེད་པས་དགའ་བ་ཡང་མེད་མ་རྙེད་པས་མི་དགའ་བ་ཡང་མེད་གྲགས་པས་ཡི་སོས་པ་ཡང་མེད་མ་གྲགས་པས་སྲོ་ཤི་བ་ཡང་མེད་སྨད་པས་ཞུམ་པའང་མེད་ བསྟོད་པས་དགའ་བར་སེམས་པ་༌ཡང་མེད་བདེ་བས་ཆགས་པར་འགྱུར་བ་ཡང་མེད་སྡུག་བསྔལ་བས་ཡིད་འབྱུང་བར་འགྱུར་བ་ཡང་མེད་༌་དོ༑༑ཞེས་སོགས་དང༌། སྟོང་བ་ཉིད་སྨྲ་བ་ནི་གང་དུ་ཡང་ཆགས་པའམ་མི་ཆགས་པ་མེད་དོ་ཞེས་སོགས་གསུངས་པ་ལྟར་རོ། ། དེའང་རྩ་ཤེས་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་ལས་ཉོན་གཉིས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་སྐྱེ་ཞིང་དེ་སྤྲོས་པ་ལས་སྐྱེ་བར་གསུངས་

Page: 613 ༄༅། །པའི་སྤྲོས་པ་ནི་འཇིག་རྟེན་ཆོས་བརྒྱད་སོགས་ཀྱི་སྤྲོས་པ་ལ་བྱེད་པར་འགྲེལ་པ་དག་ལས་བཤད་ལ་དེ་ལྟའི་སྤྲོས་པའི་རྩ་བ་གཅོད་བྱེད་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་ཕྱིར་དོན་དམ་གྱི་སྒོ་ནས་མགོ་སྙོམས་པ་འདི་གཙོ་ཆེའོ། །དེ་ལྟ་བུའི་སྒོ་ ཆོས་བརྒྱད་ཀྱི་སྤྲོས་པ་གཅོད་ཚུལ་ལ་གོམས་པར་བྱས་ནས་མཉམ་པ་ཉིད་དུ་རྟོགས་ན་སྲིད་རྩ་ལས་ཉོན་གཉིས་དང་དེའི་རྩ་བ་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་བཅས་འགགས་ནས་མཐར་མཉམ་ཉིད་ཡེ་ཤེས་འཐོབ་པར་གསུངས་ཏེ། ཐུབ་པའི་དགོངས་རྒྱན་ལས། རྙེད་པ་ དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་རྣམས་ཐམས་ཅད་དུ་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ་གཅིག་ཏུ་མཉམ་པ་ཉིད་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཡོན་ཏན་རྣམས་ཀྱང་མཉམ་པ་ཉིད་དུ་ཡོངས་སུ་རྫོགས་པས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཞེས་གསུངས་ པའི་ཕྱིར། གཞན་ཡང་དཔུང་བཟང་གིས་ཞུས་པར། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་སྨད་དག །སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ། །སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ། །ཞེས་རྒྱུ་ཆོས་བརྒྱུད་ ཀྱི་རྟོག་པ་མ་སྦྱངས་ན་འབྲས་བུ་སྡིག་པ་དང་འབྲེལ་བར་འགྱུར་བར་གསུངས་ལ། དེའི་ཕྱིར་བཤེས་སྤྲིང་ལས་ཀྱང་། ཆོས་བརྒྱད་མགོ་སྙོམས་པར་གདམས་པའི་མཇུག་དེ་མ་ཐག་ཏུ་སྡིག་པ་སྤང་བར་གདམས་པར་མཛད་དོ། །བསླབ་བཏུས་ལས་ཆོས་བརྒྱད་ཀྱི་སྤྲོས་ པ་བཀག་པའི་མཇུག་ཏུ། འདི་ནི་སེམས་སྦྱངས་པར་མདོར་བསྡུས་པའོ། །གང་ལ་འབད་པ་བྱས་ན་མྱུར་དུ་སེམས་དག་པར་འགྱུར་ཞེ་ན། བདག་བསྟོད་པ་དང་གཞན་ལ་བརྙས་པ་སྤང་བས་སོ། །འདི་ཉིད་ཀྱི་རྩ་བ་ནི་བདག་དང་སེམས་ཅན་དུ་ལྟ་བ་སྟེ། དེ་ཡང་འདི་

Page: 614 གོམས་པར་བྱས་ན་ཡང་སླ་བར་འགྱུར་ཏེ། གཞན་ལ་གུས་པར་བྱ་བ་དང་བདག་ཁྱད་དུ་བསད་པ་དེ་ལྟར་བསྒོམ་པར་བྱའོ་ཞེས་སོགས་དང༌། བདག་ལ་གུས་པར་བྱེད་པ་འདི། །བསྟོད་སྨད་ལ་སོགས་ཆུས་བཅུས་པས། །འཕེལ་ཏེ་དམྱལ་བའི་ཚིལ་ཞག་གིས། །བཏབ་ པས་དམྱལ་བའི་མེ་བཞིན་ནོ། །རེ་ཞིག་སྒྲ་ལ་སེམས་མེད་ཕྱིར། །བདག་ལ་བསྟོད་དོ་སྙམ་མི་སྲིད། །བདག་ལ་གཞན་དགའ་གྲག་སྙམ་པ། །འདི་ནི་བདག་གི་བློ་གྲོས་འཁྲུལ། །ཞེས་སོགས་དང༌། གཞན་ནམ་ཡང་ན་བདག་ལའང་རུང༌། །གཞན་དགས་བདག་ལ་ ཅི་ཞིག་གི །ཞེས་སོགས་དང༌། ཕྱག་འཚལ་སོགས་པས་ཆོས་མི་འགྱུར། །ཚེ་དང་ནད་མེད་སྟོབས་མི་འགྱུར། །ཅོ་འདྲི་བྱེད་པའི་ཚེ་ན་ནི། །གཞན་གྱིས་ལུས་སྒྱུར་བྱེད་དང་མཚུངས། །དགའ་འམ་འོན་ཏེ་མི་དགའ་ཡང་། །རྙེད་དང་མ་རྙེད་མཚུངས་བར་འགྱུར། །དེ་ ལྟར་དོན་མེད་རྣམ་སྤང་སྟེ། །རི་དང་མཚུངས་པའི་ཡིད་དུ་བྱ། །ཞེས་ཆོས་བརྒྱད་སྙོམས་ཚུལ་སོགས་ཕལ་ཆེར་འདི་དང་མཚུངས་པར་གསུངས་པ་རྣམས་ཀྱང་ཞིབ་པར་དེ་ལས་ཤེས་པར་བྱའོ། །གསུམ་པ་སེམས་ཅན་ལ་གུས་པར་བྱ་བ་ལ་གསུམ། བསོད་ནམས་ཀྱི་ ཞིང་དུ་བསམ་སྟེ་གུས་པར་བྱ་བ། རྒྱལ་བ་དགྱེས་པ་ལ་བསམ་སྟེ་གུས་པར་བྱ་བ། ཕན་གནོད་ཀྱི་འབྲས་བུ་ལ་བསམ་སྟེ་གུས་བར་བྱ་བའོ། །དང་པོ་ནི། དེ་ཕྱིར་སེམས་ཅན་སོགས་ཏེ། དེ་ལ། སངས་རྒྱས་དང་སེམས་ཅན་གཉིས་བསོད་ནམས་ཀྱི་ཞིང་དུ་མཚུངས་པ་ ནི། གནོད་བྱེད་ཀྱི་དགྲ་སོགས་ལ་བརྟེན་ནས་བཟོད་པ་སོགས་དགེ་བའི་ཚོགས་འབྱུང་ཞིང་འཕེལ་བ་དེའི་ཕྱིར་བསོད་ནམས་ཀྱི་ས་བོན་རྒྱུ་ཆེན་པོ་གདབ་པའི་ཞིང་ལ་བ་སེམས་ཅན་གྱི་ཞིང་དང་ནི་རྒྱལ་བའི་ཞིང་ཞེས་བསོད་ནམས་གསོག་པའི་ཞིང་ཁྱད་པར་ཅན་གཉིས་སུ་ངེས་ལ་

Page: 615 ༄༅། །དེ་དག་ནི་དཔེར་ན་ཞིང་ས་བཟང་པོ་ལས་ལོ་ཏོག་འབྱུང་བ་ལྟར་བསོད་ནམས་ཀྱི་ཞིང་ས་དེ་གཉིས་ཀ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་ཀྱི་ལོ་ཏོག་ཕུན་སུམ་ཚོགས་པ་འགྲུབ་པར་ཐུབ་པས་གསུངས་ཏེ། སྨོན་ལམ་རྣམ་པར་དག་པའི་མདོར། །ངས་ སྔོན་སེམས་ཅན་ཞིང་རྣམས་དང༌། །ཐུབ་པའི་ཞིང་ལ་བརྟེན་ནས་ནི། །སངས་རྒྱས་ཆོས་རྣམས་མཐའ་ཡས་པའི། །ལོ་ཏོག་ཕུན་སུམ་ཚོགས་པ་ཐོབ། །ཅེས་སོགས་དང༌། ཡང་སེམས་ཅན་གྱི་ཞིང་ནི་སངས་རྒྱས་སྐྱེ་བའི་ཞིང་ཡིན་ནོ་ཞེས་ཀྱང་གསུངས་ཏེ། ཆོས་ཡང་ དག་པར་སྡུད་པའི་མདོ་ལས། སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ་སངས་རྒྱས་ཀྱི་ཞིང་དེ་ལས་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་འགྱུར་གྱི་དེར་ནི་ལོག་པར་སྒྲུབ་མི་རིགས་སོ་སྙམ་ནས། དེ་ཡང་འདི་སྙམ་དུ་ལེགས་པར་སྤྱད་པ་ དང་ཉེས་པར་སྤྱད་པ་ཐམས་ཅད་ནི་སེམས་ཅན་ལ་བརྟེན་ནས་བྱུང་སྟེ་ཉེས་པར་སྤྱད་པ་ལ་བརྟེན་ནས་ནི་ངན་སོང་རྣམས་འབྱུང་ངོ༌། །ལེགས་པར་སྤྱད་པ་ལ་བརྟེན་ནས་ལྷ་དང་མིར་འགྱུར་རོ་སྙམ་མོ་ཞེས་སོ། །དེ་ནི་ལུང་གི་སྒོ་ནས་སངས་རྒྱས་དང་སེམས་ཅན་ གཉིས་བསོད་ནམས་ཀྱི་ཞིང་དུ་མཚུངས་པར་བསྟན་པ་ཡིན་ལ། རིགས་པའི་སྒོ་ནས་ཀྱང་འདི་ལྟར། སེམས་ཅན་ཐམས་ཅད་ལ་སངས་རྒྱས་བཞིན་དུ་གུས་པས་བལྟ་བར་བྱ་རིགས་ཏེ། སེམས་ཅན་འདི་དག་གི་སེམས་མགུ་བར་བྱས་ནས་ཞེས་སམ་སངས་རྒྱས་དང་ སེམས་ཅན་འདི་དག་གི་སེམས་མགུ་བར་བྱས་ནས་ཚོགས་བསགས་པའི་གང་ཟག་མང་པོ་ཞིག་སྔར་ཡང་འདི་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའམ་དོན་གཉིས་ཕུན་སུམ་ཚོགས་པའི་ཕ་རོལ་དུ་ཕྱིན་ནས་མངོན་པར་རྫོགས་པར་སངས་

Page: 616 རྒྱས་ཟིན་པ་དེའི་ཕྱིར་རོ། །རྒྱུ་མཚན་དེས་ན་སེམས་ཅན་ལ་ཕན་བཏགས་པ་དང་རྒྱལ་བ་རྣམས་ལ་ཕྱག་མཆོད་སོགས་བྱས་པ་གཉིས་ཀ་ལས་ཀྱང་འབྲས་བུ་སངས་རྒྱས་ཀྱི་ཆོས་སྟོབས་བཅུ་སོགས་རང་རྒྱུད་ལ་འགྲུབ་པའི་ཆ་ནས་ཁྱད་པར་མེད་པར་འདྲ་བ་ལ་རྒྱལ་བ་ལ་ གུས་པ་སྐྱེད་པར་བྱེད་ལ་དེ་བཞིན་དུ་སེམས་ཅན་ལ་གུས་པར་བྱེད་པ་མིན་པ་འདི་ནི་ཅིའི་ཚུལ་ལམ་ལུགས་ཡིན་ཏེ། དེ་ལྟར་གུས་མི་གུས་ཀྱི་ཁྱད་པར་འབྱེད་པའི་ཚུལ་ལུགས་དེ་ནི་རིགས་པ་མ་ཡིན་པས་གཉིས་ཀ་ལ་བསོད་ནམས་ཀྱི་ཞིང་མཉམ་པ་ཉིད་དུ་བལྟས་ནས་གུས་ པ་བསྐྱེད་པར་བྱ་རིགས་སོ། །དེ་ལྟར་ཀླུ་སྒྲུབ་ཀྱིས། གང་དག་མགུ་བར་བྱས་ན་སྐྱིད་པ་དང༌། །མགུ་བར་མ་བྱས་རྒུད་པ་མི་བཟད་ཐོབ། །སྲོག་ཀྱང་ཡོངས་སུ་བཏང་བ་བྱས་ནས་སུ། །དེ་དག་ཡོངས་སུ་མགུ་བར་བྱ་བའི་རིགས། །ཞེས་པ་ནས། འདི་དག་ཡིད་བཞིན་ནོར་བུ་ བུམ་པ་བཟང༌། །འདོད་དགུ་བཞོ་བར་བྱ་བའི་བཞོན་དང་མཚུངས། །བླ་མ་དང་ནི་ལྷག་པའི་ལྷ་ཡང་འདྲ། །དེ་ལྟ་བས་ན་འདི་དག་མགུ་བར་བྱ། །ཞེས་གསུངས་ཤིང་བསླབ་བཏུས་སུའང་དེ་དང་འདྲ་བར་བྱུང་ལ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་ལས་ཀྱང་། །གལ་ ཏེ་སེམས་ཅན་འདི་དག་མེད་གྱུར་ན། །འདི་ནི་གང་གི་ཆེད་དུ་སྦྱིན་པ་གཏོང༌། །གལ་ཏེ་ལུས་ཅན་རྣམས་ནི་མེད་གྱུར་ན། །གང་ལས་འདུལ་བའི་ཚུལ་ཁྲིམས་འཐོབ་པར་འགྱུར། །ཉེས་པ་སྐྱེད་པ་ཡང་ནི་གང་ཞིག་ཡིན། །གང་གི་ཆེད་དུ་དཔའ་བོ་བཟོད་པ་སྒོམ། །ཞེས་ སོགས་དང༌། བྱང་ཆུབ་ཕྱོགས་། དང་མཐུན་པའི་ཆོས་རྣམས་ཀྱི། །རྒྱུ་ནི་འདི་ལྟར་སེམས་ཅན་རྣམས་ཡིན་པས། །དེ་ཕྱིར་རྫོགས་པའི་བྱང་ཆུབ་འདོད་པ་ཡིས། །སེམས་ཅན་རྣམས་ནི་བླ་མ་བཞིན་དུ་བལྟ། །ཞེས་སོགས་སེམས་ཅན་ལ་མ་བརྟེན་པར་རྫོགས་བྱང་སྒྲུབ་

Page: 617 ༄༅། །པའི་ཐབས་མེད་ཚུལ་མང་དུ་གསུངས། གཞན་ཡང་སེམས་ཅན་གྱི་སྲོག་བཅད་ན་ངན་འགྲོར་འཁྲིད་ཅིང་སྲོག་གཅོད་པ་ལས་ཐར་བར་བྱས་ནས་བདེ་འགྲོ་དང་དེར་ཡང་ཚེ་རིང་བ་དང༌། དེ་བཞིན་དུ་མ་བྱིན་པ་བླངས་པས་ངན་འགྲོ་དང་ ལོངས་སྤྱོད་བྱིན་པས་བདེ་འགྲོ་ཐོབ་ལ་ཞེ་སྡང་བསྐྱེད་པས་ངན་འགྲོ་དང་བྱམས་སྙིང་རྗེ་བསྒོམས་པ་ལས་བདེ་འགྲོར་འགྲོ་བ་སོགས་དང༌། ཁྱད་པར་སེམས་ཅན་གྱི་ཆེད་དུ་སེམས་བསྐྱེད་པ་དང་སྦྱིན་སོགས་ཀྱི་སྤྱོད་པ་ལ་བསླབ་པས་སངས་རྒྱས་འཐོབ་པས་སངས་རྒྱས་ཀྱང་ བ་སེམས་ཅན་ལ་རག་ལས་ཤིང་སྦྱིན་སོགས་ཀྱི་སྤྱོད་པ་རྫོགས་པའང་སེམས་ཅན་ལ་བརྟེན་དགོས་ཏེ། བྱང་ཆུབ་སེམས་འགྲེལ་ལས། འཇིག་རྟེན་བདེ་འགྲོ་ངན་འགྲོ་ཡི། །འདོད་དང་མི་འདོད་འབྲས་བུ་དེ། །སེམས་ཅན་རྣམས་ལ་ཕན་པ་དང༌། །གནོད་པ་ ལས་ནི་འབྱུང་བར་འགྱུར། །སེམས་ཅན་བརྟེན་ནས་སངས་རྒྱས་ཀྱི། །གོ་འཕང་བླ་མེད་རྙེད་འགྱུར་ན། །ཚངས་དབང་དྲག་པོ་འཇིག་རྟེན་སྐྱོང༌། །ལ་སོགས་ཐོབ་པར་མཚར་ཅི་ཡོད། །ཅེས་སོགས་སེམས་ཅན་ལ་ཕན་གནོད་བྱས་པ་ལས་འབྲས་བུ་འདོད་པ་དང་ མི་འདོད་པ་འབྱུང་ཚུལ་མང་དུ་གསུངས་ལ། སེམས་ཅན་མགུ་བར་བྱ་བའི་ཚིགས་བཅད་ལས་ཀྱང་། སེམས་ཅན་རྣམས་ལ་བརྟེན་ནས་སངས་རྒྱས་མཉེས་དང་དགེ་བ་བྱས། སེམས་ཅན་མང་པོའི་དོན་ལ་རབ་གནས་ཕ་རོལ་ཕྱིན་པ་ཐོབ། །སེམས་ཅན་དོན་ལ་བརྩོན་ པའི་ཡིད་ཀྱིས་བདུད་ཀྱི་སྟོབས་ཀྱང་བཅོམ། །སེམས་ཅན་རྣམས་ལ་དེ་ལྟ་དེ་ལྟར་སྤྱད་པ་དེས་ན་ང་སངས་རྒྱས། །ཞེས་སོགས་གསུངས་སོ། །དོན་དེ་ལ་དོགས་པ་སྤོང་བ་ལ། འབྲས་བུའི་ཆ་ནས་མཉམ་པར་བསྟན་པ་ནི། འོན་ཀྱང་སེམས་ཅན་རྣམས་ཀྱི་ཤེས་

Page: 618 རྒྱུད་ནི་ཆགས་སོགས་ཀྱི་དྲི་མས་བསླད་པའི་སྐྱོན་ཅན་དུ་གྱུར་ལ་སངས་རྒྱས་ལ་ནི་དེ་ལྟ་བུའི་སྐྱོན་མི་མངའ་ཞིང་དེར་མ་ཟད་ཡོན་ཏན་གྱི་ངོས་ནས་རྣམ་པ་ཀུན་ཏུ་མི་མཉམ་པས་ན་སངས་རྒྱས་བཞིན་དུ་སེམས་ཅན་ལ་གུས་པར་བྱ་མི་རིགས་སོ་ཞེ་ན། དེ་གཉིས་ལ་ སྐྱོན་ཡོད་མེད་དང་བསམ་པའི་ཡོན་ཏན་ནམ་སེམས་རྒྱུད་ཀྱི་ཡོན་ཏན་རང་གིས་མཚུངས་པར་འཇོག་པ་མིན་གྱི་འབྲས་བུ་སངས་རྒྱས་ཀྱི་བྱང་ཆུབ་སྐྱེད་པའི་ནུས་པ་ལས་དེ་གཉིས་མཚུངས་པར་བཞག་པ་ཡིན་ལ། དེས་ན་སངས་རྒྱས་དང་མཚུངས་པར་སེམས་ཅན་ རྣམས་ལའང་སངས་རྒྱས་ཀྱི་ཆོས་སྐྱེད་ནུས་པའི་ཡོན་ཏན་ཡོད་པ་དེའི་ཕྱིར་དེ་དག་གཉིས་ཀའངོ་སངས་རྒྱས་ཀྱི་ཡོན་ཏན་གྱི་ལོ་ཏོག་ཕུན་སུམ་ཚོགས་པ་བསྐྲུན་པའི་ཞིང་དུ་མཉམ་པར་གསུངསཔ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་སངས་རྒྱས་ལ་གུས་པ་སྐྱེད་པར་བྱེད་ པ་བཞིན་དུ་སེམས་ཅན་ལའང་གཅེས་སྤྲས་ཀྱི་བསམ་པས་གུས་པ་བསྐྱེད་པར་བྱ་རིགས་ཏེ། དཔེར་ན་ས་བོན་གྲུང་པོ་བཏབ་པ་ལས་ལོ་ཏོག་མང་ཞིང་བཟང་བ་འབྱུང་བར་མཐོང་ན་ཞིང་ས་གཤིན་པོ་ལ་གཅེས་སྤྲས་སུ་འཛིན་པའི་བློ་སྐྱེ་བ་བཞིན་བྱ་དགོས་སོ་ ཞེས་པའོ། །སོ་སོའི་ཐུན་མོང་མ་ཡིན་པའི་ཆེ་བ་ནི། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང་ལྡན་པ་དེ་ཏིང་ངེ་འཛིན་དེ་ལས་ཡང་ན་ཐག་པ་ལ་སྐྱེ་བོ་གཞན་གྱིས་དད་པས་མཆོད་པ་ལ་བསོད་ནམས་མཐའ་ཡས་པ་ མཐོང་ཆོས་ཚེ་དེ་ལ་འབྱུང་བར་བཤད་པ་གང་ཡིན་པ་དེ་ནི་བྱམས་པ་སྒོམ་པའི་ཡུལ་སེམས་ཅན་གྱི་ཆེ་བའི་ཡོན་ཏན་ཉིད་ཡིན་ཏེ་སེམས་ཅན་མེད་ན་བྱམས་པ་སྒོམ་པ་མེད་པས་སོ། །དེས་ན་བྱམས་དང་སྙིང་རྗེ་སོགས་ལ་ཕན་ཡོན་དཔག་མེད་འབྱུང་བ་ནི་ཡུལ་

Page: 619 ༄༅། །སེམས་ཅན་གྱི་ཆེ་བ་ཡིན་པས་དེས་ཀྱང་གུས་པ་སྐྱེད་པ་དང་མཆོད་རིགས་པར་བསྟན་ལ། དེ་བཞིན་དུ་སངས་རྒྱས་རྣམས་ལ་དད་པ་དང་གུས་པའི་སྒོ་ནས་ཕྱག་མཆོད་སོགས་བྱས་པ་ལས་བསོད་ནམས་དཔག་ཏུ་མེད་པ་འབྱུང་བ་གང་ ཡིན་པ་དེ་ནི་དད་པའི་ཡུལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཉིད་ཡིན་ཏེ་སངས་རྒྱས་ལས་གཞན་པ་ལ་དེ་དང་འདྲ་བའི་ཕན་ཡོན་འབྱུང་བ་མེད་པས་སོ། །དེའང་དགེ་བའི་ལས་སྟོབས་ལྡན་འགའ་ཞིག་གི་འབྲས་བུ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཡིན་ལ། དེ་ལྟ་བུའི་ལས་ནི་སངས་རྒྱསལ་བརྟེན་ནས་ཀྱང་འགྲུབ་སྟེ། མདོ་ལས། སངས་རྒྱས་ལ་མཆོད་པ་བྱས་པས་ནི་ཚེ་འདི་ཉིད་ལ་རྣམ་པར་སྨིན་པ་ཕྱུག་པོ་ལ་སོགས་པའི་འབྲས་བུ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་སོགས་གསུངས་པ་ལྟ་བུ་དང༌། སེམས་ཅན་ལ་ བརྟེན་ནས་དེ་འགྲུབ་པའང༌། མཛོད་ལས། གང་དག་འགོག་བྱམས་ཉོན་མོངས་མེད། །སོགས་དང༌། འཕགས་པ་མིན་ཡང་ཕ་མ་དང༌། ནད་པ་དང་ནི་ཆོས་སྨྲ་དང༌། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་ བསྟན་པ་ལྟ་བུའོ། །ཡང་། བྱམས་སེམས་དཔག་མེད་ལྡན་པ་ལ་མཆོད་པས་བསོད་ནམས་དཔག་མེད་མཐོང་ཆོས་སུ་འབྱུང་བ་དེ་ནི་སེམས་ཅན་གྱི་ཆེ་བ་ཡིན་ཏེ་དཔེར་ན་སངས་རྒྱས་ལ་དད་པར་བྱས་པ་ལས་བསོད་ནམས་འབྱུང་བ་སངས་རྒྱས་ཀྱི་ཆེ་བ་ཉིད་ ཡིན་པ་བཞིན་ནོ་ཞེས་བཤད་པའང་ཡོད་དོ། །དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་ཆོས་འགྲུབ་བྱེད་ཀྱི་རྒྱུའི་ཆ་ཤས་རེ་སངས་རྒྱས་དང་སེམས་ཅན་གཉིས་ཀ་ལ་མཚུངས་པ་ཡོད་པ་དེས་ན་སངས་རྒྱས་དང་སེམས་ཅན་གཉིས་པོ་དེ་དག་སངས་རྒྱས་ཀྱི་

Page: 620 རྒྱུར་མཉམ་ཞིང་བསོད་ནམས་དགེ་བའི་ཚོགས་ཀྱི་ཞིང་དུའང་མཉམ་པས་ན་དད་པ་དང་གུས་བའང་མཉམ་པར་བྱ་བ་༌་རིགས་པར་འདོད་པ་ཡིན་ནོ་ཞེས་འབྲས་བུའི་ཆ་ནས་མཉམ་པར་བསྟན་པའི་དོན་བསྡུས་པའོ། །ཡོན་ཏན་གྱི་ཆ་ནས་མི་མཉམ་པར་བསྟན་པ་ནི། དེ་ ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཤིན་ཏུ་རྒྱ་ཆེ་བ་གཏིང་དཔག་པར་དཀའ་བ་རྒྱ་མཚོ་ལྟར་མཐའ་ཡས་པའི་ཚོགས་མངའ་བའི་རྫོགས་པའི་སངས་རྒྱས་རྣམས་དང་སེམས་ཅན་སུ་འགའ་ཡང་ཡོན་ཏན་རྫོགས་པའི་ཆ་ནས་སམ་བསམ་པའི་ཡོན་ཏན་གྱི་ངོས་ ནས་མི་མཉམ་པ་ཉིད་ཡིན་ཏེ་མཉམ་ན་སེམས་ཅན་དང་སངས་རྒྱས་གཉིས་ཁྱད་མེད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བདེན་སྨྲའི་མདོ་ལས། ཞི་དང་ཚུལ་ཁྲིམས་ཏིང་འཛིན་ཡོན་ཏན་གྱིས། །སངས་རྒྱས་དང་། མཉམ་གང་ནའང་ཡོད་མ་ཡིན། །ཞེས་དང༌། གཞན་ཡང་། རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན། །ཞེས་སོ། །སངས་རྒྱས་དང་སེམས་ཅན་ཡོན་ཏན་མཉམ་པ་ལྟ་ཅི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་ཀྱི་ནང་ནས་ཡོན་ཏན་སྣ་གཅིག་ཀྱང་སེམས་ ཅན་ལ་ཡོད་མི་སྲིད་དེ། འཕགས་པ་འོག་མ་རྣམས་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་ལྟ་ཞོག་ཐུན་མོང་བའི་ཡོན་ཏན་རྣམས་ཀྱི་ཆ་ནས་གཞལ་ཡང་ཡོད་ཙམ་ལ་འདྲ་ནའང་ཁྱད་ཆོས་ཀྱི་སྒོ་ནས་མི་འདྲ་སྟེ་སངས་རྒྱས་ལ་ཡོད་པའི་ཡོན་ཏན་རྣམས་ནི་ ཡོན་ཏན་གྱི་མཆོག་སྟེ་གཙོ་བོ་དང་རབ་དང་ཕུལ་དུ་གྱུར་པ་༌་ཡིན་པས་གཞན་ལ་ཡོད་པ་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པ་དང༌། དེ་ཡང་གྲངས་དང་ཚད་གཟུང་དུ་མེད་པའི་ཡོན་ཏན་གྱི་རིགས་སུ་གྱུར་པ་ཐམས་ཅད་མ་ཚང་བ་མེད་པར་ཕྱོགས་གཅིག་

Page: 621 ༄༅། །ཏུ་སྤུངས་ནས་བཞག་པ་ལྟ་བུའི་ཡོན་ཏན་གྱི་སྙིང་པོ་ཐམས་ཅད་ཚོགས་པའི་ཕུང་པོ་ཆེན་པོ་མངའ་ལ། དེ་ལྟ་བུའི་ཡོན་ཏན་མཆོག་གི་ཚོགས་ཆེན་པོ་མངའ་བའི་གང་ཟག་མཚུངས་ཟླ་མེད་པའི་གཅིག་པུ་སངས་རྒྱས་དེ་ཡི་༌་ཡོན་ཏན་གྱི་ ཆ་ཤས་ཕྲ་མོ་ཙམ་མམ་བ་སྤུའི་བུ་ག་གཅིག་གི་ཡོན་ཏན་གྱི་ཆ་ཤས་ཙམ་ཞིག་སེམས་ཅན་འགའ་ཞིག་ལ་ཡོད་པར་སྣང་ནའང་དེ་ལྟ་བུའི་སེམས་ཅན་དེ་ལ་མཆོད་པ་བྱ་བའི་དོན་དུ་ཁམས་གསུམ་པོ་ཀུན་ན་ཡོད་པའི་མཆོད་རྫས་ཀྱི་དངོས་པོ་ཐམས་ཅད་ཕུལ་ ནས་མཆོད་ན་ཡང་ད་དུང་མཆོད་བའི་རྫས་ཀྱི་ངོས་ནས་ཆུང་བར་འགྱུར་གྱི་འཚམས་པ་མ་ཡིན་ན་མཆོད་རྫས་སྣ་རེ་ཙམ་ཕུལ་བ་ལྟ་ཅི་སྨོས་པའོ། །འོ་ན་སངས་རྒྱས་ལྟར་སེམས་ཅན་མཆོད་པར་འོས་པ་འགལ་ལོ་ཞེ་ན། སངས་རྒྱས་དང་ཡོན་ཏན་གྱི་ངོས་ནས་མི་ མཉམ་ཡང་སེམས་ཅན་རྣམས་ལའང་དད་པ་དང་གུས་པས་མཆོད་ཅིང་སེམས་མགུ་བར་བྱས་ན་སངས་རྒྱས་ཀྱི་ཆོས་མཆོག་ཏུ་གྱུར་པ་རྣམས་དེ་ལྟའི་གང་ཟག་དེའི་རང་རྒྱུད་ལ་སྐྱེ་བའི་རྒྱུའི་ཆ་ཤས་གཅིག་སེམས་ཅན་དམན་པ་རྣམས་ལའང་ཡོད་པས་ན་ སངས་རྒྱས་ཀྱི་རྒྱུར་མཚུངས་པའམ་སངས་རྒྱས་ཀྱི་ཆོས་འགྲུབ་པའི་རྒྱུ་མཚན་འདི་ཙམ་དག་གིས་འདྲ་བར་ཆ་བསྟུན་ནས་ཞེས་སམ་འདི་ཙམ་དག་གི་འདྲ་བར་ཆ་བསྟུན་ནས་སེམས་ཅན་ཕལ་བ་རྣམས་ཀྱང་སངས་རྒྱས་ལྟར་དད་པ་དང་གུས་པས་མཆོད་པའི་ གནས་སུ་བྱ་རིགས་པར་འགྱུར་བ་ཡིན་ནོ། །འདིར་འདི་ཙམ་དག་གིས་ཞེས་དང་འདི་ཙམ་དག་གི་དང་འདི་ཙམ་དག་ནི་དང་འདི་ཙམ་གྱིས་ནི་ཞེས་མི་འདྲ་བ་བྱུང་ངོ༌། །རྣམ་བཤད་ལས། དེ་བཞིན་གཤེགས་པ་ཡོན་ཏན་དཔག་མེད་ལྡན་པའི་ཕྱིར་མཆོད་པར་བྱ་

Page: 622 བར་རིགས་ཀྱི་སེམས་ཅན་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ་ཞེ་ན། དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ཀྱི་ནང་ནས་གང་ལ་བརྟེན་ཏེ་སངས་རྒྱས་ཀྱི་ཆོས་སྐྱེ་བ་ཞེས་བྱ་བའི་ཡོན་ཏན་ནི་སེམས་ཅན་རྣམས་ལའང་ཡོད་པའི་ཕྱིར། དེས་ན་མཆོད་པའི་གནས་ ཡིན་པས། ཡོན་ཏན་རྒྱ་མཚོ་སོགས་གསུངས། དེ་བཞིན་གཤེགས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་སྐྱེ་བ་བཞིན་དུ་སེམས་ཅན་རྣམས་ལ་བརྟེན་ནས་ཀྱང་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས། དེ་རྣམས་ནི་སེམས་ཅན་རང་གི་ཡོན་ཏན་ གྱི་ངོས་ནས་བསོད་ནམས་ཀྱི་ཞིང་དུ་གྱུར་པས་གུས་པར་བྱ་བའོ། །གཉིས་པ་དུལ་བ་དགྱེས་པ་ལ་བསམ་སྟེ་གུས་པར་བྱ་བ་ནི། །གཞན་ཡང་གཡོ་མེད་སོགས་ཏེ། དེའང་སངས་རྒྱས་ལ་དད་ཅིང་གུས་པས་དྲིན་གཟོ་འདོད་པས་སེམས་ཅན་མགུ་བར་བྱ་རིགས་ པ་ལ། སེམས་ཅན་མགུ་བར་བྱ་བ་ཉིད་བྱས་གཟོའི་གཙོ་བོར་བསྟན་པ་ནི། སེམས་ཅན་རྣམས་མགུ་བར་བྱ་དགོས་པའི་རྒྱུ་མཚན་གཞན་ཡང་ཡོད་དེ། བསམ་པའི་སྒོ་ནས་གཡོ་མེད་པ་སྟེ་བསླུ་སེམས་དང་བཅོས་མའི་བསམ་པ་ཅུང་ཟད་ཀྱང་མེད་ལ་གཞན་ གྱིས་མ་བཅོལ་བཞིན་དུ་ཐུགས་རྒྱུད་སྙིག་རྗེ་ཆེན་པོས་དབང་མེད་དུ་དྲངས་ནས་འགྲོ་བ་མཐའ་དག་གི་གཉེན་བཤེས་མཆོག་ཏུ་གྱུར་ཅིང་སྦྱོར་བའི་སྒོ་ནས་ཀྱང་སྲིད་པ་གནས་ཀྱི་བར་དུ་སེམས་ཅན་མ་ལུས་པ་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་མཛད་པའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་རྣམས་ཀྱི་སེམས་མགུ་བར་བྱ་བའི་སྒོ་ནས་བཀའ་དྲིན་ནིགྱི་ལན་ལྡོན་པ་མ་གཏོགས་པ་ཐབས་གཞན་གང་ཞིག་གིས་ནི་ཕན་བཏགས་པའི་དྲིན་ལན་ལོན་ནུས་པར་འགྱུར་ཏེ་ཐབས་ཅིས་ཀྱང་མི་འགྱུར་

Page: 623 ༄༅། །རོ། །དེའང་ཇི་སྐད་དུ། སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཅེས་སོ། །དེ་ལྟར་སེམས་ཅན་གྱི་སེམས་མགུ་བར་བྱ་བ་ལས་ལྷག་པའི་སངས་རྒྱས་བྱང་སེམས་རྣམས་ཐུགས་མཉེས་པའི་ མཆོད་པ་གཞན་མེད་པའི་ཕྱིར་དང་དྲིན་ལན་ལྡོན་པའི་ཐབས་ཀྱི་མཆོག་ཀྱང་གཞན་མེད་པའི་ཕྱིར་ན་སངས་རྒྱས་བྱང་སེམས་དེ་དག་གི་ཐུགས་ལ་ཤིན་ཏུ་སྡུག་པའི་སེམས་ཅན་མགུ་བར་བྱ་བའི་ཐབས་ལ་འབད་པར་བྱའོ། །བྱས་གཟོ་འདོད་པས་སེམས་ཅན་གྱི་གནོད་ པ་བཟོད་རིགས་པ་ནི། འོ་ན་སངས་རྒྱས་ཀྱིས་སེམས་ཅན་ལ་ཇི་ཙམ་དུ་ཕན་འདོགས་པར་མཛད་ཅེ་ན། ཆེད་དུ་བྱ་བ་སེམས་ཅན་གང་དག་གི་ཕན་པ་དང་བདེ་བའི་དོན་སྒྲུབ་པའི་ཕྱིར་དུ་མགོ་དང་རྐང་ལག་སོགས་ཉིད་ཀྱི་སྐུ་ལུས་ཀྱང་གཏོང་བ་དང༌། གནོད་པ་དང་ སྡུག་བསྔལ་ལས་བསྐྱབ་པའི་ཕྱིར་དུ་མནར་མེད་པའི་དམྱལ་བའི་མེ་ནང་དུ་ཡང་འདུག་པར་མཛད་པ་དེ་ལྟ་བུའི་སྒོ་ནས་ཕན་འདོགས་པར་མཛད་པའི་སངས་རྒྱས་བྱང་སེམས་རྣམས་ལ་བྱས་ཤེས་དྲིན་གཟོ་འདོད་ན་སེམས་ཅན་དེ་དག་ལ་ཕན་བཏགས་ཤིང ་སེམས་མགུ་བར་བྱས་པས་བཀའ་དྲིན་གྱི་ལན་ལོན་པར་འགྱུར་གྱི་ཐབས་གཞན་གྱིས་ལན་ལོན་པར་མི་འགྱུར་བས་ན། རྒྱུ་མཚན་དེ་བས་ཏེ་དེའི་ཕྱིར་སེམས་ཅན་འདི་དག་གིས་བདག་ལ་གནོད་པ་ཆུང་དུ་བྱེད་པ་ལྟ་ཞོག་ལུས་སྲོག་ལོངས་སྤྱོད་སོགས་ལ་ གནོད་པ་ཤིན་ཏུ་ཆེན་པོ་བྱེད་ན་ཡང་དེ་ལ་ཁྲོ་བ་དང་གནོད་ལན་བྱེད་པ་ལྟ་ཅི། སེམས་ཅན་དེ་དག་གི་སྒོ་གསུམ་གྱི་སྤྱོད་པ་གང་བྱས་ཐམས་ཅད་བཟང་དགུ་ཞིག་ཏུའམ་བཟང་དགུ་འབའ་ཞིག་ཏུ་བསམ་ནས་གནོད་པ་དང་སྡུག་བསྔལ་སྐྱེད་པ་ཐམས་ཅད་དགའ་

Page: 624 བས་དང་དུ་བླངས་ནས་བཟོད་པའི་དཀའ་ཐུབ་དམ་པ་སྤྱད་པར་བྱའོ་ཞེས་སེམས་ཅན་གྱི་གནོད་པ་བྱས་པ་ལ་བཟོད་པར་དམ་བཅའ་བའོ། །ཡང་རང་གི་སྒོ་གསུམ་པོ་ཐམས་ཅད་ནས་ཞེས་པའམ་སྒོ་ཐམས་ཅད་ནས་ཕན་བདེ་སྣ་ཚོགས་སྒྲུབ་པའི་བཟང་དགུ་ཞིག་ཏུ་ སྤྱད་པར་བྱའོ་ཞེས་བཤད་པ་སོགས་འཆད་ཚུལ་ཅུང་ཟད་མི་འདྲ་བ་འགའ་བྱུང་ངོ༌། །འདི་ནི་དཔལ་ཕྲེང་གི་སེང་གེའི་སྒྲར། བཅོམ་ལྡན་ད་སླན་ཆད་བདག་གིས་གང་དུ་ཡང་སེམས་ཅོན་ལ་ཁྲོ་བ་དང་གནོད་སེམས་ཀྱི་སེམས་བསྐྱེད་པར་མི་བགྱི་སྟེ་ཞེས་དམ་བཅས་ པ་ལྟ་བུའོ། །དྲིན་གཟོ་འདོད་པས་ཁེངས་དྲེགས་སྤངས་ཏེ་བྲན་དུ་བྱ་རིགས་པ་ནི། ་གཞན་ཡང་རེ་ཞིག་བདག་ཅོག་སྐྱེ་དགུ་ཡོངས་ཀྱི་རྗེ་བོ་དམ་པར་གྱུར་པ་སངས་རྒྱས་སྲས་བཅས་རྣམས་ཉིད་ཀྱང་ནི་སེམས་ཅན་གྲོང་རོག་གི་ཕན་བདེའི་དོན་སྒྲུབ་པའི་ཕྱིར་དུ་ཕྱི་རོལ་ གྱི་ནོར་ལོངས་སྤྱོད་ལྟ་ཅི་རང་གི་སྐུ་ལུས་ལའང་མི་ཟླ་གཟིགས་པ་སྟེ་མངོན་པར་ཞེན་པ་ཕྲ་མོའང་མི་མངའ་བར་རྩ་བཞིན་དུ་གཏོང་བར་མཛད་པ་ཡིན་ན། དེ་ལྟ་བུ་རྗེ་བོའི་ཡང་རྗེ་བོར་གྱུར་པའི་སེམས་ཅན་དེ་དག་རྣམས་ལ་མི་ཤེས་པའི་རྨོངས་པའི་གཞན་དབང་དུ་གྱུར་ པ་བདག་གིས་ཇི་ལྟར་ན་སེམས་ཁེངས་པའི་ང་རྒྱལ་བྱ་ཞིང་སྟེ་བྱ་མི་རིགས་ལ་ཇི་ལྟར་ན་བྱ་བའི་ལས་ཐམས་ཅད་སྒྲུབ་པའི་བྲན་གྱི་དངོས་པོ་མི་བྱ་སྟེ་བྱ་རིགས་པ་ནི་བྲན་གྱིས་རྗེ་བོ་ལ་ང་རྒྱལ་གྱ་མི་རིགས་ཤིང་ལས་ཐམས་ཅད་སྒྲུབ་རིགས་པ་བཞིན་ནོ་ཞེས་སངས་རྒྱས་ལ ་དྲིན་གཟོའི་ཐབས་སུ་སངས་རྒྱས་ཉིད་ཀྱི་མཛད་པ་བཞིན་དུ་སེམས་ཅན་གྱི་བྲན་དུ་བྱ་རིགས་པར་བསྟན་ལ་དེ་བཞིན་དུ་སེམས་ཅན་གྱི་དོན་ལ་འབད་པར་གྱིས་ཤིག་ཅེས་གདམས་པའང་ཡིན་ནོ། །དེ་ནི་བསླབ་བཏུས་སུ། བདག་གི་ལུས་འདི་ནི་འདི་དག་གི་ཡིན་

Page: 625 ༄༅། །གྱི་བདག་བདེ་བའི་དོན་དུ་བྱི་དོར་བྱེད་པ་དང་བསྐུ་བ་ལ་སོགས་པ་བྱེད་པ་བཞིན་དུ་འདི་ལ་ཅི་དགར་སྤྱོད་ཅིག་སྙམ་དུ་བསམ་མོ། །ཡང་ན་རྗེ་བོ་མི་དགའ་བས་འཇིགས་པ་དེ་དགའ་བར་འདོད་པས་དེས་བསྒོ་བ་སྒྲུབ་པ་ལྟར་ཡིད་ལ་བྱའོ། །རྟེན་ གཞན་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་རིམ་གྲོ་མཛད་པའང་དགེ་སློང་ནད་པས་ཉམས་སུ་བླངས་སོ། །དགེ་སློང་གི་བྱ་བ་རྒྱས་པ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་འཇིགས་ཤིག་དགེ་སློང་ངས་ཁྱོད་ཀྱི་རིམ་གྲོ་བྱའོ། །དགེ་ སློང་ཁྱོད་ཀྱི་གོས་རྣམས་ཚུར་བྱིན་ཅིག་ངས་བཀྲུའོ་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་སོགས་གསུངས་པ་ལྟར་རོ། །སངས་རྒྱས་ལ་དད་ཅིང་གུས་པས་ཐུགས་མཉེས་པ་བསྒྲུབ་པར་འདོད་པས་སེམས་ཅན་མགུ་བར་བྱ་རིགས་པ་ལ། །སངས་རྒྱས་དགྱེས་མི་དགྱེས་ སེམས་ཅན་ལ་ཕན་གནོད་བྱས་པ་ལ་རག་ལས་པ་ནི། སེམས་ཅན་གང་དག་གི་ལུས་སེམས་ལ་བདེ་དགའ་འབྱུང་བས་ཐུབ་པའི་དབང་པོ་སངས་རྒྱས་རྣམས་ཐུགས་དགྱེས་པར་འགྱུར་ཞིང་སེམས་ཅན་གང་དག་ལ་སྡུག་བསྔལ་དང་ཡིད་མི་བདེ་བས་གནོད་པ་བྱུང་ བར་གྱུར་ན་ཐུགས་མི་དགྱེས་པའམ་མི་མཉེས་པ་འབྱུང་བར་འགྱུར་བ་ཡིན་ལ། དེའི་ཕྱིར་སེམས་ཅན་དེ་དག་ལ་ཕན་པ་དང་བདེ་བ་བསྒྲུབས་ནས་ལུས་སེམས་ལ་བདེ་དགའ་སྩལ་བས་ཐུབ་པའི་དབང་པོ་སངས་རྒྱས་ཀུན་གྱི་ཐུགས་བཞེད་གྲུབ་པས་དགྱེས་པར་ བྱས་ཤིང་སེམས་ཅན་དེ་རྣམས་ལ་གནོད་པའི་སྡུག་བསྔལ་དང་ཡིད་མི་བདེ་བར་བྱས་ན་ཐུབ་དབང་སངས་རྒྱས་རྣམས་ལ་ཐུགས་དང་འགལ་བའི་གནོད་པ་བྱས་པས་སྐྱོ་བའམ་མི་དགྱེས་པར་ཡང་འགྱུར་ཏེ་དཔེར་ན་བུ་གཅིག་པ་སྡུག་ཅིང་ཡིད་དུ་འོང་བ་ལ་ཕན་པ་དང་

Page: 626 གནོད་པ་བྱས་པ་ལས་བརྩེ་བ་དང་ལྡན་པའི་མ་དེ་ཉིད་ལ་དགའ་བ་དང་མི་དགའ་བ་འབྱུང་བ་བཞིན་ནོ། །འོ་ན་ཉན་རང་རྣམས་ལའང་ཙནྡན་དང་སྟེའུ་མཚུངས་པར་ཆགས་སྣང་མི་འབྱུང་བར་གསུངས་ན་སངས་རྒྱས་རྣམས་ལ་ཆགས་སྡང་ལྟ་བུའི་དགྱེས་མི་དགྱེས་ འབྱུང་བ་འགལ་ལོ་ཞེ་ན། སངས་རྒྱས་ལ་དེ་ལྟ་བུའི་མཉེས་མི་མཉེས་གཏན་ནས་མི་མངའ་ཡང་གདུལ་བྱའི་སྣང་ངོར་དེ་ལྟར་སྣང་བ་ཙམ་ལ་སྐྱོན་མེད་ལ་ལ་བྱང་སེམས་ལ་དགྱེས་མི་དགྱེས་དངོས་སུ་འབྱུང་ངོ་ཞེས་བི་བྷཱུ་ཏིས་གསུངས་སོ། །སེམས་ཅན་ལ་གནོད་ ན་སངས་རྒྱས་དགྱེས་ཐབས་མེད་པ་དཔེས་བསྟན་པ་ནི། སེམས་ཅན་ལ་གནོད་ན་སངས་རྒྱས་རྣམས་ལ་གནོད་པར་ཇི་ལྟར་འགྱུར་སྙམ་ན། འགྱུར་ཏེ་དཔེ་ཇི་ལྟར་ན། སྐྱེས་བུ་གང་ཞིག་གི་ལུས་ལ་ཡན་ལག་གི་ཕྱོགས་ཐམས་ཅད་ཀུན་ནས་ཁྱབ་པར་བྱེད་པའི་མེ་ ཆེན་པོ་འབར་ཏེ་བསྲེགས་པའི་སྡུག་བསྔལ་གྱིས་གཟིར་བ་ལ་ཟས་གོས་སོགས་འདོད་པའི་ཡོན་ཏན་ལྔ་པོ་ཀུན་གྱིས་མཆོད་ཅིང་བསྟབས་པར་བྱས་པས་ཀྱང་དེ་ཡིད་དགའ་ཞིང་བདེ་བར་མི་འགྱུར་བ་དེ་བཞིན་དུ་སེམས་ཅན་རྣམས་ལ་གནོད་པ་དང་འཚེ་བས་སྡུག་ བསྔལ་བར་བྱས་ན་ཡང་ཐུགས་རྗེ་ཤིན་ཏུ་ཆེ་བའི་བདག་ཉིད་ཅན་གྱི་སངས་རྒྱས་རྣམས་ཐུགས་དགྱེས་པ་སྐྱེད་པའི་ཐབས་སམ་རྒྱུ་མེད་དོ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་ཞེས་པའི་སྐབས། རྒྱ་དཔེར། ཀྱང་སྒྲ་ཡོད་པས་ཡིད་མི་བདེ་བར་མ་ཟད་མེ་ཆེན་ པོས་བསྲེགས་ཕྱིར་ལུས་ཀྱང་བདེ་བར་མི་འགྱུར་ཞེས་སྡུད་པ་ཡིན་པར་བཤད་དོ། །འདི་ནི་ཟླ་བ་སྒྲོན་མེར། ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། འདི་ན་སྐྱེས་བུ་ལ་ལ་ཞིག་རྐང་པ་ནས་སྤྱི་བོའི་བར་དུ་མེ་འབར་བར་གྱུར་ཏེ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་

Page: 627 ༄༅ ། །དེ་ལ་སྐྱེས་བུ་ལ་ལ་ཞིག་དེར་ཉེ་བར་འོངས་ཏེ། འདི་སྐད་དུ། ཀྱེ་སྐྱེས་བུ་ཚུར་ཤོག་ལུས་ལ་མེ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་རྩེས་ཤིག་དགའ་བར་ཞུས་ཤིག་ཡོངས་སུ་སྤྱོད་ཅིག་ཅེས་ཟེར་ན། ཀུན་དགའ་ བོ་འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ལུས་ལ་མེ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་གྱུར་ཏེ་རྩེ་བ་དང་དགའ་བ་དང་ཡོངས་སུ་སྤྱོད་པར་བྱེད་དམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀུན་དགའ་བོ་ཡོངས་སུ་བརྟགས་པ་བཟུང་སྟེ་སྐྱེས་བུ་དེ་ལུས་ལ་མི་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་གྱུར་ཏེ་རྩེ་བ་དང་དགའ་བ་དང་ཡོངས་སུ་སྤྱོད་པར་བྱེད་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་ སྤྱད་པ་སྤྱོད་པ་ན་སེམས་ཅན་རྣམས་ངན་སོང་གསུམ་གྱིས་སྡུག་བསྔལ་བར་གྱུར་ཅིང་དབུལ་བ་དག་ཀྱང་མཐོང་ནས་ཡིད་བདེ་བའམ་སེམས་དགའ་བ་མ་བྱུང་ངོ་ཞེས་གསུངས་པ་ལྟར་རོ། །མི་མཉེས་པའི་རྒྱུ་སྔར་བྱས་བཤགས་ཤིང་ཕྱིས་སྡོམ་པ་ནི། སེམས་ཅན་ལ་ གནོད་པ་བྱས་ན་ཐུབ་པ་རྣམས་མི་དགྱེས་པར་འགྱུར་བའི་རྒྱུ་མཚན་དེ་བས་ན་བདག་གིས་སྔར་མི་ཤེས་རྨོངས་པའི་དབང་གིས་བའགྲོ་བ་རྣམས་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གནོད་པ་བྱས་པའི་དབང་གིས་ཐུགས་རྗེ་ཆེས་ཆེ་བ་མངའ་བའི་རྫོགས་པའི་སངས་རྒྱས་ ཀུན་མི་དགྱེས་ཤིང་ཐུགས་སྐྱོ་བའི་རྒྱུར་གྱུར་པ་གང་ཡིན་པའི་སྡིག་པ་མི་དགེ་བ་ཐམས་ཅད་དུས་དེ་རིང་ཉིད་ནས་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་གྱི་རྒྱལ་བ་རྣམས་ཀྱི་སྤྱན་སྔར་སྙིང་ནས་འགྱོད་སེམས་དྲག་པོས་སོ་སོར་བཤགས་པར་བགྱི་ཡིས་སེམས་ཅན་ལ་གནོད་

Page: 628 པ་བྱས་པས་ཐུགས་དང་འགལ་ཞིང་མི་དགྱེས་པར་གྱུར་པ་གང་ལགས་པ་དེ་དག་ཐམས་ཅད་ཐུབ་པའི་དབང་པོ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ། སླན་ཆད་དེ་བཞིན་གཤེགས་པ་རྣམས་ཐུགས་དགྱེས་པ་བསྐྱེད་པ་བགྱི་བའི་སླད་དུ་དུས་དེང་ཉིད་ནས་བཟུང་ སྟེ་སེམས་ཅན་ལ་གནོད་པའི་ལས་ཕྱིས་འབྱུང་ཐམས་ཅད་འཕྲོ་བཅད་དེ་ལེགས་པར་སྡོམ་པ་དང་ཆགས་སྡང་དང་ཁེངས་དྲེགས་སོགས་ཐམས་ཅད་ངེས་པར་བཏུལ་ཏེ་སྒོ་གསུམ་པོ་ཀུན་གྱིས་འཇིག་རྟེན་པའི་སྐྱེ་བོ་རྣམས་ཀྱི་བགྱི་བའི་ལས་ཐམས་ཅད་བྱེད་པའི་བྲན་དུ ་མཆི་བར་བགྱིའོ་ཞེས་བསམ་པ་བརྟན་པོས་ཁས་བླངས་པར་བྱའོ། །ངེས་བཏུལ་ཞེས་པའང་བྱུང་ངོ༌། །འཇིག་རྟེན་པའི་འགྲོ་བ་མང་པོའི་ལུས་ཀྱི་དམའ་ཤོས་རྡོག་པའམ་རྐང་པས་བདག་གི་ལུས་ཀྱི་མཐོ་ཤོས་སྤྱི་བོར་བརྡུང་བརྡེག་བྱས་ཏེ་འཚོག་གམ་འགུམ་པ་སྟེ་ གསོད་པར་བྱེད་ཀྱང་རུང་ཞེས་སམ་བསད་ཀྱང་བླའི་དེ་རྣམས་ལ་ཁྲོ་ཞིང་གནོད་ལན་བྱེད་པའི་སྒོ་ནས་འགྲན་མི་བསྡོ་བའམ་དོ་མི་བསྔོ་བར་གུས་པ་བསྐྱེད་དེ་དགའ་བས་དང་དུ་བླང་བར་བགྱི་ཡིས་འཇིག་རྟེན་གསུམ་གྱི་མགོན་པོ་རྫོགས་པའི་སངས་རྒྱས་རྣམས་ཐུགས་ དགྱེས་པར་མཛོད་ཅིག་ཅེས་པའོ། །འདི་ནི་སྡུད་པ་ལས། དཔེར་ན་བྲན་མོ་ཆུ་ཆུན་དབང་མེད་རྗེ་བོའི་དབང་། །དེ་བཞིན་དཔའ་རྣམས་སེམས་ཅན་ཀུན་གྱི་དབང་གིས་འགྲོ། །སྤྲོ་བ་བྱས་སམ་འོན་ཏེ་རྟག་ཏུ་བརྡེག་ཀྱང་རུང་། །བྲན་མོ་རྗེ་བོ་ལ་ནི་ཟློག་ཚིག་མི་ སྨྲ་ཡི། །འདི་ཡིས་བདག་ནི་བསད་པར་འགྱུར་དུ་འོང་སྙམ་ནས། །ཤིན་ཏུ་སྐྲག་པའི་ཡིད་ཀྱིས་འཇིགས་བཅས་ཟིལ་གྱིས་གནོན། །དེ་བཞིན་བྱང་ཆུབ་ཆེད་དུ་བྱང་ཆུབ་མཆོག་ཞུགས་པ། །འགྲོ་བ་ཀུན་ལ་བྲན་གྱུར་བཞིན་དུ་གནས་པར་བྱ། །ཞེས་གསུངས་

Page: 629 ༄༅། །པ་ལྟར་རོ། །སངས་རྒྱས་ཀྱི་བདག་ཉིད་ཡིན་པས་སེམས་ཅན་མགུ་བར་བྱ་བ་ནི། འཇིག་རྟེན་གྱི་ཁམས་ཀྱི་འགྲོ་བ་མ་ལུས་པ་འདི་དག་ཀུན་ཀྱང་ཐུགས་རྗེའི་བདག་ཉིད་ཅན་གྱི་སངས་རྒྱས་དེས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བདག་ གཞན་མཉམ་པ་དང་བརྗེ་བའི་ཉམས་ལེན་ཟབ་མོ་ལ་སློབ་པའི་སྐབས་དང་ཆོས་དབྱིངས་མཉམ་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་གཟིགས་པའི་དུས་སུ་བདག་ཏུ་མཛད་པ་འདི་ལ་ཐེ་ཚོམ་མེད་ལ། རྒྱུ་མཚན་དེས་ན་ད་ལྟ་སེམས་ཅན་ཕལ་བའི་ངོ་བོར་མཐོང་བ་ འདི་དག་ཉིད་བདག་ཅག་གི་མགོན་སྐྱབས་དམ་པར་གྱུར་པའི་སངས་རྒྱས་དེ་དག་ཉིད་ཡིན་ལ་དེའི་ཕྱིར་གུས་པར་བྱས་ན་སངས་རྒྱས་ཀྱི་ཆོས་འགྲུབ་པས་བདག་ཉིད་ཀྱིས་ཅིའི་ཕྱིར་སངས་རྒྱས་ལ་གུས་པ་བཞིན་དུ་དད་པ་དང་གུས་པ་བསྐྱེད་པར་མི་བྱེད་དེ་དད་ཅིང་ གུས་པར་བྱ་རིགས་སོ། །ཡང་མགོན་པོ་སངས་རྒྱས་དེའི་བདོག་ཉིད་ཁོ་ན་ཡིན་པ་ལ་དེའི་ཚུལ་ལ་རྨོངས་ནས་ཅིའི་ཕྱིར་གུས་པར་མི་བྱེད་ཅེས་བཤད་ཀྱང་རུང་ངོ༌། །འགྲེལ་པ་འགར། གཞན་ཡང་གཡོ་མེད་སོགས་ཀྱིས་སངས་རྒྱས་ཀྱིས་སེམས་ཅན་བདག་ གིར་མཛད་པས་གུས་པར་བྱ་རིགས་པར་བསྟན་ལ་འདིས་སེམས་ཅན་བདག་ཏུ་མཛད་པས་གུས་རིགས་པར་བསྟན་པ་ཡིན་ཞེས་འབྱུང་ངོ༌། །སེམས་ཅན་མགུ་བ་ལེགས་པ་ཐམས་ཅད་ཀྱི་རྒྱུར་བསྟན་པ་ནི། སྔར་བཤད་པ་ལྟར་སེམས་ཅན་གྱིས་རང་ལ་གནོད་ པ་སྣ་ཚོགས་བྱེད་པ་ན་ཐམས་ཅད་བཟང་དགུ་ཞིག་ཏུ་བལྟས་ནས་དང་དུ་ལེན་པ་དང་དད་པ་དང་གུས་པ་བསྐྱེད་དེ་སེམས་ཅན་གྱི་སེམས་མགུ་བ་སྐྱེད་པའི་ཐབས་འབའ་ཞིག་བྱེད་པ་འདི་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཐུགས་མཉེས་ཤིང་རངས་པར་བྱེད་པའི་

Page: 630 ཐབས་ཀྱི་མཆོག་ཡིན་ཏེ་དེ་ལས་ལྷག་བ་པའི་རྒྱལ་བ་སྲས་བཅས་དགྱེས་པ་སྐྱེད་བྱེད་གཞན་མེད་པའི་ཕྱིར་དང་། རང་དོན་ཡང་དག་པར་སྒྲུབ་པར་བྱེད་པའང་འདི་འབའ་ཞིག་ཉིད་དོ་ཞེས་ཏེ་སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་ཚོགས་རྫོགས་པར་བྱེད་པའི་ཐབས་བླ་ན་མེད་པ་ ཡིན་པའི་ཕྱིར་དང༌། འཇིག་རྟེན་པ་ཐམས་ཅད་ཀྱི་སྡུག་བསྔལ་མཐའ་དག་སེལ་བའང་འདི་ཁོ་ན་ཉིད་དེ་སེམས་ཅན་མགུ་བར་བྱས་པ་ལ་བརྟེན་ནས་རང་རང་གི་སྐལ་བ་དང་འཚམས་པའི་ཐེག་གསུམ་གྱི་ལམ་ལ་བཀྲི་ནུས་པའི་ཕྱིར་རོ། །དེ་ལྟར་སངས་རྒྱས་ མཉེས་པ་སོགས་བསྒྲུབ་བྱའི་དོན་གསུམ་པོ་དེ་སྒྲུབ་བྱེད་ཀྱི་ཐབས་ཀྱི་གཙོ་བོ་ཡིན་པ་དེ་ལྟ་བས་ན་བདག་གིས་དུས་རྟག་ཏུ་སེམས་ཅན་མགུ་བར་བྱེད་པའི་ཐབས་འདི་ཉིད་ལའང་ད་ནས་བསླབ་པར་བྱའོ། །རྒྱ་དཔེ་འགར། དེ་ལྟས་བདག་གིས་བརྟུལ་ཞུགས་ འདི་ཉིད་བྱ། །ཞེས་ཡོད་པར་གསུངས་ཏེ། །བྱང་སེམས་ཀྱི་བརྟུལ་ཞུགས་ཀྱང་འདི་ཁོ་ན་ཡིན་པས་ལེགས་པར་སྤྱད་དོ་ཞེས་པའོ། །དེའང་ཇི་སྐད་དུ་མདོ་ལས། དེ་ལྟ་བས་ན་སེམས་ཅན་མགུ་བར་བྱ་བ་ཉིད་བྱང་ཆུབ་སེམས་དཔའི་ལས་ཡིན་ནོ། །ཞེས་སོ། །དེ་ ལྟར་སངས་རྒྱས་ལ་དད་གུས་ལྡན་པས་བྱས་ཤེས་དྲིན་གཟོ་འདོད་པ་དང་ཐུགས་མཉེས་པ་སྒྲུབ་པར་འདོད་པས་སེམས་ཅན་མགུ་བར་བྱ་དགོས་པའི་རྒྱུ་མཚན་གཞན་ཡང་། སངས་རྒྱས་རྣམས་ཀྱིས་དང་པོར་ཐུགས་བསྐྱེད་པ་བར་དུ་ཚོགས་བསགས་པ་མཐར་ སངས་རྒྱས་པ་ཐམས་ཅད་ལ་གཞན་ལ་ཕན་བདེ་སྒྲུབ་པའི་དོན་འབའ་ཞིག་མ་གཏོགས་རང་དོན་གྱི་དགོས་པ་གང་ཡང་མེད་པའི་ཕྱིར་ཏེ། ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། ཇི་ལྟར་མ་མ་རང་ལུས་སྣ་ཚོགས་ཐབས་ཚུལ་མང་པོས་འཛིན་བགྱིད་ཀྱང༌།

Page: 631 ༄༅། །གཞོན་ནུའི་ནད་བསལ་ཆེད་ལགས་དགའ་སྐྱེད་མ་ལགས་ལུས་ཕྱིར་མ་ལགས་པ། །དེ་བཞིན་བརྩོན་པ་ཆེན་པོས་བདག་ཉིད་ཡོན་ཏན་བསྐྲུན་མཛད་པ། །འགྲོ་བས་ལོངས་སྤྱོད་ཆེད་ལགས་གྲགས་དང་གཞན་དག་ཟིལ་མནན་ཆེད་མ་ ལགས། །ཞེས་གསུངས་ལ། དེ་བཞིན་དུ་སངས་རྒྱས་དགྱེས་མི་དགྱེས་སེམས་ཅན་ལ་ཕན་གནོད་བྱས་པ་ལ་རག་ལས་པས་ན་སངས་རྒྱས་རྣམས་མཉེས་པ་དང་མཆོད་པའི་མཆོག་བྱེད་པར་འདོད་པས་སེམས་ཅན་མགུ་བར་བྱ་དགོས་པའི་ཚུལ། སེམས་ཅན་ མགུ་བར་བྱ་བའི་བསྟོད་པ་ལས། ང་ལ་གུས་པ་སེམས་ཅན་དོན་ཏེ་གུས་པ་གཞན་དག་མིན། །གང་གིས་སྙིང་རྗེ་མ་བཏང་དེ་ཡིས་ང་ལ་གུས་པ་སྟེ། །ཞེས་སོགས་དང༌། །སེམས་ཅན་ཕན་པ་ཆུང་ཡང་དེས་ནི་མཆོད་པ་འབྱུང་འགྱུར་ཏེ། གང་གི་ཡིད་ནི་མགུ་བར་ བྱེད་པ་མཆོད་པ་ཡིན་པས་སོ། །གནོད་པའི་བདག་ཉིད་ཅན་རྣམས་གཞན་ལ་རྣམ་པར་འཚེ་བའང་རུང༌། །ལེགས་པར་སྦྱར་ནས་མཆོད་པར་གྱུར་ཀྱང་དེས་ནི་མཆོད་མི་འགྱུར། །ཆུང་མ་དག་དང་བུ་དང་འབྱོར་དང་རྒྱལ་སྲིད་ཆེན་པོ་དང༌། །ཤ་རྣམས་དང་ནི་ཁྲག་ དང་ཚིལ་དང་མིག་དང་ལུས་རྣམས་ཀྱང༌། །གང་ལ་བརྩེ་བའི་དབང་དུ་བྱས་ནས་ང་ཡིས་ཡོངས་བཏང་བ། །དེས་ན་དེ་ལ་གནོད་པ་བྱས་ན་ང་ལ་གནོད་བྱས་འགྱུར། །དེས་ན་སེམས་ཅན་ཕན་པ་བྱས་ན་ང་ལ་མཆོད་པའི་མཆོག །སེམས་ཅན་གནོད་པ་བྱས་པ་ང་ལ་ ཤིན་ཏུ་གནོད་པའི་མཆོག །བདེ་དང་སྡུག་བསྔལ་ང་དང་སེམས་ཅན་མཚུངས་པར་མྱོང་བས་ན། །སེམས་ཅན་རྣམས་ལ་འཚེ་བར་བྱེད་དེ་ང་ཡི་སློབ་མ་ཇི་ལྟར་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཕན་གནོད་ཀྱི་འབྲས་བུ་ལ་བསམ་སྟེ་གུས་པར་བྱ་བ་ནི།

Page: 632 དཔེར་ན་རྒྱལ་པོའི་སོགས་ཏེ། དེ་ལ། གནོད་པའི་ཉེས་དམིགས་དཔེས་བསྟན་ཏེ་མགུ་བར་བྱ་བ་ནི། དཔེར་ན་རྒྱལ་པོ་ཆེན་པོའི་འཁོར་དུ་གཏོགས་ཤིང་རྒྱལ་པོ་དེའི་བཀས་མངགས་པའི་ཕོ་ཉ་བ་ལྟ་བུའི་མི་འགའ་ཞིག་གིས་གྲོང་དང་གྲོང་ཁྱེར་ལ་སོགས་ པ་ན་གནས་པའི་རྒྱལ་པོའི་མངའ་འབངས་སུ་གྱུར་པའི་སྐྱེ་བོའི་ཚོགས་མང་པོ་ལ་གནོད་པ་སྣ་ཚོགས་པ་ཞིག་བྱེད་ཀྱང་སྐྱེ་བོ་དེ་དག་གི་ནང་ན་ཕྱི་ནས་རྒྱལ་པོའི་ཆད་པ་འདྲ་འོང་བར་མི་འགྱུར་རམ་སྙམ་དུ་ཕྱི་མཐའ་ལ་རྟོག་ཅིང་དཔྱོད་ཤེས་པའི་སྐྱེ་བོ་མིག་རྒྱང་རིང་ པོ་དག་གིས་ད་ལྟ་རྒྱལ་པོའི་འཁོར་འབངས་ཀྱི་མི་རྒྱལ་པོའི་མངའ་འོག་ན་གནས་པ་རྣམས་ལ་གནོད་པ་བྱེད་མཁན་གྱི་ཕོ་ཉ་བ་ལྟ་བུ་དེ་སྟོབས་ཀྱི་སྒོ་ནས་གཞོམ་པར་ནུས་མོད་ཀྱང་ཕྱི་དུས་ལ་བལྟས་ནས་དེ་ལ་ཕྱིར་གནོད་ལན་མི་བྱེད་པར་སེམས་དགའ་མགུ་ སྐྱེད་པར་བྱེད་དེ། ཅིའི་ཕྱིར་ན། འདི་ལྟར་ཕོ་ཉ་བ་ལྟ་བུའི་མི་དེ་དཔུང་གྲོགས་སུ་ཡང་མེད་པའི་གཅིག་པུ་ཞིག་མ་ཡིན་གྱི་རྒྱལ་པོའི་མཐུ་སྟོབས་ནུས་པ་གངཡོད་དེའི་དཔུང་གྲོགས་སམ་ཕྱོགས་སུ་གཏོགས་པ་ཡིན་པའི་ཕྱིར་རོ། །རྒྱ་དཔེར། ནུས་ཀྱང་ ཕྱིར་གནོད་མི་བྱེད་དེ་ཅེས་པའི་དོད། རྣམ་པར་འགྱུར་བ་མི་ནུས་ཉིད། །ཅེས་ཡོད་དེ་དེ་ལ་ལུས་ངག་གི་གནོད་པའི་རྣམ་འགྱུར་ཙམ་ཡང་བྱ་མི་ནུས་པ་ཉིད་བཞིན་དུ་གནོད་པ་བྱ་མི་ཕོད་པར་བག་འཁུམས་ནས་གནས་ཞེས་པའོ། །དཔེ་དེ་བཞིན་དུ་གནོད་བྱེད་ཀྱི་སྐྱེ་ བོ་ཉམ་ཆུང་བ་སྟེ་ནུས་སྟོབས་ཆུང་བའི་དགྲ་བོ་འགའ་ཞིག་གིས་བདག་ལ་མི་རིགས་པའི་གནོད་པ་མང་པོ་བྱེད་ཀྱང་ཕྱིས་ཀྱི་སྐྱོན་ཡོན་ལ་མི་ལྟ་བར་དེ་མ་ཐག་དེ་ཡང་ཁྱད་དུ་བསད་ནས་བརྡུང་བརྡེག་གསོད་པ་སོགས་མི་བྱ་སྟེ། ཅིའི་ཕྱིར་ན། འདི་ལྟར་གནོད་

Page: 633 ༄༅། །བྱེད་དེ་དཔུང་གྲོགས་སུ་ཡང་མེད་པའི་གཅིག་པུ་ཉིད་མ་ཡིན་ཏེ་སེམས་ཅན་དམྱལ་བའི་སྲུང་མ་འཇིགས་སུ་རུང་བ་རྣམས་ཀྱང་དེའི་དཔུང་གྲོགས་སུ་གཏོགས་པ་ལྟར་ཕྱི་མར་དམྱལ་བའི་གནས་སུ་གནོད་ལན་དྲག་པོ་བྱེད་པ་དང༌། དེར་མ་ ཟད་ཐུགས་རྗེ་ཆེན་པོ་དང་ལྡན་པའི་རྒྱལ་བ་སྲས་བཅས་རྣམས་ཀྱང་གནོད་བྱེད་དེ་ཡི་དཔུང་གྲོགས་ལམ་ཕྱོགས་སུ་གཏོགས་པ་དང་འདྲ་སྟེ་གནོད་བྱེད་དེ་ལ་གནོད་པ་བྱས་པས་དེ་རྣམས་ཐུགས་མི་དགྱེས་པར་འགྱུར་བའི་ཕྱིར། གནོད་བྱེད་ཉམ་ཆུང་བ་ནི་དཔེར་ ན་ཤིག་ལྟ་བུས་ལུས་ལ་ཟོས་པ་ན་དེ་མ་ཐག་དེ་ཁྱད་དུ་བསད་དེ་སེན་མོའི་བར་དུ་བཅར་ནས་བསད་པ་ལྟ་བུའོ། །རྒྱུ་མཚན་དེ་ལྟས་ཞེས་སམ་དཔེ་ཇི་ལྟར་ན་རྒྱལ་པོའི་ཞམ་རིང་བའི་དམངས་ཕལ་བ་རྣམས་ཀྱིས་རྒྱལ་པོ་ཉེས་པ་ཆུང་ངུ་བྱས་པ་ལའང་ཆད་པ་དྲག་ པོ་༌གཅོད་པའི་ཤིན་ཏུ་གཏུམ་པོ་དེ་ལ་འཛེམ་བག་བྱས་ཏེ་མཉེས་པའི་ཐབས་ཅི་དགོས་བསྒྲུབས་ནས་དེའི་༌སེམས་མགུ་བར་བྱེད་པ་དེ་བཞིན་དུ་སེམས་ཅན་རྣམས་ལ་ནི་སེམས་མགུ་བར་བྱ་བའི་ཐབས་འབའ་ཞིག་སྒྲུབ་རིགས་དེ་མགུ་བར་མ་བྱས་ན་སྔ་མས་ཀྱང ་དཔེར་མི་བཟོད་པའི་ཉེས་དམིགས་ཀྱི་ཆད་པ་ཆེན་པོ་འོད་བའི་ཕྱིར་རོ། །འདིས་སྟོབས་མེད་ཉམ་ཆུང་གིས་གནོད་པ་བྱེད་པ་ལའང་བཟོད་པ་བསྒོམ་པར་བྱ་རིགས་ཀྱི་གནོད་པ་བྱ་མི་རིགས་ཞེས་བསྟན་ཏོ། །དཔེ་ལས་ཀྱང་ལྷག་པའི་ཉེས་དམིགས་དང་ཕན་ ཡོན་འབྱུང་བ་ནི། དེའང་འཇིག་རྟེན་ན་གྲགས་པ་ལྟར་གྱི་དཔེ་དང་སྦྱར་ནས་དེ་སྐད་བསྟན་པར་ཟད་ཀྱི་ཉེས་དམིགས་ཀྱི་སྐྱོན་དང་ཕན་པའི་ཡོན་ཏན་གཉིས་པོ་དཔེ་དེ་དང་མཉམ་པར་བསྟན་པ་མ་ཡིན་ཏེ། འདི་ལྟར་རྒྱལ་པོ་ལྟ་ཞིག་ཁྲོས་པའམ་ཇི་ལྟར་ཁྲོས་ཏེ་སེམས་

Page: 634 མ་མགུ་ན་ཡང་ཚེ་འདིའི་ལུས་སྲོག་ལོངས་སྤྱོད་སོགས་ལ་ཆད་པ་གཅོད་པ་ཙམ་བྱེད་ནུས་ཀྱི་སེམས་ཅན་གྱི་སེམས་མི་མགུ་བར་བྱས་པ་ཡིས་རྣམ་སྨིན་ཕྱི་མར་ཉམས་སུ་མྱོང་བར་འགྱུར་བ་གང་ཡིན་པའི་ཉེས་དམིགས་དམྱལ་བའི་སྡུག་བསྔལ་གྱི་གནོད་པ་དྲག་ པོ་དེ་འདྲ་བ་རྒྱལ་པོ་དེས་བྱེད་དམ་ཞེས་དྲིས་པའི་ཟུར་གྱིས་བྱེད་མི་ནུས་པར་བསྟན་ལ། རྒྱལ་པོ་ལྟ་ཞིག་སྟེ་ཇི་ལྟར་མགུ་ཞིང་དགའ་བར་གྱུར་ན་ཡང་ཚེསའདིར་ནོར་ལོངས་སྤྱོད་ཐོབ་མངའ་ཐང་སོགས་སྟེར་ནུས་ཀྱི་སེམས་ཅན་རྣམས་སེམས་དགའ་ཞིང་མགུ་བར་ བྱས་པ་ཡིས་འཁྲུས་བུ་ཕན་པའི་ཡོན་ཏན་འཐོབ་པར་འགྱུར་བ་གང་ཡིན་པ་སངས་རྒྱས་ཉིད་ཀྱི་གོ་འཕང་དེ་ནི་རྒྱལ་པོ་དེས་སྦྱིན་མི་སྲིད་ཅེས་ཏེ་གཏན་ནས་སྦྱིན་མི་ནུས་པ་ཉིད་དོ། །འདིས་དཔེ་དོན་ཕན་གནོད་མི་མཉམ་པར་དཔེ་ལས་ཀྱང་ལྷག་པའི་ཉེས་དམིགས་དང་ ཕན་ཡོན་འབྱུང་བ་བསྟན་ནོ། །དེ་ལྟར་སེམས་ཅན་ལ་ཕན་གནོད་བྱས་པ་ལས་འབྲས་བུ་བདེ་སྡུག་འབྱུང་བའི་ཚུལ་གཞན་ཡང་། བྱང་ཆུབ་སེམས་འགྲེལ་ལས། །སེམས་དམྱལ་དུད་འགྲོ་ཡི་དྭགས་སུ། །སྡུག་བསྔལ་རྣམ་པ་དུ་མའི་དངོས། །སེམས་ཅན་ རྣམས་ཀྱིས་མྱོང་བ་གང་། །དེ་ནི་སེམས་ཅན་གནོད་ལས་བྱུང༌། །བཀྲེས་སྐོམ་ཕན་ཚུན་བརྡེག་པ་དང་། །གཟིར་བ་ཡི་ནི་སྡུག་བསྔལ་ཉིད། །བཟློག་པར་དཀའ་ཞིང་ཟད་མེད་དེ། །སེམས་ཅན་གནོད་པའི་འབྲས་བུའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ དང༌། །བདེ་འགྲོ་ངན་འགྲོ་གང་ཡིན་པའི། །རྣམ་པར་སྨིན་པའི་ཚུལ་གཉིས་ནི། །སེམས་ཅན་ལས་བྱུང་ཤེས་པར་བྱ། །དངོས་པོ་ཀུན་གྱི་ཕན་གདགས་ཤིང༌། །རང་ལུས་བཞིན་དུ་བསྲུང་བར་བྱ། །སེམས་ཅན་རྣམས་ལ་གནོད་པ་ནི། །དུག་བཞིན་འབད་

Page: 635 ༄༅། །པས་སྤང་བར་བྱ། །ཞེས་དང་། སེམས་ཅན་ཡོངས་སུ་མ་དོར་བས། །སངས་རྒྱས་རྫོགས་པའི་བྱང་ཆུབ་ཐོབ། །ཅེས་སོགས་གསུངས་ལ། དེ་བཞིན་དུ་རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་ལས་ཀྱང་། འདི་ལྟར་ཕན་དང་གནོད་པ་བྱས་ པ་ལས། །བདེ་བ་དང་ནི་སྡུག་བསྔལ་ཚད་མེད་པ། །གཉིས་ཀའི་རྒྱུ་རུ་འགྱུར་བ་དེ་ཕྱིར་ཡང་། །སེམས་ཅན་རྣམས་ནི་བདག་གི་བླ་མ་ཡིན། །ཞེས་སོགས་མང་དུ་གསུངས་སོ། །སེམས་ཅན་མགུ་བར་བྱས་པའི་ཕན་ཡོན་ནམ་བཟོད་པའི་ཕན་ཡོན་ནི། སྒོ་ཀུན་ནས་ སེམས་ཅན་རྣམས་ལ་ཕན་བཏགས་ཏེ་སེམས་དགའ་ཞིང་མགུ་བར་བྱས་པ་དང་བཟོད་པ་བསྒོམས་པར་བྱས་པ་ལས་བྱུང་བ་ཡི་འབྲས་བུ་མ་འོངས་པ་ན་སངས་རྒྱས་ཀྱི་གོ་འཕང་ཉིད་འགྲུབ་པ་ལྟ་ཞོག་ཅེས་མཐར་ཐུག་གི་འབྲས་བུ་སངས་རྒྱས་འགྲུབ་པ་བསྟན་ལ། མཐོང་ པའི་ཆོས་ཚེ་འདི་ཉིད་ལའང་ཕུན་སུམ་ཚོགས་པ་མཐའ་དག་རྒྱས་པའི་དཔལ་འབྱོར་ཆེན་པོ་དང་ཕྱོགས་ཀུན་ཏུ་སྙན་པའི་གྲགས་པ་རྒྱ་ཆེན་པོ་འབྱུང་བ་དང་དགྲ་གདོན་སོགས་ཀྱི་འགལ་རྐྱེན་ཐམས་ཅད་དང་བྲལ་ཞིང་ཚེ་དང་ལོངས་སྤྱོད་སོགས་མཐུན་རྐྱེན་ ཐམས་ཅད་ལེགས་པར་ཚང་བས་བདེ་ཞིང་སྐྱིད་པར་འགྱུར་བའང་ཅིས་མ་མཐོང་སྟེ་མཐོང་བའི་ཕྱིར་ཞེས་གནས་སྐབས་མཐོང་ཆོས་ཀྱི་འབྲས་བུ་བསྟན་པའོ། །ཡང་མ་འོངས་པར་སངས་རྒྱས་འགྲུབ་པའི་ཕན་ཡོན་ལ་བསམ་ནས་སེམས་ཅན་མགུ་བར་བྱ་བ་ དང་བཟོད་པ་སྒོམ་རིགས་པ་ལྟ་ཞོག་ཚེ་འདི་ཕྱིའི་གནས་སྐབས་ཀྱི་འབྲས་བུར་ལྟོས་ནའང་བཟོད་པ་སྒོམ་རིགས་ཞེས་གསུངས་པའང་སྣང་ངོ༌། །གཞན་ཡང་མདོ་ལས། བཟོད་པས་གཟུགས་བཟང་དམ་པ་རྒྱ་ཆེན་ཐོབ་འགྱུར་ཏེ། །གུསེར་མདོག་སྡུག་ཅིང་འགྲོ་

Page: 636 བའི་བལྟ་བའི་འོས་སུ་འགྱུར། །ཞེས་པ་ལྟར། མཐར་ཐུག་གི་འབྲས་བུ་སངས་རྒྱས་མ་ཐོབ་ཀྱི་བར་གྱི་འཁོར་བར་འཁོར་བའི་ཚེ་རབས་ཐམས་ཅད་དུ་ཡང་བཟོད་པ་བསྒོམས་པས་གཟུགས་མཛེས་པ་ཁ་དོག་གསེར་གྱི་མདོག་ཅན་བལྟ་ན་སྡུག་ཅིང་འགྲོ་བའི་ མིག་དང་ཡིད་འཕྲོག་པར་བྱེད་པས་དང་བ་འདྲེན་པ་ཐོབ་པ་དང༌། སོགས་སྒྲས་བསྟན་པ་དབང་བོ་རྣམས་ལེགས་པར་ཚང་ཞིང་འཁོར་ཕུན་སུམ་ཚོགས་པ་ལ་སོགས་པ་འཐོབ་པ་དང༌། ལུས་ལ་ནད་སྣ་ཚོགས་ཀྱིས་གཟིར་བའི་གནོད་པའི་ཟུག་རྔུ་མེད་པ་ དང་སྙན་པའི་གྲགས་པ་རྒྱ་ཆེ་བའམ་རྒྱུན་དུ་དགའ་བ་རྒྱ་ཆེན་པོ་དང་བཅས་པ་ཡིས་ཚེ་ཤིན་ཏུ་ཡུན་རིང་དུ་འཚོ་བ་དང༌། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་རྒྱས་པ་སྟེ་རིན་པོ་ཆེ་སྣ་བདུན་དང་ཉེ་བའི་རིན་ཆེན་བདུན་སོགས་ཀྱི་འབྱོར་པ་ཁྱད་པར་ཅན་དང་མངའ་ རིས་པ་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པ་ལ་འགོད་པ་སོགས་རང་དང་གཞན་གྱི་ཕུན་སུམ་ཚོགས་པའི་དཔལ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ། །གཞན་ཡང་གཡོ་མེད་སོགས་ནས་འདི་ཡན་བསླབ་བཏུས་སུའང་ཕར་ཆེར་འདི་བཞིན་དུ་གསུངས་ སོ༑ །དེ་དག་ནི་གཙོ་ཆེར་གནས་སྐབས་རྣམ་སྨིན་གྱི་འབྲས་བུ་སྟེ་མདོར་ན་དེ་དག་གིས་ཕན་ཡོན་གྱི་རྣམ་གྲངས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་སེམས་ཅན་མགུ་བ་ནི་གནས་སྐབས་དང་མཐར་ཐུག་གི་ཕུན་སུམ་ཚོགས་པའི་བདེ་བ་ཐམས་ཅད་ཀྱི་རྒྱུ་ཡིན་ ནོ་ཞེས་བསྟན་པའོ། འདིར། དཔེར་ན་རྒྱལ་པོའི་མི་འགའ་ཞིག །ཅེས་པ་ནས་འདི་ཡན་ཕན་གནོད་ཀྱི་འབྲས་བུ་ལ་བསམ་སྟེ་སེམས་ཅན་ལ་གུས་པར་བྱ་བ་ཞེས་པའི་ས་བཅད་ཀྱི་ཁོངས་སུ་བསྡུས་ནས་བསྟན་ལ། འགྲེལ་བ་འགར། འདི་ཉིད་དེ་བཞིན་

Page: 637 ༄༅། །གཤེགས་པ་མཉེས་བྱེད་ཡིན། །ཞེས་པ་མན་ཆད་བཟོད་པའི་ཕན་ཡོན་དུ་བྱས་ནས། བཟོད་པ་བསྒོམས་པ་འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། ཞེས་སོགས་སྦྱར་ནས་འཆད་ལ། ཡང་འགྲེལ་བ་འགར། འདི་ཉིད་དེ་བཞིན་ གཤེགས་པ་ནས་སེམས་ཅན་མགུ་བར་བྱས་པའི་ཕན་ཡོན་དུ་བྱས་ནས་སེམས་ཅན་མགུ་བར་བྱེད་པ། འདི་ཉིད་དི་བཞིན་གཤེགས་པ་མཉེས་བྱེད་ཡིན། ཞེས་སོགས་སྦྱར་ནས་འཆད་ཅིང་། འཁོར་ཚེ་སོགས་མཇུག་གི་ཚིགས་བཅད་གཅིག་པོ་འདི་བཟོད་པའི་ ཕན་ཡོན་དུ་བྱས་ནས་ལེའུ་འདིའི་དོན་བསྡུ་བར་བྱེད་དེ་དེ་ནི་རྩ་ཚིག་དང་སྦྱར་ཚེ་ཤིན་ཏུ་འབྲེལ་བར་སྣང་ངོ༌། །འོན་ཀྱང་བཟོད་པ་བསྒོམས་ནས་སེམས་ཅན་གྱི་སེམས་མགུ་བར་བྱས་པ་དང་སེམས་ཅན་མགུ་བའི་ཆེད་དུ་བཟོད་པ་བསྒོམ་པ་སོགས་བྱས་པ་གཉིས་པ་ཁྱད་པར་ ཆེར་མི་འདུག་ཅིང་ཕན་ཡོན་ཀྱང་དེ་གཉིས་གང་གི་༌ཕན་ཡོན་དུ་བཤད་ཀྱང་མི་འགལ་སྙམ་མོ། །མདོར་ན་བཟོད་པའི་མི་མཐུན་ཕྱོགས་ཁོང་ཁྲོ་ཤས་ཆེ་བ་དང་དགེ་ཆོས་ལ་ཞེ་ཞུམ་ནས་སྲོ་ཤི་བ་དང་མ་མོས་ཤིང་མི་འདོད་པ་གསུམ་པོ་ངོ་ཤེས་པར་བྱས་ནས། དེ་གསུམ་གྱི་གཉེན་པོར་རིམ་པ་བཞིན་དུ་གཞན་གྱིས་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་རང་གི་རྒྱུད་ལ་སྡུག་བསྔལ་བྱུང་བས་མི་ཞུམ་པར་དང་དུ་ལེན་པ་དང་ཆོས་ལ་ངེས་པར་སེམས་པ་ལ་མོས་པ་ཤིན་ཏུ་གནས་པའི་བཟོད་པ་གསུམ་བསྒོམ་པ་ལ་འབད་པར་ བྱའོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སོགས་ཏེ། འདིས་བཟོད་པ་སྒོམ་ཚུལ་རྒྱས་པར་སྟོན་པས་ན་བཟོད་པ་བསྟན་པའི་ལེའུ་ཞེས་བསྟན་ཏེ་དྲུག་པའོ། ། ། །

ལེའུ་བདུན་པ། བརྩོན་འགྲུས་ཀྱི་ལེའུ།

[edit]

གསུམ་པ་བྱང་ཆུབ་ཀྱི་སེམས་མི་ཉམས་པར་གོང་

Page: 638 ནས་གོང་དུ་སྤེལ་བ་ལ་གསུམ། བརྩོན་འགྲུས་ཀྱི་ལེའུ། བསམ་གཏན་གྱི་ལེའུ། ཤེས་རབ་ཀྱི་ལེའུའོ། །དང་པོ་བརྩོན་འགྲུས་ཀྱི་ལེའུ་ལ་གཉིས། ལེའུའི་གཞུང་། ལེའུའི་མཚན་ནོ། །དང་པོ་ལ་གཉིས། བརྩོན་འགྲུས་རྩོམ་དགོས་པའི་རྒྱུ་མཚན་མདོར་ བསྟན་པ། བརྩོན་འགྲུས་ཇི་ལྟར་རྩོམ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་བཟོད་པས་སོགས་ཏེ། གོང་དུ་བཤད་པ་དེ་ལྟར་གཞན་གྱིས་གནོད་པ་དང་དཀའ་སྤྱད་རྒྱུ་ཆེན་པོ་ལ་བཟོད་པ་དང་ལྡན་པས་བྱང་ཆུབ་མྱུར་དུ་སྒྲུབ་པའི་ཕྱིར་དུ་བརྩོན་འགྲུས་ བརྩམ་པར་བྱ་དགོས་སོ་ཞེས་མཚམས་སྦྱར་ནས་བརྩོན་འགྲུས་རྩོམ་པར་བསྐུལ་བ་སྟེ། དེ་ཡང་བཟོད་པ་མེད་ན་ཐོས་སོགས་ལ་བརྩོན་འགྲུས་བརྩམས་ནས་འཇུག་མི་ནུས་པའམ་ཞུགས་ཀྱང་ཆུད་འཛའ་བར་འགྱུར་བའི་ཕྱིར་ཏེ། བསླབ་བཏུས་སུ། བཟོད་བྱ་ཐོས་པ་ བཙལ་བར་བྱ། ཞེས་གསུངས་པ་ལྟར་རོ། །འོ་ན་བཟོད་པས་ཆོག་གི་བརྩོན་འགྲུས་རྩོམ་ཅི་དགོས་ཤེ་ན། དགོས་པའི་རྒྱུ་མཚན་འདི་ལྟར་རྒྱལ་སྲས་ཀྱི་སྤྱོད་པ་རྣམས་ལ་སྤྲོ་བས་འཇུག་པའི་བརྩོན་འགྲུས་དང་ལྡན་པ་དེ་ལ་འབྲས་བུ་བྱང་ཆུབ་ཆེན་པོ་གནས་པའམ་འབྱུང་ སྟེ། བརྩོན་འགྲུས་ནི་ཚོགས་གཉིས་ཀྱི་རྒྱུ་ཡིན་ལ་ཚོགས་གཉིས་ནི་བྱང་ཆུབ་ཆེན་པོ་འགྲུབ་བྱེད་ཀྱི་རྒྱུ་ཡིན་པས་སོ། །དེ་ནི་དཔེར་ན་སྐྱོད་པར་བྱེད་པའི་བྱེད་ལས་ཅན་གྱི་རླུང་མེད་ན་མར་མེ་དང་ཤིང་ལོ་སོགས་གཡོ་བ་མེད་ཅིང་རྐང་ལག་བརྐྱང་བསྐུམ་སོགས་ཀྱི་གཡོ་ བའང་མེད་པ་བཞིན་དུ་དགེ་ཆོས་སྤྱི་དང་ཁྱད་པར་བྱང་ཆུབ་ཆེན་པོ་སྐྱེད་བྱེད་ཀྱི་རྒྱུར་གྱུར་པའི་བསོད་ནམས་ཀྱི་ཚོགས་དང་དེས་མཚོན་༌་པའི་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་ཀྱང་བརྩོན་འགྲུས་མེད་ན་མི་འབྱུང་སྟེ་བརྩོན་འགྲུས་ནི་དགེ་བའི་ས་ཆེན་པོ་པ་ཡིན་པའི་ཕྱིར་རོ། །

Page: 639 ༄༅། །དགེ་བ་ལ་སྤྲོ་བཞིན་དུ་འཇུག་པའི་བརྩོན་འགྲུས་ལ་བརྟེན་ནས་རྒྱུ་ཚོགས་གཉིས་བསགས་པ་ལས་འབྲས་བུ་བྱང་ཆུབ་ཆེན་པོ་འབྱུང་སྟེ། དབུ་མ་ལ་འཇུག་པ་ལས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང༌། །བསོད་ནམས་བློ་གྲོས་ཚོགས་ ནི་གཉིས་ཀྱི་རྒྱུ། །ཞེས་གསུངས་ཤིང༌། མདོ་ལས་ཀྱང༌། བློ་གྲོས་རྒྱ་མཚོ་བརྩོན་འགྲུས་བརྩམས་པ་ལས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ལ་བརྩོན་འགྲུས་ཡོད་པ་དེ་ལ་བྱང་ཆུབ་ཡོད་ཀྱི་ལེ་ལོ་ཅན་རྣམས་ ལ་ནི་བྱང་ཆུབ་ཤིན་ཏུ་རིང་ངོ་ཞེས་སོགས་དང༌། སྡུད་པར་ཡང་། །བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར། །ཞེས་གསུངས། དེའི་ཕྱིར་འཕགས་པ་ཐོགས་མེད་ཀྱིས་ཀྱང་། གང་གི་ ཕྱིར་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་དེ་ལྟར་ཡང་དག་པར་འགྲུབ་པར་བྱ་བའི་རྒྱུའི་གཙོ་བོ་དང་མཆོག་ནི་བརྩོན་འགྲུས་ཁོ་ན་ཡིན་གྱི་གཞན་ནི་དེ་ལྟར་མ་ཡིན་པ་དེའི་ཕྱིར་བརྩོན་འགྲུས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་ནོ་ཞེས་ དེ་བཞིན་གཤེགས་པ་རྣམས་བསྟན་པས་སྟོན་པར་མཛད་དོ། །ཞེས་གསུངས་སོ། །གཉིས་པ་བརྩོན་འགྲུས་ཇི་ལྟར་རྩོམ་ཚུལ་རྒྱས་པར་བཤད་པ་ལ་གསུམ། བརྩོན་འགྲུས་ཀྱི་ངོ་བོ་ངོས་གཟུང་བ། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྤང་བ། དེའི་མཐུན་ཕྱོགས་ སྒྲུབ་པའོ། །དང་པོ་ནི། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་ཏེ། དེ་ལ་བརྩོན་འགྲུས་ཀྱི་ངོ་གང་བོ་ཡིན་ན་དམིགས་པ་དགེ་བ་ལ་དམིགས་ནས་རྣམ་པ་མངོན་པར་སྤྲོ་བའོ། །དེ་ལ་དགེ་བ་ལ་སྤྲོ་བ་ཞེས་པས་བརྩོན་འགྲུས་ནི་སེམས་དགེ་བ་ལ་མངོན་པར་སྤྲོ་བ་

Page: 640 ཉིད་ཡིན་གྱི་དེ་ལས་གཞན་དུ་གང་ལའང་མི་སྤྲོ་བ་དང༌། མི་དགེ་བ་དང་ལུང་མ་བསྟན་གྱི་ལས་ལ་སྤྲོ་བ་དང་མུ་སྟེགས་བྱེད་ཀྱི་ལམ་ལོག་པ་ལ་སྤྲོ་བ་རྣམས་བརྩོན་འགྲུས་མ་ཡིན་ནོ་ཞེས་དེ་དག་བརྩོན་འགྲུས་ཡིན་པ་བསལ་བ་སྟེ། མི་དགེ་བ་སོགས་ལ་སྤྲོ་བ་ནི་ བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་ཡིན་པས་སོ། །དེས་ན་ཐོས་སོགས་ཀྱི་དགེ་བ་དང་སྦྱིན་སོགས་ཀྱི་དགེ་བ་ལ་ཡང་དག་པར་སྤྲོ་བ་ནི་བརྩོན་འགྲུས་སོ། །དེ་ཡང་མདོ་ལས། བརྩོན་འགྲུས་གང་ཞེ་ན་དགེ་བ་ལ་སྤྲོ་བའོ་ཞེས་དང༌། ཕུང་ལྔའི་རབ་བྱེད་ལས་ཀྱང་། བརྩོན་འགྲུས་གང་ཞེ་ན་ལེ་ལོའི་གཉེན་པོ་སྟེ་དགེ་བ་ལ་སེམས་མངོན་པར་སྤྲོ་བའོ་ཞེས་གསུངས་པ་ལྟར་རོ། །དེའི་བྱེད་ལས་ཀྱང་། ཀུན་བཏུས་ལས། དགེ་བའི་ཕྱོགས་ཡོངས་སུ་རྫོགས་པར་བྱེད་པ་དང་ཡོངས་སུ་སྒྲུབ་པའི་ ལས་ཅན་ནོ་ཞེས་པ་ལྟར་ཏེ། དེ་ནི་དགེ་བའི་ཕྱོགས་ཐམས་ཅད་སྒྲུབ་པར་བྱེད་པ་དང་ཡོངས་སུ་རྫོགས་པར་བྱེད་པ་བརྩོན་འགྲུས་ལ་རག་ལས་ཞེས་པའི་དོན་ཏོ། །ལུས་ངག་གི་ལས་ལ་བརྩོན་འགྲུས་སུ་བཤད་པ་ཡོད་ཀྱང་དེ་ནི་རྒྱུའི་མིང་གིས་བཏགས་པའོ། ། བརྩོན་འགྲུས་ཉམས་སུ་ལེན་པ་ལ་འཇུག་པའི་ཐབས་ནི་བརྩོན་འགྲུས་མ་བརྩམས་པའི་ཉེས་དམིགས་དང་བརྩོན་འགྲུས་བརྩམས་པའི་ཕན་ཡོན་རྣམས་ཡང་ཡང་སེམས་པ་སྟེ་དེ་སེམས་པ་ལ་གོམས་ན་བརྩོན་འགྲུས་སྐྱེ་བས་སོ། །དེ་ལ་བརྩོན་འགྲུས་མ་ བརྩམས་པའི་ཉེས་དམིགས་ནི། མདོ་ལས། ལེ་ལོ་ཅན་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ༌། །ལེ་ལོ་ཅན་རྣམས་ལ་ནི་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །ལེ་ལོ་ཅན་ལ་ནི་གཞན་གྱི་དོན་མེད་དོ་ཞེས་དང༌། །དྲན་པ་ཉེར་གཞག་ལས་ཀྱང་།

Page: 641 ༄༅། །ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་གསུངས་པ་ལྟར་བརྩོན་འགྲུས་མེད་ན་ལེ་ལོའི་དབང་དུ་སོང་ནས་དཀར་ཆོས་ཀུན་གྱིས་ཕོངས་ ཏེ་གནས་སྐབས་དང་མཐར་ཐུག་གི་སྐྱེས་བུའི་འདོད་པའི་དོན་ཐམས་ཅད་ལས་ཉམས་པར་འགྱུར་བའོ། །བརྩོན་འགྲུས་བརྩམས་པའི་ཕན་ཡོན་ནི། གོང་དུ་བྱང་ཆུབ་ཆེན་པོ་འགྲུབ་བྱེད་ཀྱི་རྒྱུའི་གཙོ་བོར་བསྟན་པ་དང༌། ལེ་ལོའི་གཉེན་པོ་བྱེད་པ་དང་དགེ་བའི་ ཆོས་སྒྲུབ་པར་བྱེད་ཅིང་རྫོགས་པར་བྱེད་ཅེས་བསྟན་པ་ལྟར་ཡིན་ལ། ལེ་ལོའི་གཉེན་པོ་བྱེད་པ་ནི། དྲན་པ་ཉེར་གཞག་ལས། ལེ་ལོ་ནི་བརྩོན་འགྲུས་བསྐྱེད་པས་ཏེ་ལེ་ལོ་རྣམས་ནི་ཐམས་ཅད་ཀྱང་བརྩོན་འགྲུས་བསྐྱེད་པས་འཇོམས་པར་འགྱུར་རོ། །དཔེར་ ན་སྣང་བས་མུན་པ་འཇོམས་པར་བྱེད་པ་དེ་བཞིན་དུ་ལེ་ལོ་རྣམས་ཐམས་ཅད་ཀྱང་བརྩོན་འགྲུས་བསྐྱེད་པས་སྤོང་བ་ཡིན་ནོ་ཞེས་དང༌། གཞན་ཡང་ལྷག་བསམ་བསྐུལ་བ་ལས། སྡུག་བསྔལ་ཀུན་དང་མུན་པ་སེལ་བྱེད་ཅིང་། །ངན་སོང་ཡོངས་སུ་སྤོང་བའི་ གཞིར་གྱུར་པ། །སངས་རྒྱས་ཀུན་གྱིས་བསྔགས་པའི་བརྩོན་འགྲུས་འཕགས། །གང་ཡིན་དེ་ནི་རྟག་ཏུ་བསྟེན་པར་གྱིས། །འཇིག་རྟེན་འདི་ན་བཟོ་གངཅི་ཡོད་དང༌། །འཇིག་རྟེན་འདས་བཟོ་གང་དག་ཅི་ཡོད་པ། །བརྩོན་འགྲུས་བརྩམས་ལ་རྙེད་པར་མི་ དཀའ་ན༑༑མཁས་པ་སུ་ཞིག་བརྩོན་འགྲུས་སྟོབས་ཀྱིས་སྐྱོ། །གང་དག་སངས་རྒྱས་བྱང་ཆུབ་ཞུགས་གྱུར་པ། །དེ་དག་རྨུག་གཉིད་སྐྱོན་རྣམས་མཐོང་ནས་ནི། །རྟག་ཏུ་བརྩོན་འགྲུས་རྩོམ་ལ་གནས་པར་བྱེད། །འདི་ནི་ང་ཡིས་དེ་དག་བསྐུལ་བྱས་ཡིན། །

Page: 642 ཞེས་དང༌། མདོ་སྡེའི་རྒྱན་ལས་ཀྱང་། དགེ་བའི་ཚོགས་ཀྱི་ནང་ན་བརྩོན་འགྲུས་མཆོག །འདི་ལྟར་དེ་ལ་བརྟེན་ནས་དེ་རྗེས་ཐོབ། །བརྩོན་འགྲུབ་ཀྱིས་ནི་མོད་ལ་བདེ་གནས་མཆོག །དངོས་གྲུབ་འཇིག་རྟེན་འདས་དང་འཇིག་རྟེན་གཏོགས། །བརྩོན་ འགྲུས་ཀྱིས་ནི་སྲིད་སྤྱོད་འདོད་པ་ཐོབ། །བརྩོན་འགྲུས་ཀྱིས་ནི་དག་པ་རབ་འགྱུར་ལྡན། །བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་འདས་ནས་གྲོལ། །བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་སངས་རྒྱ། །ཞེས་སོགས་དང༌། ཕར་བསྡུས་ལས་ཀྱང་། ཡོངས་ སུ་སྐྱེ་མེད་བརྩོན་འགྲུས་ཆེ་ལྡན་ན། །མི་འཐོབ་མི་འགྲུབ་རྣམ་པ་གང་ཡང་མེད། །ཅེས་སོགས་མང་ངོ༌། །དེ་ལྟར་ལེ་ལོའི་དབང་དུ་གྱུར་ནས་བརྩོན་འགྲུས་མ་བརྩམས་པའི་ཉེས་དམིགས་དང་བརྩོན་འགྲུས་བརྩམས་པའི་ཕན་ཡོན་ཤེས་པར་བྱས་ནས་རྒྱལ་ སྲས་རྣམས་ཀྱིས་བྱང་ཆུབ་ཆེན་པོ་བསྒྲུབ་པའི་ཕྱིར་ལེ་ལོ་སྤངས་ནས་ལུས་དང་སྲོག་ལའང་མི་ལྟ་བར་བརྩོན་འགྲུས་རྩོམ་དགོས་པ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །བདག་ཉིད་ཀྱི་ཡང་ལུས་དང་ནི། །སྲོག་ཀྱང་ཡོངས་སུ་སྤང་བགྱིས་ཏེ། །ལེ་ལོ་ དག་ནི་ཀུན་སྤངས་ནས། །བྱང་ཆུབ་དམ་པ་བཙལ་བར་བགྱི། །ཤ་རྣམས་དང་ནི་དེ་བཞིན་ཁྲག་རྣམས་དང་། །པགས་པ་དང་ནི་རུས་སྐམ་སྲོག་བོར་ཏེ། །ལེ་ལོ་ཐམས་ཅད་ཡོངས་སུ་སྤངས་བགྱིས་ནས། །བྱང་ཆུབ་མཆོག་ཕྱིར་བརྩོན་འགྲུས་བརྩམ་པར་བགྱི། ཞེས་པ་ལྟར་རོ། །བརྩོན་འགྲུས་ཀྱི་རབ་དབྱེ་ལ། གོ་ཆའི་བརྩོན་འགྲུས་དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་གསུམ་དུ་བཤད་པ་དང༌། མདོ་སྡེའི་རྒྱན་ལས། ཐོག་མར་གོ་བཆའི་བརྩོན་འགྲུས་དེ་ནས་ནི། །ཚུལ་བཞིན་རབ་

Page: 643 ༄༅། །ཞུགས་སྦྱོར་བའི་བརྩོན་འགྲུས་ཏེ། །མ་ཞུམ་མི་འཁྲུགས་ཆོག་མི་ཤེས་བརྩོན་འགྲུས། །ཞེས་གོ་ཆའི་བརྩོན་འགྲུས་སྦྱོར་བའི་བརྩོན་འགྲུས་མ་ཞུམ་ཞིང་པ་མི་འཁྲུགས་པའི་བརྩོན་འགྲུས་ཆོག་མི་ཤེས་པའི་བརྩོན་འགྲུས་ཏེ་ བཞིར་དབྱེ་བ་དང༌། མངོན་པ་ཀུན་བཏུས་ལས། གོ་ཆ་དང་སྦྱོར་བ་དང་མི་འགོང་བ་དང་མི་ལྡོག་པ་དང་ཆོག་པར་མི་འཛིན་པའི་བརྩོན་འགྲུས་དང་ལྔར་བཤད་ལ། །གོ་ཆའི་བརྩོན་འགྲུས་ནི། དགེ་བ་ལ་སྦྱོར་བའི་སྔ་རོལ་ནས་སེམས་ཀྱི་སྤྲོ་བ་སྔོན་དུ་ འགྲོ་བའི་བསམ་པ་གོ་ཆ་ཆེན་པོ་གྱོན་པར་བྱེད་པ་དང་། སྦྱོར་བའི་བརྩོན་འགྲུས་ནི། སྦྱོར་བ་ཉམས་སུ་ལེན་པའི་ཚེ་ན་སེམས་སྤྲོ་བ་སྟེ་འདི་ལ་གུས་སྦྱོར་དང་རྟག་སྦྱོར་གཉིས་ཡོད། །མི་འགོང་བའི་བརྩོན་འགྲུས་ནི། དགེ་བར་འཇུག་པའི་ཚེ་བདག་ ལྟ་བུས་འདི་གལ་ནུས་སྙམ་དུ་སེམས་མི་ཞུམ་པར་སྤྲོ་བ་བསྐྱེད་པ་དང༌། མི་ལྡོག་པའི་བརྩོན་འགྲུས་ནི། དགེ་བའི་བྱ་བར་འཇུག་པ་ན་རྐྱེན་གཞན་གྱིས་བསྒྱུར་མི་ཐུབ་པར་སེམས་སྤྲོ་བ་མཐར་ཕྱིན་པར་བྱེད་པ་དང་། ཆོག་པར་མི་འཛིན་པའི་བརྩོན་ འགྲུས་ནི། དགེ་བ་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པར་གོང་མའི་ཁྱད་པར་ཚོལ་བའི་ཆེད་དུ་འབད་པའོ། །གཉིས་པ་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྤང་བ་ལ་གཉིས། མི་མཐུན་ཕྱོགས་ལེ་ལོ་རྒྱུ་འབྲས་དང་བཅས་པ་ངོས་གཟུང་བ། དེ་ཇི་ལྟར་སྤོང་ཐབས་ཀྱི་གཉེན་པོ་བཤད་པའོ། །དང་པོ་ནི། དེ་ཡི་མི་མཐུན་སོགས་ཏེ། དེ་ལ། དབྱེ་བའི་སྒོ་ནས་མི་མཐུན་ཕྱོགས་ངོས་གཟུང་བ་ནི། བརྩོན་འགྲུས་དེ་དང་འགལ་ཞིང་བརྩོན་འགྲུས་དེ་ཉམས་པར་བྱེད་པ་ཡི་མི་མཐུན་ཕྱོགས་ཀྱི་

Page: 644 དབྱེ་བ་བཤད་པར་བྱ་སྟེ། དེ་ཡང་ལུས་དང་སེམས་ལས་སུ་མི་རུང་ཞིང་དགེ་བ་ལ་མི་སྦྱོར་བར་ད་དུང་ལོང་ཡོད་སྙམ་པའི་ཕྱི་བཤོལ་བྱེད་པའི་སྒོ་ནས་སྙོམ་ལས་ཀྱི་བདེ་བ་ལ་ཞེན་པའི་ལེ་ལོ་དང་། མི་དགེ་བ་དང་རྒོད་པ་དང་སྒེག་པ་ལ་སོགས་པའི་བྱ་ བ་དམན་པ་ལ་དགའ་ཞིང་ཆགས་པས་ཟིལ་གྱིས་ནོན་པ་ནི་བྱ་བ་ངན་པ་ལ་ཞེན་པ་ཉིད་ཀྱི་ལེ་ལོ་དང་། དགེ་བའི་ཕྱོགས་དཀའ་བའི་ལས་སྒྲུབ་པ་ལ་སྲོ་ཤི་ཞིང་སྒྱིད་ལུག་ནས་བདག་ལྟ་བུས་སྒྲུབ་ག་ལ་ནུས་སྙམ་དུ་རང་ལ་སྨོད་པ་སྒྱིད་ལུག་བདག་ཉིད་ བརྙས་པའི་ལེ་ལོའོ། །དེ་ལྟར་ལེ་ལོ་གསུམ་ལས་སྔ་མ་གཉིས་ནི་དགེ་བའི་ཆོས་སྒྲུབ་ནུས་སུ་མཐོང་ཡང་མི་འཇུག་པ་ཡིན་ལ། ཕྱི་མ་ནི་བདག་གིས་དགེ་ཆོས་སྒྲུབ་ག་ལ་ནུས་སྙམ་དུ་ཞུམ་པ་ཡིན་ནོ། །འགའ་ཞིག་ཏུ་སྐྱིད་ལུག་པའི་ལེ་ལོ་དང་ བདག་ཉིད་བརྙས་པའི་ལེ་ལོ་ཞེས་དེ་གཉིས་སོ་སོར་བཤད་དོ། །ལེ་ལོའི་ངོ་བོ་ནི། ཀུན་བཏུས་ལས། ལེ་ལོ་གང་ཞེ་ན། ཉལ་བ་དང་སྙེས་པ་དང་འཕྲོས་པའི་བདེ་བ་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པའི་སེམས་མི་སྤྲོ་བ་སྟེ་དགེ་བའི་ཕྱོགས་ ལ་སྦྱོར་བའི་བར་དུ་གཅོད་པའི་ལས་ཅན་ནོ་ཞེས་པ་ལྟར་ཉལ་བ་སོགས་ལ་མངོན་པར་ཞེན་ནས་དགེ་བ་ལ་མི་སྤྲོ་བའོ། །འདིའི་བྱེད་ལས་ནི་དགེ་བའི་ཕྱོགས་ཐམས་ཅད་ཉམས་པར་བྱེད་པ་སྟེ་གོང་དུ་བཤད་པ་ལྟར་རོ། །ལེ་ལོ་སྐྱེ་བའི་རྒྱུ་ངོས་གཟུང་བ་ ནི། རིན་ཆེན་ཕྲེང་བ་ལས། སྙོམ་ལས་བརྩོན་པ་མེད་པའི་ལུས། །ཞེས་པ་ལྟར་དགེ་བ་སྒྲུབ་པ་ལ་མི་རྩོལ་བར་ལུས་སེམས་དལ་དུ་འདུག་པའི་སྙོམ་ལས་ལ་བདེ་བར་བཟུང་ནས་དེ་ལ་མངོན་པར་སྲེད་པས་བདེ་བ་དེའི་རོ་མྱང་བ་དང༌། གཉིད་ཀྱིས་ནོན་པའི་

Page: 645 ༄༅། །དབང་དུ་གྱུར་ནས་ཉལ་བ་དང་སྐྱེས་པ་ལ་སོགས་པ་ལ་བརྟེན་པའི་སྲེད་པ་མངོན་པར་འཕེལ་བ་ཡིས་ཀྱང་ལེ་ལོ་སྐྱེད་༌པར་བྱེད་ལ། དེ་གཉིས་ཀའང་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྲག་ཅིང་དེས་མི་སྐྱོ་བ་ལས་འབྱུང་སྟེ། འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་ན་དེའི་དབང་ལས་དགེ་བའི་ལས་གང་ལའང་མི་རྩོལ་བར་སྙོམ་ལས་ཀྱི་བདེ་བའི་རོ་མྱང་བ་དང་དེ་ལས་གཉིད་ལ་སྲེད་པ་འབྱུང་ལ་དེ་དག་ལ་བརྟེན་ནས་སྙོམ་ལས་ཀྱི་ལེ་ལོའམ་སྦྱོར་བ་མེད་པའི་ལེ་ལོའམ་ཕྱི་བཤོལ་གྱི་ལེ་ ལོ་ཞེས་ཀྱང་གྲགས་པ་དེ་ཉེ་བར་སྐྱེ་བར་འགྱུར་རོ་ཞེས་པའོ། །ཡང་སྙོམ་ལས་དང་བདེ་བ་དམན་པའི་རོ་ལ་ཆགས་པ་དང་གཉིད་ཀྱི་བདེ་བ་ལ་སྲེད་པ་དང་འཁོར་བ་ལ་སྐྱོ་ཤས་མེད་པ་རྣམས་ནི་ལེ་ལོ་སྐྱེ་བའི་རྒྱུའོ་ཞེས་འགའ་ཞིག་ཏུ་འཆད་ལ། ཡང་ཁ་ཅིག་གིས་ དགེ་བ་ལ་མི་སྦྱོར་བའི་སྙོམ་ལས་དང་ཟག་བཅས་ཀྱི་བདེ་བ་ལ་ཆགས་ནས་དེའི་རོ་མྱང་བ་དང་གཉིད་ཀྱིས་ནོན་ནས་ཉལ་བ་དང་སྙེས་པ་སོགས་ལ་བརྟེན་པའི་སྲིད་པ་འཕེལ་བ་ཡིས་འཁོར་བའི་སྡུག་བསྔལ་གྱིས་མི་སྐྱོ་བ་ལས་ལེ་ལོ་རྣམས་སྐྱེའོ་ཞེས་སྙོམ་ལས་ ཀྱི་ལེ་ལོ་བྱ་བ་ངན་ཞེན་གྱི་ལེ་ལོ་སོགས་ལེ་ལོ་གསུམ་ཀ་སྐྱེ་བའི་རྒྱུར་བཤད་ཅིང༌། སྲེད་པ་འཕེལ་བ་ཡིས་འཁོར་བའི་སྡུག་བསྔལ་ལས་མི་སྐྱོ་ཞེས་སྦྲེལ་ནས་འཆད་ཀྱི་སྔ་མ་ལྟར་མི་འཆད་པ་ནི་འགྲེལ་ཆེན་སོགས་དང་མི་མཐུན་ནོ། །དེས་ན་གོངདུ་བཤད་པ་ ལྟར་འདི་སྙོམ་ལས་ཀྱི་ལེ་ལོའི་རྒྱུར་བྱས་ནས་ལེ་ལོ་དེ་ཉིད་ཇི་ལྟར་འབྱུང་ཚུལ་བསྟན་པའི་དོན་དུ་འགྲེལ་པ་ཕལ་ཆེར་གྱིས་བཤད་པ་ལྟར་བྱས་ན་བདེ་བར་སྣང་ལ། འདིའི་སྐབས་ཀྱིས་བཅད་ཀྱང་རྒྱལ་སྲས་པའི་འགྲེལ་པ་དང་དར་ཊཱིཀ་ལྟར་བྱས་ན་ལེགས་སོ། །

Page: 646 གཉིད་རྨུགས་ལ་བརྟེན་ནས་ལེ་ལོ་སྐྱེ་ཞིང་བརྩོན་འགྲུས་ཉམས་པར་འགྱུར་བ་ནི། མདོ་ལས། གང་ཞིག་རྒྱུགས་དང་གཉིད་ལ་དགའ་འགྱུར་བ། །ལེ་ལོ་བྱེད་ཅིང་བརྩོན་འགྲུས་ཡོངས་སུ་ཉམས། །ཞེས་སོ། །གཉིས་པ་དེ་ཇི་ལྟར་སྤོང་ཐབས་ཀྱི་གཉེན་ པོ་བཤད་པ་ལ་གསུམ། སྙོམ་ལས་འཛིན་པའི་ལེ་ལོའི་གཉེན་པོ་སྒོམ་ཚུལ། བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོ་སྒོམ་ཚུལ། སྒྱིད་ལུག་གི་ལེ་ལོའི་གཉེན་པོ་སྒོམ་ཚུལ་བཤད་པའོ། །དང་པོ་ནི། ཉོན་མོངས་རྒྱ་བས་སོགས་ཏེ། དེ་ཡང་འཁོར་བ་ལ་སྐྱོ་བ་ སྐྱེད་པའི་ཆེད་དུ་ཚེ་འདི་མི་རྟག་པའི་ཚུལ་ལ་བསམ་སྟེ་སྙོམ་ལས་ཀྱི་ལེ་ལོ་སྤང་བ་ལ། ངེས་པར་འཆི་བའི་ཚུལ་དཔེ་དང་བཅས་པ་ནི། ཉ་དང་རི་དྭགས་སོགས་རྒྱ་ནང་དུ་བཙུད་ནས་རྒྱ་པའམ་རྔོན་པ་རྣམས་ཀྱིས་གསོད་པ་ལྟར་ལེ་ལོ་ལ་སོགས་པའི་ཉོན་མོངས་ པ་རྒྱ་པ་དང་འདྲ་བ་རྣམས་ཀྱིས་བཤོར་ཞིང་བཀུག་སྟེ་དབང་དུ་བྱས་ནས་རིས་མཐུན་ཞིང་སྐལ་བ་མཉམ་པའི་སྲིད་པར་ཉིང་མཚམས་སྦྱོར་བའི་སྐྱེ་བའི་རྒྱུར་ནི་འཆོར་མེད་དུ་ཆུད་པར་གྱུར་ནས་འཆི་བདག་གཤིན་རྗེའི་ཁར་ནི་སོང་བར་གྱུར་པ་དང་འདྲ་བའི་གནས་ སྐབས་འདི་ལྟ་བུར་གྱུར་པ་ཡང་ཅི་སྟེ་ད་དུང་སེམས་ཁྱོད་ཀྱིས་མི་ཤེས་སམ་སྟེ་སྐྱེས་ཕན་ཆད་ངེས་པར་འཆི་བ་ལས་མ་འདས་པའི་ཚུལ་འདི་དེང་ཉིད་ནས་ཤེས་པར་བྱས་ཏེ་ཕྱི་བཤོལ་གྱི་ལེ་ལོའི་དབང་དུ་མི་གཏོང་བར་འཆི་ཁར་ཕན་པའི་ཆོས་ལ་ད་ལྟ་ནས་མྱུར་དུ་ འབད་དགོས་ཞེས་རང་ལ་བསྐུལ་བའོ། །ཡང་འཆི་བདག་གི་ཁར་ནི་སྐྱེ་བོ་དུ་མ་སྔར་སོང་བར་གྱུར་པ་དང་ཕྱིས་ཀྱང་འགྲོ་བར་འགྱུར་བ་ཅི་སྟེ་ད་དུང་མི་ཤེས་སམ་ཞེས་སྦྱར་ཀྱང་ཆོག་གོ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། འཆི་བ་སྲིན་མོ་ལྟ་བུར་

Page: 647 ༄༅། །མི་བཟད་དེ། །རྟག་ཏུ་སྐྱེ་དགུ་རྣམས་ཀྱི་ཕྱི་བཞིན་འབྲང་། །སྟོབས་ཀྱིས་རབ་ཏུ་མནན་ནས་འགྲོ་བ་ཡི། །ཕངས་པའི་ཚེ་ནི་མ་ལུས་ཟད་པར་འཐུང༌། །ཞེས་དང༌། །ཡང་ཇི་སྐད་དུ། མི་ཡི་དཔའ་བོ་ཐོག་མའི་མཚན་མོར་ནི། །གང་ན་ འཇིག་རྟེན་མངལ་ན་གནས་གྱུར་པ། །དེ་ནས་བརྩམས་ཏེ་དེ་ནི་ཉིན་རེ་ཞིང༌། །འགྲོས་བཤོལ་མེད་པར་འཆི་བདག་དྲུང་དུ་འགྲོ། ཞེས་བཞི་བརྒྱ་པའི་འགྲེལ་པར་དྲངས་པ་དང༌། སྐྱེས་རབས་ལས་ཀྱང་། དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །དེ་ནས་ བཟུངསྟེ་འཇིག་རྟེན་འདི་དག་ནི། །ལམ་དུ་ཞུགས་ནས་ལམ་གཞན་མ་གོལ་བར། །འཆི་བདག་དྲུང་དུ་དེ་ནི་ཉེ་བར་འགྲོ། ཞེས་སོ། །གཞན་ཡང་གཉེན་བཤེས་དང་རྒན་གཞོན་བར་མ་སོགས་རང་དང་རིས་མཐུན་པ་ལྷན་ཅིག་ཏུ་སྤྱོད་པའི་སྡེ་ཚན་རྣམས་འཆི་ བདག་གིས་རིམ་གྱིས་སྲོག་འཕྲོག་ནས་གསོད་པར་བྱེད་པ་ཡང་ཁྱོད་ཀྱིས་ད་དུང་མཐོང་བར་མ་གྱུར་དམ་སྟེ་དེ་ལྟར་མངོན་སུམ་དུ་མཐོང་བར་གྱུར་བཞིན་པ་ཡིན་མོད། འོན་ཀྱང་དེསམི་སྐྲཀ་ཅིང་མི་སྐྱོ་བར་དགེ་བ་ལ་མི་སྦྱོར་བའི་སྙོམ་ལས་དང་གཉིད་ལ་བརྟེན་ པའི་སྲེད་པ་སོགས་ཀྱི་དབང་ལས་དགེ་བའི་ཕྱོགས་ལ་ཅུང་ཟད་ཀྱང་གཞོལ་བ་མེད་པར་སོས་དལ་དུ་བག་བརྐྱང་སྟེ་འཆི་མི་དགོས་པ་བཞིན་དུ་གནས་པ་གང་ཡིན་པ་དེ་ནི་དཔེར་ན་ཡུལ་འགའ་ཞིག་ཏུ་གདོལ་བའམ་ཤན་པ་རྣམས་ཀྱིས་མ་ཧེ་དང་ལུག་སོགས་གསད་ བྱ་མང་པོ་བ་ཆེན་པོ་སོགས་ཀྱི་ནང་དུ་བཙུད་ནས་གསོད་པའི་ཚེ་རང་རང་གི་སྡེ་ཚན་དེ་ལས་སྔ་མ་རྣམས་རིམ་གྱིས་གསོད་པ་མཐོང་ཡང་ཕྱི་མ་གཞན་དང་གཞན་རྣམས་ནི་ད་དུང་སྐྲག་པ་དང་བག་ཚ་བ་ཙམ་ཡང་མེད་པར་རྩ་ཟ་བ་དང་ཆུ་འཐུང་བར་བྱེད་པའམ་

Page: 648 སོས་དལ་དུ་གཉིད་ལོག་སྟེ་གནས་པ་དེ་ལྟ་བུའི་གདོལ་བ་དང་ནི་མ་ཧེ་བླུན་པོ་ཕྱི་མ་དག་བཞིན་ཤིན་ཏུ་བླུན་ཞིང་རྨོངས་པར་གྱུར་པ་ཡིན་ནོ་ཞེས་པའོ། །དེ་ཡང་འདི་ལྟར་མ་ཧེ་རྣམས་ར་བ་བཙན་པོའི་ནང་དུ་ཚུད་ནས་འབྲོས་ཐབས་མེད་པ་ལྟར་འཆི་བ་མེད་པའི་གནས་ སུ་འགྲོ་ཞིང་འབྲོས་པའི་ལམ་ནི་ཕྱོགས་དང་མཚམས་ཀུན་ནས་བཀག་ཅིང་གསོད་པའི་རྒྱུར་ཆུད་དེ་ཐར་ཐབས་མེད་པར་བྱས་ནས་སུ་སྲོག་འཕྲོག་པ་ལ་རིངས་པའི་གདོལ་བ་ལྟ་བུ་འཆི་བདག་གིས་ནི་གསོད་པར་འདོད་པས་མགོ་བཏེགས་ཏེ་མིག་གིས་བལྟས་ནས་རང་ གི་དྲུང་དུ་ཉེ་བར་གནས་བཞིན་དུ་ཇི་ལྟར་ཁྱོད་ནི་མ་ཧེ་གླེན་པ་བཞིན་དུ་ཟས་ཟ་བ་ལ་དགའ་ཞིང་སྲེད་པ་དང་འདི་ལྟར་གཉིད་ལོག་པའི་བདེ་བ་ལའང་ཇི་ལྟར་དགའ་ཞིང་སྲེད་དེ་དེ་ལྟར་བག་མེད་པར་བཟའ་བཏུང་དང་གཉིད་ལ་སྲེད་ནས་སྙོམ་ལས་ཀྱི་ལེ་ལོའི་ངང་དུ་ཡིད་ བདེ་བར་གནས་ནི་ཤིན་ཏུ་བླུན་པའོ། །ཚོམས་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །ཞེས་སོགས་དང༌། སྐྱེས་རབས་ལས་ཀྱང་། འགྲོ་བ་འདི་ལྟ་བུར་ནི་འཁོད་པ་ལ། །སྐྱེ་བོ་འཇིགས་པ་མེད་པ་རེ་མཚར་ཆེ། ། ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱིས་བཀག །དོགས་པ་མེད་པར་རབ་ཏུ་དགའ་ཞིང་སྤྱོད། །ན་དང་རྒྱ་དང་འཆི་བའི་གནོད་བྱེད་དགྲ། །མཐུ་ཆེན་དགག་ཏུ་མི་ནུས་ཡོད་བཞིན་ལ། །འཇིག་རྟེན་ཕ་རོལ་ཉམ་ངར་ངེས་འགྲོ་ན། །སེམས་ཤེས་སུ་ཞིག་འདི་ལ་ དགའ་བར་སེམས། །ཞེས་དང་། ཇོ་བོས། གཉིད་རྨུགས་ལེ་ལོ་གཡེང་སྤངས་ཏེ། །ངེས་པར་འཆི་བའི་འདུ་ཤེས་བསྐྱེད། །ཅེས་པ་ལྟར་རོ། །འདི་ལྟར་འཆི་བ་མི་དྲན་པར་བག་མེད་པའི་དབང་གིས་གཉིད་རྨུགས་སོགས་ལ་དགའ་ཞིང་ཆགས་ནས་སྙོམ་ལས་ཀྱི་ལེ་

Page: 649 ༄༅། །ལོའི་ངང་དུ་དུས་འདའ་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་བར་དུ་གཅོད་པས་ཉེས་༌དམིགས་ཤིན་ཏུ་ཆེ་སྟེ། །ལྷག་བསམ་བསྐུལ་བ་ལས། གང་ཞིག་རྒྱུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་གཏི་མུག་དྲ་བ་ཆེན་པོར་འཕེལ། །དེ་ནི་ལྟ་ བརྙེད་ནས་ཐེ་ཚོམ་འགྱུར། །དེ་ལ་ལྟ་གྱུར་གཞན་ཡང་མང་དུ་འབྱུང་། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་ཤེས་རབ་ཤིན་ཏུ་ཉམས་ཆུང་འགྱུར། །དེ་ཡི་བློ་ཡང་ཡོངས་སུ་ཉམས་པར་འགྱུར། །ཡེ་ཤེས་ལས་ནི་རྟག་ཏུ་དེ་ཉམས་འགྱུར། གང་ ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །མི་ཤེས་ལེ་ལོ་སྙོམ་ལས་ཤེས་རབ་འཆལ། །དེ་ལ་མི་མ་ཡིན་པས་གླགས་རྙེད་དེ། །ནགས་ན་གནས་པའི་ཚེ་ནི་འཚེ་བར་འགྱུར། །གང་ཞིག་རྨུགས་དུང་གཉིད་ལ་དགའ་འགྱུར་བ། །དེ་ནི་དགེ་སེམས་རྟག་ཏུ་མི་ འདོད་དེ། །དེ་ནི་ཆོས་ལ་འདུན་པ་སྐྱེད་མི་བྱ། །ཕྱིར་ཞིང་ཆོས་མ་ཡིན་ལ་དེ་དགའ་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་རྨོངས་ཤིང་ཆོས་ལ་འདུན་པ་ཉམས། །བྱིས་པ་ཡོན་ཏན་ཀུན་ལས་ཡོངས་སུ་ཉམས། །དཀར་པོ་ འཇོམས་ཤིང་མུན་པར་འགྲོ་བར་འགྱུར། །ཞེས་སོགས་གསུངས་སོ། །མྱུར་དུ་དང་གློ་བུར་དུ་འཆི་བས་ད་ལྟ་ནས་བརྩོན་དགོས་པ་ནི། སྤྱིར་ངེས་པར་འཆི་ཡང་ད་དུང་རེ་ཞིག་མི་འཆི་བས་ལོང་ཡོད་དོ་ཞེ་ན། འཆི་བར་མ་ཟད་ནམ་འཆི་ལ་ངེས་པ་མེད་ཅིང་འཆི་ རྐྱེན་ཤིན་ཏུ་མང་བས་ཚེ་འདིར་རིང་དུ་མི་གནས་པར་དུས་མྱུར་བ་ཉིད་དུ་འཆི་བར་འགྱུར་བས་ཇི་སྲིད་འཆི་བ་དེ་དངོས་སུ་མ་བྱུང་གི་བར་དེ་སྲིད་དུ་ནི་འཆི་ཀར་ཕན་ངེས་པའི་རྣམ་དཀར་དགེ་བའི་ཚོགས་བསགས་པ་ལ་མྱུར་བའི་ཚུལ་གྱིས་རྟག་ཏུ་བརྩོན་པར་བྱ་དགོས་

Page: 650 སོ་ཞེས་པ་སྟེ། དྲན་པ་ཉེར་གཞག་ལས། བསམ་པར་མི་བཟོད་མི་བཟོད་པའི། །འཆི་བ་ཇི་སྲིད་མ་བྱུང་བ། །དེ་སྲིད་ཆོས་ནི་ཡིད་ལ་གྱིས། །ཞེས་པ་ལྟར་རོ༑༑ཇི་སྲིད་དུ་ནི་ཚོགས་བསགས་བྱ། །ཞེས་པ་འདི་ལ། རྒྱ་དཔེར། །ཇི་སྲིད་ཚོགས་པ་ཚགས་བཅུག་ པས། །ཞེས་ཡོད་ལ། དེ་ནི་ཇི་སྲིད་འཆི་བའི་རྒྱུ་ན་རྒ་སོགས་ཀྱི་ཚོགས་པ་ཚགས་སུ་ཚུད་པའམ་གྲབས་སུ་ཚུད་པས་མྱུར་བ་ཉིད་དུ་འཆི་ཞེས་པའི་དོན་ཡིན་པར་བཤད་དོ། །ད་ལྟ་སོས་དལ་དུ་བསྡད་ནས་འཆི་བ་ལ་ཉེ་བར་ཕྱོགས་པའི་ཚེ་དགེ་བ་བྱས་པས་ཆོག་གོ་ ཞེ་ན། འཆི་བའི་དུས་ལ་བབས་ནས་འཆི་བདག་གི་ཁར་སོན་པ་དེའི་ཚེ་ལེ་ལོ་སྤངས་ནས་དགེ་བ་སྒྲུབ་པར་འདོད་ཀྱང་ནི་དགེ་བ་སྒྲུབ་ལོང་ཡོད་པའི་དུས་མ་ཡིན་ཞིང་དགེ་བ་སྒྲུབ་པ་ལ་ནུས་པ་ཡོད་པའི་དུས་ཀྱང་མ་ཡིན་པས་དེའི་དུས་སུ་འབད་པར་བྱས་པས་ཅི་ ཞིག་བྱ་སྟེ་དགོས་པའི་དོན་ཅུང་ཟད་ཀྱང་མི་འགྲུབ་པས་སོ། །དེའི་ཚེ་དགེ་བ་སྒྲུབ་པའི་དུས་མ་ཡིན་པའི་རྒྱུ་མཚན་ཡང་འདི་ལྟར། བྱ་དགོས་པའི་ལས་རྣམས་ལས་འདི་དག་ནི་ཕྱིས་བྱའོ་སྙམ་དུ་ཡིད་ལ་བསམ་ཡང་ལག་ལེན་ལ་མ་བཏབ་པས་མ་བྱས་པ་དང༌། བྱ་བ་འགའ་ཞིག་ནི་ད་ལྟ་བྱ་དགོས་སྙམ་ནས་ལག་ཏུ་བླངས་དེ་མགོ་བརྩམས་པའི་བྱེད་བཞིན་པ་དང༌། བྱ་བ་འདི་དག་ལས་ཕལ་ཆེར་ཞིག་ནི་བརྩམ་ནས་ཕྱེད་ཙམ་བྱས་ཟིན་ཞིང་ཕྱེད་ལྷག་མ་རྫོགས་པར་མ་བྱས་པར་གནས་པའི་སྐབས་ཙམ་ཞིག་ལ་གློ་བུར་དུ་ འཆི་བདག་འོངས་པར་གྱུར་ནས་ནི་ཐབས་ཅིས་ཀྱང་མི་བཟློག་པར་དུས་དེའི་ཚེ་ཉིད་དུ་གསོད་པར་ཤེས་པ་ན་སྤྱིར་འཆི་བ་འོང་བ་ཙམ་ཤེས་ཀྱང་དེ་ལྟར་གནམ་ལྕགས་ཀྱི་ཐོག་མགོ་སྟེང་དུ་བབས་པ་བཞིན་དུ་གློ་བུར་དུ་འོང་བ་མ་ཤེས་པས་དགེ་ཆོས་བསྒྲུབ་ལོང་

Page: 651 ༄༅། །ཡོད་ཅིང་སྒྲུབ་པའི་ནུས་པ་ཡོད་པའི་དུས་སུ་མ་བསྒྲུབས་པས་ད་ནི་དགེ་བའི་ལས་ཅི་ཡང་བྱར་མེད་དོ་སྙམ་ནས་ཤིན་ཏུ་འགྱོད་པའི་ཤུགས་ཀྱིས་ཀྱི་ཧུད་ཅེས་མྱ་ངན་གྱི་སྨྲེ་སྔགས་དང་བཅས་ཏེ་འཆི་བདག་གིས་གློ་རྡེག་ཏུ་བདག་ཉིད་ བཅོམ་མོ་ཞེས་ཡིད་ལ་སེམས་ཤིང་འགྱོད་པས་གདུངས་པར་འགྱུར་བ་དེའི་ཚེ་ཅུང་ཟད་ཀྱང་བྱར་མེད་པས་ན་ད་ལྟ་ནས་མ་ཤི་ཚུན་ཆད་དུ་སྙོམ་ལས་ཀྱི་ལེ་ལོའི་དབང་དུ་མི་གཏོང་བར་འཆི་ཁར་ཕན་ངེས་པའི་དགེ་བའི་ལས་ཅི་ནུས་རེ་ལ་མྱུར་དུ་འབད་ནས་བརྩོན་ པར་བྱའོ། །དེ་ལ་ཚིགས་བཅད་སྔ་མས་མྱུར་དུ་འཆི་བ་དང་ཕྱི་མས་ནམ་འཆི་ངེས་མེད་གཙོ་བོར་བསྟན་པ་ཡིན་ནོ། །མདོ་ལས། སྲིད་གསུམ་མི་རྟག་སྟོན་ཁའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་ གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་གསུངས་ལ། དེ་བཞིན་དུ་ཚོམས་ལས་ཀྱང་། ཐགས་མཁན་གྱིས་ཐགས་འཐག་པ་ན་ལན་རེ་ལ་སྤུན་ཉག་མ་རེ་ལས་མི་འགྲོ་ཡང་མྱུར་དུ་འཛད་པ་དང་། བཤའ་ལུག་སོགས་ གསད་བྱ་རྣམས་གསོད་ཕྱིར་ཁྲིད་པ་ན་གོམ་པ་རེ་རེ་སྤོས་པ་བཞིན་དུ་འཆི་བ་ལ་ཇེ་ཉེར་འགྲོ་བ་དང་ཆུ་ཀླུང་དྲག་པོའི་རྒྱུན་འགྲོ་བ་དང་རི་གཟར་གྱི་ངོས་ནས་ཆུ་འབབ་པ་བཞིན་དུ་ཚེ་མྱུར་དུ་འཛད་པ་སོགས་དཔེ་དུ་མའི་སྒོ་ནས་མྱུར་དུ་འཆི་བར་ངེས་པའི་ཚུལ་བསྟན་ ལ། སློབ་སྤྲིང་ལས་ཀྱང་། མར་མེའི་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟའི། །ཚེ་འདི་སྐད་ཅིག་གནས་པའི་གདེང་ཡང་ཡོད་མ་ཡིན། །ཞེས་དང་། །འདི་ནི་སང་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ། །འདི་ནི་དེའུ་རེ་བྱ་སྐྱེ་བོ་སེམས་པ་ན། །གཤིན་རྗེ་བེ་

Page: 652 ལག་ཐོགས་ཟུར་གྱིས་ལྟ་བ་ཡི། །མིག་རྩ་དམར་ཁྲོས་མ་རངས་གད་མོ་རེ་སྙམ་འདེབས། །ཞེས་གློ་བུར་དུ་འཆི་བའི་ཚུལ་བསྟན་ཏོ། །འཆི་ཚེ་མྱ་ངན་གྱིས་གདུངས་པས་དགེ་བ་བྱར་མེད་པ་ནི། དེ་ལྟར་རང་ཉིད་གློ་བུར་དུ་འཆི་བའི་དུས་ཀྱི་ཚེ་སྔར་བྱས་ཀྱི་སྡིག་པ་དྲན་ ཞིང་དགེ་བ་མ་འགྲུབ་པས་འགྱོད་པ་དང་། ཕྱི་མར་ངན་སོང་དུ་འགྲོ་བར་ཤེས་བ་དང་ད་ལྟ་གཉེན་སྡུག་པ་དང་བྲལ་བ་སོགས་ཀྱི་མྱ་ངན་གྱི་ཤུགས་ཀྱིས་སྐྲངས་ཤིང་སྤོས་པ་ཡི་མིག་དམར་པོར་གྱུར་ཅིང་གདོང་ལས་མཆི་མ་མང་པོ་དབང་མེད་དུ་འཛག་པ་དང༌། དེའི་ཚེ་ཉེ་དུ་ རྣམས་ཀྱིས་ཀྱང་དེ་འཆི་ངེས་པར་ཤེས་ནས་འཚོ་ཞིང་གསོན་པའི་རེ་ཐག་ཆད་པ་དང་ཞེས་སམ། ཡང་ན་རང་འཆི་བའི་ཚེ་ཉེ་དུ་རྣམས་སྡུག་པ་དང་འབྲལ་བའི་མྱ་ངན་གྱི་ཤུགས་ཀྱིས་སྐྲངས་པ་ཡི་མིག་དམར་པོར་གྱུར་ཅིང་གདོང་ལས་མཆི་མ་འཛག་བཞིན་པའི་སྒོ་ ནས་ད་འདི་གསོན་ལབཔ་མི་སྲིད་དོ་སྙམ་ནས་ཉེ་དུ་རྣམས་རེ་ཐག་ཆད་པ་དང་ཞེས་འཆད་པ་ཡང་ཡོད་ལ། ཡང་མིག་དམར་གདོང་ལས་མཆི་མ་འཛག་པའི་ཉེ་དུ་རྣམས་ལ་བདག་གིས་བལྟས་ནས་ད་ནི་ཉེ་དུ་འདི་དག་དང་འབྲལ་ངེས་སོ་སྙམ་ནས་རང་ཉིད་རེ་ཐག་ཆད་པ་ དང་ཞེས་སྦྱར་ནས་བཤད་པའང་སྣང་ངོ༌། །དེའི་ཚེ་རང་གི་ལས་ངན་པའི་དབང་གིས་ཉེ་བར་སྣང་བའི་གཤིན་རྗེའི་ཕོ་ཉའི་ཚོགས་མང་པོས་བདག་ཉིད་དམྱལ་བར་འཁྲིད་པར་ཆས་པའི་ཚེ་དེ་དག་གི་བཞིན་རས་འཇིགས་སུ་རུང་བའི་ཁྲོ་གཉེར་ལྡན་པ་ལ་ལྟ་ དགོས་པར་གྱུར་པ་ན་ཤིན་ཏུ་འཇིགས་སུ་རུང་བར་མཐོང་ནས་དངངས་ཤིང་སྐྲག་པས་སེམས་མྱོས་པར་འགྱུར་བ་དང། དེར་མ་ཟད་རང་གིས་སྔར་བསགས་པའི་སྡིག་པ་རྣམས་ཡིད་ལ་ཡང་ཡང་དྲན་ནས་ངས་འདི་ལྟ་བུའི་སྡིག་པ་བྱས་སོ་སྙམ་དུ་འགྱོད་པ་དྲག་པོ་སྐྱེས་པས་

Page: 653 ༄༅། །སེམས་གདུངས་པ་དང༌། སེམས་ཅན་དམྱལ་བ་པ་རྣམས་སྡུག་བསྔལ་མི་བཟད་པས་ཉེན་ཅིང་གཟིར་ནས་མ་བཟོད་པས་ཀྱི་ཧུད་ཅེས་སོགས་ཀྱི་སྨྲེ་སྔགས་འདོན་ཞིང་འོ་དོད་འབོད་པའི་སྒྲ་དྲག་པོ་ཡིད་དུ་མི་འོང་བ་རྣམས་ནི་ལས་ལ ས་སྐྱེས་པའི་རྣ་བས་ཐོས་པ་ཡིས་བདག་ཀྱང་དེ་འདྲ་བའི་གནས་དེར་ད་ལྟ་ནས་འགྲོ་བར་ངེས་སོ་སྙམ་ནས་ཤིན་ཏུ་སྐྲག་ཆེས་པས་བྱེད་ནས་མི་གཙང་བ་བཤང་གཅི་དབང་མེད་དུ་ཟག་པར་གྱུར་པའི་ཟེགས་མས་ལུས་ལ་གོས་ཤིང་མྱ་ངན་གྱི་སྟོབས་ཀྱིས་སེམས་ཤིན་ཏུ་ མྱོས་མྱོས་པོར་སོང་ནས་དྲན་པ་ཉམས་པར་གྱུར་པའི་ཚེ་སྒོ་གསུམ་གྱི་འཇུག་པ་དང་དབང་དུ་མ་གྱུར་པས། དགེ་བ་བསྒྲུབ་པའི་སྐབས་མ་ཡིན་པས་ཁྱོད་ཀྱིས་ཅི་ཞིག་བྱ་སྟེ་ཅུང་ཟད་ཀྱང་བྱར་མེད་པས་སོ། །དེ་ལྟར་བུ་མོ་བདུན་གྱི་རྟོགས་བརྗོད་ལས། རྨི་ལམ་ མིག་འཕྲུལ་ཆུ་ཟླ་ལྟ་བུར་རང་བཞིན་གྱིས། །གཡོ་བར་རྟོགས་ལ་ཇི་སྲིད་སྲོག་འདི་ལྷག་མ་དང་བཅས་ཤིང་ལུས་གཞོན་གྱུར་ཚེ་ཆགས་དང་ཉེ་བྲལ་བྱོས། །གཤིན་རྗེའི་ཆུ་སྲིན་རྒ་བའི་ཁར་ནི་ཆུད་གྱུར་ཅིང་། །སྐྲ་དཀར་ཚོགས་ཀྱི་གཉེར་མས་སྤྱི་ནས་བཟུང་ནས་ ནི། །སྲོག་མཐར་གྱུར་པའི་གནོད་པའི་ཚེར་མས་གནད་ཕུག་པ། །མཆི་མས་མིག་ཁེངལ་གྱུར་ཚེ་དགེ་བ་ཇི་ལྟར་བྱ། །འཇིག་རྟེན་ཕ་རོལ་མུན་ནག་འཐིབས་པོའི་གཡང་ཆེན་དུ། །ལྟུང་ཞིང་ལུས་ཕྱེར་གྱུར་ཚེ་དགེ་བ་འདོད་གྱུར་པ། །དུག་ཅན་སྦྲུལ་ཁ་ དོག་པའི་ནང་དུ་ཚུད་པ་ཡི། །སྦལ་བ་ང་རོ་འདོན་དང་མཚུངས་ཞེས་མཁས་རྣམས་སྨྲ། །ཞེས་རྒ་བ་དང་འཆི་བས་གཏུགས་ཚེ་དྲན་པ་ཉམས་ཤིང་ནུས་སྟོབས་མེད་པས་ཆོས་བྱར་མེད་ང་ར་བསྟན་ཏོ། །དེས་ན་ད་ལྟ་རང་དབང་ཡོད་ཅིང་ལོང་ཡོད་ལ་བློའི་

Page: 654 ནུས་པ་མ་ཉམས་པའི་སྐབས་འདིར་ཕྱི་བཤོལ་གྱི་ལེ་ལོའི་དབང་དུ་མི་གཏོང་བར་དགེ་བའི་ལས་སྒྲུབ་པ་ལ་བརྩོན་པར་བྱ་དགོས་ཏེ། ཀཱི་ཛ་ག་ཏ་མི་ཏྲས། ས་བདག་ཇི་ལྟར་གཡར་པོའི་ལུས། །ནད་མེད་རྒྱུད་མེད་བདེར་གནས་པ། །དེ་ཉིད་ཚེ་ན་སྙིང་པོ་བླང་། །ན་ འཆི་རྒྱུད་པས་འཇིགས་མེད་བགྱི། །གང་ཚེ་ན་རྒས་རྒུད་སོགས་ན། །དྲན་ཡང་དེ་ཚེ་ཅི་བགྱིར་མཆིས། །ཞེས་སོ། །འདི་དག་ནི་ངན་འགྲོའི་སྡོན་འགྲོ་ལ་མྱ་ངན་དང་གནས་སྐབས་ཇི་ལྟར་འབྱུང་ཚུལ་བསྟན་པ་སྟེ་ཚེ་འདིའི་ཉེས་དམིགས་དེ་ལྟར་འབྱུང་བ་ལ་བསམ་ ནས་ལེ་ལོ་སྤོང་བའོ། །ཕྱི་མའི་ཉེས་དམིགས་ལ་བསམ་ནས་ལེ་ལོ་སྤང་བ་ལ། ་མྱོང་འགྱུར་དམྱལ་བའི་སྡུག་བསྔལ་བསམ་པ་ནི། ཁྱོད་ནི་འཆི་བ་ལ་ཉེ་བར་ཕྱོགས་པའི་དུས་སུ་ཉ་གསོན་པོ་བྱེ་ཚན་ལ་འགྲེ་ལྡོག་བྱེད་པར་འགྱུར་བ་ལྟ་བུའི་ཚེ་འདིར་ཡང་ འཇིགས་པ་ཆེན་པོ་དང་ལྡན་པར་གྱུར་ན་ཐོག་མེད་ནས་ད་ལྟའི་བར་སྡིག་པ་མི་དགེ་བ་བྱས་པའི་ལས་ཀྱི་དབང་གིས་ཕྱི་མར་དམྱལ་བའི་གནས་རིས་སུ་སྐྱེས་ནས་དམྱལ་བ་མི་བཟད་བའི་སྡུག་བསྔལ་རྣམས་ནི་དངོས་སུ་མྱོང་དགོས་པར་གྱུར་པའི་༌ཚེ་འཇིགས་པ་ ཆེན་པོ་དང་ལྡན་པ་སྨོས་ཅི་དགོས་ཞེས་པའོ། །ཡང་རྐང་པ་དང་པོའི་དོན་རྒྱ་གར་ཤར་ཕྱོགས་པ་རྣམས་ནམ་འདོད་ལ་རིམ་གྱིས་བཟའ་བའི་དོན་དུ་ཉ་གསོན་པོ་མང་པོ་ཆུ་བུམ་གྱི་ནང་དུ་བཞག་ནས་གསོ་ཞིང་བཟའ་འདོད་པའི་ཚེ་གསོད་པར་བྱེད་ལ་དེའི་ཚེ་ཆུ་སྣོད་ཀྱི་ ནང་དུ་འགྲེ་ལྡོག་བྱེད་པ་ལྟ་བུ་༌་ཞེས་འགྲེལ་ཆེན་སོགས་སུ་བཤད་དོ། །དེ་ལྟར་དམྱལ་བའི་གནས་དེར་ཁྲོ་ཆུ་ཁོལ་མ་དང༌། ཟངས་ཞུན་ཁོལ་མ་ལ་སོགས་པའི་ཆུ་ཚན་གྱིས་ནི་ལུས་ལ་རེག་པར་གྱུར་པ་ན་དམྱལ་བ་པ་དག་གི་ལུས་ནི་ལས་ཀྱི་དབང་གིས་ཤིན་ཏུ་

Page: 655 ༄༅། །འཇམ་ཞིང་སྙི་བའི་གཞོན་ཤ་ཅན་དུ་ཡོད་ལ། དེ་ལྟ་བུར་ཅི་ཡང་མི་བཟོད་པའི་ལུས་ལ་རེག་པས་རབ་ཏུ་ཚ་ཞིང་གདུང་བའི་སྡུག་བསྔལ་མྱོང་བར་འགྱུར་བའི་དམྱལ་བ་ཡི་ནི་གནས་སུ་འཕེན་བྱེད་ཀྱི་འདུས་སྡིག་པ་མི་དགེ་བ་བཅུ་སོགས་ མང་པོ་བྱས་ཤིང་བསགས་ནས་ད་ལྟ་ཁྱོད་ཅིའི་ཕྱིར་འདི་ལྟར་སྙིང་༌༌་སྟོབས་བསྐྱེད་དེ་ཇི་མི་སྙམ་པར་སྐྱིད་པོར་རློམ་ནས་སོས་དལ་བག་ཡངས་སུ་བྱས་ཏེ་སྙོམ་ལས་ཀྱི་ལེ་ལོའི་དང་དུ་ཡིད་བདེ་བར་གནས་ཏེ་དེ་ལྟར་གནས་པ་མི་རིགས་སོ་ཞེས་པ་སྟེ། སྔར་ཐོག་མེད་ ནས་དམྱལ་བར་སྐྱེ་བའི་རྒྱུའི་སྡིག་པ་བསགས་པའང་དཔག་ཏུ་མེད་པ་ཡོད་པ་དང་ད་ལྟ་ཡང་ཉི་མ་རེ་རེ་ཞིང་ཡང་དམྱལ་བར་འཕེན་བྱེད་ཀྱི་ལས་ངན་དུ་མ་གསོག་པ་ལ་བསམ་ནས་ལེ་ལོ་མི་བྱ་བར་མགོ་ལ་མེ་ཤོར་བ་ལྟར་སྡིག་སྦྱོང་སོགས་ཀྱི་དགེ་བ་ལ་བརྩོན་པར་བྱ་ དགོས་པའི་དོན་ཡིན་པར་གསུངས་སོ། །དེ་ལྟ་བུའི་དམྱལ་བའི་སྡུག་བསྔལ་རང་ཐོག་ཏུ་འབབ་པ་ལ་དབུགས་འབྱུང་འཇུག་འགག་པའི་དུས་ཙམ་གྱིས་བར་དུ་ཆོད་པ་ལས་མེད་པས་སྡིག་པ་ཅན་འཇིགས་རིག་པ་ནི། བཤེས་སྤྲིང་ལས། སྡིག་ཅན་དབུགས་ འབྱུང་འགག་པ་ཙམ་ཞིག་གི། །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་སོས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་བཀླག་དང་གཟུགས་ སུ་བགྱིས་པས་ཀྱང་། འཇིགས་པ་སྐྱེད་པར་བགྱིད་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །ཞེས་དང༌། རིགས་དྲུག་གི་སྡུག་བསྔལ་གྱི་ནང་ནས་དམྱལ་བའི་སྡུག་བསྔལ་བཟོད་གླགས་མེད་པ་ནི། །འདི་ན་ཉིན་གཅིག་མདུང་ཐུང་

Page: 656 སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དེ། །ཞེས་དང་། དེའི་སྡུག་བསྔལ་ཡུན་རིང་བའི་ཚུལ་སྤྱི་ཙམ་ནི། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་ བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་འབྲལ་བར་མི་འགྱུར་རོ། །ཞེས་གསུངས་ལ། བཟང་སྐྱོང་གིས་ཞུས་པར། འཛམ་བུའི་གླིང་པའི་མིདམྱལ་བའི་མི་ལ་བལྟར་འགྲོ་ན་མཐོང་མ་ ཐག་ཏུ་འཆི་བའི་ཆོས་དང་ལྡན་པར་འགྱུར་རོ་ཞེས་དང༌། བདུལ་བ་ལུང་ལས། ཚེ་དང་ལྡན་པ་གང་གི་ཀིའི་སྤུན་ཞེས་པ་ཚེ་རབས་ལྔ་བརྒྱར་དམྱལ་བར་སྐྱེས་པ་ཞིག་མིར་སྐྱེས། རབ་ཏུ་བྱུང་ནས་དམྱལ་བའི་གཏམ་ཐོས་པས་སྔར་དེར་སྐྱེས་པ་དྲན་པས་བ་སྤུའི་ཁུང་བུ་ ནས་ཁྲག་མང་པོ་ཟག་པས་ཆོས་གོས་ཁྲ་བོར་གྱུར་པ་ན། ལུས་ཕྱིས་བཅང་བར་ཞེས་གནང་བར་བཤད་དོ། །དེས་ནི་ཕྱི་མར་དམྱལ་བའི་སྡུག་བསྔལ་དངོས་སུ་མྱོང་ཚུལ་ལ་བརྟགས་ཏེ་ད་ལྟ་ནས་འཇིགས་སྐྲག་དང་སྐྱོ་བ་བསྐྱེད་ནས་དེར་སྐྱེ་བའི་རྒྱུ་སྔར་བསགས་ལ་ འགྱོད་བཤགས་དང་ཕྱིས་འབྱུང་ལ་སྡོམ་སེམས་བརྟན་པོ་བསྟེན་དགོས་པར་བསྟན་ཏོ། །འདི་ཕྱིའི་ཉེས་དམིགས་འབྱུང་བའི་རྒྱུར་བསམ་སྟེ་སྐྱོ་བ་སྐྱེད་པ་ནི། འདི་དང་ཕྱི་མའི་སྐབས་སུ་བདེ་བ་འབྱུང་བའི་རྒྱུ་དགེ་བ་ལ་ཅུང་ཟད་ཀྱང་བརྩོན་པ་མེད་པར་འབྲས་བུ་ བདེ་ཞིང་ཡིད་དུ་འོང་བ་འདོད་པ་དང་། དཀའ་སྤྱད་སོགས་ཀྱི་སྡུག་བསྔལ་ཕྲ་མོ་ཙམ་ལའང་བསྲན་མི་ནུས་པའི་བཟེ་རེ་ཅན་ལ་སྡུག་བསྔལ་སྣ་ཚོགས་ཀྱི་གནོད་པ་མང་པོ་ཆར་བཞིན་འབབ་པར་འགྱུར་ཞིང་ཞེས་པའམ། རྒྱ་དཔེར། གཞོན་ཤ་ཅན་ལ་གནོད་

Page: 657 ༄༅། །མང་ཞིང༌། ཞེས་འབྱུང་སྟེ་བཟེ་རེ་ཅན་དང་གཞོན་ཤ་ཅན་གཉིས་ཀ་གནོད་པ་ཅི་ཡང་མི་བཟོད་པར་འདྲ་བས་སོ། །སྐྱེས་ཕྱིན་ཆད་འཆི་བདག་གིས་ངེས་པར་དབང་དུ་བྱས་ནས་དེ་ལས་ནམ་ཡང་འདའ་མི་ནུས་པའི་འཆི་བས་བཟུང་ བཞིན་དུ་ཡང་ལྷ་འདོད་ཡོན་གྱི་བདེ་བས་བག་མེད་དུ་མྱོས་ནས་འཆི་བ་མི་དྲན་པ་དང་འདྲ་བའམ་ཡང་ན་ལྷ་ལ་འཆི་མེད་ཅེས་བརྗོད་པ་དང་འདྲ་བར་འཆི་བ་མེད་པ་ལྟར་ཡུན་རིང་དུ་གནས་པར་འདོད་པའི་ཞེ་འདོད་དང་གནས་ཚུལ་ཕྱིན་ཅི་ལོག་ཏུ་གྱུར་པའི་རྨོངས ་པ་འགལ་འདུ་ཅན་རྣམས་གློ་བུར་དུ་འཆི་བདག་གིས་ཟིན་པར་གྱུར་པ་སོགས་ཀྱི་ཚེ་ཀྱི་ཧུད་ཅེས་པའི་སྨྲེ་སྔགས་དང་༌བཅས་བཞིན་དུ་འཆི་བའི་སྡུག་བསྔལ་དང་གཤིན་རྗེའི་འཇིགས་པ་དང་ངན་སོང་གི་སྡུག་བསྔལ་དག་གིས་བརྒྱུད་མར་བཅོམ་པར་འགྱུར་ཞེས་ པའམ། །ཡང་ན་དེ་ལྟ་བུའི་རྨོངས་པ་འགལ་འདུ་ཅན་རྣམས་ལ་བསྟན་བཅོས་རྩོམ་པ་པོའི་སྙིང་རྗེའི་དབང་གིས་ཀྱི་ཧུད་རྨོངས་པ་རྣམས་འདོད་པ་མི་འཐོབ་ཅིང་མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ་དག་གིས་བཅོམ་པར་འགྱུར་ཞེས་སྨྲས་པའི་དོན་ནོ། ། དེ་དག་ཕྱིན་ཅི་ལོག་གི་འཁྲུལ་པ་ཅན་ནམ་འགལ་འདུ་ཅན་ཡིན་པའི་རྒྱུ་མཚན་ནི། འབྲས་བུ་བདེ་བ་འདོད་ན་རྒྱུ་དགེ་བ་ལ་བརྩོན་རིགས་པ་ལས་དགེ་བ་ལ་མི་བརྩོན་པར་བདེ་སྐྱིད་འོང་བར་རེ་བ་དང་། སྡུག་བསྔལ་ལ་བསྲན་ནུས་ན་སྡུག་བསྔལ་གྱིས་དེ་ཙམ་གནོད་མི་ ནུས་ཀྱང་ཅུང་ཟད་ཙམ་ཡང་བསྲན་མི་ནུས་པའི་ཕྱིར་སྡུག་བསྔལ་ཆུང་ངུས་ཀྱང་ཆེས་ཆེར་གནོད་པ་དང༌། འཆི་བདག་གིས་བཟུང་བཞིན་དུ་འཆི་མི་དགོས་པ་ལྟར་བག་བརྐྱང་སྟེ་སྡོད་མི་རིགས་ཀྱང་ལྷ་དང་འདྲ་བར་ཡུན་རིང་པོའི་བར་དུ་མི་འཆི་བར་གསོན་དུ་རེ་བའི་

Page: 658 ཕྱིར་ཏེ་དེ་ལྟ་བུའི་རྨོངས་པ་རྣམས་ནི་སྙིང་རྗེའི་གནས་སུ་འོས་པའོ། །དེ་ལྟར་འཆི་བ་མི་རྟག་པ་དང་སྲིད་པའི་སྡུག་བསྔལ་བསྟན་པ་ནི་སྲིད་པ་ལས་ཡིད་འབྱུང་བའི་སྐྱོ་བ་སྐྱེད་པའི་ཐབས་ཏེ། གོང་དུ་འཁོར་བའི་སྡུག་བསྔལ་གྱིས་མི་སྐྱོ་བ་ལས་ལེ་ལོ་ཉེ་བར་སྐྱེ་བར་ གསུངས་པ་དེ་ཉིད་ཀྱི་གཉེན་པོ་སྒོམ་པའི་ཚུལ་ལོ། །དེ་ལྟར་འཆི་བ་བསམ་པ་ནི་དྲན་པའི་མཆོག་གམ་འདུ་ཤེས་ཀྱི་མཆོག་དང་འཁོར་བ་ལས་ཡིད་འབྱུང་བ་ནི་བསམ་པའི་ནང་ནས་མཆོག་ཡིན་ཏེ། དྲན་པ་ཉེར་གཞག་ལས། འཆི་བ་སོམས་དང་བརྟན་པ་རྣམས། །དེ་ ལས་བཟློག་ཐབས་མེད་པ་ཡིན། །གང་འདི་འཆི་བ་འབྱུང་བ་ནི། །དྲན་པའི་མཆོག་ཏུ་རབ་ཏུ་བསྔགས། །ཞེས་དང་། རྒྱལ་པོ་ལ་གདམས་པ་ལས་ཀྱང་། རྗེས་ཐམས་ཅད་ཀྱི་ནང་ན་གླང་པོ་ཆེའི་རྗེས་མཆོག་གོ། མེ་ཏོག་རྣམས་ཀྱི་ནང་ན་པད་མ་དཀར་པོ་མཆོག་གོ། འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པའི་འདུ་ཤེས་མཆོག་གོ། བསམ་པ་རྣམས་ཀྱི་ནང་ན་འཁོར་བ་ལས་ཡིད་འབྱུང་བ་མཆོག་གོ། རྒྱལ་པོ་ཆེན་པོ་འཁོར་བ་ལས་ཡིད་བྱུང་བ་ལེགས་སོ་སྐྱོ་བ་སྐྱེས་པ་ལེགས་སོ་ཞེས་གསུངས། རྟེན་བཟང་རྙེད་དུས་ལེ་ལོ་སྤངས་ ཏེ་འབད་པར་གདམས་པ་ནི། ད་ལྟ་དལ་འབྱོར་གྱི་ཆོས་དང་ལྡན་པའི་མི་ཡི་ལུས་རྟེན་གྲུ་བོ་ཆེ་བཟང་པོ་དང་འདྲ་བ་ཐོབ་པ་འདི་དོན་ཤིན་ཏུ་ཆེ་བས་དེ་ལ་བརྟེན་ནས་ནིའམ་བརྟེན་ནས་སུ་སྡུག་བསྔལ་གྱི་རང་བཞིན་གྱི་སྲིད་པའི་ཆུ་བོ་ཆེན་པོ་རྒྱ་ཆེ་ལ་གཏིང་ཟབ་པས་བརྒལ་ བར་དཀའ་བ་སྐྱེ་རྒ་ན་འཆི་སོགས་གནོད་པ་མི་བཟད་པ་སྣ་ཚོགས་པའི་དབའ་རླབས་དང་ལྡན་པ་འདི་ལས་སྒྲོལ་བའི་ཐབས་ལ་འབད་པར་བྱོས་ལ་འཁོར་བའི་སྡུག་བསྔལ་ལས་རྒྱབ་ཀྱིས་ཕྱོགས་པར་བྱ་དགོས་ཏེ། རྟེན་འདི་ལ་སྲིད་མཚོ་ལས་བརྒལ་ནས་ཐར་བའི་སྐམ་

Page: 659 ༄༅། །སར་བགྲོད་ནུས་པའི་ནུས་པ་ཁྱད་པར་ཅན་ཡོད་པས་སོ། །ད་ལྟ་ལེ་ལོའི་དབང་དུ་བཏང་ནས་དོན་མེད་དང་དོན་ཆུང་གི་ལས་ལ་འབད་ནས་ལུས་རྟེན་གྱི་གྲུ་བཟང་པོ་འདི་ཆུད་ཟོས་སུ་གྱུར་ན་ཕྱི་ནས་སམ་སླར་ཡང་ཤིན་ཏུ་རྙེད་དཀའ་བས་༌ན་ཀ་ཡེ་རྨོངས་ པ་ཁྱོད་ཅེས་རང་ཉིད་ལ་བོས་ནས་གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་ལྟར་ད་རེས་སྡུག་བསྔལ་གྱི་ཆུ་མཚོ་ཆེན་པོའི་ཕ་རོལ་དུ་སྒྲོལ་ནུས་པའི་ལུས་རྟེན་གྲུ་དང་འདྲ་བ་འདི་ལྟ་བུ་ལན་ཅིག་ཐོབ་པའི་དུས་སུ་བག་མེད་པའི་ངང་དུ་གཉིད་མ་ལོག་པར་དཀར་ནག་གི་ལས་ ལ་བླང་དོར་ཚུལ་བཞིན་དུ་གྱིས་ལ་སྲིད་པའི་སྡུག་བསྔལ་ལས་ངེས་པར་འབྱུང་བའི་ཐབས་ལམ་བསླབ་པ་གསུམ་ཉམས་སུ་ལེན་པ་ལ་བརྩོན་ནས་གཉིད་སོགས་ལ་བརྟེན་པའི་སྙོམ་ལས་ཀྱི་ལེ་ལོ་འགོག་པ་ལ་འབད་པར་གྱིས་ཤིག་ཅེས་པའོ། །ཀླུ་སྒྲུབ་ཀྱིས། བསོད་ ནམས་ཆེན་པོའི་རིན་གྱིས་ནི། །ཁྱོད་ཀྱིས་ལུས་ཀྱི་གྲུ་ཉོས་པ། །ཇི་སྲིད་ཆགས་པར་མ་གྱུར་པ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་སོང་། །ཞེས་དང༌། ལམ་སྒྲོན་དུ། །གཉིད་རྨུགས་ལེ་ལོ་སྤང་བྱ་ཞིང་། །རྟག་ཏུ་བརྩོན་འགྲུས་འབད་པར་བྱ། །ཞེས་གསུངས། དེས་ ན་གོང་དུ་བཤད་པ་ངན་སོང་རང་གི་སྡུག་བསྔལ་བསམ་ནས་ད་ལྟ་དེ་འདྲའི་སྡུག་བསྔལ་ཅན་གྱི་གནས་སུ་མ་སྐྱེས་པར་ཐོབ་པར་དཀའ་བ་འཛམ་བུའི་གླིང་གི་མིའི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདིར་ལས་འབྲས་ཀྱི་བླང་དོར་ཚུལ་བཞིན་དུ་བྱས་ནས་ཕྱིས་ངན་འགྲོར་སྐྱེ་ བརྒྱུན་གཅོད་པ་དང་ཐར་བ་སྒྲུབ་པ་ལ་མཐོ་རིས་ཀྱི་རྟེན་བརྒྱུད་མར་རྙེད་དགོས་པས་དེ་ཐོབ་བྱེད་ཀྱི་རྒྱུ་ཚུལ་ཁྲིམས་སྲུང་བ་སོགས་ལ་ད་ལྟ་བརྩོན་དགོས་ཏེ། ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་

Page: 660 རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེ་རྒྱུ་རྣམ་སྤངང་བདེ་རྒྱུ་སྤྱད། །ཐོབ་དཀའ་འཛམ་གླིངམི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་གཅད་པར་བྱ། ། ཞེས་གསུངས་པའི་ཕྱིར། དེ་དག་གིས་ནི་ཕྱི་བཤོལ་བྱེད་པའི་ལེ་ལོ་སྤོང་པའི་ཐབས་སུ་འཆི་བ་མི་རྟག་པ་དང་ཤི་བའི་འོག་ཏུ་ངན་འགྲོར་ལྟུང་བ་དང་དལ་འབྱོར་གྱི་ལུས་རྟེན་རྙེད་དཀའ་བའི་ཚུལ་གསུམ་པོ་ལ་ཡང་ཡང་བསམ་པར་བྱས་ཏེ་ལོང་ཡོད་དུ་འཛིན་པའི་ལེ་ལོ་ སྐྱེ་བའི་སྐབས་བཅོམ་ནས་ལོང་མེད་ཀྱི་བློ་སྣ་རྒྱུད་ལ་སྐྱེད་པའི་ཚུལ་བསྟན་པ་ཡིན་ནོ། །འདིར་དེ་རྣམས་བསམ་སྟེ་སྙོམ་ལས་ཀྱི་ལེ་ལོ་སྤངས་ནས་བརྩོན་འགྲུས་རྩོམ་དགོས་པར་བསྟན་པ་བཞིན་དུ་བསླབ་བཏུས་སུ་དེ་རྣམས་བསམ་ནས་བྱིངརྒོད་སྤོངཚུལ་ཡང་ བསམ་གཏན་གྱི་ལེའུ་གསུངས་སོ། །གཞན་ཡང་སྔར་སྡིག་བཤགས་སྐབས་འཆི་བ་མི་རྟག་པ་བསྟན་པ་ནི་དེ་བསམ་ནས་མྱུར་དུ་སྡིག་སྦྱོང་ལ་འབད་དགོས་པ་དང་འདིར་དེ་བསྟན་པ་ནི་འཆི་བ་བསམ་སྟེ་ལེ་ལོ་སྤངས་ནས་མྱུར་དུ་བརྩོན་འགྲུས་རྩོམ་དགོས་པའི་ དོན་ཡིན་ལ། དེ་བཞིན་དུ་སྔར་བག་ཡོད་ལེའུར་རྣལ་འབྱོར་རྙེད་དཀའ་བསྟན་པ་ནི་དེ་བསམ་ནས་བསྒྲུབ་བྱ་བསླབ་པ་སོགས་ལ་བག་ཡོད་བྱ་དགོས་པ་དང་འདིར་དེ་བསྟན་པ་ནི་དོན་དེ་ཉིད་བསམས་ནས་ལེ་ལོ་སོགས་ཀྱི་དབང་དུ་མི་གཏོང་བར་བརྩོན་འགྲུས་རྩོམ་དགོས་པའི ་དོན་ཡིན་པས་དེ་སྔར་དགོས་ཆེད་སོ་སོར་ཤེས་པར་བྱའོ། །གཉིས་པ་བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོ་སྒོམ་ཚུལ་ནི། དགའ་བའི་རྒྱུ་ནི་སོགས་ཏེ་གནས་སྐབས་དང་མཐར་ཐུག་ཀུན་ཏུ་དགའ་བ་དང་བདེ་བའི་རྒྱུའམ་རྒྱུན་ནི་ཟད་པ་མེད་པ་མཐའ་ཡས་པ་འབྱུང་བའི་

Page: 661 ༄༅། །ཐབས་སམ་རྒྱུ་བླ་ན་མེད་པ་དམ་པའི་ཆོས་ཉམས་སུ་ལེན་པ་ལ་དགའ་ཞིང་སྤྲོ་བ་ཡིན་པ་ལ། དེ་ལྟ་བུའི་དགའ་བའི་མཆོག་དེ་ཉིད་སྤངས་ནས་འཁོར་བའི་སྡུག་བསྔལ་སྣ་ཚོགས་པ་འབྱུང་བའི་རྒྱུ་ཉིད་དུ་གྱུར་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྡིག་ པའི་ལས་དང་འདུ་འཛི་མང་པོ་ཡིས་སེམས་ཕྱི་རོལ་གྱི་ཡུལ་སྣ་ཚོགས་ལ་གཡེང་བ་དང་ཆགས་པའི་དབང་གིས་གཟུགས་སྒྲ་སོགས་ལ་སེམས་འཕྲོ་ཞིང་རྒོད་པ་དང༌། ངག་གི་རྣམ་འགྱུར་བག་མེད་པའི་དགའ་བ་དང་བཅས་པས་ཧ་ཧ་ཞེས་དགོད་ཅིང་ག་ ཞ་བྱེད་པ་དང་གླུ་དབྱངས་ལེན་པ་དང་གཞན་ཡང་དོན་མེད་པའི་ཅལ་ཅོལ་མང་དུ་སྨྲ་བ་དང༌། ལུས་ཀྱིས་གར་དང་མཆོངརྒྱུག་བྱེད་པ་ལ་སོགས་པ་ཆོས་དང་འགལ་ཞིང་དོན་མེད་པའི་བྱ་བ་མང་པོ་རྣམས་བྱེད་པ་ལ་ཁྱོད་ཅི་ཡི་ཕྱིར་དགའ་སྟེ་དགའ་མི་རིགས་ཏེ་ དེ་དག་ལ་དགའ་བ་ནི་ཚེ་འདིའི་དོན་ཆེན་པོ་ཉམས་པར་བྱེད་པའི་རྒྱུ་དངཕྱི་མའི་སྐབས་སུ་སྡུག་བསྔལ་དུ་མ་སྐྱེད་པའི་རྒྱུའམ་གཞིར་གྱུར་པ་ཡིན་པའི་ཕྱིར། དེས་ན་དེ་དག་ལ་དགའ་བ་ནི། རིན་ཆེན་ཕྲེང་བར། ཆགས་པ་ལེ་ལོ་ཅན་གྱི་ཡིན། །ཞེས་པ་ལྟར་བྱ་བ་ ངན་པ་ལ་ཆགས་ཤིང་ཞེན་པའི་ལེ་ལོ་ཡིན་པའི་ཕྱིར་དེ་དག་འགོག་པའི་ཐབས་ལ་བརྩོན་པར་བྱའོ། །འདི་ལ་དགའ་བའི་རྒྱུན་ནི་མཐའ་ཡས་ཞེས་ཡོང་བ་འཆད་བདེའོ། །དེ་ལྟར་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་སྒོམ་པ་སོགས་དམ་པའི་ཆོས་ ཀྱི་དགའ་བདེ་སྤངས་ནས་དོན་མེད་པ་ཉེས་པ་ཆེ་བའི་ཚོང་དང་ཞིང་ལས་སོགས་ཁྱིམ་ན་གནས་པའི་ལས་ངན་པ་ལ་དགའ་བའི་ཉེས་དམིགས་ནི། ལྷག་བསམ་བསྐུལ་བ་ལས། བླ་མས་བསྐུལ་ན་བཀའ་བློ་མི་བདེ་ཞིང་རྗེས་སུ་བསྟན་པ་མཐུན་པར་མི་

Page: 662 འཛིན་པ། དེ་ནི་མྱུར་དུ་ཚུལ་ཁྲིམས་ཉམས་པར་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །ཁྱིམ་ན་གནས་པའི་ལས་རྣམས་རྟག་སེམས་པ། །དེ་ནི་རྟག་ཏུ་གདུང་བར་བམའགྱུར་བ་སྟེ། །བསམ་གཏན་དང་ནི་སྤོང་བ་དེ་མི་བྱེད། །ཉེས་པ་འདི་ དག་ལས་ལ་དགའ་བའི་ཡིན། །དེ་ཡིས་འདོད་ཆགས་ཤས་ནི་ཆེ་བར་སྐྱེད། །དེ་ནི་རོ་བྲོ་རྣམས་ལ་ཆགས་ཤིང་ཞེན། །དེ་ནི་ངན་ངོན་ཙམ་གྱིས་དགའ་མི་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །དེ་ནི་འཁོར་མང་པོ་ལ་དགའ་འགྱུར་ཏེ། ། དེ་ཉམས་ན་ནི་ཤིན་ཏུ་སྡུག་བསྔལ་འགྱུར། །དེ་ནི་བོང་བུ་བཞིན་དུ་འདྲེ་བར་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །ཞེས་སོགས་དང༌། གང་དག་མཆོག་གི་ཆོས་ཡོངས་སུ་སྤངས་ནས་ལས་ངོན་པ་རྣམས་རྩོམ་པའི་བྱང་ཆུབ་སེམས་དཔའ་ དེ་དག་ནི་ཤེས་རབ་ཤིན་ཏུ་ཆུང་བར་འགྱུར་རོ། །བྱམས་པ་ཁྱོད་ལ་བསྟན་ཏོ་ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གང་དག་ལ་བརྩོན་པ་མེད་པ་དང་བསམ་གཏན་མེད་པ་དང་སྤོང་བ་མེད་པ་དང་ཁ་ཏོན་བྱ་བ་དང་ཐོས་པ་ཡོངས་སུ་ཚོལ་བ་མེད་པའི་བྱང་ཆུབ་སེམས་ དཔའ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་མ་ཡིན་ནོ་ཞེས་སོགས་བསླབ་བཏུས་སུ་དྲངས་པ་བཞིན་ནོ། །མདོར་ན་བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོར་དམ་པའི་ཆོས་ནི་ཚེ་འདི་ཕྱིའི་དགའ་བ་མཐའ་ཡས་པའི་རྒྱུ་ཡིན་པ་དང་ཁ་ན་མ་ཐོ་བའི་ སྡིག་པའི་ལས་དང་དོན་མེད་པའི་རྣམ་གཡེང་སྐྱེད་བྱེད་ཀྱི་ལས་རྣམས་ནི་ཚེ་འདིར་དོན་ཆེན་པོ་དམ་པའི་ཆོས་ཀྱི་བྱ་བ་ཉམས་པར་བྱེད་པ་དང་ཕྱི་མར་ཡང་ངན་འགྲོའི་སྡུག་བསྔལ་སོགས་མི་འདོད་པ་མཐའ་ཡས་པ་སྐྱེད་བྱེད་ཀྱི་རྒྱུ་ཡིན་ཚུལ་ཡང་ཡང་བསམ་ནས་དེ་སྤོང་བ་

Page: 663 ༄༅། །ཡིན་ནོ། །གསུམ་པ་སྒྱིད་ལུག་གི་ལེ་ལོའི་གཉེན་པོ་སྒོམ་ཚུལ་ནི། སྐྱིད་ལུག་མེད་དང་ཞེས་སོགས་ཏེ། དེ་ཡང་གོང་དུ་བཤད་པ་དེ་ལྟར་སྙོམ་ལས་ཀྱི་ལེ་ལོ་དང་བྱ་བ་ངན་ཞེན་གྱི་ལེ་ལོ་རྣམས་བཀག་ནས་དམ་པའི་ཆོས་ཉམས་ སུ་ལེན་པ་ལ་སྤྲོ་བ་བྱུང་ཡང་དེ་ཙམ་གྱིས་མི་ཆོག་པར་ཐེག་པ་མཆོག་གི་ལམ་ལ་སློབ་དགོས་པས་དེ་ལ་བདག་ལྟ་བུས་སྒྲུབ་ག་ལ་ནུས་སྙམ་དུ་སྒྱིད་ལུག་པའམ་སེམས་ཞུམ་པར་གྱུར་ན་དེ་ཉིད་བསལ་བར་བྱ་དགོས་པས་འདིར་དེ་བསལ་ཐབས་ཀྱི་ གཉེན་པོ་འཆད་ལ། དེ་ལ་ཡང་ཐོག་མར། མདོར་བསྟན་གྱི་སྒོ་ནས་འབད་པར་གདམས་པ་ནི། དཔེར་ན་འཇིག་རྟེན་པའི་རྒྱལ་པོ་ཆེན་པོ་དག་ཆོས་བཞིའི་སྒོ་ནས་དགྲ་སྡེ་ལས་རྒྱལ་བར་བྱེད་པ་ལྟར་བྱང་ཆུབ་སེམས་དཔས་ཀྱང་སྤང་བྱ་མི་མཐུན་ ཕྱོགས་ལས་རྒྱལ་བར་བྱེད་པ་ལ་ཐོག་མར་ལམ་ལ་སློབ་པའི་དུས་སུ་སེམས་ཀྱི་གཟེངས་བསྟོད་དེ་བསམ་པ་སྐྱིད་ལུག་པ་མེད་པར་གོ་ཆ་ཆེན་པོ་བགོ་བ་གོ་ཆའི་བརྩོན་འགྲུས་དང༌། སྦྱོར་བས་གཉེན་པོ་སྟོབས་ལྡན་དཔུངཚོགས་བཞི་བསགས་པ་དང༌། དངོས་གཞི་དྲན་པ་དང་ཤེས་བཞིན་ལ་བརྟེན་ནས་དངོས་སུ་འཇུག་ལྡོག་ལྷུར་བླངབྱ་བ་དང༌། མཇུག་སྒོ་གསུམ་ལས་རུང་དུ་བྱས་པའི་སྒོ་ནས་ད་ས་ལམ་གཉེན་པོས་བདག་ཉིད་དབང་དུ་བྱ་བ་དང༌། དེ་ནས་འོག་ཏུ་བསམ་གཏན་ལེའུར་འཆད་པར་འགྱུར་བ་ལྟར་ བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་དང༌། དེ་ནས་བདག་དང་གཞན་དུ་བརྗེ་བར་བྱ་བའི་སེམས་ནི་བསྒོམ་པར་གྱིས་ཤིག་ཅེས་པའོ། །བདག་གཞན་མཉམ་བརྗེ་སྒོམ་པ་བསམ་གཏན་ལེའུའི་བརྗོད་བྱ་ཡིན་ནའང་བརྩོན་འགྲུས་ཀྱིས་སེམས་

Page: 664 ལས་རུང་དུ་བྱས་པའི་འབྲས་བུར་བསྟན་པའི་ཕྱིར་འདིར་མདོར་བསྟན་དུ་སྨོས་པའོ། །བི་བྷུ་ཏིས་ཚིགས་བཅད་འདི་གཞན་གྱིས་བཅུག་པ་ཡིན་གྱི་སློབ་དཔོན་གྱི་གསུང་མིན་ཏེ་བདག་གཞན་མཉམ་བརྗེ་འདིར་འཆད་པ་སྐབས་སུ་མ་བབས་པའི་ཕྱིར་ ཞེས་སོགས་གསུང་ནའང་འགྲེལ་བ་གཞན་ཐམས་ཅད་ཀྱིས་གཞུང་ན་ཡོད་པ་འདི་བཞིན་དུ་བཀྲལ་ནས་འཆད་པ་ཡིན་པར་གསུངས་སོ། །དོན་དེ་ཉིད་རྒྱས་པར་འཆད་པ་ལ། ཐོབ་བྱ་བྱང་ཆུབ་ལ་སྒྱིད་ལུག་དགག་པ་ནི། ཐོབ་བྱ་སངས་རྒྱས་ཉིད་ནི་ སྐྱོན་མཐའ་དག་ཟད་པ་དང་ཡོན་ཏན་མཐའ་ཡས་པ་རྫོགས་པ་ཡིན་ན་དེ་ནི་དབང་རྣོན་བརྩོན་འགྲུས་དང་ལྡན་པ་ཚོགས་རྒྱ་ཆེན་པོ་བསགས་པ་བྱ་དཀའ་བའི་སྤྱོད་པ་ལ་བསྐལ་བ་གྲངས་མེད་དུ་མའི་བར་དུ་སློབ་ནུས་པ་ཞིག་གིས་བསྒྲུབ་པར་བྱ་དགོས་ཀྱི་ བདག་འདྲ་བདག་གིས་ནི་ཡོན་ཏན་སྣ་རེ་སྒྲུབ་པ་དང་སྐྱོན་སྣ་རེ་སྤོང་བའང་ཆེས་དཀའ་བར་སྣང་བས་འབད་པ་བྱས་ཀྱང་འབྲས་བུ་བྱང་ཆུབ་ཆེན་པོ་སྒྲུབ་པ་དང་ཐོབ་པར་ག་ལ་ནུས་ཞེས་བདག་ཉིད་ལ་བརྙས་པས་སྐྱིད་ལུག་པར་ནི་མི་བྱ་སྟེ་དོན་ཆེན་པོ་ལས་ ཉམས་པར་འགྱུར་བས་སོ། །དེ་ཡང་ཞུམ་པའི་སེམས་དེ་ལྟ་བུ་དངོས་སུ་བྱུང་ན་སྔར་སེམས་བསྐྱེད་བླངས་པ་དེ་གཏོང་བས་ཉེས་དམིགས་ཤིན་ཏུ་ཆེ་ལ་དངོས་སུ་མ་བྱུང་ཡང་དང་པོ་ནས་དེ་ལྟ་བུའི་སེམས་མི་སྐྱེ་བའི་ཐབ་ལ་བརྩོན་དགོས་ལ། བརྩོན་ཚུལ་ཡང་ འདི་ལྟར་དེ་བཞིན་གཤེགས་པ་ནི་ཕྱིན་ཅི་ལོག་གསུང་བའི་རྒྱུ་མེད་པའི་ཕྱིར་བརྫུན་པ་དང་ལོག་པར་མི་གསུང་གི་བདེན་པ་དང་ཡང་དག་པ་ཉག་གཅིག་གསུང་བར་མཛད་ལ་དེ་ཉིད་གཞན་དུ་མི་འགྱུར་བས་བདེན་པའི་ཚིག་འདི་དག་གསུངས་པ་ལ་ཡིད་ཆེས་བསྐྱེད་

Page: 665 ༄༅། །པར་བྱ་རིགས་ལ། ཇི་ལྟར་གསུངས་ན། འདི་སྐད་དུ་སྦྲང་བུ་དང་ཤ་སྦྲང་དང་བུང་བ་དང་དེ་བཊིན་སྲོག་ཆགས་སྲིན་བུར་གྱུར་པ་སོགས་བདག་པས་ཆེས་རིགས་དམན་པའི་སེམས་ཅན་རྣམས་སུ་གང་སྐྱེས་པར་གྱུར་པ་དེ་དག་རྣམས ་ཀྱིས་ཀྱང་བརྩོན་པའི་སྟོབས་ཁྱད་པར་ཅན་བསྐྱེད་ནས་ཚོགས་བསགས་པར་བྱས་ན་བྱང་ཆུབ་ཆེན་པོ་ཤིན་ཏུ་ཐོབ་པར་དཀའ་བ་བླ་ན་མེད་པ་ཡང་འཐོབ་པར་འགྱུར་ན་ བདག་ལྟ་བུ་རིགས་ཀྱི་སྒོ་ནས་ཁྱད་པར་དུ་གྱུར་པ་འགྲོ་བ་མིར་སྐྱེས་པས་རྟེན་བཟང་ལ་ བསམ་པ་ཁྱད་པར་དུ་གྱུར་པ་བྱང་ཆུབ་ཆེན་པོ་སྒྲུབ་པའི་ཐབས་ལ་ཕན་པ་དང་གནོད་པའི་རྒྱུར་གྱུར་པ་དགེ་མི་དགེའི་བླང་དོར་གྱི་གནས་མ་ནོར་བ་ལ་རྣམ་༌པར་དཔྱོད་པའི་བློ་གྲོས་ཀྱི་མཐུ་ཐོབ་པས་དེའི་ཚུལ་ལེགས་པར་ངོ་ཤེས་ཤིང་ཁོང་དུ་ཆུད་པར་ནུས་པས་ ན་བྱང་ཆུབ་ཀྱི་སྤྱོད་པ་རྟེན་སེམས་བསྐྱེད་དང་བཅས་པ་བླངས་ནས་དེ་ལ་ཚུལ་བཞིན་དུ་བསླབ་སྟེ་བརྩོན་པ་མ་བཏང་ན་ཞེས་སམ། རྒྱ་དཔེ་ལྟར་ན། ཀུན་མཁྱེན་ཚུལ་འདི་མ་བཏང་ན། །ཞེས་འབྱུང་སྟེ་ཀུན་མཁྱེན་ཐོབ་བྱེད་ཀྱི་ཚུལ་སྤྱོད་པ་ཉམས་ལེན་གྱི་ བྱ་བ་མ་བཏང་ན་ཞེས་པ་ཡིན་ལ། དེ་བས་ན་བདག་གིས་བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་ཅིས་མི་ཐོབ་སྟེ་ངེས་པར་ཐོབ་ནུས་སོ་ཞེས་གསུངས་ཏེ། ལག་བཟངས་ཀྱིས་ཞུས་པ་ལས། ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ ཡང་དག་པར་རྗེས་སུ་སློབ་སྟེ་གང་དག་སེང་གེ་དང་སྟག་དང་ཁྱི་དང་ལྕེ་སྤྱང་དང་བྱ་རྒོད་དང་ཁྲུང་ཁྲུང་དང་བྱ་རོག་དང་འུག་པ་དང་སྲིན་བུ་དང་སྦྲང་མ་དང་སྦྲང་བུ་དང་ཤ་སྦྲང་དུ་གྱུར་པ་དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ན་བདག་མིར་

Page: 666 གྱུར་བཞིན་དུ་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་བརྩོན་འགྲུས་ཉམས་པར་བྱེད་སྙམ་མོ་ཞེས་དང་། རྨི་ལམ་བསྟན་པ་ལས། གང་ཞིག་ཇི་ཙམ་ཡོན་ཏན་ཆུང་བས་ཀྱང་། །ལྷག་པའི་བསམ་པས་སྐྱོབ་ན་བྱང་ཆུབ་ འཐོབ། །ཅེས་དང་། མདོ་སྡེའི་རྒྱན་ལས་ཀྱང་། །གང་ཕྱིར་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་སོ། །བྱང་ཆུབ་ཐོབ་པའི་རྒྱུ་མཚན་ཡང་སེམས་ཅན་ ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད་པའི་ཕྱིར་ཞེས་རྒྱལ་སྲས་ཐོགས་མེད་པའི་འགྲེལ་བར་རྒྱུད་བླ་མའི་ལུང་དང་བཅས་པའི་སྒོ་ནས་གསུངས་སོ། །གཞན་ཡང་སྔར་སངས་རྒྱས་པ་རྣམས་ཀྱང་དང་པོ་ནས་ལམ་མཐོན་པོར་གཤེགས་ནས་ སངས་རྒྱས་ཟིན་པ་གཅིག་གིས་ལམ་བསྒྲུབ་པ་མིན་གྱི་བདག་ཅག་འདྲ་བ་ཅིག་ཁོ་ན་ལམ་ཇེ་མཐོར་གཤེགས་ནས་སངས་རྒྱས་པའོ་སྙམ་དུ་བསམ་ནས་ཞུམ་པ་དགག་པར་བྱ་སྟེ། དཀོན་མཆོག་སྤྲིན་ལས། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་ དུ་མིར་གྱུར་པས་ནི་བྱང་ཆུབ་ཐོབ་པར་དཀའ་སྟེ་བདག་གི་བརྩོན་འགྲུས་འདི་ནི་ཆུང་ཞིང་ཞན་ལ་བདག་ཀྱང་ལེ་ལོ་ཅན་ཏེ། བྱང་ཆུབ་ནི་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་བསྐལ་པ་མང་པོ་བསྐལ་པ་བརྒྱ་ཕྲག་མང་པོ་བསྐལ་པ་སྟོང་ཕྲག་མང་པོ་བསྒྲུབ་ དགོས་པས་བདག་ནི་དེ་ལྟ་བུའི་ཁུར་བཀུར་བར་མི་སྤྲོའོ་སྙམ་དུ་སེམས་མི་བསྐྱེད་དེ། བྱང་ཆུབ་སེམས་དཔས་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མངོན་པར་རྫོགས་པར་སངས་རྒྱས་པ་

Page: 667 ༄༅། །དེ་དག་དང་གང་དག་མངོན་པར་རྫོགས་པར་སངས་རྒྱ་བ་དེ་དག་དང་གང་དག་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་བ་དེ་དག་ཀྱང་ཚུལ་འདི་འདྲ་བ་དང་ལམ་འདི་འདྲ་བ་དང་བརྩོན་འགྲུས་འདི་འདྲ་བས་མངོན་པར་རྫོགས་ པར་སངས་རྒྱས་མངོན་པར་རྫོགས་པར་འཚང་རྒྱུ་མངོན་པར་རྫོགས་༌པར་འཚང་རྒྱ་བར་འགྱུར་ཏེ་ཞེས་པ་ནས། དེ་བཞིན་གཤེགས་པ་དེ་དག་ཀྱང་དེ་བཞིན་གཤེགས་པར་གྱུར་པ་ཤ་སྟག་ལས་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱི། བདག་ཀྱང་ ཅི་ནུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་སེམས་ཅན་ཐམས་ཅད་དང་ཐུན་མོང་གི་བརྩོན་འགྲུས་དང་སེམས་ཅན་ཐམས་ཅད་ལ་དམིགས་པའི་བརྩོན་འགྲུས་ཀྱིས་བདག་གིས་ཀྱང་དེ་ལྟ་དེ་ལྟར་བཙལ་ལོ་ འབད་དོ་ཞེས་དང༌། ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས་ཀྱང་གང་སུ་ལ་ལ་དག་གིས་བདེ་གཤེགས་གོ་འཕང་བརྙེས་པ་དེ་དག་ཀྱང༌། །འདི་བས་ཤིན་ཏུ་སྨད་པའི་གནས་སྐབས་དག་ཏུ་ལྟུང་བ་འབྱུང་ངོ་ཞེས། །དེ་སླད་ཁྱོད་ཀྱིས་ཉམས་ངར་ལྟུང་བའི་ ཚེ་ཡང་བདག་ཉིད་སྨད་མ་མཛད། །བདག་ལ་སྨོད་པ་མི་རུང་སྐྱེས་བུ་དར་བ་ཞུམ་པར་བགྱིད་པ་ལགས། །ཞེས་སོ། །འདིར་ཞུམ་པ་སྐྱེ་ཚུལ་ཡང༌། སངས་རྒྱས་ཀྱི་གོ་འཕང་དེ་སྒྲུབ་པ་ལའང་ལམ་གྱི་ཉམས་ལེན་ལྟར་སྣང་ཕྲ་མོ་རེ་ཙམ་ལ་ཕུར་ཚུགས་སུ་ འབད་པས་འགྲུབ་སྙམ་དུ་ལམ་གྱི་གོ་བ་ལོག་པར་སོང་ན་ཞུམ་པ་གཏན་མི་སྐྱེ་བ་ད་ལྟའི་དུས་བཞིན་ཡིན་ལ། །དེ་ཅིས་ལན་ན་དེ་ནི་ལམ་གྱི་འགྲོ་ཚུལ་ཇི་བཞིན་པ་མ་ངེས་པའམ་དེའི་ཚུལ་ལ་གོ་བ་ཕྱོགས་ཙམ་ཡོད་ཀྱང་ཉམས་ལེན་ལ་གཏུགས་ནས་ལག་ཏུ་མ་བླངས་

Page: 668 པས་སླ་སླ་ཅིག་ཡིན་སྙམ་པས་ལན་པ་ཡིན་གྱི་བཟང་རྟགས་མིན་ཏེ། ཉམས་ལེན་ལ་གཏུགས་ནས་ལག་ཏུ་ལེན་པ་ལ་ཞུགས་པ་ན་ལམ་གྱི་གྲངས་ངེས་པ་དང་གོ་རིམ་ངེས་ཚུལ་གྱི་ཕྱོགས་ཙམ་རེ་གོ་བ་ནའང་དེ་འདྲ་སུས་ཉམས་སུ་ལེན་ནུས་སྙམ་དུ་ཞུམ་པ་སྐྱེས་ནས་ སྤོང་བ་མང་དུ་སྣང་བར་གསུངས་པས་སོ། །དེས་ན་སངས་རྒྱས་ཉིད་ཡོན་ཏན་མཐའ་ཡས་པའི་བདག་ཉིད་ཡིན་ལ་འབྲས་བུ་ནི་རྒྱུའི་རྗེས་སུ་བྱེད་པས་ལམ་ཉམས་ལེན་གྱི་ཚེ་ཡང་སྐྱོན་གྱི་རིགས་སྒོ་མཐའ་ཡས་པ་ནས་དགག་དགོས་པ་དང་ཡོན་ཏན་གྱི་རིགས་ སྒོ་མཐའ་ཡས་པ་ནས་སྒྲུབ་དགོས་ཚུལ་ཇི་ལྟ་བ་བཞིན་གོ་ནས་དེ་ནས་རང་གི་རྒྱུད་ཚོད་ལ་སྦྱར་བ་ན་ཤིན་ཏུ་དཀའ་བས་མི་ནུས་པར་མཐོང་ནས་ཞུམ་པ་སྐྱེ་བ་ནི་ཞུམ་པ་སྐྱེ་ཚུལ་རྣལ་མ་ཡིན་པར་གསུངས་སོ། །བྱང་ཆུབ་སྒྲུབ་པའི་ཐབས་ཀྱི་སྦྱོར་བ་བྱ་དཀའ་ བ་ལ་སྒྱིད་ལུག་པ་དགག་པ་ལ། ལྟོས་ན་ཡང་བས་སྡུག་བསྔལ་ཆུང་ངུ་ལ་བཟོད་རིགས་པ་ནི། བརྩོན་པ་མ་བཏང་ནས་འབད་ང་བར་ནུས་ན་བྱངཆུབ་འཐོབ་པར་འགྱུར་མོད། འོན་ཏེ་བྱང་ཆུབ་སྒྲུབ་པའི་ཕྱིར་དུ་ཤིན་ཏུ་གཅེས་ཤིངཕངས་ལ་གཏོང་དཀའ་བའི་ རྐང་ལག་དང་མགོ་བོ་ལ་སོགས་པ་དེ་དག་ཀྱང་མ་བཏང་ན་སངས་རྒྱས་མི་འཐོབ་པས་དེ་དག་ཀྱང་གཏང་དགོས་པ་ལ་དེ་ལྟ་བུ་ཤིན་ཏུ་བྱ་དཀའ་བའི་སྤྱོད་པ་དཔག་ཏུ་མེད་པ་དེ་དག་ལ་སློབ་མི་ནུས་པས་བདག་ནི་དེས་འཇིགས་ཤེན། དེ་དག་གཏོང་དགོས་ཀྱང་ སྡུག་བསྔལ་ལྕི་བ་དང་ཡང་བའི་ཁྱད་པར་དང་སྡུག་བསྔལ་མྱོང་བ་དེ་དོན་ཡོད་པའི་རྒྱུར་འགྱུར་མི་འགྱུར་གྱི་ཁྱད་པར་ལ་ལེགས་པར་ཞིབ་ཏུ་མ་དཔྱད་པར་དེ་ལྟ་བུའི་ཁྱད་པར་གྱི་གནས་ལ་རྨོངས་པས་བདག་ནི་འཇིགས་ཤིང་སྐྲག་པར་ཟད་ཀྱི། དེ་འདྲའི་

Page: 669 ༄༅། །ཁྱད་པར་ལ་ཞིབ་ཏུ་དཔྱད་ན་འཇིགས་མི་དགོས་ཏེ། བྱང་ཆུབ་ཀྱི་སྤྱོད་པ་དག་ལ་མ་ཞུགས་པར་རང་དགར་བསྡད་པ་ལའང་ལྕི་ལ་དོན་མེད་པའི་སྡུག་བསྔལ་འདི་ལྟ་བུ་ཉམས་པ་བསྟར་དགོས་པ་ཡོད་དེ། ཡང་དང་ཡང་དུ་ འཁོར་བར་འཁོར་བའི་ཚེ་རེས་འགའ་མི་དགེ་བའི་ལས་ཀྱི་དབང་གིས་དམྱལ་བ་སོགས་སུ་བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མེད་དུ་ལན་གྲངས་དུ་མར་ལུས་དང་ལུས་ཀྱི་ཡན་ལག་དང་ཉིང་ལག་རྣམས་རལ་གྲི་སོགས་ཀྱིས་བཅད་པ་དང་མདུང་ལ་སོགས ་པས་དབུག་པ་དང་དམྱལ་མེ་སོགས་ཀྱིས་སྲེག་པ་དང་སོག་ལེས་གཤེག་པ་སོགས་དོན་མེད་པའི་སྡུག་བསྔལ་དྲག་ལ་རྩུབ་པ་བརྗོད་ལས་འདས་པ་ཞིག་མི་འདོད་བཞིན་དུ་ཡང་ཡང་མྱོང་དགོས་པར་འགྱུར་གྱི་དེ་ཙམ་མྱོང་བར་གྱུར་ཀྱང་དགོས་པའི་ དོན་ཅིའང་མེད་ལ་སྡུག་བསྔལ་ཆེ་བ་ཙམ་ཁོ་ན་ལས་ཚོགས་རྫོགས་པ་དང་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་རྒྱུར་ནི་ཅུང་ཟད་ཀྱང་མི་འགྱུར་རོ། །དོན་དེ་ཉིད་མཚོན་བྱེད་ཀྱི་དཔེ་དང་བཅས་པ་ནི། དེ་ལྟར་དོན་མེད་པར་ཡུན་རིང་ཞིང་བཟོད་དཀའ་ལ་བློས་ དཔག་པར་མི་ནུས་པས་ཚོད་བཟུང་དུ་མེད་པའི་ངན་སོང་གི་སྡུག་བསྔལ་སོགས་སྡུག་བསྔལ་ཆེ་ལ་མང་བ་མི་འདོད་བཞིན་དུ་མྱོང་དགོས་པ་ལ་ལྟོས་ན་བདག་གིས་གཞན་དོན་དུ་བླ་མེད་བྱང་ཆུབ་སྒྲུབ་པ་ཡི་ཕྱིར་དུ་དཀའ་སྤྱད་ཀྱི་སྡུག་བསྔལ་ལ་སྤྱོད་ དགོས་པ་འདི་ནི་སྔ་མའི་ཆ་ཙམ་ཡང་མེད་པས་ཚོད་ཡོད་པ་ཉིད་དེ་དུས་ཡུན་ཐུང་བ་དང་སྡུག་བསྔལ་ཡང་ཤིན་ཏུ་ཆུང་བས་དེ་ཙམ་བཟོད་མི་དཀའ་ལ། དེར་མ་ཟད་རང་གཞན་གྱི་འཁོར་བའི་སྡུག་བསྔལ་ཆེ་ལ་མང་བ་མཐའ་དག་གཏན་ནས་ཞི་བར་བྱེད་ཅིང་དགོས་པའི་

Page: 670 དོན་ཆེན་པོ་བྱང་ཆུབ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་དགའ་ཞིང་སྤྲོ་བ་བསྐྱེད་ནས་དང་དུ་བླང་བར་བྱ་རིགས་ཏེ། དཔེར་ན་འབྱུང་ཁམས་འཁྲུགས་པའི་ནད་ཀྱི་ཟུག་རྔུ་ཆེན་པོ་ལུས་ཀྱི་ཁོངས་པར་ཞུགས་ནས་ནད་པ་དེ་ཉིད་བརླག་ཅིང་ཉམས་པར་བྱེད་ པའི་སྡུག་བསྔལ་གྱི་གནོད་པ་བསལ་ཞིང་དབྱུང་བའི་ཕྱིར་དུ་ལུས་ལ་རྨ་བཏོད་པའི་སྡུག་བསྔལ་ཆུང་ངུ་དང་དུ་བླངས་ནས་བཟོད་པར་བྱ་དགོས་པ་བཞིན་ནོ། །རྒྱུ་མཚན་དེའི་ཕྱིར་བྱང་ཆུབ་ཀྱི་ཆེད་དུ་དཀའ་བ་སྤྱོད་པ་དག་འབའ་ཞིག་ཏུ་མ་ཟད་ཀྱི་འཇིག་ རྟེན་སྨོན་པ་མཁས་པ་ཀུན་གྱིས་ཀྱང་ནད་པ་གསོ་བའི་ཐབས་སུ་ཟས་གཅོད་པ་དང་གཏར་སྲེག་བྱེད་པ་ལ་སོགས་པའི་༌་གསོ་དཔྱད་ཀྱི་ཆོ་གའི་ཐབས་ཀྱིས་མི་བདེ་བ་ཅུང་ཟད་ཙམ་བསྐྱེད་པ་ཡིས་མི་བདེ་བ་ཆེན་པོ་ནད་ཀྱི་ཟུག་རྔུ་དྲག་པོ་མེད་པར་བྱེད་དེ་དེ་ ལྟ་བུའི་མི་བདེ་བ་ཆུང་ངུ་མ་བསྐྱེད་ན་ནད་ཆེན་པོ་གསོ་མི་ནུས་པར་མཐོང་ནས་སྡུག་བསྔལ་ཆུང་དུ་བཟོད་དུ་འཇུག་པར་མཛད་དོ། །ཡང་ན་མི་བདེ་བ་ཡིན་ན་ད་དེ་ཉིད་མེད་པར་བྱེད་ཅེས་སྦྱར་རོ། །དེ་ལྟར་སྡུག་བསྔལ་ཆེན་པོ་གཞོམ་པའི་ཕྱིར་དུ་སྡུག་ བསྔལ་ཆུང་དུ་དང་དུ་བླངས་ནས་བཟོད་རིགས་པ་དེ་བས་ན་རང་གཞན་ཐམས་ཅད་ཀྱིས་མྱོང་འགྱུར་གྱི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཡུན་རིང་ལ་བཟོད་དཀའ་བ་མང་པོ་དག་རྩ་བ་ནས་གཞོམ་པར་བྱ་བའི་ཕྱིར་དུ་དཀའ་སྤྱད་ཀྱིས་མི་བདེ་བ་ཆུང་ ངུ་དང་དུ་བླངས་ཏེ་བཟོད་པར་བྱ་རིགས་ཏེ་བྱང་ཆུབ་སྒྲུབ་པའི་དཀའ་སྤྱད་ཀྱི་སྡུག་བསྔལ་ལ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་ཆ་ཙམ་ཡང་མེད་པས་སོ། །དེ་དག་གིས་འཁོར་བའི་སྡུག་བསྔལ་ནི་ལྕི་ཞིང་ཡུན་རིང་ལ་དོན་ཅུང་ཟད་ཀྱང་མེད་པ་

Page: 671 ༄༅། །དང་ལམ་ཉམས་སུ་ལེན་པའི་དུས་ཀྱི་དཀའ་སྤྱད་ཀྱི་སྡུག་བསྔལ་ནི་ཡང་ཞིང་ཡུན་ཐུང་ལ་དོན་ཆེན་པོ་བྱང་ཆུབ་འགྲུབ་པའི་དགོས་པ་ཡོད་པས་དེ་ལྟ་བུའི་ཁྱད་པར་ལ་ལེགས་པར་དཔྱད་ན་འཇིགས་མི་དགོས་པ་དཔེ་དང་བཅས་ བསྟན་ཏོ། །དཔེ་ཙམ་གྱི་སྡུག་བསྔལ་ཡང་མེད་པ་ནི། ཐ་མལ་གྱི་ནད་ཀྱི་སྡུག་བསྔལ་ཙམ་བསལ་བའི་དོན་དུ་གཏར་སྲེག་སོགས་ཀྱི་ཆོ་ག་རྩུབ་མོ་བྱེད་པའི་གསོ་དཔྱད་ཕལ་བ་འདི་འདྲ་བ་ཡི་སྡུག་བསྔལ་མྱོང་དགོས་པ་ཙམ་ཡང་སྨན་པ་མཆོག་རྫོགས་པའི སངས་རྒྱས་དག་གིས་ཉོན་མོངས་པའི་ནད་གསོ་བའི་དོན་དུ་མ་མཛད་དེ། ཆོ་ག་འམ་ཉེ་བར་སྤྱོད་པ་ཤིན་ཏུ་འཇམ་པོ་འདོད་པ་བསོད་ཉམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་གཉིས་སྤངས་པའི་ལམ་བདེ་བ་ཐེག་པ་བདེ་བ་འཇུག་པ་བདེ་བའི་ དམ་པའི་ཆོས་ཀྱི་སྨན་ཆེན་པོ་ཉེ་བར་བསྟེན་པའི་ཐབས་ལ་གོམས་པར་བྱས་པ་ཡིས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་ཟུག་རྔུ་རྩུབ་མོ་མཐའ་དག་སྐྱེད་བྱེད་ཀྱི་རྒྱུར་གྱུར་པའི་ཆགས་སོགས་ཉོན་མོངས་པའི་ནད་ཆེན་པོ་དཔག་ཏུ་མེད་པས་ དུས་རིང་མོ་ནས་ཟིན་པའང་གསོ་བར་མཛད་དེ་འབྲས་བུ་བདེ་བའི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་ཐོབ་པའི་ཐབས་སྟོན་པར་མཛད་དོ་ཞེས་པ་སྟེ་འདིས་འཁོར་བའི་སྡུག་བསྔལ་ཆེན་པོ་བསལ་བ་ལ་ཐ་མལ་བའི་ནད་བསལ་བའི་ སྡུག་བསྔལ་ཙམ་ཡང་དང་དུ་བླང་མི་དགོས་པར་ཆོ་ག་ཤིན་ཏུ་འཇམ་པོས་གསོ་བར་མཛད་ཅེས་བསྟན་ཏོ། །ཡང་གཏར་སྲེག་སོགས་རྩུབ་མོས་ནད་ཞི་བར་བྱེད་པའི་གསོ་དཔྱད་པ་ལ་བའང་འདྲ་བ་ཙམ་ཡང་སྨན་པ་མཆོག་གིས་ལས་དང་པོ་བ་ལ་

Page: 672 གནང་བར་མ་མཛད་དེ་ལས་དང་པོ་བས་ལུས་གཏོང་བ་སོགས་ཀྱི་དཀའ་སྤྱད་དྲག་པོ་བྱ་མི་རིགས་པས་སོ་ཞེས་པའི་དོན་དུ་ཤེར་འབྱུང་དང་རྣམ་སྣང་འཆད་དོ། །དེས་ན་རྒྱུ་ཉོན་མོངས་པའི་ནད་དང་འབྲས་བུ་སྡུག་བསྔལ་གྱི་ཟུག་རྔུ་མཐའ་དག་ཞི་བར་ འདོད་པ་རྣམས་ཀྱིས་དམ་པའི་ཆོས་ཀྱི་སྨན་ཕུལ་དུ་གྱུར་པ་བསྟེན་ནས་དེའི་དོན་ཉམས་སུ་ལེན་པ་ལ་འབད་པར་བྱའོ། །གོམས་ན་སླ་བས་གཏོང་མི་དཀའ་བའི་ཚུལ་ནི། རང་གི་ལུས་ལ་སོགས་པའང་གཏོང་དགོས་པས་ཇི་ལྟར་ཆོ་ག་འཇམ་པོ་ཡིན་ ཞེ་ན། ཐོག་མར་བྱ་དཀའ་བའི་འདུ་ཤེས་སྐྱེ་བའི་རིང་ལ་མགོ་དང་ཡན་ལག་སོགས་གཏོངབ་ལ་འཇུག་མི་དགོས་ལ་དེར་མ་ཟད་དང་པོ་གཏོང་བ་ལ་མ་གོམས་པའི་ཚེ་སེར་སྣའི་དྲི་མ་སྤང་བ་དང་སྦྱིན་པ་ལ་གོམས་སུ་གཞུག་པའི་ཆེད་དུ་སྔོ་རྦད་ཀྱི་ཚོད་མ་རེ་ཙམ་ དང་ཟན་ཆང་པ་གང་རེ་ཙམ་ལ་སོགས་པའི་དངོས་པོ་དམན་པ་ཆུང་ངུ་ཙམ་སྦྱིན་པ་ལའང་རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན་པས་ཐོག་མར་ལས་དང་པོ་པ་རྣམས་སྦྱོར་བར་མཛད་ཀྱི་མགོ་དང་རྐང་ལག་སོགས་གཏོང་བའི་ལམ་ལ་སྦྱོར་བར་མི་མཛད་དོ། ། སྤྱོད་པ་འཇམ་པོའི་སྒོ་ནས་སྦྱིན་པ་ཆུང་དུ་དེ་ལྟ་བུ་གཏོང་བ་ལ་གོམས་ནས་དཀའ་བའི་བློ་མེད་པར་གྱུར་པ་ན་ཕྱི་མ་ནས་ནི་རིམ་གྱི་སྔ་མ་བས་ཀྱང་ཆེ་བའི་སྦྱིན་པ་གཏོང་བ་ལའང་གོམས་པར་བྱེད་ལ་དེ་ནས་རིམ་གྱིས་གོམས་པ་ཕུལ་དུ་ཕྱིན་པར་གྱུར་ནས་ རང་གི་ཤ་དང་ཁྲག་ལ་སོགས་པ་ཡང་གཏང་བ་ལ་དཀའ་བའི་བློ་དང་ཕངས་པའི་སེམས་མི་འབྱུང་བ་འོང་ངོ༌། །དེ་ལྟར་ཡུན་རིང་པོར་གོམས་པ་རབ་ཏུ་གྱུར་པ་གང་གི་ཚེ་རང་གི་ལུས་གཏོང་བ་ལ་ནི་སྔོ་རྔད་ཀྱི་ཚོད་མ་དང་ཟན་ཆང་སོགས་གཏོང་

Page: 673 ༄༅། །བ་ལྟ་བུའི་ཆགས་ཞེ་མེད་པའི་བློ་སྐྱེས་ཏེ་སྙིང་རྗེ་ཆེན་པོའི་སྟོབས་རྒྱས་པ་དེ་ཡི་ཚེ་དོན་ཆེན་པོར་འགྱུར་ན་ཤ་ཁྲག་དང་རུས་པ་ལ་སོགས་གཏོང་བ་ལ་འཇུག་ཅིང་དེ་ལྟ་བུའི་གཏོང་བའི་དུས་དངོས་ཀྱི་ཚེ་ནི་དེ་ལ་གཏོང་མི་ནུས་པ་ལྟ་ བུའི་དཀའ་བ་ཅི་ཞིག་ཡོད་དེ་ཅི་ཡང་མེད་ཀྱི་སྟེང་དུ་རྐང་ལག་སོགས་སློང་བ་ཐོས་ནའང་དགྲ་༌བཅོམ་པ་ཞི་དབྱིངས་སུ་སྙོམས་པར་ཞུགས་པའི་བདེ་བ་ལས་ཀྱང་ཆེས་ཆེར་ལྷག་པའི་བདེ་བ་འབྱུང་བར་གསུངས་པས་གཏོང་བའི་དཀའ་སྤྱད་ལ་འཇིགས་མི་ རིགས་སོ། །དེ་ལྟར་དབུ་མ་ལ་འཇུག་པར། ཇི་ལྟར་བྱིན་ཅིག་ཅེས་སྒྲ་ཐོས་བསམ་ལས། །རྒྱལ་སྲས་བདེ་འབྱུང་དེ་ལྟར་ཐུབ་རྣམས་ལ། །ཞི་བར་ཞུགས་པས་བདེ་བ་བྱེད་མིན་ན། །ཐམས་ཅད་བཏང་བས་ལྟ་ཞིག་སྨོས་ཅི་དགོས། །ཞེས་གསུངས་ལ། མདོ་རྒྱུན་ལས་ཀྱང་། བརྩེ་བས་བསྐྱེད་པའི་སྡུག་བསྔལ་འཇིག་རྟེན་གྱི། །བདེ་བ་ཐམས་ཅད་ཟིལ་གྱིས་གནོན་འགྱུར་ཞིང་། །དོན་བྱས་རྣམས་ཀྱང་དེ་དང་མི་ལྡན་ན། །དེ་ལས་ངོ་མཚར་ཆེ་བ་ཅི་ཞིག་ཡོད། །ཅེས་དང༌། བསླབ་བཏུས་སུ་སྡོང་པོ་ བཀོད་པའི་མདོ་དྲངས་པ་ལས་ཀྱང་། རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོགས་པ་དེས་སློང་མོ་བ་དེ་དག་མཐོང་བའི་མདོ་དེ་ལ་དེའི་རྒྱུས་ཆེས་དགའ་བར་འགྱུར་གྱི་བསྐལ་པ་ཚད་མེད་པའི་མཐའ་ཀླས་པར་ཞེས་བྱ་ བ་ནས། །གནས་གཙང་མའི་ལྷའི་རྣམ་པར་ཐར་བ་ཞི་བའི་བདེ་བ་ལ་གནས་པ་ཐོབ་པས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ་ཞེས་སོགས་གསུངས་སོ། །འདི་དག་གིས་ཆོ་ག་ཤིན་ཏུ་འཇམ་པོ་ཡིན་པའི་ཚུལ་བསྟན་ལ། ཕར་ཕྱིན་ཐེག་པ་བས་

Page: 674 ལུས་སྲོག་གཏོང་དགོས་པས་དེ་ནི་བྱ་དཀའ་ཞིང་གདུང་བ་སྐྱེད་པའི་ལམ་མོ་ཟེར་བའང་འདི་དག་གིས་བསལ་བ་ཡིན་པར་གསུངས་སོ༑༑ལམ་སྒྲུབ་པའི་གནས་ལས་ཞུམ་པ་དགག་པ་ནི། སངས་རྒྱས་སྒྲུབ་པ་ལ་ཡུན་རིང་པོའི་བར་དུ་འཁོར་བར་སྐྱེ་བ་ གྲངས་མེད་པ་ལེན་དགོས་ལ་དེའི་ཚེ་དཀའ་སྤྱད་ཀྱི་སྡུག་བསྔལ་གྱིས་མི་གནོད་ནའང་སྐྱེ་འཆི་ན་རྒ་སོགས་འཁོར་བའི་སྡུག་བསྔལ་གནོད་པར་ངེས་ལ་དེ་བཟོད་མི་ནུས་པས་དེ་ལ་འཇིགས་སྟེ་ཞེ་ན། སྡུག་བསྔལ་ནི་སྐྱེས་དང་སེམས་ལས་བྱུང་བའི་ གནོད་པ་གཉིས་ཀྱིས་བསྐྱེད་པ་ཡིན་ལ། བྱང་སེམས་ཀྱིས་སྒོ་གསུམ་ཀ་ནས་རྒྱུ་སྡིག་པ་མི་དགེ་བའི་རིགས་མཐའ་དག་སྤངས་པའི་ཕྱིར་ན་འབྲས་བུ་རང་གི་ལུས་ལ་ཚོར་བ་སྡུག་བསྔལ་འབྱུང་བ་མི་སྲིད་ལ། འཁོར་བ་དང་སྡུག་བསྔལ་སྒྱུ་མ་ ལྟ་བུར་སྣང་ཙམ་ལས་རང་བཞིན་མེད་པའི་ཚུལ་གྱི་གནས་ལུགས་རྟོགས་པས་བདག་མེད་པའི་དོན་ལ་མཁས་པའི་ཕྱིར་ན་སེམས་ལ་མི་དགའ་བ་ཅུང་ཟད་ཀྱང་འབྱུང་བ་མི་སྲིད་དེ་ཞེས་སམ། ཡང་ན་སྙིང་རྗེའི་བསམ་པ་དག་པའི་བྱང་སེམས་ ཀྱིས་སྡིག་པ་མཐའ་དག་སྤངས་པའི་ཕྱིར་ལུས་གཏོང་བ་ལ་ལུས་ཀྱི་སྡུག་བསྔལ་མེད་ལ་ལུས་གཏོང་བའི་དུས་ལ་མཁས་པའི་ཕྱིར་ན་ཡིད་ལ་མི་དགའ་བའང་མེད་དེ་ཞེས་འཆད་པའང་ཡོད་ལ། གང་ལྟར་ཡང་སྡུག་བསྔལ་དང་མི་དགའ་བ་མེད་ པའི་རྒྱུ་མཚན་ནི་འདི་ལྟར་བདག་དང་བདག་གི་བ་ལ་མངོན་པར་ཞེན་པའི་ལོག་པར་རྟོག་པ་ཡིས་སེམས་ལ་ཡིད་མི་བདེ་བ་སྐྱེད་པ་དང་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་བྱས་པས་ལུས་ལ་སྡུག་བསྔལ་སྐྱེས་པས་ན་དེ་དག་གིས་རིམ་པར་སེམས་དང་

Page: 675 ༄༅། །ལུས་ལ་གནོད་པ་འབྱུང་བ་ཡིན་ལ་འཇིག་རྟེན་ཕལ་བ་ཕལ་ཆེར་གྱིས་རྒྱུ་དེ་གཉིས་མ་སྤངས་པའི་ཕྱིར་ལུས་དང་སེམས་ལ་སྡུག་བསྔལ་དང་མི་དགའ་བ་འབྱུང་བ་ཡིན་ཡང་བྱང་སེམས་ཀྱིས་རྒྱུ་དེ་གཉིས་སྤངས་པའི་ཕྱིར་རོ། །དེ་ ལྟར་རིན་ཆེན་ཕྲེང་བ་ལས། །དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་སྡུག །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །ཞེས་སོ། །འདིས་ནི་བྱང་ཆུབ་སེམས་དཔའ་གཞན་དོན་ལ་མི་སྐྱོ་བའི་རྒྱུའི་གཙོ་བོ་ སྡིག་པ་མཐའ་དག་སྤངས་པའི་ཚུལ་ཁྲིམས་དང་བདག་མེད་པ་༌་གནས་ལུགས་རྟོགས་པའི་ཤེས་རབ་གཉིས་བསྟན་ལ་དེ་གཉིས་ནི་མངོན་མཐོ་དང་ངེས་ལེགས་ཐོབ་བྱེད་ཀྱི་རྒྱུའི་གཙོ་བོའང་ཡིན་ཏེ། བཞི་བརྒྱ་བར། ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་ འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྲོ། །ཞེས་སོ། །ལུས་སེམས་ལ་སྡུག་བསྔལ་དང་མི་དགའ་བ་མེད་པ་ཙམ་དུ་མ་ཟད་བྱང་སེམས་རྣམས་གཞན་དོན་འབའ་ཞིག་ཏུ་སྦྱིན་སོགས་བསོད་ནམས་བསགས་པའི་སྟོབས་ཀྱིས་ནི་ལུས་བདེ་ལ་བདག ་མེད་པའི་དོན་ལ་མཁས་པའི་ཤེས་རབ་ཀྱི་སྟོབས་དང་ལྡན་པ་ཡིས་ནི་སེམས་བདེ་བས་དེ་ལྟར་རྟག་ཏུ་ལུས་སེམས་བདེ་བས་རྒྱས་པ་ཡིན་ན་གཞན་དོན་དུ་བསྐལ་པ་དཔག་ཏུ་མེད་པར་འཁོར་བར་གནས་པར་བྱས་ཀྱང་ནི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ ཆེན་པོའི་བདག་ཉིད་ཅན་དག་འཁོར་བའི་སྐྱོན་གྱིས་ཅི་སྟེ་སྐྱོ་སྐྱོ་ཞིང་སྐྱིད་ལུག་པར་འགྱུར་བའི་རྒྱུ་གང་ཡང་མེད་དེ་གནོད་པའི་སྡུག་བསྔལ་མེད་ལ་ཕན་པའི་བདེ་བ་ཡོད་པའི་ཕྱིར། ཞེས་བསྟན་ལ། གཞན་ཡང་ཆོས་ཐམས་ཅད་ལ་བདེ་བར་འགྲོ་བའི་

Page: 676 ཏིང་འཛིན་གོམས་པར་བྱས་པའི་བསོད་ནམས་ཀྱིས་ཡན་ལག་སོགས་གཅོད་པའི་དུས་སུ་བདེ་བའི་ཚོར་བ་ཤ་སྟག་འབྱུང་བས་ན་ལུས་བདེ་ལ་ལུས་སོགས་གཏོང་བའང་བྱང་ཆེན་གྱི་རྒྱུ་ཉིད་དུ་བྱེད་པའི་ཐབས་ལ་མཁས་པས་བདག་གིས་འདི་ལྟ་བུའི་ ཐབས་ཀྱིས་སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རྣམས་རྫོགས་པར་བྱ་སྙམ་དུ་སེམས་ལ་དགའ་བདེ་ཆེན་པོ་སྐྱེ་བའི་ཕྱིར་གཞན་དོན་དུ་སྲིད་པར་རིང་དུ་གནས་ཀྱང་སྐྱོ་བ་དང་སྒྱིད་ལུག་པར་འགྱུར་བ་མེད་ཅེས་ཀྱང་བསྟན་པ་ཡིན་ནོ། །འདི་ཡང་རྣམ་ བཤད་དུ་ཆོ་ག་ཤིན་ཏུ་འཇམ་པོ་ཡིན་པའི་རྒྱུ་མཚན་དུ་འཆད་དོ། དེ་ལྟར་སྙིང་རྗེའི་བདག་ཉིད་ཅན་གྱི་བྱང་སེམས་སྙིང་རྗེའི་དབངགིས་གཞན་དོན་ལ་འཇུག་པ་ནི་རྒྱན་བཟང་པོས་སྤྲས་ནས་དགའ་བའི་སྟོན་མོ་ལ་སྐྱེད་ཚལ་མཆོག་ཏུ་རྩེ་ཞིང་ དགའ་བ་དང་འདྲ་བས་སྐྱོ་ཞིང་ཞུམ་པར་འགྱུར་བ་མེད་དེ། རྒྱན་ལས། རང་གི་ཡོན་ཏན་སེམས་ཅན་ཕན་འདོགས་དགའ། །བསམ་བཞིན་སྐྱེ་བ་རྫུ་འཕྲུལ་རྣམ་པར་འཕྲུལ། །རྒྱན་དང་སྟོན་མོ་ས་མཆོག་རྩེ་དགའ་བ། །སྙིང་རྗེའི་བདག་ཉིད་མིན་ པ་རྣམས་ལ་མེད། །ཅེས་སོ། །དེ་ནི་གཙོ་བོར་འཁོར་བའི་སྡུག་བསྔལ་གྱིས་གནོད་ཀྱིས་དོགས་ནས་ཞུམ་པ་སྐྱེ་བ་དགག་པའི་ཚུལ་ལོ། །འདི་བསྐལ་པ་དཔག་མེད་དུ་འཁོར་བར་གནས་དགོས་ཕྱིར་དུས་ཡུན་རིང་བས་ཞུམ་པ་དགག་པའི་དོན་ དུ་འགའ་ཞིག་གིས་བཤད་པ་ལྟར་བྱས་ཀྱང་རུང་མོད། འོན་ཀྱང་དུས་རིང་བས་ཞུམ་པ་སྐྱེ་ཚུལ་ནི་འདི་ལྟར་ཡིན་ཏེ་སངས་རྒྱས་སྒྲུབ་པ་ལ་བསྐལ་པ་གྲངས་མེད་གསུམ་སོགས་དུས་ཤིན་ཏུ་རིང་བ་འགོར་བས་དེ་ཙམ་གྱི་ཡུན་རིང་མོར་ལམ་སྒྲུབ་

Page: 677 ༄༅། །སུས་ནུས་སྙམ་དུ་ཞུམ་པ་ཡིན་ལ། དེ་སྙམ་དུ་ཞུམ་པར་ཡང་བྱ་མི་རིགས་ཏེ་དུས་ཡུན་རིང་བ་ཙམ་སྐྱོ་བ་སྐྱེ་བའི་རྒྱུ་མིན་པས་སོ། །དེ་ཡང་འདི་ལྟར་སྡུག་བསྔལ་མྱོང་ཚབས་ཆེ་ན་དུས་ཐུང་ངུ་ལའང་སྐྱོ་བ་སྐྱེ་ལ་སྡུག་བསྔལ་མེད་ཅིང་ བདེ་བར་གནས་ན་དུས་རིང་ཡང་སྐྱོ་བ་འབྱུང་བའི་དོན་མེད་དེ། རིན་ཆེན་ཕྲེང་བ་ལས། སྡུག་བསྔལ་བ་ལ་དུས་ཐུང་ཡང་། །བཟོད་དཀའི་ཡུན་རིང་སྨོས་ཅི་དགོས། །སྡུག་བསྔལ་མེད་ཅིང་བདེ་བ་ལ། །མཐའ་ཡས་དུས་ཀྱང་ཅི་ཞིག་གནོད། ཅེས་དང༌། དེ་བས་སངས་རྒྱས་རིང་ཐོགས་ཤེས། །བློ་དང་ལྡན་པ་སྐྱིད་མི་ལུག །ཉེས་ཟད་ཡོན་ཏན་དོན་དུ་ནི། །འདི་ལ་རྟག་ཏུ་འབད་པར་བྱ། །ཞེས་གསུངས་པ་ལྟར་རོ། །དེའང་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཤུགས་དྲག་གིས་ ཡིད་དབང་མེད་དུ་བསྐྱོད་ནས་དུས་ཐུང་ངུ་ཞིག་ལ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་ན་སྙམ་པ་ཡིན་ན་ངོ་མཚར་ཆེ་ཡང་དེ་ལྟར་མིན་པར་དུས་ཤིན་ཏུ་རིང་མོར་སྤྱོད་པ་མཐའ་ཡས་པ་ལ་དཀའ་སྤྱད་ཀྱིས་སློབ་དགོས་པར་མཐོང་བ་ན་དེ་སུས་ནུས་ སྙམ་དུ་སྐྱོ་ཞིང་ཡིད་འབྱུང་སྐྱེས་ནས་ཉེ་ལམ་གཞན་ཞིག་ཚོལ་བ་སྐད་བྱེད་པ་ནི་ས་སྨོན་སེམས་ལ་བརྒྱུད་ནས་གནོད་ཅིང་འཇུག་སེམས་ལ་དངོས་སུ་གནོད་པ་ཐེག་ཆེན་གྱི་རིགས་ཀྱི་ནུས་པ་ཇེ་དམན་དུ་སོང་ནས་འཚང་རྒྱ་བ་ལ་ཆེས་རིང་དུ་འགྲོ་བར་ གསུངས་པས་དེ་ལྟ་བུའི་ཁྱད་པར་འབྱེད་པ་ཤིན་ཏུ་གལ་ཆེ་ལ། གཞན་ཡང་དུས་ཤིན་ཏུ་རིང་བར་རྒྱལ་སྲས་ཀྱི་སྤྱོད་པ་དཔག་ཏུ་མེད་པ་ལ་དཀའ་སྤྱད་མཐའ་ཡས་པས་སློབ་དགོས་པར་མཐོང་བ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཆེས་ཆེར་རྒྱས་པར་

Page: 678 འགྱུར་བའི་ཚུལ་གཞུང་ལུགས་ཆེན་པོ་རྣམས་སུ་བཤད་པ་དང་ཡང་འགལ་བར་གསུངས་པས་དེ་དག་མ་འདྲེས་པར་འབྱེད་པ་ལ་མཁས་པར་བྱའོ། །་གཞན་ཡང་འཚང་རྒྱ་བ་ལ་ཚོགས་མཐའ་ཡས་པ་གསོག་དགོས་ལ་དེ་ཤིན་ཏུ་དཀའ་བས་མི་ ནུས་སོ་བསྙམ་དུ་ཞུམ་པར་ཡང་བྱ་མི་རིགས་ཏེ། སེམས་ཅན་མཐའ་ཡས་པའི་ཆེད་དུ་སངས་རྒྱས་ཐོབ་པར་འདོད་ནས་དུས་དཔག་ཏུ་མེད་པའི་བར་དུ་ཚོགས་མཐའ་ཡས་པ་སྒྲུབ་སྙམ་པས་སྡོམ་པ་བཟུང་བ་དེ་ནས་བརྩམས་ཇི་སྲིད་སྡོམ་པ་དེ་ཡོད་པ་དེ་ སྲིད་དུ་གཉིད་ལོག་པ་དང་མ་ལོག་པའི་དུས་དང་སེམས་གཞན་དུ་ཡེངས་པ་ཨདང་མ་ཡེངས་པའི་སྐབས་ཐམས་ཅད་དུ་ཡང་བསོད་ནམས་ནམ་མཁའ་དང་མཉམ་པ་འབྱུང་བས་ཚོགས་རྫོགས་པ་ལའང་དཀའ་བ་མེད་དེ། རིན་ཆེན་ཕྲེང་བ་ལས། ཕྱོགས་ རྣམས་ཀུན་ཏུ་ནམ་མཁའ་དང༌། །ས་དང་ཆུ་དང་མེ་དང་རླུང༌། །ཞེས་སོགས་དང༌། དེ་ལྟར་བརྟན་པར་གནས་དེ་ནི། །མི་ཉལ་བའམ་ཉལ་ཡང་རུང༌། །ཡང་དག་བླངས་པ་ནས་བཟུང་སྟེ། །བག་མེད་གྱུར་ཀྱང་སེམས་ཅན་རྣམས། །མཐའ་ཡས་ ཕྱིར་ན་སེམས་ཅན་བཞིན། །བསོད་ནམས་མཐའ་ཡས་རྟག་གསོག་འགྱུར། །མཐའ་ཡས་དེས་ན་སངས་རྒྱས་ཉིད། །མཐས་ཡས་འཐོབ་མི་དཀའ་ཞེས་བྱ། །ཞེས་སོགས་རྒྱུ་ཆེར་གསུངས་ལ། གཞུང་འདིར་ཡང་སྔར། གང་ནས་བཟུང་སྟེ་ སེམས་ཅན་ཁམས། །ཞེས་པ་ནས། ནམ་མཁའ་མཉམ་པ་རབ་ཏུ་འབྱུང༌། །ཞེས་གསུངས་པ་ལྟར་རོ། །ལམ་གྱི་བགྲོད་པ་མྱུར་བས་དུས་རིང་བ་ཉིད་མ་གྲུབ་པ་ནི། ཐེག་ཆེན་ལ་ཞུགས་ན་ཚོགས་བསགས་པ་དང་འབྲས་བུ་ཐོབ་པ་ལ་རིང་དུ་འགོར་

Page: 679 ༄༅། །བས་དེ་བས་ལམ་མྱུར་བ་ཉན་ཐོས་ཀྱི་ལམ་ལྟ་བུ་ལ་ཞུགས་པ་སླའོ་སྙམ་ན། ཐེག་ཆེན་གྱི་ལམ་ལ་ཞུགས་ཤིང་གནས་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་འདི་ནི་བྱང་ཆུབ་ཀྱི་སེམས་མཆོག་གི་ སྟོབས་ཀྱིས་སྔོན་ཡུན་རིང་མོ་ནས་སྡུག་བསྔལ་གྱི་རྒྱུར་གྱུར་པའི་སྡིག་པའི་ཚོགས་དཔག་ཏུ་མེད་པ་བསགས་པ་ཐམས་ཅད་དུས་མཐའི་མེས་རྩ་སྦུར་སྲེག་པ་བཞིན་དུ་སྐད་ཅིག་གཅིག་གིས་ལྷག་མེད་དུ་ཟད་པར་བྱེད་ཅིང༌། བདེ་བའི་རྒྱུ་བསོད་ནམས་དང་ ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་ལྟ་བུ་རྒྱུན་མི་འཆད་ཅིང་ཟད་མི་ཤེས་པ་ནམ་མཁའ་དང་མཉམ་པ་སྐད་ཅིག་རེ་རེ་ལའང་རང་རྒྱུད་ལ་སྡུད་པར་བྱེད་པའི་ཕྱིར་བྱང་ཆུབ་སྒྲུབ་པའི་ལམ་གྱི་བགྲོད་པའང་ཉན་ཐོས་གྱི་ལམ་ལ་ཞུགས་པ་རྣམས་ལས་ཆེས་མཆོག་ཏུ་མྱུར་ ཞིང་ཐབས་མཁས་ཁྱད་པར་ཅན་དུ་མས་ཟིན་པའི་ལམ་ཡིན་པའི་ཕྱིར་ཉན་ཐོས་ཀྱི་ལམ་ལས་ཆེས་ཆེར་ཁྱད་པར་དུ་འཕགས་པར་ཡང་བཤད་དོ། །དེ་ནི་རྒྱ་དཔེར། ཉན་ཐོས་རྣམས་བས་མྱུར་བར་འགྲོ། །ཞེས་ཡོད་པར་གསུངས་པ་དང་བསྟུན་ནས་བཤད་ པའོ། །དེ་བཞིན་དུ་རྒྱ་དཔེར་ཀྱང་སྒྲ་ཡོད་པས་རང་རྒྱལ་ཡང་སྡུད་པར་གསུངས་སོ། །ཉན་ཐོས་ཀྱི་ལམ་ལས་ཁྱད་པར་དུ་འཕགས་ཚུལ་ཡང་། ཕུང་པོ་གསུམ་པའི་མདོ་ལས་གསུངས་པ་སྔར་དྲངས་པ་སོགས་དང་། མདོ་སྡེ་རྒྱན་ལས་ཀྱང་། བློ་ལྡན་ཉན་ཐོས་ ཚོགས་རྣམས་དགེ་བ་རྒྱ་ཆེན་དོན་ཆེན་དང་། །མཐའ་ཡས་རྟག་རྒྱུན་མི་འཆད་ཟད་མི་ཤེས་པས་ཟིལ་གྱིས་གནོན། །ཞེས་པ་ལྟར་རོ། །དེ་ལྟར་ཉན་རང་གི་ལམ་ལས་ཆེས་མྱུར་ཞིང་ཁྱད་པར་དུ་འཕགས་པའི་རྒྱུ་མཚན་དེ་བས་ན་སྐྱེ་བོ་འགའ་ཞིག་རྟ་བཟང་པོ་ལ་

Page: 680 ཞོན་ནས་ཐང་བདེ་མོར་འགྲོ་བ་ལ་སྐྱོ་ངལ་མེད་པ་བཞིན་དུ་གཞན་དོན་དུ་བྱ་༌དཀའ་བའི་སྤྱོད་པ་ཉམས་སུ་ལེན་པ་ལ་སེམས་སྐྱོ་ཞིང་ཞུམ་པ་དང་ལམ་གྱི་དཀའ་སྤྱད་ཀྱིས་ལུས་སེམས་ངལ་ཞིང་དུབ་པ་ཀུན་སེལ་བར་བྱེད་པའི་བྱང་ཆུབ་སེམས་ཀྱི་རྟ་བཟང་པོ་སྟོབས་ ཤུགས་དང་ལྡན་པའམ་བྱང་ཆུབ་ཀྱི་སེམས་ཀྱི་ཤིང་ལྟ་བཟང་པོ་གཞལ་ཡས་ཁང་དང་འདྲ་བ་ལ་ཞོན་ནས་ལམ་བདེ་བ་ནས་གོང་ནས་གོང་དུ་འབྲས་བུ་བདེ་བའི་གནས་སུ་འགྲོ་བ་ལ་སེམས་ཤེས་ཏེ་རྣམ་དཔྱོད་དང་ལྡན་པའི་མཁས་པ་སུ་ཞིག་སྒྱིད་ལུག་ ཅིང་ཞུམ་པ་སྐྱེ་བར་འགྱུར་ཏེ་མི་འགྱུར་རོ། །སེམས་ཤེས་ཞེས་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ཤེས་པ་ཞེས་རྣམ་བཤད་དུ་གསུངས་ལ། འགྲེལ་ཆེན་དུ། ཁ་ན་མ་ཐོ་བ་སྤངས་པས་རྨི་ལམ་ནའང་ངན་འགྲོར་འགྲོ་བ་དང་བྲལ་ཞིང་བསོད་ནམས་ཀྱི་ཚོགས་དུ་ མ་དང་ལྡན་པས་བདེ་འགྲོ་ནས་བདེ་འགྲོར་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་བདེ་བ་ལ་ལོངས་སྤྱོད་དུ་འགྲོ་བ་ལ་སེམས་ཤེས་སམ་༌༌རྟོགས་ལྡན་སུ་ཞིག་སྒྱིད་ལུག་པར་འགྱུར་ཞེས་བཤད་དོ། །ལམ་མྱུར་བའི་ཚུལ་དེ་ནི་མ་སྐྱེས་དགྲའི་འགྱོད་པ་བསལ་ ཐ་ལས་སྔོན་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་པ་མཆོག་ཟུང་གཉིས་དང་བཅས་པ་བསོད་སྙོམས་ལ་གཤེགས་པའི་ལམ་ཁར་ཁྱེའུ་གསུམ་རྩེ་མོ་རྩེ་ཞིང་འདུག་པ་ལས། དེ་དག་སངས་རྒྱས་ལ་དད་པ་སྐྱེས་ནས་རང་རང་གི་མུ་ཏིག་གི་སེ་མོ་ དོའི་རྒྱན་ཕུལ། གཡས་གཡོན་གྱི་ཁྱེའུ་གཉིས་ཀྱིས་མཆོག་ཟུང་གཉིས་ལྟ་བུར་གྱུར་ཅིག་ཅེས་སྨོན། ཁྱེའུ་དབུ་མས་སངས་རྒྱས་དེ་ཉིད་ལྟ་བུར་གྱུར་ཅིག་ཅེས་སྨོན་པ་ལས་དེ་སྔར་སངས་རྒྱས་ནས་ཤཱཀྱ་ཐུབ་པར་གྱུར། ཁྱེའུ་གཞན་གཉིས་པོ་ཤཱ་རིའི་

Page: 681 ༄༅། །བུ་དང་མོང་འགལ་བུ་གཉིས་སུ་གྱུར་པ་ལ་ཤཱཀྱ་ཐུབ་ཀྱིས་ཆོས་བསྟན་པས་ད་གཟོད་དགྲ་བཅོམ་ཐོབ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་མྱུར་དུ་མྱ་ངན་ལས་འདའ་བར་འདོད་ན་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པར་བྱ་སྟེ་མྱུར་བའི་ ཐེག་པ་ནི་ཐེག་པ་ཆེན་པོ་ཉིད་ཡིན་ཞེས་གསུངས་པ་ལྟ་བུ་ཡིན་པར་བཤད་དོ། །འདིས་མཆོད་ཡུལ་དང་མཆོད་རྫས་མཉམ་ཡང་སེམས་བསྐྱེད་ཀྱི་དབང་གིས་འབྲས་བུ་ལ་ཁྱད་པར་བྱུང་བ་བསྟན་ཏོ། །དེ་དག་ནི་མི་ཞུམ་པའི་བརྩོན་འགྲུས་སམ་གོ་ཆའི་བརྩོན་ འགྲུས་ཀྱིས་སྒྱིད་ལུག་བདག་ཉིད་བརྙས་པའི་ལེ་ལོ་སྤོང་བའི་ཚུལ་ཏེ། བདེ་བའི་ལམ་ནས་བདེ་བའི་གནས་སུ་འགྲོ་བ་ལ་ཇི་ལྟར་སྐྱོ་ཞེས་རང་ལ་བརྙས་པ་དང་སྒྱིད་ལུག་སྤངས་ཏེ་སྤྲོ་བ་སྐྱེད་པའོ། །དེ་དག་གིས་བསམ་པ་སྐྱིད་ལུག་མེད་པར་གོ་ཆ་བགོ་བ་གོ་ཆའི་ བརྩོན་འགྲུས་རྩོམ་པའི་ཚུལ་བསྟན་ལ། དེ་ཡང་བྱང་སེམས་རྣམས་ལམ་ལ་སློབ་པའི་དུས་སུ་བརྩོན་འགྲུས་རྩོམ་པ་ན་སྦྱོར་བའི་སྔ་རོལ་ནས་སེམས་ཀྱི་སྤྲོ་བ་སྔོན་དུ་འགྲོ་བའི་སྒོ་ནས་བསམ་པའི་གོ་ཆ་༌་ཆེན་པོ་གྱོན་པར་བྱེད་པ་སྟེ། སེམས་ཅན་གཅིག་གི་སྡུག་ བསྔལ་བསལ་བའི་ཕྱིར་དུ་བསྐལ་ཆེན་སྟོང་དང་ཡུན་ཚད་མཉམ་པའི་ཉིན་ཞག་བསགས་པའི་བསྐལ་ཆེན་གྲངས་མེད་པ་གསུམ་བྱེ་བ་ཕྲག་འབུམ་གྱུར་གྱི་བར་དམྱལ་བ་ཁོ་ནར་གནས་ནས་སངས་རྒྱས་འཐོབ་པར་འགྱུར་ནའང་བདག་ཉིད་སྤྲོ་བར་བྱེད་ཅིང་ དེ་ལྟ་བུའི་སྒོ་ནས་རྫོགས་བྱང་གི་ཆེད་དུ་བརྩོན་པར་བྱེད་ལ་བརྩོན་འགྲུས་ལ་ཞུགས་པའང་མི་གཏོང་ན་དུས་ཀྱི་ཡུན་དེ་ལས་ཆེས་ཐུང་བ་དང་སྡུག་བསྔལ་ཆེས་ཆུང་བས་ལྟ་ཅི་སྨོས་སྙམ་པ་དེ་ལྟ་བུ་ནི་གོ་ཆའི་བརྩོན་འགྲུས་ཡིན་པར་གསུངས་ལ། བློ་གྲོས་མི་ཟད་པས་

Page: 682 ཞུས་པར། དེ་བསྐལ་བ་འདི་སྙེད་ཅིག་ཏུ་གོ་ཆ་བགོའོ་བསྐལ་པ་འདི་སྙེད་ཅིག་ཏུ་གོ་ཆ་མི་བགོའོ་ཞེས་བསྐལ་པ་བགྲངས་པས་བྱང་ཆུབ་མི་ཚོལ་གྱི་བསམ་གྱིས་མི་ཁྱབ་པའི་གོ་ཆ་གྱོན་པར་བྱེད་དོ། །གལ་ཏེ་སྔོན་གྱི་མཐའ་ཇི་ཙམ་དེ་ཙམ་ལ་ཉིན་ཞག་གཅིག་ཏུ་གྱུར་ ལ། ཉིན་ཞག་གི་ཚུལ་དེ་ལྟ་བུའི་ཉི་མ་བཅོ་ལྔས་ཟླ་བ་ཕྱེད་དུ་གྱུར་ལ་ཉི་མ་སུམ་ཅུས་ཟླ་བ་གཅིག་ཏུ་གྱུར་ཏེ་ཟླ་བ་བཅུ་གཉིས་ཀྱིས་ལོ་གཅིག་ཏུ་གྱུར་ལ། ལོ་བགྲང་བ་འདིས་ལོ་འབུམ་ལ་བྱང་ཆུབ་ཀྱི་སེམས་གཅིག་སྐྱེ་ཞིང་དེ་བཞིན་གཤེགས་པ་གཅིག་མཐོང་ལ་ འཇུག་པ་འདི་དང་བགྲང་བ་འདིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་བསྐྱེད་པ་དང་དེ་བཞིན་གཤེགས་པ་མཐོང་བས་སེམས་ཅན་གཅིག་གི་སེམས་དང་སྤྱོད་པ་ཤེས་པར་གྱུར་ལ། འཇུག་པ་འདི་དང་བགྲངས་པ་འདིས་དེ་སྙེད་ཀྱི་སེམས་བསྐྱེད་པ་དང་ དེ་བཞིན་གཤེགས་པ་མཐོང་བས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཤེས་པར་གྱུར་ཀྱང་མི་ཞུམ་པའི་གོ་ཆ་འདི་ནི་བྱངཆུབ་སེམས་དཔའི་གོ་ཆ་མི་ཟད་པ་ཞེས་གསུངས་ཏེ་འདི་གོང་ན་མེད་པའི་གོ་ཆའི་བརྩོན་འགྲུས་ཡིན་པར་བཤད་ལ། དེ་བཞིན་དུ་ ཕར་ཕྱིན་བསྡུས་པ་ལས། སྔ་ཕྱི་འཁོར་བའི་མཐའ་དང་མཉམ་ཙམ་དུ། །རྒྱ་ཆེ་རིང་བའི་ཉིན་དང་མཚན་གྱུར་ལ། །དེ་འདྲ་བསགས་པའི་ལོར་གྱུར་དུས་རིང་བའི། །བསྐལ་བ་རྒྱ་མཚོའི་ཆུ་ཐིགས་གྲངས་སྙེད་ཀྱིས། །བྱང་ཆུབ་མཆོག་གི་སེམས་གཅིག་སྐྱེད་ འགྱུར་ལ། །དེ་འདྲའི་རྣམ་པས་ཚོགས་གཞན་རེ་རེ་ཞིང་། །སྒྲུབ་བགོས་གྱུར་ཀྱང་སྙིང་རྗེས་སྐྱོ་བ་མེད། །བྱང་ཆུབ་དམ་པ་སྒྱིད་ལུག་མེད་པར་སྒྲུབ། །ཅེས་སོགས་ཀྱིས་ཀྱང་གོ་ཆའི་བརྩོན་འགྲུས་བསྟན་ཏེ། བྱང་སེམས་གང་དེ་འདྲའི་བརྩོན་འགྲུས་ལ་

Page: 683 ༄༅། །མོས་པ་ཙམ་དང་དད་པ་ཙམ་སྐྱེད་པ་དེ་ཡང་བརྟན་པོ་ཡིན་ཏེ། དེ་ཙམ་གྱིས་ཀྱང་རྫོགས་བྱང་གི་ཆེད་དུ་བརྩོན་འགྲུས་རྩོམ་པ་དཔག་ཏུ་མེད་པའི་རྒྱུ་རྟས་པར་བྱེད་ན་དེ་ལྟ་བུའི་བརྩོན་འགྲུས་དངོས་དང་ལྡན་པ་ལྟ་ཅི་སྨོས་ལ། དེ་ ལྟ་བུའི་བྱང་སེམས་ལ་ནི་བྱང་ཆུབ་དང་གཞན་གྱི་དོན་དུ་ལས་གང་ལའང་སེམས་ཞུམ་པའམ་དཀའ་བ་སྤྱད་དགོས་པའི་བྱ་དཀའ་བ་ཅི་ཡང་མེད་པར་བྱང་ས་ལས་བཤད་པར་གསུངས་ཤིང་དེ་འདྲ་བའི་བསམ་པ་ལ་གོམས་པར་བྱས་ནས་ཐེག་ཆེན་གྱི་རིགས་ཀྱི་ ནུས་པས་དེ་ངེས་པའི་རྒྱུར་འགྲོ་བས་དེ་ལ་ཡང་ཡང་བློ་སྦྱོང་བར་བྱ་དགོས་པར་གསུངས་སོ། །མདོར་ན་འདི་འདྲ་བའི་བསམ་པ་རེ་སྐྱེད་ནུས་ན་ཚོགས་མཐའ་ཡས་པ་རྫོགས་ཤིང་སྒྲིབ་པ་དཔག་ཏུ་མེད་པ་འདག་ལ་ཕྱིར་མི་ལྡོག་པའི་རྒྱུ་མཆོག་ཏུ་ཡང་འགྱུར་ལ་ རྒྱལ་སྲས་ཀྱི་སྤྱོད་པ་མཐའ་ཡས་པ་དང་། དུས་ཆེས་རིང་བ་དེ་ལྟ་བུ་ལ་སྤྲོ་བ་ཅི་ཡང་མེད་ལ་དུས་ཐུང་ངུ་ཞིག་གིས་བྱང་ཆུབ་འཐོབ་པར་འདོད་པ་ནི་རྫོགས་བྱང་ལས་རིང་དུ་འགྱུར་བ་དང་བྱང་སེམས་ཀྱི་སྙིང་སྟོབས་རྨད་དུ་བྱུང་བ་སྐྱེ་བ་དང་བརྩོན་འགྲུས་རླབས་ པོ་ཆེ་རྩོམ་པའི་གེགས་སུ་འགྱུར་ཞིང་། དུས་ཇི་ཙམ་རིང་བ་ལ་དགའ་ཞིང་སྤྲོ་བ་དེ་ཙམ་དུ་མྱུར་དུ་བྱང་ཆུབ་འཐོབ་པར་གསུངས་སོ། །གསུམ་པ་མཐུན་ཕྱོགས་སྒྲུབ་པ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། སེམས་ཅན་ དོན་འགྲུབ་སོགས་ཏེ། འཇིག་རྟེན་ན་རྒྱལ་པོ་ཆེན་པོ་རྣམས་དཔུང་ཚོགས་ཡན་ལག་བཞི་དང་ལྡན་པའི་སྒོ་ནས་གཞན་སྡེ་འཇོམས་ཤིང་རང་གིས་འདོད་པའི་དོན་སྒྲུབ་པར་བྱེད་པ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བརྩོན་འགྲུས་ཀྱི་མི་མཐུན་

Page: 684 ཕྱོགས་འཇོམས་པ་དང་སེམས་ཅན་གྱི་དོན་འགྲུབ་པར་བྱ་བའི་ཕྱིར་དུ་དཔུང་ཚོགས་བཞི་དང་ལྡན་པའི་གཉེན་པོ་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པར་བྱ་བ་ལ། ལས་འབྲས་བསམ་སྟེ་དེའི་བླང་དོར་ཚུལ་བཞིན་དུ་བྱེད་པ་ལ་འདུན་པ་བསྐྱེད་པ་མོས་པའི་སྟོབས་ མ་བརྟགས་པར་ཅི་རུང་རུང་ལ་མི་འཇུག་ལ་བརྟགས་ནས་ཞུགས་ཤིང་བརྩམས་པ་དེ་མཐར་ཕྱིན་པར་བྱེད་པ་བརྟན་པའི་སྟོབས། བྱིས་པ་རྩེད་མོ་ལ་འཇུག་པ་ལྟར་འཕྲོ་མི་གཅོད་པར་ངོམས་པ་མེད་པར་སྤྲོ་བཞིན་དུ་དམ་པའི་ལས་ལ་བརྩོན་འགྲུས་རྩོམ་ པ་དགའ་བའི་སྟོབས། །བརྩོན་འགྲུས་བརྩམས་པས་ལེགས་པར་ཟིན་པ་དེ་དོར་བའམ་ལུས་སེམས་དུབ་པས་མི་ནུས་ན་རེ་ཞིག་ངལ་བསོས་ཏེ་སོས་མ་ཐག་ནས་སླར་རྩོམ་པ་དོར་བའི་སྟོབས་དང་བཞི་ནི་བརྩོན་འགྲུས་ཀྱི་མཐུན་རྐྱེན་ཡིན་ནོ། །དེ་ལྟར་བཞི་ ལས་མོས་པའི་སྟོབས་བསྐྱེད་ཚུལ་ནི། མོས་པ་སྟེ་འདུན་པའི་སྟོབས་ནི་མི་དགེ་བའི་འབྲས་བུ་འཁོར་བའི་སྡུག་བསྔལ་སྣ་ཚོགས་པ་བསམ་པས་འཇིགས་པ་དང༌། མདོ་རྒྱན་ལས། བསོད་ནམས་ཆེ་དང་འགྱོད་པ་མེད། །ཡིད་བདེ་བ་དང་བདེ་བ་ཆེ། ཞེས་མོས་པའི་ཕན་ཡོན་བཅུ་གསུངས་པ་དང༌། འདིར་དགེ་བའི་ཕྱོགས་ཐམས་ཅད་ཀྱི་རྩ་བ་ཡིན་པར་གསུངས་པ་སོགས་མོས་པ་དེ་ཡི་ཕན་ཡོན་རྣམས་ཡང་ཡང་ལེགས་པར་བསམ་པས་འདུན་པ་བསྐྱེད་པར་བྱའོ། །བི་བྷཱུ་ཏིས། ཚིགས་བཅད་འདི་སྐབས་ སུ་མ་བབས་པས་གཞན་གྱིས་བཅུག་པ་ཡིན་ཏེ། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྤངས་ནས་བརྩོན་འགྲུས་འཕེལ་ཕྱིར་དཔུང་བཞི་ལ་འབད་པར་བྱ་ཞེས་པའི་མདོར་བསྟན་གྱི་དོན་ནི་ཚིགས་བཅད་འོག་མས་སྟོན་པས་འདི་མི་དགོས་པའི་ཕྱིར་ཞེས་

Page: 685 ༄༅། །སོགས་གསུངས་ལ། འགྲེལ་པ་གཞན་ཐམས་ཅད་ཀྱིས་ནི་ཚིགས་བཅད་སྔ་ཕྱི་གཉིས་ཀ་མདོར་བསྟན་གྱི་གཞུང་དུ་བཀྲལ་ལོ། །འོན་ཀྱང་ཡང་ཟློས་བྱས་པ་ལྟ་བུ་ཞིག་འདུག་ལ། བུ་སྟོན་གྱིས་ཀྱང་སྔར་གྱི་སྒྱིད་ལུག་མེད་ དང་སོགས་ཀྱི་ཚིགས་བཅད་དང་འདིའི་ཚིགས་བཅད་གཉིས་པོ་མེད་ན་གཞུང་འབྲེལ་ཆགས་ཤིང་མཛེས་པ་ཞིག་འབྱུང་ཞེས་གསུངས་ལ། བོད་འགྲེལ་ཁ་ཅིག་ཏུ་འདིའི་ཚིགས་བཅད་སྔ་ཕྱི་གཉིས་པོ་གོང་འོག་བསྣོར་ནས་བཤད་པའང་ཡོད་པར་གསུངས་ སོ། །དེས་ན་མདོར་བསྟན་གྱི་གཞུང་དངོས་ནི་འདི་ཡིན་ཏེ། དེ་ལྟར་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་དགེ་བའི་ཆོས་སྒྲུབ་ནུས་སུ་མཐོང་ཡང་མི་འཇུག་པའི་སྙོམ་ལས་ཀྱི་ལེ་ལོ་དང་བྱ་བ་ངན་ཞེན་གྱི་ལེ་ལོ་དང་བདག་གིས་དེ་འདྲ་སྒྲུབ་ག་ལ་ནུས་སྙམ་ དུ་ཞུམ་སྟེ་མི་འཇུག་པའི་བདག་ཉིད་བརྙས་པའི་ལེ་ལོ་རྣམས་སྤངས་ཏེ། མཐུན་རྐྱེན་བརྩོན་འགྲུས་སྤེལ་བའི་ཐབས་མོས་པ་སྟེ་འདུན་པའི་དཔུང་དང༌། ང་རྒྱལ་སྟེ་བརྟན་པའི་དཔུང་དང་། དགའ་བའི་དཔུང་དང་དོར་བའི་དཔུངསྟེ་སྦྱོར་བ་དཔུང་ཚོགས་ བཞི་བསྐྱེད་ལ། དངོས་གཞི་དྲན་ཤེས་ཀྱིས་བརྩོན་འགྲུས་ལྷུར་ལེན་པའི་སྟོབས་དང་། རྗེས་ལུས་སེམས་ལ་དབང་བསྒྱུར་བའི་སྟོབས་ཀྱིས་ནི་བརྩོན་འགྲུས་གོང་ནས་གོང་དུ་སྤེལ་བའི་ཕྱིར་དུ་འབད་པར་བྱའོ། །དེ་ལྟར་དཔུང་བཞི་དང་སྟོབས་ གཉིས་བྱས་ཀྱང་ཆོག་ལ། །ཡང་ན་དཔུང་དྲུག་གམ་སྟོབས་དྲུག་ཅེས་བྱས་ཀྱང་ཆོག་སྟེ་སྟོབས་དང་དཔུང་སྐད་དོད་གཅིག་པར་བཤད་པའི་ཕྱིར་རོ། །དེ་ལྟར་དཔུང་བཞིའི་དང་པོ་མོས་པའི་དཔུང་ཞེས་པའི་མོས་པ་ནི་སེམས་བྱུང་འདུན་པ་ལ་བྱ་དགོས་

Page: 686 པར་གསུངས་ཏེ་དེ་ནི་འདུན་པས་བརྩོན་འགྲུས་ཀྱི་རྟེན་བྱེད་པར་བཤད་པ་ལ་དགོངས་༌པའོ། །རྒྱ་དཔེར་འདུན་པ་ཞེས་ཡོད་པར་གསུངས་ལ་འགྲེལ་ཆེན་དུའང་དེ་ལྟར་རོ། །དེ་ལ་སེམས་བྱུང་མོས་པའི་ངོ་བོ་ནི། ཀུན་བཏུས་ལས། མོས་པ་གང་ཞེ་ན། ངེས་ པའི་དངོས་པོ་ལ་ཇི་ལྟར་ངེས་པ་བཞིན་དུ་འཛིན་པ་སྟེ་མི་འཕྲོགས་པ་ཉིད་ཀྱི་ལས་ཅན་ནོ་ཞེས་གསུངས་པ་༌ལྟར་རང་གིས་ཚད་མས་ངེས་ཟིན་པའི་ཡུལ་རྣམས་ལ་འདི་ཁོ་ན་ལྟར་ཡིན་གྱི་གཞན་དུ་མ་ཡིན་ནོ་སྙམ་དུ་འཛིན་པའི་རིག་པ་ཡིན་ལ། བྱེད་ལས་མི་ འཕྲོགས་པ་ཞེས་པ་ནི་རང་གིས་ངེས་ཟིན་གྱི་དོན་ལ་མོས་པ་བརྟན་པོ་རྙེད་ནས་ཕ་རོལ་གྱི་རྒོལ་བས་དེ་ལས་གཞན་དུ་བསྒྱུར་མི་ནུས་པའོ། །མདོ་རྒྱན་ལས། འདོད་པ་ཅན་གྱི་དེ་ཁྱི་འདྲ། །ཞེས་སོགས་མོས་པའི་ཁྱད་པར་བཞི་དང༌། ཐེག་པ་ཆེན་པོ་དེ་ ལ་དེ་མཆོག་ཚུལ་བཞིན་རིག་ནས་ནི། ཞེས་སོགས་ཐེག་ཆེན་གྱིས་མོས་པ་ལ་སྦྱར་བའི་ཚུལ་ཡང་གསུངས་སོ། །སེམས་བྱུང་འདུན་པའི་ངོ་བོ་ནི། ཀུན་བཏུས་སུ། འདོད་པའི་དངོས་པོ་ལ་དེ་དང་ལྡན་པར་བྱེད་འདོད་པ་ཉིད་དེ་བརྩོན་འགྲུས་རྩོམ་པའི་ ལས་ཅན་ནོ་ཞེས་གསུངས་པ་ལྟར་བསམ་པའི་དངོས་པོ་ལ་དམིགས་ནས་དེ་དོན་དུ་གཉེར་བའི་རིག་པའོ། །བྱེད་ལས་འདུན་པས་བརྩོན་འགྲུས་ཀྱི་རྟེན་བྱེད་པ་ཡིན་ལ༑ དེའི་ཚུལ། དབུས་མཐའ་ལས། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་ བུ་ཉིད་དུའོ། །ཞེས་པ་སྟེ། གནས་ནི་འདུན་པ་སྟེ་བརྩོན་འགྲུས་ཀྱི་གནས་དང་གནས་པ་ནི་བརྩོན་འགྲུས་སོ། །འདུན་པའི་རྒྱུ་ནི་ཡིད་ཆེས་པའི་དད་པ་དང་བརྩོན་འགྲུས་ཀྱི་འབྲས་བུ་ནི་ཤིན་སྦྱངས་སོ། །འདུན་པ་ལ་དབྱེ་ན་འཕྲད་འདོད་ཀྱི་འདུན་པ། མི་

Page: 687 ༄༅། །འབྲལ་བར་འདོད་པའི་འདུན་པ། དོན་གཉེར་གྱི་འདུན་པ་གསུམ་ཡོད་ལ་ཕྱིམ་ལ་ནང་གསེས་ཀྱི་དབྱེ་བ་མང་ངོ༌། །འགྲེལ་པ་འགའ་ཞིག་ཏུ་རྩབའི་ཚིག་ཟིན་ལྟར་སེམས་བྱུང་མོས་པ་ཉིད་ལ་ངོས་བཟུང་ནས་བཤད་འདུག་པས་ དེ་ལྟར་བྱས་ཀྱང་མི་འགལ་ལོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། དཔུང་བཞི་བསགས་པ། སྟོབས་གཉིས་བསྐྱེད་པའོ། །དང་པོ་ལ་བཞི། མོས་པའི་དཔུང༌། བརྟན་པའམ་ང་རྒྱལ་གྱི་དཔུང་། དགའ་བའི་དཔུང་། དོར་བའི་དཔུང་ བཤད་པའོ། །དང་པོ་ནི། བདག་དང་གཞན་གྱི་སོགས་ཏེ། དེའང་འདུན་པ་མེད་པའི་ཉེས་པར་སྨད་པ་ལ། ཉེས་པ་ཟད་ཕྱིར་འདུན་པ་མ་བྱས་པ་ལ་སྨད་པ་ནི། བདག་ཐེག་ཆེན་ལ་མོས་པ་བསྐྱེད་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ཐེག་ཆེན་གྱི་ སྒོར་ཞུགས་པས་ན་འདུན་པའི་སྟོབས་དྲག་པོའི་སྒོ་ནས་བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་སྒྲིབ་གཉིས་ཀྱི་ཉེས་པ་ཡི་ཚོགས་ནི་མཐའ་ཡས་ཤིང་དཔག་ཏུ་མེད་པ་ཅིག་ཡོད་པ་དེ་ཐམས་ཅད་བདག་གིས་གཞོམ་ཞིང་སྤང་བར་བྱ་དགོས་པ་ཞིག་སྟེ ་སེམས་བསྐྱེད་པའི་དུས་སུ་དེ་ལྟར་གོ་ཆ་བགོས་ཏེ་དམ་བཅས་པའི་ཕྱིར། དེ་ལ་ཉེས་པ་གཞོམ་པའི་དུས་གང་དུ་ཉེས་པའི་ཚོགས་མང་པོ་རྣམས་ལྟ་ཞོག་ཆགས་སོགས་ཉོན་མོངས་པའི་ཉེས་པ་རེ་རེ་བག་ཆགས་དང་བཅས་པ་གཞོམ་པ་ལའང་ བསྐལ་པ་རྒྱ་མཚོ་ལྟར་མཐའ་ཡས་པ་དུ་མ་ཟད་ཀྱི་བར་དུ་གཉེན་པོའི་སྟོབས་ཁྱད་པར་ཅན་བསྐྱེད་ནས་འབད་པ་ཆེན་པོ་བྱས་པས་སྤོང་བར་འགྱུར་བ་ཡིན་པ་ལ། ཉེས་པ་རེ་རེ་ཙམ་ཟད་ཅིང་བསལ་བའི་ཕྱིར་དུ་གཉེན་པོ་སྦྱོར་བའི་བརྩོན་འགྲུས་

Page: 688 རྩོམ་པ་དེ་ཡི་ནི་ཆ་ཤས་ཅུང་ཟད་དེ་ཙམ་ཡང་དེ་སྔོན་བདག་གི་རྒྱུད་ལ་མ་མཐོང་བའམ་མི་སྣང་ན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་དཔག་ཏུ་མེད་པའི་གནས་སུ་གྱུར་པའམ་སྣོད་དུ་གྱུར་པ་བདག་གིས་སམ་བདག་གོ་ཅི་སྟེའམ་ཅིའི་ཕྱིར་ན་སྙིང་མ་ གས་པའམ་རལ་བར་མ་གྱུར་པ་ནི་སྙིང་རེ་སྲ་ཞེས་རང་ལ་སྨད་ནས་འདུན་པ་བསྐྱེད་དེ་བརྩོན་འགྲུས་རྩོམ་པར་བསྐུལ་བའོ། །འདིར་བསྐལ་པ་རྒྱ་མཚོ་ལྟར་མང་པོ་ཟད་ཀྱི་བར་གཉེན་པོ་བསྒོམ་དགོས་པར་འགྱུར་ཞེས་དང༌། བསྐལ་བ་རྒྱ་མཚོར་ གཉེན་པོ་བསྒོམས་པས་ཉེས་པ་ཟད་པར་འགྱུར་བ་ཡིན་ན་ཞེས་ཅུང་ཟད་མི་འདྲ་བ་བྱུང་ངོ༌། །ཡོན་ཏན་སྒྲུབ་ཕྱིར་འདུན་པ་མ་བྱས་པ་ལ་སྨད་པ་ནི། དེ་བཞིན་དུ་འདུན་པའི་སྟོབས་ལ་བརྟེན་ནས་བདག་དང་གཞན་ཀུན་གྱི་རྒྱུད་ལ་གནས་སྐབས་དང་ མཐར་ཐུག་གི་ཡོན་ཏན་ནི་དཔག་ཏུ་མེད་ཅིང་ཚད་མེད་པའི་མང་པོ་ཞིག་བདག་གིས་བསྒྲུབ་པར་བྱ་དགོས་པ་ཞིག་སྟེ་སེམས་བསྐྱེད་པའི་དུས་སུ་དེ་ལྟར་ཁས་བླངས་ཤིང་དམ་བཅས་པ་དེའི་ཕྱིར་རོ། །དེ་ལ་ཡོན་ཏན་གྱི་ཚོགས་མ་ལུས་པ་ལྟ་ཞོག་ མཚན་བཟང་དང་། དཔེ་བྱད་ལྟ་བུའི་ཡོན་ཏན་གྱི་ཆ་ཤས་རེ་རེ་ཙམ་སྒྲུབ་པ་ཡང་དཔག་ཏུ་མེད་པའི་བསྐལ་པ་རྒྱ་མཚོས་གོམས་པར་བྱ་དགོས་པར་འགྱུར་ན་ བདག་ནི་ཡོན་ཏན་དེ་ད་ག་གི་ནང་ནས་ཡོན་ཏན་རེ་རེའི་ཆ་ཤས་ཅུང་ཟད་ཙམ་རེ་སྒྲུབ་པ་ ལ་ཡང་དེ་སྔོན་འདྲིས་ཤིང་གོམས་པ་ནམ་ཡང་མ་སྐྱེས་ཏེ་མ་ཐོབ་པ་ཡིན་ནོ། །དུས་ཡུན་རིངམོ་ནས་ཇི་ཞིག་ལྟར་ཏེ་བརྒྱ་ལ་རེས་འགའ་ཙམ་ན་རྙེད་པའི་དལ་འབྱོར་དང་ལྡན་པའི་མི་ཡི་སྐྱེ་བ་ཁྱད་པར་ཅན་འདི་ནི་བདག་གིས་ཚེ་འདི་ཕྱིའི་དགོས་པའི་

Page: 689 ༄༅། །དོན་དང་འབྲས་བུ་གང་ཡང་མེད་པར་ཆུད་གཟན་པར་བྱས་ཏེ་རྒྱབ་ཏུ་འདོར་དགོས་པ་འདི་རེ་མཚར་ཞེས་ཡི་ཆད་པའི་བསྟིང་ཚིག་གིས་རང་ལ་སྨད་ནས་འདུན་པ་བསྐྱེད་དེ་བརྩོན་འགྲུས་རྩོམ་པར་བསྐུལ་བའོ། །བསྐལ་ བ་རྒྱ་མཚོར་གོམས་གྱུར་ན་ཞེས་པའང་འདུག་སྟེ་ཁྱད་པར་ཆེར་མེད་དོ། །མཚན་དཔེ་ལྟ་བུའི་ཡོན་ཏན་རེ་རེ་སྒྲུབ་པ་ལ་བསྐལ་པ་རྒྱ་མཚོ་ལྟ་བུའི་བར་དུ་གོམས་པར་བྱ་དགོས་ཚུལ་རིན་ཆེན་ཕྲེང་བ་ལས། རང་སངས་རྒྱས་ཀུན་ལས་བྱུང་དང༌། སློབ་དང་མི་སློབ་ལས་བྱུང་། དང་། །འཇིག་རྟེན་མ་ལུས་ཀུན་བསོད་ནམས། །འཇིག་རྟེན་བཞིན་དུ་དཔག་མེད་གང་། །དེ་བཅུར་བསྒྲེས་པར་གྱུར་རྣམས་ཀྱིས། །བ་སྤུའི་བུ་ག་གཅིག་འགྲུབ་སྟེ། །ཞེས་སོགས་རྒྱས་པར་གསུངས་པའི་དོན་ནི། ཉན་རང་མན་ཆད་སེམས་ཅན་ཐམས་ཅད་ཀྱི་དགེ་བ་དཔག་ཏུ་མེད་པ་ཐམས་ཅད་བཅུ་འགྱུར་དུ་བསྒྲེས་པས་སངས་རྒྱས་ཀྱི་བ་སྤུ་གཅིག་འགྲུབ། བ་སྤུ་ཐམས་ཅད་འགྲུབ་པའི་དགེ་བ་བརྒྱ་འགྱུར་གྱིས་དཔེ་བྱད་གཅིག་འགྲུབ། །དཔེ་བྱད་ཐམས་ ཅད་འགྲུབ་བྱེད་ཀྱི་དགེ་བ་བརྒྱ་འགྱུར་གྱིས་མཚན་གཅིག་མཚན་སུམ་ཅུ་པོ་ཐམས་ཅད་འགྲུབ་བྱེད་ཀྱི་དགེ་རྩ་སྟོང་འགྱུར་གྱིས་མཛོད་སྤུ། དེ་འགྲུབ་བྱེད་འབུམ་འགྱུར་གྱིས་དབུའི་གཙུག་ཏོར། དེ་འགྲུབ་བྱེད་བརྒྱ་འགྱུར་གྱིས་གསུང་ ཆོས་ཀྱི་དུང་སོགས་འགྲུབ་ཅེས་པའོ། །དམ་པའི་སྤྱོད་པ་ལ་སློབ་ཕྱིར་འདུན་པ་མ་བྱས་པ་ལ་སྨད་པ་ནི། མིའི་སྐྱེ་བ་དོན་མེད་པ་ཇི་ལྟར་བྱས་ཤེ་ན། བདག་གིས་སྔོན་ཆད་བཅོམ་ལྡན་འདས་ཏེ་སངས་རྒྱས་དཀོན་མཆོག་གིས་མཚོན་པའི་

Page: 690 དཀོན་མཆོག་གསུམ་མཆོད་པའི་ཚོགས་ཀྱིས་མ་མཆོད་ཅིང་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་སོགས་ཀྱི་སྐབས་དང་སྐབས་གཞན་དུའང་སེམས་ཅན་གཞན་རྣམས་ལ་དགའ་སྟོན་ཆེན་པོ་བྱས་པའི་སྒོ་ནས་ཡིད་བདེ་ བའང་མ་བྱིན་ལ། འཆད་ཉན་སྒོམ་སྒྲུབ་སོགས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་ལ་བྱ་བ་མ་བྱས་ཞེས་པའམ་ཡང་ན་སྤང་གཉེན་གྱི་འདོར་ལེན་ཚུལ་བཞིན་དུ་མ་བྱས་པས་བསྟན་པ་ལ་བྱ་བ་མ་བྱས་ཞེས་བཤད་ཀྱང་ཆོག་ ལ། གཞན་ཡང་སྐུ་གཟུགས་གླེགས་བམ་མཆོད་རྟེན་སོགས་ལ་བཀུར་སྟི་དང་དགེ་འདུན་ལ་ལྷ་ཁང་དང་ཀུན་དགའ་ར་བ་གཟིམས་ཆ་འབུལ་བ་སོགས་བསྟན་པའི་བྱ་བ་མ་བྱས་པ་དང་ཞེས་གསུམེད་པའང་ཡོད་དོ། །ནོར་ལོངས་སྤྱོད་ཀྱིས་ ཕོངས་པའི་སེམས་ཅན་དབུལ་པོའི་ཚོགས་རྣམས་ལ་ཟས་གོས་སོགས་ཉེར་མཁོ་ཐམས་ཅད་སྦྱིན་པའི་སྒོ་ནས་དེ་དག་བསམ་པ་རྫོགས་པར་མ་བྱས་པ་དང༌། དགྲ་གདོན་ན་རྒ་ལ་སོགས་པའི་འཇིགས་པས་ཉེན་པ་རྣམས་ལ་འཇིགས་ པ་དེ་དག་ལས་བསྐྱབ་པའི་ཐབས་བྱས་པའི་སྒོ་ནས་མི་འཇིགས་པ་མ་བྱིན་པ་དང་ཞེས་ཏེ། བསྟན་ལ་བྱ་བ་མ་བྱས་སོགས་དེ་གསུམ་པོ་རིམ་པར་ཆོས་དང་ཟང་ཟིང་མི་འཇིགས་པའི་སྦྱིན་པ་གསུམ་མ་བྱས་པའི་དོན་ཡིན་པར་ཡང་གསུངས་སོ། །ལུས་ སེམས་སྡུག་བསྔལ་སྣ་ཚོགས་པས་ནོན་པའི་ཉམ་ཐག་པ་རྣམས་ལ་སྡུག་བསྔལ་དེ་རྣམས་བསལ་ཐབས་བྱས་ནས་སྡུག་༌བསྔལ་དང་བྲལ་བའི་བདེ་བ་ཡང་མ་བྱིན་ན་སྔོན་ཆད་བདག་གིས་སྐྱེས་བུ་དམ་པའི་སྤྱོད་པའི་ཁྱད་པར་སྣ་གཅིག་ཀྱང་མ་

Page: 691 ༄༅། །མ་བྱས་པའི་བདག་མི་ཡི་སྐྱེ་བ་ཙམ་བཟུང་བ་ཡང་མ་ཡི་མངལ་ན་གནས་པའི་ཚེ་མ་ཉིད་ལ་ཟུག་རྔུ་རྩུབ་མོ་སྐྱེད་པ་དང་བཙའ་བ་དང་གསོ་སྐྱོང་གི་ཚེ་སོགས་སུ་མ་ཉིད་ལ་ངལ་དུབ་སོགས་ཀྱི་སྡུག་བསྔལ་འབའ་ཞིག་སྐྱེད་ པར་བྱས་པ་ཙམ་དུ་ཟད་ཀྱི་དེ་ལས་གཞན་པའི་དལ་འབྱོར་ཐོབ་པའི་དགོས་པ་རང་གཞན་གྱི་དོན་ཅི་ཡང་མ་འགྲུབ་བོ་ཞེས་འགྱོད་པ་སྐྱེད་པའི་སྒོ་ནས་རང་ལ་སྨད་ནས་འདུན་པ་བསྐྱེད་དེ་བརྩོན་འགྲུས་རྩོམ་པར་བསྐུལ་བའོ། །ཡང་ན་བདག་རང་ཉིད་མའི་མངལ་ན་ གནས་པའི་གནོད་པའི་ཟུག་རྔུ་ཉམས་སུ་མྱོང་བ་དང་བཙས་ནས་ཀྱང་འཚོ་ཚིས་སོགས་ཀྱི་སྡུག་བསྔལ་འབའ་ཞིག་སྐྱེད་པར་ཟད་ཀྱི་ཞེས་སྦྱར་རོ། །འདུན་པ་མེད་པའི་ཉེས་པས་སྨད་དེ་དེ་གཏོང་མི་རིགས་པར་བསྟན་པ་ནི། ཉེས་པ་དེ་འདྲ་ཁྱོད་ལ་འབྱུང་བ་ ཅི་ཡིན་ཞེ་ན། བདག་ནི་སྔོན་གྱི་ཚེ་རབས་གཞན་དང་ད་ལྟར་གྱི་སྐྱེ་བ་འདི་ལ་ཡང་དགེ་བའི་ཆོས་ལ་མོས་པ་སྟེ་དོན་གཉེར་གྱི་འདུན་པ་དང་བྲལ་བའི་ཉེས་པ་ཡིས་དགེ་བའི་ཆོས་ཀྱི་འབྱོར་བ་ཐམས་ཅད་དང་བྲལ་ཞིང་སྲིད་པའི་རྒུད་པ་ཐམས་ཅད་ཀྱིས་ཟིན་ཏེ་ བདེ་བས་ཕོངས་ཤིང་ཉམ་ཐག་པ་འདི་འདྲ་བྱུང་བར་གྱུར་པ་ཡིན་ན་བློ་གྲོས་དང་ལྡན་པའི་མཁས་པ་སུ་ཞིག་ཆོས་ལ་མོས་པའམ་དོན་གཉེར་གྱི་འདུན་པ་གཏོང་ཞིང་འདོར་ཏེ་འདོར་བ་མི་རིགས་པས་ཕོངས་ཤིང་རྒུད་པ་ལས་ཐར་བར་འདོད་པ་རྣམས་ཀྱིས་ དམ་པའི་ཆོས་ལ་དོན་གཉེར་གྱི་འདུན་པ་བསྐྱེད་པར་བྱའོ། །དཀར་ཆོས་ཀྱི་རྩ་བ་འདུན་པ་དང་དེའི་རྩ་བ་ལས་འབྲས་སེམས་པ་ཡིན་ཚུལ་ནི། དེ་ལྟར་ཕོངས་རྒུད་སེལ་བ་ཙམ་དུ་མ་ཟད་རྣམ་དཀར་དགེ་བའི་ཆོས་ཀྱི་ཕྱོགས་ནི་ཐམས་ཅད་ཀྱི་གཞི་དང་རྩ་བར་

Page: 692 གྱུར་པ་ནི་མོས་པ་སྟེ་འདུན་པ་ཉིད་ཡིན་པར་ཐུབ་པའི་དབང་པོ་ཆོས་ཐམས་ཅད་མཁྱེན་ཅིང་གཟིགས་པས་༌་གསུངས་ཏེ། འཇམ་དཔལ་ཞིང་བཀོད་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་ བཏབ་པ། །འབྲས་བུའང་དེ་འདྲ་ཉིད་དུ་འགྱུར། །ཞེས་སོ། །མོས་པ་ཉིད་ལ་བྱས་ནའང་། བློ་གྲོས་རྒྱ་མཚོས་ཞུས་པ་ལས། དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་མོས་པའོ། །ཞེས་གསུངས། འདིས་ནི་འདུན་པ་བསྐྱེད་རིགས་པའི་རྒྱུ་མཚན་དང་དེའི་ ཕན་ཡོན་ཀྱང་བསྟན་པ་ཡིན་ནོ། །འོ་ན་འདུན་པ་དེ་ཇི་ལྟར་བསྐྱེད་པར་བྱ་ཞེ་ན། དམ་པའི་ཆོས་ལ་དོན་གཉེར་གྱི་འདུན་པ་དེའི་ཡང་རྩ་བའམ་རྒྱུ་ནི་དུས་རྟག་ཏུ་དགེ་མི་དགེའི་ལས་དང་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་འཇིག་རྟེན་ཕ་རོལ་དུ་ཚོར་བ་ཡིད་དུ་འོང་ བ་དང་ཡིད་དུ་མི་འོང་བ་སོ་སོར་ངེས་པ་ཅན་མ་འདྲིས་པར་མྱོང་ཚུལ་ལ་ཡིད་ཆེས་པའི་དད་པ་ཉིད་ཡང་ཡང་ལེགས་པར་བསྒོམས་པའོ་ཞེས་པའམ་བསྒོམས་པ་ཉིད་ཡིན་པས་སོ་ཞེས་པ་སྟེ། དེ་ཡང་ཡིད་ཆེས་ཀྱི་དད་པས་དོན་གཉེར་གྱི་འདུན་པའི་རྒྱུ་བྱེད་པར་གསུངས་ པས་མི་དགེ་བའི་ལས་དང་འབྲས་བུ་ལ་ཡིད་ཆེས་ཀྱི་དད་པས་དེ་སྤོང་འདོད་ཀྱི་འདུན་པ་སྐྱེད་པ་དང་དགེ་བའི་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པས་དེ་དང་དུ་བླང་བར་འདོད་པའི་འདུན་པ་སྐྱེད་པར་བྱེད་པ་ཡིན་ལ། དེའང་དགེ་མི་དགེ་བའི་ལས་སྤྱིའི་ཕན་ཡོན་དང་ཉེས་ དམིགས་སེམས་པ་དང་ཁྱད་པར་བྱང་སེམས་ཀྱི་སྤྱོད་པ་རྣམས་ལ་བསླབ་པའི་ཕན་ཡོན་དང་དེ་དག་དང་འགལ་བའི་ཉེས་དམིགས་ཀྱི་རྒྱུ་འབྲས་སེམས་པ་ཡིན་ནོ། །དགེ་མི་དགེའི་ལས་འབྲས་ལ་ཡིད་ཆེས་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཉིད་

Page: 693 ༄༅། །སྒོམ་པ་གལ་ཆེ་བའི་ཚུལ་ནི། བཤེས་སྤྲིང་ལས། གལ་ཏེ་མཐོ་རིས་ཐར་བ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང༌། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ ལྡན། །ཞེས་སོ། །དེ་ཡི་རྩ་བ་རྟག་ཏུ་ནི། །ཞེས་འགའ་ཞིག་ཏུ་ཡོད་ཀྱང་། དེ་ཡི་ཡང་རྩ་བ་ཞེས་པ་ལེགས་ཏེ་དགེ་ཆོས་ཐམས་ཅད་ཀྱི་རྩ་བ་འདུན་པ་དང༌། འདུན་པ་དེའི་ཡང་རྩ་བ་ནི་ལས་འབྲས་ལ་སེམས་པ་ཡིན་ཞེས་འཆོད་དགོས་པའི་ཕྱིར་རོ། །དགེ་ མི་དགེའི་ལས་འབྲས་སྤྱིར་བསྟན་པ་ནི། འཇིག་རྟེན་འདིར་དབང་ཤེས་འཁོར་དུ་བྱུང་བའི་ལུས་ཀྱི་ཚོར་བ་སྡུག་བསྔལ་དང་ཡིད་ཤེས་འཁོར་དུ་བྱུང་བའི་སེམས་ཀྱི་ཚོར་བ་ཡིད་མི་བདེ་བ་དང༌། གཞན་ཡང་དམྱལ་སོགས་ཀྱི་འཇིགས་པས་མཚོན་གསོད་ རྡེག་འཆིང་བ་སོགས་མི་དང་མི་མིན་ལས་བྱུང་བའི་འཇིགས་པ་རྣམ་པ་སྣ་ཚོགས་པ་ཇི་སྙེད་ཡོད་པ་རྣམས་དང་། ཡིད་ལ་འདོད་པའི་དངོས་པོ་ནོར་ལོངས་སྤྱོད་དང་གཉེན་བཤེས་ལ་སོགས་པ་རྣམས་དང་བྲལ་ཞིང༌མི་འདོད་པའི་རིགས་ཐམས་ཅད་འདུ་བ་ནི་རྒྱུ་ སྡིག་པ་མི་དགེ་བའི་ལས་འབའ་ཞིག་སྤྱོད་པ་ལས་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ལྟར་མདོ་ལས། འདི་ནི་བདག་རྗེས་མི་འབྲང་ཞིང་། །བྱིས་པས་མ་བརྟགས་བྱས་པ་ཡི། །སྡིག་པའི་ལས་ཀྱིས་འགྲོ་བ་དག །ཕ་རོལ་དུ་ནི་ཤེས་པར་འགྱུར། །གལ་ཏེ་ བྱིས་པས་མི་གསལ་བར། །སྡིག་པའི་ལས་ནི་བྱས་པ་དག །ནམ་ཞིག་ན་ནི་དེ་ཉིད་ཀྱི། །རྣམ་སྨིན་ཚ་བ་སོ་སོར་བསྟེན། །རང་གི་ལས་ཀྱིས་དེ་འོག་ཏུ། །མེ་ཡིས་བསྲེགས་པ་བཞིན་དུ་གདུངས། །ཞེས་སོ། །དགེ་བ་ལ་དོན་གཉེར་གྱི་འདུན་པ་དྲག་

Page: 694 པོས་ཀུན་ནས་བསླངས་ཏེ་ཡིད་ལ་བསམ་པའམ་ཡིད་ཀྱིས་སྨོན་པའི་སྒོ་ནས་དགེ་བའི་ལས་བྱས་ཤིང་བསགས་པས་ནི་སྐྱེ་བའི་གནས་གང་དང་གང་དུ་འགྲོ་བར་འགྱུར་བ་དེ་དང་དེར་ནི་སྔར་བསགས་པའི་བསོད་ནམས་དགེ་བའི་ལས་དེས་བསྐྱེད་པའི་རྣམ་སྨིན་ གྱི་འབྲས་བུ་ཡིད་དུ་འོང་བའི་ཕན་ཡོན་གྱིས་མངོན་པར་མཆོད་པའི་བདེ་བ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ། །ཡིད་ལ་བསམ་པའི་ཞེས་པ་ནི་འདོད་པ་ལ་སྨོན་པའི་རྣམ་རྟོག་ཡིན་ལ་དེ་ནི་ཡིད་ཀྱི་ཤིང་རྟ་དང་ཡིད་ཀྱི་རྒྱལ་སྲིད་ཅེས་འཇིག་རྟེན་ན་གྲགས་པ་དེ་ ཡིན་པར་གསུངས་ལ་རེ་བའི་ཤིང་རྟ་ཞེས་པའང་དེ་དང་འདྲ་སྙམ་མོ། །མདོ་ལས། །དེ་བཞིན་བསོད་ནམས་བྱས་པའི་མི། །འཇིག་རྟེན་འདི་ནས་ཕ་རོལ་དུ། །ཕྱིན་ཚེ་གཉེན་བཞིན་བསོད་ནམས་དག །འོང་ནས་མངོན་པར་དགའ་བར་བྱེད། །དེ་བས་ འཇིག་རྟེན་ཕ་རོལ་གྱི། །ཆེད་དུ་བསོད་ནམས་བསགས་པར་གྱིས། །བསོད་ནམས་འཇིག་རྟེན་ཕ་རོལ་དུ། །ལུས་ཅན་རྣམས་ཀྱི་གནས་སུ་འགྱུར། །ཞེས་སོ། །འོ་ན་དགེ་བ་ལ་འདུན་པའམ་འདོད་པས་སྨོན་པའི་སྒོ་ནས་སྡིག་པ་བྱས་ཀྱང་བདེ་བ་འབྱུང་ བའི་རྒྱུར་འགྱུར་རམ་སྙམ་ན། བདེ་སྡུག་གཉིས་ནི་ལས་ཀྱི་རྗེས་སུ་འབྲང་བ་ཡིན་གྱི་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་མ་ཡིན་ཏེ་སྡིག་པ་མི་དགེ་བ་བྱེད་པའི་གང་ཟག་དེས་འབྲས་བུ་བདེ་བ་ཉམས་སུ་མྱོང་བར་འདོད་པའི་འདུན་པ་ཡོད་ཀྱང་ཆོས་ཉིད་ཀྱིས་གནས་ རིས་གང་དང་གང་དུ་འགྲོ་བར་འགྱུར་བའི་སྐྱེ་གནས་དེ་དང་དེར་ནི་སྔར་བསགས་པའི་སྡིག་པ་དེས་བསྐྱེད་པའི་སྡུག་བསྔལ་གྱི་ཚོར་བ་རྩུབ་མོའི་མཚོན་གྱིས་རྣམ་པར་འཇོམས་པར་འགྱུར་བས་སོ། །དེ་ལྟར་ཡང་སྔ་མ་ལས། སྡིག་ལས་འཕྲལ་དུ་ངེས་

Page: 695 ༄༅། །པར་ནི། །མཚོན་བཞིན་གཅོད་པར་མི་བྱེད་ཀྱང་། །སྡིག་པའི་ལས་ཀྱི་འགྲོ་བ་དག །ཕ་རོལ་དུ་ནི་མངོན་པར་འགྱུར། །གང་དུ་དེ་དག་རྣམ་སྨིན་ནི། །ཚ་བ་སོ་སོར་བསྟེན་པ་ཡི། །སྡིག་པའི་ལས་ཀྱིས་འགྲོ་བ་དག །ཕ་རོལ་ དུ་ནི་ཤེས་པར་འགྱུར། །ཞེས་དང༌། བདག་ཉིད་བདེ་བར་འདོད་པའི་ཕྱིར། །རྒོད་ཅིང་སྡིག་པའི་ལས་བྱས་པའི། །སྡིག་ལས་དེ་ཡི་རྣམ་སྨིན་དག །ངུ་བཞིན་ཉམས་སུ་མྱོང་བར་འགྱུར། །ཞེས་གསུངས་སོ། །དགེ་མི་དགེའི་ལས་འབྲས་ཐུན་མིན་སོ་ སོར་བཤད་པ་ལ། གཅིག་ཏུ་དཀར་བའི་ལས་འབྲས་ནི། བྱང་ཆུབ་སེམས་དཔའ་རྣམས་མི་འདོད་བཞིན་དུ་མའི་མངལ་གནས་ཀྱི་འདམ་རྫབ་དྲི་མ་ཅན་དུ་སྐྱེ་བ་མ་ཡིན་གྱི་དག་པའི་ཞིང་ཁམས་བདེ་བ་ཅན་ལ་སོགས་པར་བསམ་བཞིན་དུ་བརྫུས་ཏེ་སྐྱེ་བ་ ཡིན་ལ། དེའང་སྐྱེ་གནས་ཀྱི་ཁྱད་པར་མངལ་གནས་དོག་ཅིང་དྲི་ང་ལ་མེ་དྲོད་ཀྱི་ཚ་བ་ལས་ཁྱད་པར་དུ་གྱུར་པ་ཡངས་ཤིང་རྒྱ་ཆེ་ལ་ཡིད་དུ་འོང་བའི་དྲི་བཟང་པོ་དང་བདེ་བ་སྐྱེད་པའི་རེག་བྱ་བསིལ་པའི་ཁྱད་པར་དང་ལྡན་ལ་དབྱིབས་དང་ཁ་དོག་མཛེས་པའི་ འདབ་མ་ཕྱོགས་ཀུན་ཏུ་རྒྱས་པའི་པད་མའི་སྙིང་བོ་དགའ་བདེ་མཆོག་ལྡན་པར་གནས་ཤིང་། འཚོ་བའི་ཁྱད་པར་མི་གཙང་བའི་ཟས་ཀྱིས་བསྐྱེད་པའི་བད་ཀན་གྱི་ཟགས་ཆུས་འཚོ་བ་ལས་ཁྱད་པར་དུ་གྱུར་པ་འོད་དཔག་མེད་ལ་སོགས་པའི་རྒྱལ་བའི་ གསུང་དབྱངས་སྙན་པོ་ཡན་ལག་དྲུག་ཅུ་དང་ལྡན་པས་ལེགས་པར་བསྟན་པའི་དམ་པའི་ཆོས་ཡིད་བདེ་བར་བྱེད་པའི་རོ་མཆོག་དང་ལྡན་༌པའི་ཞལ་ཟས་ཀྱིས་ལུས་ཀྱི་གཟི་མདངས་དང་བརྗིད་བག་བསྐྱེད་པར་བྱས་པ། སྐྱེ་ཚུལ་གྱི་ཁྱད་པར་མངལ་གྱི་དྲི་མས་གོས་

Page: 696 ཤིང་མངལ་སྒོ་དོག་པས་བཙིར་ཞིང་བཅར་ལ་མནན་པ་བཞིན་ཏུ་སྡུག་བསྔལ་གྱི་ཚོར་བ་འབྱུང་བ་ལས་ཁྱད་པར་དུ་གྱུར་པ་ཐུབ་པ་དེ་བཞིན་གཤེགས་པས་ལུས་ཡོངས་སུ་སྨིན་པའི་དུས་མཁྱེན་ནས་སྐུ་ལས་སྤྲོས་པའི་འོད་དང་འོད་ཟེར་གྱི་ཚོགས་ཀྱིས་ཁ་ཕྱེ་ཞིང་ རྒྱས་པར་བྱས་པའི་མེ་ཏོག་པད་མ་༌་བརྫུས་ཏེ་བྱུང་བའམ་སྐྱེ་བ། ལུས་ཀྱི་ཁྱད་པར་མཚན་དང་དཔེ་བྱད་ཀྱིས་མཛེས་པར་སྤྲས་པའི་སྐུ་ལུས་མཆོག་ཏུ་གྱུར་པ་མངའ་བ་ཅན། ཡོངས་འཛིན་གྱི་ཁྱད་པར་ཕ་མ་སོགས་ཐ་མལ་གྱི་སྐྱེ་བོའི་ཡོངས་སུ་འཛིན་པ་ལས་ ཁྱད་པར་དུ་གྱུར་པ་སྣང་མཐའི་རྒྱལ་པོ་ལ་སོགས་པའི་རྒྱལ་བའི་མདུན་ནམ་སྤྱན་སྔར་གནས་ནས་དེའི་ཆོས་ཀྱིས་སྐྱོང་བ་སྟེ་ཁྱད་པར་གྱི་ཆོས་དེ་དག་དང་ལྡན་པའི་བདེ་བར་གཤེགས་པ་རྣམས་ཀྱི་སྲས་༌་སུ་ནི་གཅིག་ཏུ་རྣམ་པར་དཀར་བའི་ལས་དགེ་བས་སྐྱེ་བར་ འགྱུར་རོ། །དེ་ནི་འདྲེས་མའི་ལས་ཀྱིས་མངལ་སྐྱེས་ཀྱི་མི་ལྟ་བུའི་སྐྱེ་ཚུལ་ལས་ཁྱད་པར་དུ་འཕགས་པའི་སྐྱེ་ཚུལ་ལོ། །ས་རབ་དགའ་སོགས་ཐོབ་པའི་བྱང་སེམས་རྣམས་མི་འདོད་བཞིན་དུ་མའི་མངལ་དུ་མི་སྐྱེ་ཞིང་བདེ་བ་ཅན་དུ་སྐྱེ་བ་ན་ཞེས་འགྲེལ་ཆེན་ དུའོ། །དེ་ནི་འདུལ་བ་ལུང་ལས། བསོད་ནམས་བྱས་པ་འདིར་དགའ་ཕྱི་མར་དགའ། །གཉིས་ཀར་དགའ་སྟེ་དེ་ནི་རབ་ཏུ་དགའ། །ལས་རྣམས་སྨིན་མཐོང་དེ་དགའ་རབ་ཏུ་དགའ། །འགྲོ་བ་བཟང་པོར་སོང་ལ་ཕྱིར་ཞིང་དགའ། །ཞེས་དང་། ཚོམས་ ལས། གང་ཞིག་བྱས་ན་མི་གདུང་ཞིང་། །དགའ་ཞིང་ཡིད་ནི་བདེ་བ་ཡི། །རྣམ་སྨིན་སོ་སོར་བརྟེན་པ་ཡི། །ལས་དེ་དག་ནི་བྱས་ན་ལེགས། །ཞེས་པ་ལྟར་རོ། །གཅིག་ཏུ་གནག་པའི་ལས་འབྲས་ནི། སྲོག་གཅོད་སོགས་སྡིག་པ་མི་དགེ་བའི་ལས་

Page: 697 ༄༅། །ཆེན་པོ་བསགས་པའི་གང་ཟག་དག་ཚ་དམྱལ་རྣམས་སུ་སླེབ་ན་རང་གི་ལས་ངན་པའི་དབང་གིས་སྣང་བའི་གཤིན་རྗེའི་ཕོ་ཉ་འཇིགས་སུ་རུང་བའི་ཉམས་འགྱུར་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་དམྱལ་བ་པ་གཞོན་ཤ་དང་ལྡན་པ་ དེ་ཡི་ལུས་ཀྱི་པགས་པ་མ་ལུས་བ་མཚོན་ཆ་རྣོན་པོ་མེ་རབ་ཏུ་འབར་བ་རྣམས་ཀྱིས་བཤུས་ཏེ་ཕྲལ་བར་བྱས་པས་སྡུག་བསྔལ་གྱིས་ཤིན་ཏུ་ཉམ་ཐག་པར་གྱུར་ཅིང་། ད་དུང་དེར་མ་ཟད་དུས་མཐའི་མེ་ལས་ཀྱང་རབ་ཏུ་ཚ་བའི་དམྱལ་བའི་མེ་ཡིས་བཞུས་ པའི་ཟངས་ཞུན་ཁོལ་མ་དེའི་ལུས་ལ་བླུགས་ཏེ་བསྲེག་པར་གྱུར་པའི་སྡུག་བསྔལ་ཆེས་ཆེར་བཟོད་པར་དཀའ་ལ། སླར་ཡང་དེ་ལྟར་བསྲེགས་པའི་ལུས་ཀྱི་ལྷག་མ་ལ་མེ་རབ་ཏུ་འབར་བའི་རལ་གྲི་དང་མདུང་ཐུང་སོགས་མཚོན་ཆ་དག་གིས་ཡང་ཡང་ བསྣུན་པའི་ཚེ་ཤ་ཡི་དུམ་བུ་ཚལ་བར་བྱས་པ་བརྒྱ་ཕྲག་དུ་མ་ཕྱོགས་བརྒྱར་ལྷགས་ཤིང་འཐོར་བར་གྱུར་ཏེ། མེ་ཤིན་ཏུ་འབར་བའི་ལྕགས་བསྲེགས་ཀྱི་ས་གཞིར་ལྷུང་པའམ་འགྱེལ་ཞིང་འགྲེམ་པའི་སྡུག་བསྔལ་ལ་ལན་གྲངས་དུ་མར་ཡང་ཡང་སྤྱོད་པ་ ནི་མཚམས་མེད་དང་ཆོས་སྤོང་སོགས་གཅིག་ཏུ་རྣམ་པར་གནག་པའི་ལས་མི་དགེ་གཉིས་དམིགས་ཆེ་ལ་གྲངས་མང་པོ་བྱས་པས་མྱོང་བར་འགྱུར་བའོ། །དེ་ནི་འདུལ་བ་ལུང་ལས། སྡིག་པ་བྱས་པ་འདིར་ཚིག་ཕྱི་མར་ཚིག །གཉིས་ཀར་ཚིག་ སྟེ་དེ་ནི་རབ་ཏུ་ཚིག །ལས་རྣམས་སྨིན་མཐོང་དེ་ཚིག་རབ་ཏུ་ཚིག །འགྲོ་བ་ངན་པར་སོང་བ་ཕྱིར་ཞིང་ཚིག །ཞེས་དང༌། ཚོམས་ལས། གང་ཞིག་བྱས་པས་གདུང་འགྱུར་ཞིང༌། །མཆི་མས་གདོང་གཡོག་ངུ་བཞིན་དུ། །རྣམ་སྨིན་སོ་སོར་སྟེན་པ་ཡི། །

Page: 698 ལས་དེ་དག་ནི་མ་བྱས་ལགས། །ཞེས་དང༌། བསླབ་བཏུས་སུ་མི་དགེ་བཅུའི་ལས་ལམ་གྱི་གནོད་པ་བསྟན་པའི་སྐབས་སུ་མདོ་དྲན་པ་ཉེར་གཞག་དྲངས་ནས་ཉེས་དམིགས་མང་དུ་གསུངས་པ་ལྟར་རོ། །དེ་དག་གིས་ནི་གཙོ་བོར་ལས་ངེས་པའི་ཚུལ་བསྟན་ལ། དེ་ནི་དེས་པས་ཞུས་པ་ལས། ས་བོན་ཚ་བ་རྣམས་ལས་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ལས་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེར་ཟླ་བྱ་བ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང༌། །དཀར་བོའི་འབྲས་བུ་མངར་བ་དག །མཁས་པས་མིས་ནི་ཤེས་པར་འགྱུར། །ཞེས་གསུངས་པ་ ལྟར་ཡིན་ལ། མདོར་ན། སྐྱེ་འཕགས་སུ་ཡིན་ཡང་ཚོར་བ་གདུང་བའི་རྣམ་པ་ཅན་གྱི་སྡུག་བསྔལ་ཐ་ན་ཉན་རང་དགྲ་བཅོམ་གྱི་རྒྱུད་ལ་སྐྱེས་པ་ལྟ་བུའང་མི་དགེ་བའི་ལས་ལས་འབྱུང་བ་ཡིན་པར་ངེས་ཀྱི། དགེ་ལས་སྡུག་བསྔལ་འབྱུང་མི་སྲིད་ལ། དེ་བཞིན་དུ་ཚོར་བ་སིམ་པའི་རྣམ་པ་ཅན་གྱི་ བདེ་བ་ཐ་ན་ཚ་དམྱལ་དུ་སྐྱེས་པ་ན་རླུང་བསིལ་བ་ལངས་པ་ལ་བརྟེན་ནས་སྐྱེས་པ་ལྟ་བུའང་དགེ་བའི་ལས་ལས་བྱུང་བར་ངེས་ཀྱི་མི་དགེ་བ་ལས་བདེ་བ་འབྱུང་བ་ནི་མི་སྲིད་དེ། ཀླུ་སྒྲུབ་ཀྱིས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་ འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་སོ། །ལས་འཕེལ་ཆེ་བ་ནི། ཚོམས་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང༌། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་ བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲས་བུ་ཕུན་ཚོགས་སྨིན་པ་བཞིན། །ཞེས་ལས་ཆུང་ངུ་རེ་ལས་འབྲས་བུ་ཆེན་པོ་འབྱུང་བ་དང༌། མཛངས་བླུན་ལས་ཀྱང་། སྡིག་པ་

Page: 699 ༄༅། །ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་ངུ་དག་གིས་ཀྱང་། །རྩ་ཕུང་རི་ཙམ་སྲེག་པར་བྱེད། །ཅེས་དང༌། དགེ་བ་ཆུང་དུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་ བསགས་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་གསུངས་ཏེ། ལས་འཕེལ་ཆེ་བའི་ཚུལ་འདི་དག་འདུལ་བ་ལུང་སོགས་ལས་འབྲས་སྟོན་པའི་མདོ་སྡེ་རྣམས་ལས་སྔོན་གྱི་བྱུང་བའི་མཐའ་མང་དུ་བརྗོད་པ་དག་གིས་ཤེས་པར་བྱས་ ནས་ངེས་པ་བསྐྱེད་པར་བྱའོ། །ལས་མ་བྱས་པ་དང་མི་ཕྲད་པ་དང་ལས་བྱས་པ་ཆུད་མི་ཟ་བ་ནི། ཟླ་བ་སྒྲོན་མེར། དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མིན། །ཞེས་གསུངས་ལ། ཁྱད་པར་ འཕགས་བསྟོད་ལས་ཀྱང་། བྲམ་ཟེ་རྣམས་ནི་དགེ་སྡིག་དག །སྦྱིན་པ་ལེན་བཞིན་འཕོ་བར་སྨྲ། །ཁྱོད་ཀྱིས་བྱས་པ་ཆུད་མི་ཟ། །མ་བྱས་པ་དང་འཕྲད་མེད་གསུངས། །ཞེས་དང༌། ལས་བརྒྱ་བ་སོགས་སུ། ལས་ནི་ས་ལ་མི་སྨིན་རྡོ་ལ་མི་སྨིན་ ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་ནོ་ཞེས་དང༌། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཞེས་སོགས་གསུངས་པ་ལྟར་རོ། །དོན་བསྡུས་ནས་འདུན་པ་བསྐྱེད་པར་གདམས་པ་ནི། དེ་ལྟར་དགེ་བའི་ཕན་ཡོན་དང་ སྡིག་པའི་ཉེས་དམིགས་ཤིན་ཏུ་ཆེ་བའི་རྒྱུ་མཚན་དེ་བས་ན་ལས་འབྲས་ཚུལ་བཞིན་དུ་བསམ་ནས་ཕྱིན་ཆད་མི་དགེ་བ་སྤོང་བ་དང་དགེ་བའི་ཕྱོགས་ཁོ་ན་གསོག་པ་ལ་མོས་པ་སྟེ་འདུན་པ་སྐྱེད་པར་བྱ་ཞིང་བསམ་པ་ཐག་པས་གུས་པ་ཉིད་དུ་ལས་འབྲས་

Page: 700 ཡིད་ཆེས་ཀྱི་དད་པ་བརྟན་པོ་བསྒོམ་པར་བྱའོ། །དེས་ན་དཀར་ནག་གི་ལས་ཕྲ་མོའང་གྲིབ་མ་བཞིན་དུ་རྗེས་སུ་འབྲངས་ནས་འདོད་པ་དང་མི་འདོད་པ་ཆེན་པོ་སྐྱེད་པ་ལ་ངེས་པ་བརྟན་པར་བྱས་ནས་ཅི་ནུས་སུ་བླང་དོར་བྱ་བ་ལ་འབད་དགོས་ཏེ། ཚོམས་ ལས། མཁའ་ལ་བྱ་དག་གནས་པ་དེའི། །གྲིབ་མ་ལྷན་ཅིག་འགྲོ་བ་བཞིན། །ལེགས་པར་བྱས་དང་ཉེས་པར་བྱས། །དེ་དག་འགྲོ་བའི་རྗེས་སུ་འབྲང༌། །ཞེས་སོགས་དང༌། སྐྱེས་རབས་ལས་ཀྱང༌། དགེ་དང་མི་དགེའི་ལས་ལས་འཇིག་རྟེན་ཕ་ རོལ་དུ། །བདེ་དང་སྡིག་བསྔལ་འབྱུང་བར་རབ་ཏུ་ངེས་བྱས་ནས། །སྡིག་པ་སྤངས་ཏེ་དགེ་བའི་གནས་ལ་རབ་ཏུ་འབད། །དད་པ་མེད་པ་དག་ནི་ཇི་ལྟར་འདོད་པར་སྤྱོད། །ཅེས་སོ། །དེ་ལྟར་དགེ་སྡིག་ལས་བདེ་སྡུག་འབྱུང་བར་ངེས་ན་ད་ལྟ་སྡིག་ཅན་བདེ་ བ་དང་དགེ་བ་ཅན་ལ་སྡུག་བསྔལ་འབྱུང་བའང་སྣང་བས་དེ་ཅི་ཞེ་ན། ད་ལྟའི་བདེ་སྡུག་ནི་སྔོན་གྱི་ལས་ཀྱི་རྣམ་སྨིན་ཡིན་ལ་ད་ལྟ་དགེ་སྡིག་གང་བྱས་ལའང་ཕྱི་མར་བདེ་སྡུག་མ་འདྲེས་པར་འབྱུང་བར་ངེས་པས་དེ་ལྟར་སྣང་ཡང་སྐྱོན་མེད་དེ། བཤེས་ སྤྲིང་ལས། སྡིག་པའི་ལས་རྣམས་བྱས་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབས་ན་ལས་རྣམས་ཀྱི། །འབྲས་བུ་གང་ལགས་དེ་ནི་མངོན་པར་འགྱུར། །ཞེས་པ་ལྟར་རོ། །དེ་ལྟར་ལས་ཀྱིས་འབྲས་བུ་ སྐྱེ་ཚུལ་འདི་ཤིན་ཏུ་ལྐོག་ཏུ་གྱུར་པས་ངེས་པ་རྙེད་ཆེས་དཀའ་བར་སྣང་ན་ཡང་། ཏིང་རྒྱལ་ལས། ཟླ་བ་སྐར་མར་བཅས་པ་གནས་ལྟུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང༌། །ཁྱོད་ནི་

Page: 701 ༄༅། །མི་བདེན་པ་ཡི་ཚིག་མི་གསུང༌། །ཞེས་པ་སོགས་མདོ་སྡེ་རྣམས་ལས་མང་དུ་གསུངས་པ་ལྟར་ཤེས་པར་བྱ་ཞིང་དེའང་ཤེས་པ་ཙམ་ལ་མི་འཇོག་པར་ཡིད་ཆེས་བསྐྱེད་དེ་ངེས་པ་རྙེད་པ་ཤིན་ཏུ་གལ་ཆེ་སྟེ་འདི་ལ་བཅོས་མིན་གྱི་ངེས་པ་མ་རྙེད་ ན་ཆོས་གང་ལའང་རྒྱལ་བ་དགྱེས་པའི་ངེས་པ་མི་རྙེད་པས་འདི་ལ་འབད་པར་བྱ་དགོས་སོ། །འགའ་ཞིག་སྟོང་ཉིད་ལ་ངེས་པ་རྙེད་པ་སྐད་ཟེར་ནས་ལས་འབྲས་ལ་མི་བརྩི་བ་ནི་སྟོང་ཉིད་ཀྱི་གོ་བ་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ཏེ་སྟོང་ཉིད་ཀྱི་གོ་བ་གནད་དུ་སོང་ན་དེ་ ཉིད་རྟེན་འབྲེལ་གྱི་དོན་དུ་མཐོང་ནས་ལས་འབྲས་ལ་ངེས་པ་ཆེས་ཆེར་རྙེད་པའི་གྲོགས་སུ་འགྱུར་བར་ཡང་མདོ་སྔ་མ་ལས་གསུངས་སོ། །དེའང་ལས་འབྲས་ཀྱི་རྣམ་དབྱེ་ལ་མི་མཁས་པའམ་ཅུང་ཟད་ཤེས་ཀྱང་སྒོ་གསུམ་བག་ཡངས་སུ་གཏོང་ཞིང་ཉེས་ སྤྱོད་ལ་མི་འཛེམས་པ་ནི་ངན་འགྲོའི་སྒོ་འབྱེད་པ་ཡིན་ལ། ལས་འབྲས་ལ་ངེས་པ་སྐྱེད་ཅིང་ཉིན་མཚན་ཀུན་ཏུ་ཤེས་བཞིན་དང་ལྡན་པས་སྒོ་གསུམ་ལ་རྟོག་པ་ཅིག་གིས་ངན་འགྲོའི་སྒོ་གཅོད་པར་གསུངས་ཏེ། ༠རྒྱ་མཚོས་ཞུས་པ་ལས། ཀླུའི་བདག་པོ་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་གཅིག་གིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་སྐྱེ་བ་ཡང་དག་པར་གཅོད་དོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་བདག་ཇི་ལྟར་གྱུར་ཅིང་ཉིན་མཚན་རྣམས་འདའ་ཞིང་འདུག་སྙམ་དུ་ཆོས་རྣམས་ལ་སོ་སོར་ རྟོག་པ་སྟེ་ཞེས་སོ། །དེ་ལྟར་རང་རྒྱུད་ལ་བརྟགས་ཏེ་ཆོས་དང་བསྟུན་ལས་འབྲས་དང་བསྟུན་ནས་དེ་དག་དང་མཐུན་མི་མཐུན་བལྟས་ཏེ་རང་རྒྱུད་ལ་ཞུ་དག་བྱས་པ་ན། སྐྱེས་རབས་ལས། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང་། །རྒྱ་མཚོའི་ཕ་རོལ་

Page: 702 ཚུ་རོལ་འགྲམ་ཡང་རིང༌། །ཤར་ནུབ་གཉིས་ཀྱི་རི་བར་དེ་ལས་རིང་། །ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང༌། །ཞེས་གསུངས་པའི་དཔེ་དག་དང་འདྲ་བར་བྱིས་པ་ཕལ་པ་བདག་ཅག་ལྟ་བུ་དང་དམ་པའི་ཆོས་གཉིས་ཀྱང་རྒྱང་རིང་དུ་གྱུར་ནས་རང་རྒྱུད་ ཆོས་དང་འཕྲད་མ་ཐུབ་པས་སོ་སོར་སོང་བ་མང་ལ། དེ་ལྟར་རང་རྒྱུད་ཆོས་དང་མ་འདྲེས་ཤིང་མི་མཐུན་པའི་ཚུལ་ཞེ་ཐག་པ་ནས་རིག་རྒྱུ་ཞིག་བྱུང་ན་དེའང་མཁས་པ་ཡིན་ཏེ། ཚོམས་ལས། བྱིས་པ་གང་ཞིག་བྱིས་པའོ་ཞེས། །ཤེས་པ་དེ་འདིར་ མཁས་པ་ཡིན། །ཞེས་སོ། །ཆོས་དང་བསྟུན་པ་ན་ཆོས་དང་རྒྱབ་འགལ་དུ་སོང་ཡོད་ནའང་ད་དུང་རང་ཆོས་པ་དང་མཁས་བཙུན་གྱི་མཆོག་ཏུ་རློམ་པ་ནི་བྱིས་པའི་ནང་ནས་ཀྱང་ཐ་ཆད་ཡིན་ཏེ། སྔ་མ་ལས། བྱིས་པ་གང་ཞིག་མཁས་སེམས་པ། །དེ་ ནི་བྱིས་པ་ཞེས་བརྗོད་དོ༑༑ཞེས་སོ། །ལས་འབྲས་ལ་ཡིད་ཆེས་བསྐྱེད་ནས་དེ་ཉིད་ཉམས་ལེན་གྱི་མཐིལ་དུ་བྱས་ནས་སྒོམ་པ་འདི་ལམ་གྱི་གཞི་རྩ་དམ་པ་མེད་དུ་མི་རུང་བ་མཁས་པ་མགུ་བ་སྐྱེད་པའི་ཐབས་ཀྱི་མཆོག་ཡིན་པ་ལ་དེ་དག་ལ་གདམས་པ་ ཟབ་མོ་ཡིན་སྙམ་པའི་བློ་མི་སྐྱེ་བ་ནི། སྒྲུབ་པ་ཉམས་ལེན་གྱི་ཡོན་ཏན་རྣམས་ཀྱི་རྩ་བ་ཆད་པ་ཡིན་པར་གསུངས་པས་ན་ལས་འབྲས་ལ་ཡིད་ཆེས་བསྐྱེད་ནས་བླང་དོར་ཚུལ་བཞིན་བྱེད་པ་ཤིན་ཏུ་གལ་ཆེ་ཞིང་དེ་ཉིད་ཉམས་ལེན་གྱི་མཆོག་ཏུ་ཡང་ཤེས་ པར་བྱའོ། །གཉིས་པ་བརྟན་པའམ་ང་རྒྱལ་གྱི་དཔུང་ལ་གཉིས། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྡོ་རྗེ་རྒྱལ་མཚན་སོགས་ཏེ། དེ་ལ། ལེགས་པར་བརྟགས་ནས་བྱ་བ་རྩོམ་དགོས་པ་ནི། མདོ་སྡེ་ཕལ་པོ་ཆེའི་རྡོ་རྗེ་རྒྱལ་

Page: 703 ༄༅། །མཚན་གྱི་བསྔོ་བའི་ལེའུ་དྲུག་པ་ལས་ལྷའི་བུ་ཉི་མ་འཆར་པ་ནི་དམུས་ལོང་དང་རི་མི་མཉམ་པ་ལ་སོགས་པའི་ཉེས་པས་མི་ལྡོག་པར་འོས་སུ་གྱུར་པའི་ཡུལ་རྣམས་སྣང་བར་བྱེད་པ་ལྟར་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་འཆར་ བ་ཡང་སེམས་ཅན་གྱི་ཉེས་པ་སྣ་ཚོགས་ཀྱིས་མི་ལྡོག་ཅིངའོས་སུ་གྱུར་པའི་གདུལ་བྱ་རྣམས་སྨིན་པ་དང་གྲོལ་བར་བྱེད་དོ་ཞེས་གསུངས་པའི་ཆོ་ག་ཡིས་གཞན་དོན་དུ་དགེ་བའི་ལས་རྣམས་བརྩམས་ནས་གང་བརྩམས་པ་དེ་ཉིད་ཅི་ནས་ཀྱང་བདག་གིས་ མཐར་ཕྱིན་པར་བྱས་ནས་བསྒྲུབ་པར་ནུས་སོ་སྙམ་པའི་ང་རྒྱལ་བརྟན་པོ་བསྒོམ་པར་བྱའོ། །ཞེས་པ་སྟེ། མདོ་དེ་ཉིད་ལས། དཔེར་ན་ལྷའི་བུ་ཉི་མ་འཆར་བ་ན་དམུས་ལོང་གི་ཉེས་པས་མི་འདུག་གོ། དྲི་ཟའི་གྲོང་ཁྱེར་གྱི་ཉེས་པས་མི་འདུག་གོ། གླིང་ བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སའི་རྡུལ་གྱི་ཉེས་པས་མི་འདུག་གོ། ཞེས་པ་ནས། རི་མི་མཉམ་པའི་ཉེས་པས་མི་འདུག་གོ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་དྲན་པ་དང་ཤེས་བཞིན་ཅན་སེམས་ཟབ་ཅིང་རྒྱ་ཆེ་བ་རྣམ་པར་ མ་ཞུམ་པ་ཡོན་ཏན་གྱི་སྤྱོད་པ་དང་ཡེ་ཤེས་ཀྱི་སྤྱོད་པ་མཐས་གཏུགས་པ་ནི་སེམས་ཅན་འཁུ་བའི་ངང་ཚུལ་ཅན་གྱི་ཉེས་༌པས་མི་ལྡོག་གོ། །སེམས་ཅན་དམུ་རྒོད་ཀྱི་ཉེས་བས་མི་ལྡོག་གོ། དེ་བཞིན་དུ་སྦྱར་ཏེ། སེམས་ཅན་དམྱལ་བར་སྐྱེ་བ་དེ་དག་དང་ ངན་སོང་གི་ས་ལ་གནས་པའི་སེམས་ཅན་དེ་དག་ཐམས་ཅད་དེ་ནས་ཤི་འཕོས་པར་གྱུར་ཅིང་བདག་གིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་བླང་བར་བྱའོ། །བརྩོན་པར་བྱའོ་སྤྲོ་བར་བྱའོ་མི་ལྡོག་པར་བྱའོ་མི་འབྲོས་པར་བྱའོ་མི་སྐྲག་པར་བྱའོ། །ཞེས་སོགས་རྒྱས་པར་

Page: 704 གསུངས་ཏེ་བསླབ་བཏུས་ཀྱི་དགེ་རྩ་སྤེལ་བའི་སྐབས་སུ་དྲངས་པ་དང་མདོ་ཉིད་ལས་ཤེས་པར་བྱའོ། །དེ་ལྟར་བརྩོན་འགྲུས་རྩོམ་པའི་བྱ་བ་ལ་འཇུག་པའི་ཚེ་ཡང་དང་པོར་མ་བརྟགས་པར་ཅི་རུང་རུང་ལ་མི་འཇུག་པར་གང་བྱ་བར་འདོད་པའི་དོན་དེ་སྒྲུབ་པའི་རྒྱུ་རང་ གི་བློའི་འབྱོར་པའམ་ནུས་པ་ཡོད་མེད་ལེགས་པར་བརྟགས་ནས་སྒྲུབ་པའི་ནུས་པ་སྟོབས་ལྡན་ཡོད་ན་བྱ་བ་དེ་ཉིད་བརྩམ་མམ་ཡང་ན་སྟེ་སྒྲུབ་པའི་ནུས་པ་མེད་ན་བྱ་བ་དེ་མི་བརྩམ་པ་སྟེ་འཇུག་པར་མི་བྱའོ། །འདི་ལ་བརྩམས་པའམ་ཞེས་སམ་བརྩམ་མམ་ཡང་ ན་ཞེས་པ་ཡང་ཡོད་པར་མངོན་ནོ། །འདི་ནི་ལས་དང་པོ་བས་ལམ་ལ་སློབ་པའི་ཚུལ་ཏེ། དཔལ་དབྱིག་གིས་ཞུས་པར། གལ་ཏེ་བསླབ་པའི་གཞི་ལྔ་ལ་སློབ་པར་མི་ནུས་ནའང་དེས་བཞིའམ་གསུམ་མམ་གཉིས་སམ་དེའི་ནང་ནས་བསླབ་པའི་གཞི་གཅིག་ ཙམ་ལ་བསླབ་པར་བྱའོ། །ཞེས་པ་ལྟར་རོ། །སྒྲུབ་པའི་ནུས་པ་མེད་ན་ནི་དང་པོ་ནས་མ་བརྩམས་པ་ཉིད་མཆོག་ཡིན་གྱི་བྱ་བ་གང་བརྩམས་ནས་དེ་ལ་ཞུགས་པ་ན་མཐར་མ་ཕྱིན་པའི་བར་སྐབས་སུ་དམ་བཅས་པའི་དོན་དེ་ལས་ནམ་ཡང་ལྡོག་པར་མི་བྱའོ། ། དེ་ཡང་བྱ་བ་དེ་ལ་ཞུགས་ནས་བར་སྐབས་སུ་དོར་བ་ལས་དང་པོ་ནས་མ་བརྩམས་པ་མཆོག་ཡིན་ཏེ་དེ་ལ་དམ་བཅའ་ཉམས་པའི་ཉེས་པ་མི་འབྱུང་བའི་ཕྱིར་རོ། །བརྩམས་ནས་དོར་བའི་ཉེས་དམིགས་ནི། བརྩམས་ནས་དམ་བཅས་པ་བར་མ་དོར་དོར་བ་ལ་ ཉེས་པ་ཅི་ཡོད་ཅེ་ན། ཚེ་འདིར་བྱ་བ་དེ་བརྩམས་ནས་དེ་ལས་ཕྱིར་ལོག་ན་སྐྱེ་བ་གཞན་དུ་ཡང་དེའི་བྱེད་པ་རྒྱུ་མཐུན་གྱིས་བརྩམས་ནས་ལྡོག་པ་དེ་གོམས་པས་བསླབ་པ་ཁས་བླངས་པ་ལ་སོགས་པའང་ཉམས་པཤིང་དེ་ལྟར་དམ་བཅའ་ཉམས་པས་སྐྱེས་

Page: 705 ༄༅། །བུ་བྱེད་འབྲས་ཚེ་དེར་སྡིག་པ་འཕེལ་བ་དང༌། སྐྱེ་བ་གཞན་དུ་ཡང་སྡིག་པ་དེའི་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་འཕེལ་བར་འགྱུར་བ་དང་བྱ་བ་སྔ་མ་བཤོལ་ནས་ཕྱིས་བརྩམས་པའི་དགེ་བའི་བྱ་བ་གཞན་པ་དེ་ཡང་ཉམས་པར་ འགྱུར་བའམ་ཆུད་འཛའ་བས་ན་དམན་པར་འགྱུར་བ་དང༌། སྔར་བརྩམས་ནས་དོར་བའི་ལས་དེ་ཉིད་ཀྱི་འབྲས་བུའི་དུས་ཀྱང་ནི་ཤིན་ཏུ་རིང་དུ་འགོར་བས་འབྲས་བུའང་དམན་པར་འགྱུར་ལ། ཀྱང་གི་སྒྲས་སྔ་ཕྱི་གཉིས་ཀ་དམན་པ་སྡུད་པའོ། །བརྩམས་ ནས་དོར་བའི་བྱ་བ་སྔ་མ་དེ་སྔར་ཡང་མཐར་མ་ཕྱིན་པའི་དབང་གིས་ཕྱིས་ཀྱང་དེ་ཉིད་རྫོགས་པར་འགྲུབ་པར་མི་འགྱུར་བ་སྟེ་ཉེས་པ་ལྔའོ། །ཡང་ཕྱིས་བརྩམས་པའི་བྱ་བ་གཞན་དེ་ཡང་འགྲུབ་པར་མི་འགྱུར་ཞེས་འཆད་པ་ཡོད་ནའང་འདིར་ནི་སྔ་མ་ལྟར་བྱའོ། ། ཕྱི་མ་གསུམ་པོ་འདི་དག་ཀྱང་དེ་དང་དེའི་སྐྱེས་བུ་བྱེད་འབྲས་སོ། །མདོར་ན་བརྩམས་ནས་དོར་བ་དེའི་ཉེས་པ་བྱ་བ་གང་བྱ་བར་དམ་བཅས་པ་དེའང་མགོ་མི་ཐོན་ལ་བྱ་བ་གཞན་འགྲུབ་པའི་གེགས་སུའང་འགྱུར་ཞིང་རྒྱུ་མཐུན་གྱིས་སྡོམ་པ་ཁས་བླངས་པ་ སོགས་ཀྱི་དམ་བཅའ་ཡང་མི་བརྟན་པར་གསུངས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས། བསྡུས་ཏེ་མདོར་བསྟན་པ། སོ་སོར་རྒྱས་པར་བཤད་པའོ། །དང་པོ་ནི། ལས་དང་སོགས་ཏེ། དེ་ལྟར་དམ་བཅས་པ་དེ་མཐར་ཕྱིན་པར་འདོད་ པས་ང་རྒྱལ་རྣམ་པ་གསུམ་བསྒོམ་པར་བྱ་བ་ལ། གཞན་དོན་དུ་དགེ་བ་ལ་སྤྲོ་བས་འཇུག་པ་ལས་ཀྱི་ང་རྒྱལ་དང་། སྤང་བྱ་ཉོན་མོངས་གཞོམ་པར་འདོད་པ་ཉོན་མོངས་པའི་ང་རྒྱལ་དང༌། གཞན་གྱི་བྱ་བ་སྒྲུབ་པ་དང་སྤང་བྱ་ཉོན་མོངས་གཞོམ་པ་སོགས་

Page: 706 བདག་གིས་ནུས་སོ་སྙམ་པ་ནུས་པའི་ང་རྒྱལ་སྟེ་གསུམ་པོ་དག་ལ་ཞུམ་པ་མེད་པར་སྙིང་སྟོབས་བསྐྱེད་ནས་ང་རྒྱལ་བརྟན་པོ་བྱའོ། །གཉིས་པ་སོ་སོར་རྒྱས་པར་བཤད་པ་ལ་གསུམ། ལས་ཀྱི་ང་རྒྱལ། ནུས་པའི་ང་རྒྱལ། ཉོན་མོངས་པའི་ང་རྒྱལ་ ལོ། །དང་པོ་ནི། བདག་ཉིད་གཅིག་པུས་སོགས་ཏེ། དེ་ལ། ལས་ཀྱི་ང་རྒྱལ་ངོས་གཟུང་བ་ནི། རང་གཞན་གྱི་དོན་དུ་ལམ་ཉམས་སུ་ལེན་པ་སོགས་ཁ་ན་མ་ཐོ་བ་མེད་པ་དགེ་བའི་ལས་བྱ་བར་འོས་པ་ཐམས་ཅད་སྒྲུབ་པ་ན་གཞན་སུ་ལ་ཡང་གྲོགས་ ཀྱི་ལྟོས་པ་མི་འཆའ་བར་འདི་དག་ནི་བདག་ཉིད་གཅིག་པུས་བསྒྲུབ་པར་བྱའོ་ཞེས་སྙིང་སྟོབས་བརྟན་པོ་བསྐྱེད་པ་འདི་ནི་ལས་ཀྱི་ང་རྒྱལ་ཉིད་ཡིན་ཞེས་པ་སྟེ། འདི་གཞན་ལ་མི་རེ་བར་བདག་གཅིག་པུ་ཁོ་ནས་བསྒྲུབ་པར་བྱའོ་སྙམ་པ་ལ་ང་རྒྱལ་དང་ འདྲ་བ་ཡོད་པས་དེར་བཏགས་པ་ཡིན་པར་གསུངས་སོ། །དེ་ལྟར་བསམ་དགོས་པའི་རྒྱུ་མཚན་ནི། གཞན་དོན་དུ་བྱ་བར་འོས་པའི་ལས་ཐམས་ཅད་གྲོགས་གཞན་ལ་མི་ལྟོས་པར་རང་གིས་བསྒྲུབ་པར་བྱ་དགོས་ཏེ་ཉོན་མོངས་པས་དབང་དུ་བྱས་ནས་ རང་དབང་མེད་པར་གྱུར་པའི་འཇིག་རྟེན་པའི་སྐྱེ་བོའི་ཚོགས་འདིས་རང་གི་དོན་ཙམ་ཡང་སྒྲུབ་པར་མི་ནུས་པ་ཞེས་སམ་ཚེ་འདིར་རང་དོན་ཙམ་ཡང་སྒྲུབ་མི་ནུས་པས་ན་འགྲོ་བ་ཕལ་བས་བྱང་ཆུབ་སེམས་དཔའ་བདག་ལྟར་གཞན་དོན་གྱི་ཁུར་ཐམས་ ཅད་རང་གི་མགོར་བླངས་ནས་གཞན་དོན་འབའ་ཞིག་སྒྲུབ་པ་ལ་བརྩོན་མི་ནུས་ཏེ་ག་ལ་ནུས། དེ་ལྟར་འགྲོ་བ་ཕལ་བས་རང་དོན་ཙམ་ཡང་བྱ་མི་ནུས་བྱང་སེམས་བདག་གིས་རང་གཞན་གྱི་དོན་ཐམས་ཅད་སྒྲུབ་ནུས་པའི་ཕྱིར་གཞན་ལ་ལྟོས་པ་ལ་

Page: 707 ༄༅། །དགོས་པ་མེད་པའི་རྒྱུ་མཚན་དེ་བས་ན་བདག་གིས་ནི་གཞན་དོན་སྒྲུབ་པའི་བྱ་བ་གང་ཡོད་པ་འདི་ཐམས་ཅད་སུ་ལ་ཡང་ལྟོས་པ་མེད་པར་བྱའོ་སྙམ་པའོ། །བྱང་ཆུབ་སེམས་དཔའ་གྲོགས་ལ་ལྟོས་མི་དགོས་པ་ནི། བློ་གྲོས་མི་ཟད་ པས་ཞུས་པ་ལས། ཇི་ཙམ་དུ་བདག་གཅིག་པུ་གཉིས་སུ་མེད་ཅིང་གྲོགས་མེད་པར་རྡོ་རྗེའི་རང་བཞིན་གྱི་སའི་དཀྱིལ་འཁོར་ལ་གནས་ཏེ་བདུད་སྟོབས་དང་བཅས་པ་བཏུལ་ནས་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱའོ། །ཞེས་དང༌། བློ་གྲོས་རྒྱ་མཚོས་ཞུས་པ་ལས་ཀྱང༌། ཉི་མའི་འོད་ལ་གྲོགས་ནི་བྱ་མི་དགོས། །སྦྲུལ་གདུག་ལ་ཡང་གྲོགས་བྱ་དགོས་མ་ཡིན། །སེང་གེའི་སྒྲ་ལ་གྲོགས་བྱ་མི་དགོས་ ཏེ། །བྱང་ཆུབ་སེམས་དཔའ་ལ་ཡང་གྲོགས་མི་དགོས། །དེ་དག་གྲོགས་མེད་གཅིག་པུ་གཉིས་མེད་པར། །སངས་རྒྱས་ཆོས་མང་ཡང་དག་སྒྲུབ་པར་བྱེད། །བརྩོན་འགྲུས་དང་ནི་མཐུ་དང་སྟོབས་སུ་ལྡན། །འགྲོ་བའི་ཉོན་མོངས་རྣམས་ནི་རབ་ ཏུ་འཇོམས། །ཞེས་དང༌། བཤེས་སྤྲིང་ལས། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་ཀྱི། །ཞེས་པ་ལྟར་རོ། །དམན་ལས་ཐམས་ཅད་ལ་ཁུར་འཛིན་པའི་ང་རྒྱལ་བྱ་བ་ནི། གཞན་གྱི་ལས་ཐམས་ ཅད་བྱ་དགོས་ནའང་དམན་པའི་ལས་བྱེད་པ་ངོ་ཚའོ་ཞེ་ན། རང་དོན་ཙམ་བྱེད་པར་འདོད་པའི་སྐྱེ་བོ་ཕལ་བ་གཞན་དག་གིས་མི་གཙང་བ་འཕྱག་པ་དང་ཁུར་ཆེན་པོ་འཁུར་བ་དང་ཞིང་ལས་སོགས་དམན་ཞིང་ཐ་ཆད་པའི་ལས་རང་སྟོབས་ཀྱིས་སྤྲོ་བཞིན་དུ་ཅི་

Page: 708 དགར་བྱེད་པ་མཐོང་ན་མགོ་ལ་སེམས་ཅན་ཐམས་ཅད་ཀྱི་བྱ་བའི་ཁུར་ཆེན་པོ་འཁྱེར་བ་བདག་ཉིད་ཀྱང་ནི་རྗེ་བོ་ལྟ་བུའི་བསེམས་ཅན་དེ་དག་གི་བྲན་གཡོག་ལྟ་བུ་ཡིན་པས་ན་དེའི་གྲོགས་མི་བྱེད་པར་ཇི་ལྟར་སོས་དལ་དུ་འདུག་སྟེ་འདུག་པར་མི་རིགས་པས་ གཞན་གྱི་བྱ་བའི་ལས་ཐམས་ཅད་རང་གིས་སྒྲུབ་པ་ལ་སྤྲོ་བའི་སྒོ་ནས་འཇུག་བསམ་པར་བྱའོ། །ཡང་གཞན་དག་དམན་པའི་ལས་ལ་འཇུག་པ་རྒྱུན་གཅོད་པར་མི་བྱེད་ན་བདག་ཉིད་ཀྱང་ནི་འབྲས་བུ་གྱ་ནོམ་བསྒྲུབ་པའི་ལས་མི་བྱེད་པར་ཇི་ལྟར་འདུག་སྙམ་དུ་ བསམ་ནས་བསྒྲུབ་པར་བྱ་ཞེས་ཀྱང་གསུངས་སོ། །གཞན་དག་དམན་པའི་ལས་བྱེད་པ་ལའང་རང་གིས་ཁུར་དུ་བླངས་ནས་གྲོགས་བྱེད་ནུས་པའི་བྱང་སེམས་བདག་ནི་གཞན་ལས་ལྷག་གོ་སྙམ་དུ་མཐོ་བའི་རྣམ་པ་ཅན་དུ་འཇུག་པའི་ང་རྒྱལ་གྱིས་ནི་ ལས་དེ་མི་བྱེད་དེ་བདག་ལ་འདི་ཕྱི་གཉིས་ཀར་གནོད་པ་སྐྱེད་བྱེད་ཀྱི་ཉོན་མོངས་པའི་ང་རྒྱལ་དེ་མེད་པར་ཞི་ཞིང་དུལ་བར་གནས་པ་ནི་རྒྱལ་སྲས་ཀྱི་སྤྱོད་པའི་མཆོག་ཡིན་པས་ཉོན་མོངས་ང་འི་ང་རྒྱལ་དེ་སྤང་བར་བྱའོ། །ཡང་ལས་དེ་ནི་དམན་ལ་ བདག་ནི་མཆོག་ཡིན་པས་ལས་དེ་བྱེད་མི་རིགས་སོ་སྙམ་པའི་ང་རྒྱལ་གྱིས་ནི་མི་བྱེད་ཅེས་དང༌། གཞན་ནི་དམན་པའི་ལས་བྱེད་ན་བདག་ནི་བཟང་པོའི་ལས་བྱེད་དོ་སྙམ་པའི་ང་རྒྱལ་གྱིས་ནི་མི་བྱེད་ཅེས་ཀྱང་འཆད་དོ། །མདོར་ན་ཕ་རོལ་གྱི་ལས་སྒྲུབ་ པ་ན་གཞན་ཁྱད་དུ་བསད་ནས་རློམ་པས་སྒྲུབ་པ་མིན་གྱི་བརྩེ་བའི་༌་རྣམ་པ་ཅན་དུ་བལྟས་ནས་ཉོན་མོངས་པའི་ང་རྒྱལ་དང་མ་འདྲེས་པར་སྒྲུབ་པ་ཡིན་ནོ། །ཉོན་མོངས་པའི་ང་རྒྱལ་མེད་པ་མཆོག་ཡིན་ཏེ། དཀོན་མཆོག་གི་ཟ་མ་ཏོག་ལས། འཇམ་

Page: 709 ༄༅། །དཔལ་འདི་ལྟ་སྟེ་དཔེར་ན་ཤིང་གང་དག་རླུང་གིས་བཏུད་ཀུན་ཏུ་བཏུད་རབ་ཏུ་བཏུད་པ་དེ་དག་འགྱེལ་པའི་འཇིགས་པ་མེད་དོ༑༑དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་དག་སེམས་ཅན་ལ་འདུད་ཀུན་ཏུ་འདུད་རབ་ཏུ་འདུད་པ་ དེ་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བའི་འཇིགས་པ་མེད་དོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ནམ་རྒྱ་མཚོ་ཆེན་པོ་དང་པོ་གནས་པ་དེའི་ཚེ་ས་ཆེན་པོ་ཐམས་ཅད་ཀྱི་ནང་ན་དམའ་བའི་ཕྱོགས་དེར་དང་པོ་གནས་ཏེ་དེ་ནས་འབབ་ཆུའི་རྒྱུན་ ཐམས་ཅད་ཚེགས་ཆུང་ངུས་དེར་མངོན་དུ་འབབ་པར་འགྱུར་རོ། །དེ་བཞིན་དུ་ང་རྒྱལ་མེད་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཚེགས་ཆུང་ངུས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་འགྱུར་རོ་ཞེས་གསུངས། གཉིས་པ་ནུས་པའི་ང་རྒྱལ་ནི། ཤི་ བའི་སྤྲུལ་དང་སོགས་ཏེ། དེའང་ཉོན་མོངས་ལས་རྒྱལ་བའི་ང་རྒྱལ་གནས་པར་བྱ་བ་ལ། ང་རྒྱལ་བསྐྱེད་དགོས་པའི་རྒྱུ་མཚན་ནི། ཉོན་མོངས་སྤོང་བ་ལ་གཉེན་པོའི་སྟོབས་ཆེན་པོ་བསྐྱེད་ནས་ང་རྒྱལ་བྱ་དགོས་ཏེ། དཔེར་ན་ཤི་བའི་སྤྲུལ་ གྱི་རོ་དང་འཕྲད་པར་གྱུར་ན་བྱ་ཁྭ་ཏུ་ཡང་ནམ་མཁའ་ལྡིང་ལྟ་བུར་འཇིགས་པ་དང་བག་ཚ་བ་མེད་པར་བརྙས་ཐབས་ཀྱིས་དེ་ཟ་བར་སྤྱོད་པ་དེ་བཞིན་དུ། གལ་ཏེ་བདག་ཉིད་གཉེན་པོའི་ཉམས་སྟོབས་ཆུང་བའམ་དཔའ་བརྟན་གྱི་ནུས་པ་ཆུང་ཞིང་སྲོ་ ཤི་བར་གྱུར་ན་མི་མཐུན་ཕྱོགས་ཉོན་མོངས་པས་བསྐྱེད་པའི་ལྟུང་བ་ཆེན་པོ་ལྟ་ཞོག་ལྟུང་བ་ཆུང་ངུའང་ལམ་སྒྲུབ་པ་ལ་བར་ཆད་བྱེད་པའི་སྒོ་ནས་ཤིན་ཏུ་གནོད་པར་བྱེད་པའི་ཕྱིར་དཔའ་བརྟན་ནུས་པའི་ང་རྒྱལ་བརྟན་པོ་བྱའོ། །གལ་ཏེ་བདག་

Page: 710 ཡིད་ཉམས་ཆུང་ཞེས་པའང་འདུག་གོ། དེ་ལྟར་གཉེན་པོ་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་མ་ནུས་པར་བདག་ལྟ་བུས་ཉོན་མོངས་པའི་གཉེན་པོ་བསྐྱེད་ག་ལ་ནུས་སྙམ་དུ་བསམ་པ་ཞུམ་པ་དང་བཅས་ཤིང་སྦྱོར་བས་ཉོན་མོངས་སྤོང་བ་ལ་རྩོལ་བ་དོར་ནས་ལུས་ སེམས་ཀྱི་འཇུག་པ་ཞན་ཅིང་ལེ་ལོའི་དབང་གིས་སྤྲོ་བ་མེད་པ་དེ་ལ་ཕོངས་པའི་གནས་སྐབས་འབའ་ཞིག་ལས་ནམ་ཡང་ཕོངས་པ་དེ་ལས་ཐར་བའི་སྐབས་རྣམ་པ་ཀུན་ཏུ་ཡོད་དམ་ཅི་སྟེ་མེད་དོ། །རྒྱུ་དཔེ་སོགས་སུ། ཕོངས་ལས་ཐར་བ་ཡོད་ དམ་ཅི། ཞེས་པའི་དོད་དུ། ལྟུང་བ་བྱ་སླ་མ་ཡིན་ནམ། །ཞེས་ཡོད་དེ་ལེ་ལོ་དང་བརྗེད་ངས་ཀྱི་དབང་གིས་ལྟུང་བ་འབྱུང་བར་བྱ་སླ་བའམ་བླ་འམ་ཡིན་ནམ་ཞེས་པའི་དོན་ཡིན་པར་བཤད་དོ༑༑དེས་ན་བསམ་པ་མ་ཞུམ་པར་གཉེན་པོའི་སྟོབས་ བསྐྱེད་པའི་ང་རྒྱལ་དང་སྦྱོར་བས་ཉོན་མོངས་པ་སྤོང་བ་ལ་སྤྲོ་བ་བརྟན་པོ་དང་བཅས་པའི་ལུས་སེམས་ཀྱིས་རྩོལ་བ་བསྐྱེད་པར་བྱས་ནས་དྲན་ཤེས་བསྟེན་པས་ནི་ཉོན་མོངས་སྐྱེ་བའི་སྐབས་མི་འབྱེད་ཕྱིར་སྤང་བྱ་ཉོན་མོངས་ཆུང་དུས་ལྟ་ཞོག་ཉོན་མོངས་ ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ་བ་སྟེ་ཉོན་མོངས་སྐྱེ་བའི་སྐབས་མི་རྙེད་པས་བར་དུ་གཅོད་མི་ནུས་པའོ། །དེ་ལྟར་ཞུམ་ནས་བསྡད་པས་ཅི་ལའང་མི་ཕན་ཞིང་ཇེ་ཞུམ་དུ་འགྲོ་བས་ན་ཉོན་མོངས་སྤོང་བ་དང་གཞན་དོན་སྒྲུབ་པ་སོགས་ཀྱི་ཐབས་ རྣམས་ལེགས་པར་ཤེས་པར་བྱས་ནས་བློའི་གཟེངས་བསྟོད་དེ་གཉེན་པོའི་བས་སྟོབས་བསྐྱེད་དགོས་ལ་དེ་ལྟར་གཉེན་པོའི་སྟོབས་བསྐྱེད་ཐུབ་ན་དོན་རྣམས་ཐམས་ཅད་འགྲུབ་པ་ལག་ན་ཡོད་པ་དང་ཁྱད་མེད་པར་གསུངས་ཏེ། སྐྱེས་རབས་ལས། ཞུམ་པས་

Page: 711 ༄༅། །ཕོངས་ལས་ཐར་ལ་མི་ཕན་གྱི། །དེ་བས་མྱ་ངན་གདུང་བར་མ་བྱེད་པར། །དགོས་པའི་དོན་སྒྲུབ་མཁས་ལ་བརྟེན་བྱས་ན། །རབ་ཏུ་དཀའ་བའང་སླ་བས་ཐར་བར་འགྱུར། །དེ་བས་འཇིགས་ཤིང་མི་དགའ་མ་བྱེད་པར། །ཇི་ལྟར་ བྱ་བའི་ཐབས་ཀྱིས་དགོས་པས་བསྒྲུབས། །མཁས་པའི་གཟི་བརྗིད་བརྟན་པས་གཟེངས་བསྟོད་ན། །དོན་རྣམས་ཐམས་ཅད་འགྲུབ་པ་ལག་ན་ཡོད། །ཅེས་ལེགས་པར་ཕ་རོལ་དུ་ཕྱིན་པའི་སྐྱེས་རབས་ལས་བྱུང་བ་དང༌། དེ་བཞིན་དུ་དེད་དཔོན་ དཔའ་ཆེན་གྱི་སྐྱེས་རབས་ལས་བྱུང་བ་ལྟར་སྙིང་སྟོབས་ཆེན་པོ་བསྐྱེད་པར་བྱའོ། །དེ་ལྟར་ཞུམ་ན་ཉོན་མོངས་པ་དང་དེས་བསྐྱེད་པའི་ལྟུང་བས་ཚུར་འཇོམས་སུ་འོང་བ་དང་བསམ་པ་ང་རྒྱལ་བསྐྱེད་ཅིང་སྦྱོར་བས་རྩོལ་བ་བསྐྱེད་ན་མི་མཐུན་ ཕྱོགས་ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ་བའི་རྒྱུ་མཚན་ དེ་ལྟ་བས་ན་གཉེན་པོ་ང་རྒྱལ་གྱི་སེམས་ནི་རབ་ཏུ་བརྟན་པ་བསྐྱེད་པར་བྱས་པ་ཡིས་མི་མཐུན་ཕྱོགས་ཀྱི་ཉོན་མོངས་དང་དེའི་དབང་གིས་བྱུང་བའི་ལྟུང་བ་རྣམས་ནི་ས་བོན་དང་བཅས་པ་ དྲུངས་ནས་དབྱུང་བའི་ཚུལ་གྱིས་རྣམ་པར་གཞོམ་པར་བྱ་སྟེ། དེ་ལས་གཞན་དུ་ལམ་སྒྲུབ་པ་པོ་བདག་ནི་ཉོན་མོ་ངས་དང་ལྟུང་བས་ཚུར་བཅོམ་སྟེ་ཕམ་པར་བྱས་ན་ཁམས་གསུམ་གྱི་ཉོན་མོངས་སོགས་མི་མཐུན་ཕྱོགས་ཐམས་ཅད་ལས་ རྣམ་པར་རྒྱལ་བའི་རྒྱལ་བ་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་བར་འདོད་པ་ནི་རྣམ་པ་ཀུན་ཏུ་མ་འབྲེལ་བས་གཞན་དག་གིས་ཁྲེལ་ནས་བཞད་གད་བྱ་བའི་གནས་སུ་འགྱུར་རོ། །གཉེན་པོའི་ང་རྒྱལ་ལ་གནས་པར་གདམས་པ་ནི། རྒྱུ་མཚན་

Page: 712 དེས་ན་བདག་གིས་གཉེན་པོའི་ང་རྒྱལ་གྱི་གོ་ཆ་ཆེན་པོ་བགོས་ནས་སྤང་བྱ་མི་མཐུན་ཕྱོགས་ཁམས་གསུམ་གྱི་ཉོན་མོངས་པའི་དགྲའི་ཚོགས་ཀུན་ལས་རྒྱལ་བར་བྱ་སྟེ་ཞེས་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་ཁྱད་དུ་བསད་ནས། བདག་ལས་ ནི་ཁམས་གསུམ་པའི་སྤང་བྱའི་ཉོན་མོངས་སུ་ཡང་རྒྱལ་བར་མི་བྱ་སྙམ་དུ་མི་མཐུན་པའི་ཕྱོགས་འཇོམས་པ་ལ་བློའི་དཔའ་གདེང་བརྟན་པོ་བསྐྱེད་ནས་གཉེན་པོའི་ང་རྒྱལ་ལ་གནས་པར་བྱ་ལ། དེའང་སུ་ཇི་ལྟ་བུ་ཞིག་གིས་ན། བདུད་དང་མུ་ སྟེགས་སོགས་ཀྱི་རི་དྭགས་ཀྱི་ཚོགས་ཐམས་ཅད་འཇོམས་ཤིང་སྐྲག་པར་མཛད་པ་རྒྱལ་བ་མི་ཡི་སེང་གེའི་སྲས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་བདག་གིས་སོ་ཞེས་ཏེ། འདི་ལ། རྒྱལ་བ་སེང་གེའི་སྲས་བདག་པས། །སྲས་དག་པས། སྲས་ དག་གིས་ཞེས་ཅུང་ཟད་མི་འདྲ་བ་མང་ངོ༌། །ང་རྒྱལ་ཇི་ལྟ་བུ་ལ་གནས་ན། སྤང་བྱ་ཉོན་མོངས་པའི་ཕྱོགས་ཀྱིས་ཚུར་གླགས་མི་རྙེད་ཅིང་ཕར་ཟིལ་གྱིས་གནོན་ནུས་པའི་ང་རྒྱལ་གྱི་མཆོག་འདི་ལ་གནས་པར་བྱ་སྟེ། དཔེར་ན་སེང་གེའི་ཕྲུ་ གུ་ལ་ཡང་རི་དྭགས་གཞན་ཐམས་ཅད་ཀྱིས་ཚུར་གླགས་མི་རྙེད་པས་མི་འཇིགས་པ་ཐོབ་ཅིང་ཕར་ཟིལ་གྱིས་གནོན་ནུས་པ་བཞིན་དུའོ། །གཞན་དོན་སྒྲུབ་པ་དང་ཉོན་མོངས་སྤོང་བ་སོགས་གཞན་གྱིས་མི་ནུས་ཀྱི་བདག་གིས་ནུས་སོ་སྙམ་པ་ ཡང་ང་རྒྱལ་དང་ཆོས་མཐུན་པས་ནུས་པའི་ང་རྒྱལ་ཞེས་བཏགས་པའོ། །ཉོན་མོངས་པའི་ང་རྒྱལ་ཅན་ལ་སྨད་པ་ནི། ཐ་མལ་བའི་དགྲ་ལས་རྒྱལ་བའི་ང་རྒྱལ་ཅན་དཔའ་བོར་གྲགས་པ་དེ་ཡང་བསྔགས་པར་འོས་པའི་ང་རྒྱལ་ཅན་ཡིན་ནམ་ཞེ་ན་

Page: 713 ༄༅། །འགྲོ་བ་གང་ཞིག་འཇིག་ལྟ་ལ་བརྟེན་ནས་སེམས་ཁེངས་པའི་རྣམ་པ་ཅན་གྱི་ཉོན་མོངས་པའི་ང་རྒྱལ་རྣམ་པ་བདུན་པོ་གང་རུང་ངམ་ཁྱད་པར་ང་རྒྱལ་ལས་ཀྱང་ང་རྒྱལ་གྱིས་རྒྱུད་བཅོམ་ཞིང་ཟིལ་གྱིས་མནན་པ་དེ་ནི་ཉོན་ མོངས་པའི་གཞན་དབང་དུ་སོང་བའི་དམན་པ་སྙིང་རྗེའི་གནས་སུ་གྱུར་པའི་ཉོན་མོངས་པ་ཅན་ཡིན་གྱི་བསྔགས་པར་འོས་པ་གཉེན་པོའི་ང་རྒྱལ་ཆེན་པོ་ཅན་ནི་མ་ཡིན་ཏེ། གཉེན་པོའི་ང་རྒྱལ་ཅན་ཡིན་ན་ཉོན་མོངས་པའི་དགྲའི་དབང་དུ་མི་འགྲོ་བ་ ཞིག་ཡིན་དགོས་པ་ལ་ཐ་མལ་པའི་ང་རྒྱལ་གྱིས་སེམས་ཁེངས་པའི་སྐྱེ་བོ་དེ་དག་ནི་ཉོན་མོངས་པའི་ང་རྒྱལ་གྱི་དགྲའི་དབང་དུ་གྱུར་པའི་ཕྱིར་རོ། །ཉོན་མོངས་པའི་ང་རྒྱལ་གྱི་དབང་དུ་སོང་བ་ལ་ཉེས་དམིགས་ཅི་ཡོད་ཅེ་ན། ཉེས་པ་འདི་དག་ཡོད་པ་དེ་ ཉོན་མོངས་པའི་ང་རྒྱལ་གྱིས་སེམས་རྒྱུད་ཁེངས་ནས་ཉེས་སྤྱོད་སྣ་ཚོགས་ལ་ཞུགས་པས་དམྱལ་བ་ལ་སོགས་པའི་ངན་འགྲོར་ཉོན་མོངས་པའི་ང་རྒྱལ་གྱི་དགྲ་བོས་དབང་མེད་དུ་ཁྲིད་ཅིང་ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ་དུ་མ་ལ་སྦྱོར་ བར་བྱས་ཏེ་མཐར་དེ་ལས་ཐར་ནས་བརྒྱ་ལ་མི་ཡི་ལུས་སུ་སྐྱེས་ནའང་ཡིད་བདེ་བ་སོགས་ལ་ལོངས་སྤྱོད་པའི་དགའ་སྟོན་ཐམས་ཅན་སྔར་གྱི་ང་རྒྱལ་གྱི་ཉེས་པས་བཅོམ་ནས་ཡིད་མི་དགའ་བ་ལ་རྟག་ཏུ་གནས་པ་དང༌། རང་ལ་འཚོ་བའི་ཟས་གོས་ མེད་པའི་སློང་མོ་ལ་བརྟེན་ནས་གཞན་གྱིས་བྱིན་པའི་ཟས་ཟ་བས་འཚོ་བ་པ་དང་གཞན་དབང་དུ་གྱུར་ཅིང་གཞན་གྱི་ཟས་ཟོས་ནས་ལས་བྱེད་པའི་བྲན་གཡོག་དང་ནི། རྟོག་དཔྱོད་མེད་ཅིང་བླང་དོར་ལ་རྨོངས་པའི་གླེན་པ་དང་གཟུགས་མི་མཛེས་

Page: 714 ཤིང་མཐོང་ན་ཡིད་མི་དགའ་བའི་མི་སྡུག་པ་དང་ལུས་ཀྱི་ཉམས་སྟོབས་ཞན་པས་ཉམ་ཆུང་བ་དང༌། རང་གི་ཕར་གནོད་པ་མ་བྱས་ཀྱང་གནས་སྐབས་ཐམས་ཅད་དུའམ་རྣམ་པ་ཐམས་ཅད་དུ་ཚུར་ལ་གཞན་ཀུན་གྱིས་ནི་ཁྱད་དུ་བསད་ནས་ལུས་ ངག་གིས་བརྙས་པར་འགྱུར་བ་སོགས་ཉེས་པ་མང་དུ་འབྱུང་ངོ༌། །ཡུལ་འཁོར་སྐྱོང་བའི་ཞུས་པར། རྨོངས་པ་དེ་དག་ང་རྒྱལ་དབང་གིས་ན། །ངན་སོང་བ་དང་མི་ཁོམ་སྐྱེ་བ་དང༌། །དབུལ་དང་དམན་པའི་རིགས་སུ་སྐྱེ་བ་དང༌། །དམུས་ ལོང་མདོག་ངན་མཐུ་ཆུང་ཉིད་འཛིན་བྱེད། །ཅེས་དང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། ཁེངས་པ་ཡིས་ནི་རིགས་ངན་ཉིད། །ཅེས་གསུངས་ལ། ང་རྒྱལ་བདུན་གྱི་ནང་ནས་ཀྱང་ང་རྒྱལ་ལས་ཀྱང་ང་རྒྱལ་ནི་འབྲས་ཀྱི་སྟེང་། དུ་ཕོལ་མིག་དག་ འབྱུང་བ་བཞིན་དུ་བཤད་མ་ཐག་པ་ལྟར་ཉེས་དམིགས་ལྷག་པར་ཆེ་བའམ་ཤིན་ཏུ་ཐུ་བ་ཡིན་པར་དེ་ཉིད་ལས་གསུངས་སོ། །ཉོན་མོངས་ང་རྒྱལ་གྱིས་ཁེངས་ནས། །ཞེས་པ་འདི་རྒྱ་དཔེ་ལ་མེད་པར་གསུངས་ཤིང་། འདི་ལའང་། གྱིས་ ཁེངས་ན་ཞེས་དང་གྱིས་ཁེངས་ནི་ཞེས་ཚིག་ཟུར་མི་ངདྲ་བ་སྣང་ངོ༌། །དེ་ལྟར་ཉོན་མོངས་པའི་ང་རྒྱལ་གྱིས་སེམས་ཁེངས་ཤིང་དེའི་དབང་དུ་གྱུར་ནས་སྡུག་བསྔལ་སྣ་ཚོགས་ཀྱིས་ཡིད་གདུངས་པས་ཉམ་ཐག་པར་གྱུར་པའི་དཀའ་ཐུབ་ ཅན་དེ་ཡང་བསྔགས་པར་འོས་པའི་ང་རྒྱལ་ཆེན་པོ་ཅན་དུ་གཏོགས་པ་ཡིན་ན། སྙིང་རྗེའི་གནས་སུ་གྱུར་པའི་དམན་པ་ཉམ་ཆུང་བ་གཞན་ཅི་འདྲ་ཞིག་ཡིན་པར་སྨྲོས་ཤིག་སྟེ་སྨྲ་རྒྱུ་མེད་པས་ན་དེ་དག་ནི་དམན་ཞིང་ཉམ་ཐག་པ་ཤིན་ཏུ་སྙིང་

Page: 715 ༄༅། །རྗེ་བའི་འོས་སུ་གྱུར་པ་ཡིན་ཞེས་པའོ། །བསླབ་བཏུས་ཀྱི་བསོད་ནམས་བསྲུང་བའི་སྐབས་སུ། ཁེངས་པ་རྟག་ཏུ་སྤང་བར་བྱ། །ཞེས་ང་རྒྱལ་སོགས་བྱས་ན་དགེ་རྩའི་འབྲས་བུ་ཕྱིར་བསྣུར་བར་འགྱུར་བས་དེ་ལས་ བསྲུང་དགོས་པ་དང༌། དཀོན་མཆོག་སྤྲིན་སོགས་ཀྱི་ལུང་དྲངས་ནས་བྱང་སེམས་ཀྱིས་སྦྱིན་པ་བཏང་བ་དང་རང་ལ་རྙེད་བཀུར་སྙན་གྲགས་བྱུང་བ་སོགས་ཀྱིས་ཀྱང་སེམས་ཁེངས་པར་མི་བྱ་བ་དང༌། དམན་པའི་ཡིད་ཀྱིས་གདོལ་བུ་ ལྟར་འཇིག་རྟེན་ན་སྤྱོད་དགོས་པ་དང༌། རྟག་ཏུ་བསོད་སྙོམས་སློང་བའི་འདུ་ཤེས་བཞག་སྟེ་དམན་པའི་ཡིད་ཀྱིས་གནས་ནས་རྒྱགས་པ་དང་ཁེངས་དྲེགས་སོགས་མི་བྱ་བར་ཐམས་ཅད་ལ་གུས་པར་བྱ་དགོས་པ་དང༌། ང་རྒྱལ་གྱི་ལས་ཀྱི་ རྣམ་གྲངས་དང་དེའི་ཉེས་དམིགས་སོགས་མང་དུ་གསུངས་སོ། །གཉེན་པོའི་ང་རྒྱལ་ཅན་ལ་བསྔགས་པ་ནི། འོ་ན་བསྔགས་པར་འོས་པའི་ང་རྒྱལ་ཅན་དེ་གང་ཡིན་ཞེ་ན། རྒྱལ་སྲས་སེམས་དཔའ་ཆེན་པོ་གང་ཞིག་སེམས་ཁེངས་པའི་ རྣམ་པ་ཅན་གྱི་ང་རྒྱལ་སོགས་སྤང་བྱ་ཉོན་མོངས་པའི་དགྲ་མ་རུངས་པའི་ཚོགས་ཀྱི་གཡུལ་ངོ་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་དུ་༌་གཉེན་པོའི་ང་རྒྱལ་གྱི་སྟོབས་ཆེན་པོ་འཆང་བ་དེ་ནི་གཉེན་པོའི་ནུས་པ་སྟོབས་ཆེ་བས་ན་བསྔགས་པར་འོས་པའི་ ང་རྒྱལ་ཅན་དང༌། ཉོན་མོངས་པའི་དགྲ་ཐམས་ཅད་འཇོམས་ནུས་པས་དགྲ་ལས་རྣམ་པར་རྒྱལ་བ་དང༌། མི་མཐུན་པའི་ཕྱོགས་ཐམས་ཅད་གཟི་བརྗིད་ཀྱིས་ཟིལ་གྱིས་གནོན་ནུས་པའི་དཔའ་བོ་ཡང་དེ་ཉིད་ཡིན་ཏེ། གང་གི་ཕྱིར་ན་དེ་

Page: 716 འདྲའི་གང་ཟག་གང་ཞིག་གིས་སེམས་ཁེངས་པའི་ཉོན་མོངས་པའི་ང་རྒྱལ་གྱི་དགྲ་བདོ་བ་སྟེ་དར་ལ་དྲག་པ་དེ་ཡང་དེས་ངེས་པར་རྩ་བ་ནས་བཅོམ་སྟེ་ཁམས་གསུམ་གྱི་འགྲོ་བ་མཐའ་དག་ལ་ཇི་ལྟར་འདོད་པ་བཞིན་དུ་གནས་སྐབས་ལྷ་ མིའི་འབྲས་བུ་དང་མཐར་ཐུག་རྒྱལ་བའི་འབྲས་བུ་ཕྲིན་ལས་དང་བཅས་པ་རྫོགས་པར་སྟེར་བར་བྱེད་ནུས་པའི་ཕྱིར་རོ། །འདི་ལ། གང་ཞིག་ང་རྒྱལ་དགྲ་བདོ་ཞེས་དང་གང་ཕྱིར་ང་རྒྱལ་དགྲ་བདོ་ཞེས་མི་འདྲ་བ་ཡོད་ལ། ངེས་བཅོམ་དང་ དེས་བཅོམ་ཞེས་མི་འདྲ་བའང་ཡོད་དམ་སྙམ་མོ། །གསུམ་པ་ཉོན་མོངས་པའི་ང་རྒྱལ་ནི། ཉོན་མོངས་ཕྱོགས་ཀྱི་སོགས་ཏེ། དེ་ལ། ཉོན་མོངས་པའི་གཉེན་པོའི་སྟོབས་བསྐྱེད་པ་ནི། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་མང་པོ་ཕྱོགས་ གཅིག་ཏུ་ཚོགས་པའི་སྡེ་ཚན་ཉིད་ཀྱི་ཁྲོད་ན་གནས་པ་དང་ཉོན་མོངས་པ་དེ་དང་དེ་སྤོང་ཐབས་ཀྱི་གཉེན་པོའི་སྟོབས་ཀྱི་རྣམ་པ་མི་འདྲ་བ་སྟོང་འགྱུར་དུ་བསྐྱེད་ནས་མི་མཐུན་ཕྱོགས་དེ་རྣམས་ཀྱི་དབངད་མི་འགྱུར་བར་བསྲན་བཙུགས་པར་བྱ་དགོས་ཏེ། དཔེར་ན་ཝ་སྐྱེས་ལ་སོགས་པ་རི་དྭགས་ཕལ་པས་སེང་གེ་ལ་གླགས་བལྟས་ནས་གནོད་པས་མི་ཚུགས་ཤིང་སེང་གེ་གཟི་བརྗིད་ཆེ་བས་དེ་དག་ཟིལ་གྱིས་གནོན་པ་བཞིན་དུ་སྤང་བྱ་ཉོན་མོངས་པའི་ཚོགས་ཀྱིས་ཀྱང་གཉེན་པོ་བདག་མེད་རྟོགས་པའི་ ཤེས་རབ་ཀྱི་ཕྱོགས་ལ་ཟནགནོད་པ་མི་ཚུགས་པར་བྱ་བ་དང་གཉེན་པོའི་སྟོབས་ཀྱིས་ཉོན་མོངས་འཇོམས་པ་ལ་མཁས་པར་བྱའོ། །འདི་ནི་ཉོན་མོངས་པའི་དགྲ་ལ་ཁྱད་དུ་བསད་ནས་ཚུར་མི་ཚུགས་ཤིང་ཕར་འཇོམས་པར་འདོད་པས་ཉོན་མོངས་པའི་


Page: 717 ༄༅། །ང་རྒྱལ་ཞེས་བཏགས་སོ། །ཉོན་མོངས་པའི་གནོད་པས་མི་ཚུགས་པའི་ཐབས་ནི། གཞན་གྱིས་གནོད་པ་དང་འཇིགས་པ་ལ་སོགས་པའི་ཉམ་ང་ཆེ་ཐང་སྟེ་ཉམ་ང་ཆེན་པོ་བྱུང་བར་གྱུར་ཀྱང་དཔེར་ན་མི་ཡི་མིག་ནི། གཅེས་ སྤྲས་ཆེན་པོ་བྱས་ནས་བསྒྲིམས་ཏེ་བསྲུང་བ་ལྟར། དེ་བཞིན་དུ་ཉོན་མོངས་པ་དྲག་པོའི་རྐྱེན་གློ་བུར་དུ་བྱུང་ནས་དེའི་དབང་དུ་འགྲོ་ལ་ཁད་པའི་ཉམ་ང་ཆེན་པོ་བྱུང་བར་གྱུར་ཀྱང་དྲན་ཤེས་བསྒྲིམས་ཏེ་གཉེན་པོའི་སྟོབས་བསྐྱེད་ནས་མི་མཐུན་ཕྱོགས་ཉོན་ མོངས་པའི་དགྲའི་དབང་དུ་ཅུང་ཟད་ཀྱང་མི་འགྱུར་བར་བྱའོ། །ཡང་རྒྱ་དཔེ་དང་འགྲེལ་པ་རྣམས་སུ། ཉམ་ང་སྟེ། སྡུག་བསྔལ་ཆེ་ཐང་བྱུང་གྱུར་ཀྱང་། །རོ་ནི་མིག་གིས་མི་མཐོང་ལྟར། །ཞེས་ཡོད་དེ་གནོད་པ་དང་སྡུག་བསྔལ་ལ་སོགས་པའི་ ཉམ་ང་ཆེ་ཐང་བྱུང་བར་གྱུར་ཀྱང་གཉེན་པོ་དགེ་བའི་ཕྱོགས་ཁོ་ན་ལ་འཇུག་པར་བྱའི་ཉོན་མོངས་པའི་ཕྱོགས་ལ་བློ་མི་༌་འཇུག་པའི་ཚུལ་གྱིས་དེའི་དབང་དུ་གཏན་ནས་མི་འགྱུར་བར་བྱ་སྟེ་དཔེར་ན་ཐ་མལ་པའི་མིག་དབང་ནི་རང་ཡུལ་གཟུགས་ཀྱི་སྐྱེ་ མཆེད་ཁོ་ན་ལ་འཇུག་གི་མངར་བ་སོགས་ཀྱི་རོ་ལ་གཏན་ནས་མི་འཇུག་ཅིང་དེ་ནི་མིག་གིས་ནམ་ཡང་མི་མཐོང་བ་ལྟར་བྱའོ་ཞེས་པའོ། །བདག་ནི་བསྲེགས་ཏེ་སོགས་གཉེན་པོ་བརྟན་པའི་ཚད་སྟོན་པའི་ཚིགས་བཅད་འདི་རྒྱ་དཔེ་ལ་མེད་ཅིང་འགྲེལ་པས་ཀྱང་ མ་བཀྲལ་བར་གསུངས་ལ་དོན་ནི་སྔར་བཤད་ལྟར་དང༌། དེ་བཞིན་གནས་སྐབས་སོགས་ཀྱི་ཚིག་རྐང་གཉིས་ཀྱང་རྒྱ་དཔེ་དང་འགྲེལ་པ་ན་མེད་པར་གསུངས་པས་དེ་ལྟར་བྱས་ན་འཆད་བདེ་ལ། དོན་ནི་དེ་བཞིན་དུ་གནས་སྐབས་ཐམས་ཅད་དུ་གཉེན་

Page: 718 པོའི་སྟོབས་བསྐྱེད་ནས་སྤང་བྱ་ཉོན་མོངས་འཇོམས་པའི་བྱ་བ་བྱེད་པ་ལྟ་བུའི་རིགས་པ་ལས་ནི་གཞན་ནམ་ཡང་མི་སྤྱོད་དོ་ཞེས་པ་ཡིན་ལ། ཚིག་རྐང་གཉིས་པོ་འདི་བརྟན་པའི་དཔུང་གི་མཇུག་ཏུ་ཡར་སྦྱར་ནས་འགའ་ཞིག་འཆད་ལ་ཡང་དགའ་ བའི་དཔུང་ལ་མར་སྦྱར་ནས་འཆད་པའང་སྣང་ངོ༌། །ཡང་འགྲེལ་ཆེན་སོགས་སུ་བདག་ཉིད་གཅིག་པུས་བྱའོ། །ཞེས་སོགས་ལས་ཀྱི་ང་རྒྱལ་དང་། ཤི་བའི་སྦྲུལ་དང་སོགས་ཉོན་མོངས་པའི་ང་རྒྱལ་དང༌། ཉོན་མོངས་ཕྱོགས་ཀྱི་སོགས་ནུས་པའི་ང་ རྒྱལ་དུ་བྱས་ནས་འཆད་པར་མཛད་ལ། ཡང་བདག་ཉིད་གཅིག་པུས་སོགས་ལས་ཀྱི་ང་རྒྱལ་དང༌། ཉོན་མོངས་དབང་མེད་སོགས་ནུས་པའི་ང་རྒྱལ་དང༌། བདག་གིས་ཀུན་ལས་རྒྱལ་བྱ་སོགས་དང་ཤི་བའི་སྦྲུལ་སོགས་ཉོན་མོངས་པའི་ང་རྒྱལ་དང་སྦྱར་ནས་ བཤད་པ་དང༌། ཡང་ལས་ཀྱི་ང་རྒྱལ་དེ་ལྟར་དང༌། ཤི་བའི་༠སྦྲུལ་སོགས་ནུས་པའི་ང་རྒྱལ་དང༌། གང་ཞིག་ང་རྒྱལ་དགྲ་ལས་རྒྱལ་སོགས་ཀྱིས་ཉོན་མོངས་འཇོམས་པའི་ང་རྒྱལ་བསྟན་པར་འཆད་པའང་ཡོད་ལ་ཚིག་འགྲེལ་གྱི་སྐབས་སུ་ཡང་རང་རང་ གིས་འཇོག་ཚུལ་དེ་དང་དེར་བསྟུན་ནས་སོ་སོར་འཆད་པར་མཛད་དོ། །དེ་ལྟ་བུའི་བརྟན་པའི་སྟོབས་ཀྱི་དོན་བསྡུ་ན་འདི་ལྟར་ཡིན་ཏེ། གང་ལ་བརྩོན་འགྲུས་བརྩམས་པ་དེ་ལས་མི་ལྡོག་པར་མཐར་འབྱིན་པ་ནི་བརྟན་པའི་སྟོབས་ཡིན་ལ་དེ་ཡང་དང་པོ་དམ་ བཅས་པ་དེ་མཐར་མ་ཕྱིན་པར་བར་སྐབས་སུ་དོར་བའི་ཉེས་དམིགས་བསམ་ལ་ལེགས་པར་བརྟགས་ནས་གང་བྱ་བར་བརྩམས་ནས་དམ་བཅས་པ་དེ་ཐམས་ཅད་ལ་མཐར་དབྱུང་འདོད་ཀྱི་བས་མ་པ་བརྟན་པོ་བསྐྱེད་དེ། དགེ་བའི་ལས་གང་སྒྲུབ་པ་ན་

Page: 719 ༄༅། །ཡང་གཞན་སུ་ལའང་གྲོ། ས་ཀྱི་རེ་ལྟོས་མི་འཆའ་བར་བདག་ཉིད་གཅིག་པུས་བྱེད་པར་གོ་བགོ། །ཉོན་མོངས་སྤོང་བ་དང་གཞན་དོན་སྒྲུབ་པ་སོགས་ལ་འཇུག་པ་ན་སྙིང་སྟོབས་ཆེན་པོ་བསྐྱེད་ནས་དེ་དག་བདག་གིས་བྱ་བར་ནུས་ སོ་སྙམ་དུ་གདེང་འཆའ། དེ་ལྟར་གདེང་བཅས་ནས་སྒྲུབ་པའི་ཚེ་ཡང་ཉོན་མོངས་ཀྱི་གནོད་པས་ཚུར་ལ་ནམ་ཡང་མི་ཚུགས་ལ་ཕར་ལ་གཞོམ་ནུས་པའི་བློའི་དཔའ་བསྐྱེད་ནས་བརྟན་པར་བྱ་བ་ཡིན་གྱི་དེ་ལྟར་མ་བྱུང་པོ་བར་དུ་བློ་སྦྱོང་དགོས་པར་གསུངས་ སོ། །བསླབ་བཏུས་ལས། དགེ་རྩ་སྤེལ་བའི་སྐབས་སུ། བརྩོན་དང་བསམ་པ་བརྟན་པར་ཡང་། །དང་པོར་ནན་ཏན་བྱས་ནས་ནི། །སྙིང་རྗེ་མདུན་དུ་བཞག་ནས་སུ། །དགེ་བ་སྤེལ་ལ་ནན་ཏན་བྱ། །ཞེས་བརྩོན་འགྲུས་བརྟན་པ་བསམ་པ་བརྟན་པ་སྙིང་ རྗེར་བརྟན་པའམ་སྙིང་རྗེ་སྔོན་དུ་བཏང་བ་གསུམ་བསྟན་པ་ལས། འདིར་བརྩོན་འགྲུས་བརྟན་པའི་དཔུང་ཙམ་ཞིག་བསྟན་པ་ཡིན་ལ། དོན་དེ་ཉིད་བསླབ་བཏུས་སུ་འཆད་པ་ན། འཕགས་པ་ནོར་བཟང་ལུས་སེམས་ཀྱི་སྟོབས་བརྟན་པོ་བསྐྱེད་ནས་རྗེ་བཙུན་ བྱམས་པའི་དྲུང་དུ་སོང་བའི་ཚུལ་དང༌། བློ་གྲོས་མི་ཟད་པའི་མདོ་སྔར་དྲངས་པ་ལྟར་བྱང་ཆུབ་སེམས་དཔའ་ནི་གཅིག་པུ་གཉིས་སུ་མེད་ཅིང་གྲོགས་མེད་པར་བླ་མེད་རྫོགས་བྱང་དུ་གོ་ཆ་གྱོན་ནས་བརྩོན་འགྲུས་ཀྱི་སྟོབས་ཀྱིས་བདུད་བཏུལ་ནས་འཚང་རྒྱ་ བར་འགྱུར་བའི་ཚུལ་དང༌། གོང་དུ་བཤད་པ་ལྟར་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་ལྷའི་བུ་ཉི་མ་འཆར་བ་དཔེར་བྱས་ནས་བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་དོན་བྱེད་ཚུལ་གསུངས་པ་སོགས་རྒྱས་པར་བསྟན་ཏོ། །གསུམ་པ་དགའ་བའི་དཔུང་ནི།

Page: 720 རྩེད་མོའི་བདེ་འབྲས་སོགས་ཏེ། དེ་ལ། རྒྱུ་འབྲས་གཉི་ག་བདེ་བའི་ལས་ལ་དགའ་བར་བྱ་བ་ནི། གོང་དུ་བཤད་པ་ལྟར་མོས་པའམ་འདུན་པ་དྲག་པོའི་སྟོབས་ཀྱིས་བརྩོན་འགྲུས་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་ཟིན་མི་ལྡོག་པའི་རྒྱུ་རང་རྒྱལ་གྱི་སྟོབས་ སམ་བརྟན་པའི་སྟོབས་བསྐྱེད་དེ་དེ་ནས་གཞན་དོན་བྱ་བའི་ལས་དངོས་ལ་འཇུག་པའི་ཚེ་དཔེར་ན་རྩེད་མོ་ལ་དགའ་བའི་༌བྱིས་པ་འགའ་ཞིག་རྒྱུན་པོ་འགྱེད་པ་ལ་སོགས་པ་རྩེད་མོ་རྩེ་བའི་གནས་སྐབས་ཀྱི་བདེ་བའི་འབྲས་བུ་ཙམ་ལ་དགའ་ཞིང་དེ་བྱ་འདོད་པ་ཡང་དེ་ ལྟ་བུའི་དམན་པའི་ལས་དེའི་འཕྲོ་གཅོད་པར་མི་འདོད་ཅིང་དེས་མི་ངོམས་པར་སྤྲོ་བས་འཇུག་པ་ལྟར་བྱང་ཆུབ་སེམས་དཔའ་འདི་ཡི་གཞན་དོན་དུ་བྱ་བར་འོས་པའི་དགེ་བའི་ལས་སྐབས་སུ་བབ་པ་ཀློག་པ་ཐོས་བསམ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་སོགས་སྤོང་ བ་བསམ་གཏན་གྱི་༌་ལས་བཟང་པོ་གང་ཡིན་པ་དེ་དང་དེ་ལ་དང་པོར་འཇུག་པའི་ཚེ་ཡང་ལས་དེ་དག་རྣམས་ལ་ནི་ཞེན་པར་བྱ་སྟེ་ཞེས་མངོན་པར་དགའ་ཞིང་སྤྲོ་བའི་སྒོ་ནས་འཇུག་པ་དང་། ཞུགས་ནས་ཀྱང་གཞན་ཕན་སྒྲུབ་པའི་རྒྱལ་སྲས་ཀྱི་སྤྱོད་པའི་ལས་ དེའི་འཕྲོ་གཅོད་པར་མི་འདོད་ཅིང་ལས་དེས་ནམ་ཡང་མི་ངོམས་པར་དེ་འབའ་ཞིག་བྱེད་པ་ལ་དགའ་བར་གྱུར་ནས་ཡང་ནས་ཡང་དུ་རྒྱུན་མི་འཆོད་པར་དེ་ཉིད་བྱ་བར་འདོན་པས་དེ་ལ་འཇུག་པར་བྱེད་པ་ནི་དགའ་བའི་སྟོབས་ཡིན་པས་དེ་བསྐྱེད་པར་བྱའོ། །དེ་ ཡང་འབྲས་བུ་བདེ་བས་མི་ངོམས་པ་བཞིན་དུ་དེའི་རྒྱུར་གྱུར་པའི་ལསཀྱིས་ཀྱང་མི་ངོམས་པར་བྱ་དགོས་ཏེ། འཇིག་རྟེན་པའི་སྐྱེ་བོ་ཕལ་པ་རྣམས་ཀྱིས་རང་གི་ལུས་སེམས་ལ་འབྲས་བུ་བདེ་བ་འབྱུང་བའི་དོན་དུ་རྒྱུ་ཚོང་དང་། ཞིང་ལས་ལ་སོགས་པ་སྡིག་

Page: 721 ༄༅། །སྡུག་དང་འབྲེལ་བའི་ལས་བྱས་ཀྱང་འབྲས་བུ་བདེ་བ་འཐོབ་པའི་རྒྱུར་འགྱུར་༌རམ་མི་འགྱུར་གཏོལ་མེད་པ་སྟེ་བདེ་བ་ཐོབ་པའི་ངེས་པ་མེད་ཅིང་ཐེ་ཚོམ་ཟ་བ་ཉིད་ཀྱི་ལས་ལ་ཡང་འབད་ནས་འཇུག་པར་བྱེད་ན་བྱང་ཆུབ་སེམས་དཔའ་གང་ གི་ལས་སུ་བྱ་བ་ད་ལྟ་གཞན་ཕན་གྱི་བྱ་བ་བྱེད་པའི་ལས་ཉིད་ཀྱང་ཁ་ན་མ་ཐོ་བ་དང་མ་འབྲེལ་བས་དགེ་ཞིང་ལེགས་ལ་དེ་བྱས་པས་བྱང་སེམས་རང་གི་ཡིད་ལའང་དགྱེས་པ་སྐྱེད་པས་བདེ་ཞིང་དེ་ལས་བྱུང་བའི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཡང་བདེ་བ་ འབྱུང་བར་འགྱུར་བ་ནི་ངེས་པ་ཅན་ཡིན་པས་དེ་ལ་དགའ་སྤྲོ་བས་འབད་ནས་མི་ངོམས་པའི་ཚུལ་གྱིས་འཇུག་དགོས་པ་སྨོས་སུ་མེད་པ་ཡིན་པ་ལ། དེ་ལྟ་བུའི་ལས་ལ་འཇུག་པར་མི་བྱེད་ཅིང་ཡལ་བར་འདོར་བར་བྱེད་པ་རྣམས་ལ་ནི་ཇི་ལྟར་བདེ་བ་འཐོབ་ པར་འགྱུར་ཏེ། བདེ་བ་མཐའ་ཡས་པ་འཐོབ་བྱེད་ཀྱི་རྒྱུ་སྤངས་པའི་ཕྱིར་ཐོབ་པར་མི་འགྱུར་རོ། །དེ་བས་ན་བྱིས་པ་རྩེད་མོའི་ལས་ལ་དགའ་ཞིང་ངོམས་པ་མེད་པར་འཇུག་པ་ལྟར་གནས་སྐབས་དང་མཐར་ཐུག་ཀུན་ཏུ་བདེ་བ་རྒྱ་ཆེན་པོ་འཐོབ་པར་འདོད་ པས་རྒྱལ་སྲས་སྤྱོད་པའི་ལས་དེ་ལ་ངོམས་པ་མེད་པར་དགའ་བའི་སྒོ་ནས་འཇུག་པར་བྱ་རིགས་སོ། །ལས་དེས་ངོམས་པར་མི་རིགས་པའི་རྒྱུ་མཚན་གཞན་ནི། ལས་དེ་ལ་དགའ་བས་འཇུག་ཀྱང་ཅུང་ཟད་ཀྱིས་ཆོས་གོ་ཞེ་ན། རྒྱུ་མཚན་འདིས་ཀྱང་ ངོམས་པར་བྱ་མི་རིགས་ཏེ། ཤིན་ཏུ་རྣོ་བའི་སྤུ་གྲིའི་སོ་ལརྩེར་ཆགས་པའི་སྦྲང་རྩིའི་རོ་ལ་ལྕེས་བལྡག་པ་ན་མངར་བའི་རོ་ཅུང་ཟད་ཙམ་མྱོང་རྒྱུ་ཡོད་ཀྱང་ལྕེ་གཤག་པའི་སྡུག་བསྔལ་སྟེར་བར་བྱེད་པ་ལྟ་བུའི་འཕྲལ་བདེ་ཅུང་ཟད་ཙམ་མྱོང་རྒྱུ་ཡོད་ཀྱང་

Page: 722 འདི་ཕྱི་ཀུན་ཏུ་སྡུག་བསྔལ་ཚབས་ཆེན་སྟེར་བས་ན་ཁེ་ཆུང་ལ་ཉེན་ཤིན་ཏུ་ཆེ་བའི་འདོད་པའི་ཡོན་ཏན་གཟུགས་སྒྲ་ལ་སོགས་པ་ཡིད་དུ་འོང་བ་དག་ལ་འཁོར་བའི་གནས་རིས་འདིར་ཇི་ཙམ་སྤྱད་ཀྱང་དེ་རྣམས་ཀྱིས་ད་དུང་ཡང་མི་ངོམས་པར་སྤྱོད་པར་བྱེད་ན་ ཁ་ན་མ་ཐོ་བ་མེད་ཅིང་གནས་སྐབས་རྣམ་སྨིན་གྱི་འབྲས་བུ་མངོན་མཐོ་ལྷ་མིའི་བདེ་བ་ཁྱད་པར་ཅན་སྟེར་བར་བྱེད་ལ་མཐར་ཐུག་སྲིད་པའི་སྡུག་བསྔལ་རྒྱུ་དང་བཅས་པ་ཉེ་བར་ཞི་བ་ཡི་ངེས་པར་ལེགས་པ་མྱ་ངན་ལས་འདས་པ་ཐོབ་བྱེད་ཀྱི་རྒྱུར་གྱུར་པའི་ བསོད་ནམས་དགེ་བའི་ཚོགས་བདུད་རྩི་ལྟ་བུ་རྣམས་ཀྱིས་ལྟ་ཅི་སྟེ་ངོམས་པར་རིགས་སྙམ་དུ་བསམ་ལ་ནམ་ཡང་ངོམས་མི་ཤེས་པའི་བསམ་པ་བསྐྱེད་པར་བྱའོ། །ལས་དེ་རྫོགས་པར་བྱ་ཕྱིར་དགའ་བས་འཇུག་པར་གདམས་པ་ནི། རྣམ་སྨིན་བདེ་ལ་ཞི་ འི་ལས་དེ་ལ་འཇུག་རིགས་པ་དེ་ལྟས་ཏེ་དེའི་ཕྱིར་གཞན་དོན་དུ་དགེ་བའི་ལས་གང་བརྩམས་པ་དེ་ཚར་ཕྱིན་པར་བྱ་བའམ་མཐར་ཕྱིན་པར་བྱ་བའི་ཕྱིར་དུ། དཔེར་ན་སོས་ཀ་ཉི་མ་ཕྱེད་ལ་བབས་པའི་དུས་སུ་ཆུ་མ་རྙེད་ཅིང་ཉི་ཚན་གྱིས་ལྷག་པར་གདུངས་ ཤིང་སྐོམ་པར་གྱུར་པ་ཡི་གླང་བོ་ཆེན་པོ་དག་རེག་བྱ་བསིལ་ཞིང་སྐོམ་པ་སེལ་བར་བྱེད་པའི་ཆུས་ཡོངས་སུ་གང་ཞིང་མེ་ཏོག་པད་མས་བརྒྱན་པའི་མཚོ་ཡིད་དུ་འོང་བ་དང་འཕྲད་ནས་འཕྲད་མ་ཐག་ཏུ་ཚམ་ཚོམ་མེད་པར་དགའ་ཞིང་སྤྲོ་བས་མཚོ་ནང་དེར་ འཇུག་པ་ལྟར་བྱང་སེམས་རྣམས་གཞན་ཕན་སྒྲུབ་པའི་ལས་དེ་ལ་ཡང་དགའ་ཞིང་མངོན་པར་སྤྲོ་བས་འཇུག་ཅིང་ཞུགས་ནས་ཀྱང་ལས་དེ་ཡོངས་སུ་རྫོགས་པར་བྱའོ། །ཡང་ན་ཚིགས་བཅད་དང་པོས་རྒྱལ་སྲས་སྤྱོད་པའི་ལས་དེ་ལ་དགའ་ཞིང་མི་

Page: 723 ༄༅། །ངོམས་པས་འཇུག་དགོས་པར་མདོར་བསྟན་ནས། ཚིགས་བཅད་གཉིས་པས་དགའ་བས་འཇུག་རིགས་པའི་རྒྱུ་མཚན་དང་གསུམ་པས་མི་ངོམས་པར་འཇུག་རིགས་པའི་རྒྱུ་མཚན་ཏེ་རྒྱུ་མཚན་གཉིས་རྒྱས་པར་བསྟན། བཞི་པ་དགའ་བའི་སྟོབས་ཞེས་པའི་དོན་དང་སྦྱར་ཏེ་དེ་ལ་འཇུག་པར་གདམས་པས་དོན་བསྡུ་བསྟན་པའི་དབང་དུ་བྱས་ནས་བཤད་ཀྱང་ལེགས་སོ། །བཞི་བ་དོར་བའི་དཔུང་ནི། སྟོབས་ཉམས་པ་དང་སོགས་ཏེ། བསམ་གཏན་བསྒོམས་པ་ལྟ་བུས་ སྐྱོ་བར་འགྱུར་བའམ་གཞན་དོན་དུ་དགེ་བའི་ལས་ལ་ཧ་ཅང་བརྩོན་འགྲུས་བརྩམས་ཆེས་པས་ལུས་སེམས་དུབ་པར་གྱུར་ནས་སྟོབས་ཉམས་པ་དང་རྗེས་སུ་འབྲེལ་ནས་ལས་དེ་སྒྲུབ་པའི་ནུས་པ་ཉམས་ཤིང་ཞན་པར་གྱུར་ན་ངལ་བསོས་ཏེ་ལུས་སེམས་ ཀྱི་ནུས་པ་བརྟས་པར་བྱས་ཏེ་སླར་ཡང་ཏིང་འཛིན་སྒོམ་པ་༌་དང་གཞན་དོན་སྒྲུབ་པ་སོགས་ཀྱི་ལས་དེ་རྫོགས་པར་བསྒྲུབ་པར་བྱ་བའི་དོན་དུ་རེ་ཤིག་ངལ་གསོ་ཞིང་༌འདོར་བར་བྱ་དགོས་ཏེ་དེ་ལྟར་མ་བྱས་ན་ཤིན་ཏུ་སྐྱོ་ཞིང་སུན་པས་ཕྱིས་བརྩོན་པའི་ བར་ཆད་དུ་འགྱུར་བའི་ཕྱིར་རོ། །དེ་ནས་ངལ་སོས་མ་ཐག་ཡང་བརྩོན་འགྲུས་བརྩམས་པར་བྱ་སྟེ་དེ་ནི་མི་ནུས་པ་རེ་ཤིག་དོར་བའི། འདི་བརྩམས་ནས་ལྡོག་པར་མི་བྱ་ཞེས་གོང་དུ་བཤད་པའི་དམིགས་བསལ་ལོ། །ཡང་སྔར་གང་བརྩམས་ པའི་དགེ་བའི་ལས་དེ་ལེགས་པར་ཟིན་ནས་མཐར་ཐོན་པར་གྱུར་ན་དེ་ཙམ་གྱིས་ཆོག་ཤེས་བྱས་ནས་མི་སྡོད་པར་དེ་བས་ལྷག་པའི་དགེ་བའི་ལས་ཕྱི་མ་དང༌། ་དེ་ཟིན་ནས་ཡང་དེ་བས་ཀྱང་བཟང་ཞིང་མཆོག་ཏུ་གྱུར་པའི་དགེ་བའི་ལས་ཕྱི་མ་བྱ་བ་སོགས་

Page: 724 གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་གཞན་དང་གཞན་ལ་འཇུག་པར་འདོད་པས་སྔ་མ་སྔ་མ་བྱས་ཟིན་པ་དེ་དང་དེ་དག་སྤང་ཞིང་འདོར་བར་བྱ་དགོས་ཏེ་དེ་མ་དོར་ན་ཁྱད་པར་ཅན་གོང་མ་གོང་མ་སྒྲུབ་པའི་གེགས་སུ་འགྱུར་བའི་ཕྱིར་རོ། །དེ་ནི་ བྱས་ཟིན་པ་གཏན་དུ་དོར་བའི་ཚུལ་ལོ། །དེ་ལྟར་བརྩོན་འགྲུས་གོང་འཕེལ་དུ་གཏོང་བ་གལ་ཆེ་སྟེ་དེ་ལྟ་མིན་པར་ཡོན་ཏན་སྔ་མ་རེས་ཆོག་ཤེས་བྱས་ནས་བསྡད་ན་ཡོན་ཏན་གོང་མ་མང་པོ་འཐོབ་པ་ལ་གེགས་ཆེན་པོར་འགྱུར་བར་གསུངས་པའི་ཕྱིར་རོ། ། འདི་ནི་བརྩོན་འགྲུས་རྩོམ་ལུགས་བསྟན་པ་སྟེ་ཧ་ཅང་རྩོལ་བ་དྲགས་པ་དང་ཧ་ཅང་ལྷོད་པའི་སྐྱོན་གཉིས་ཀ་སྤངས་ཏེ་ཆུ་བོའི་རྒྱུན་ལྟར་བརྩོན་པ་རྒྱུན་མི་འཆད་དུ་བསྟེན་དགོས་ཞེས་པའོ། །དཔའ་བོས། ཁྱོད་ལ་ཐང་ལྷོད་འགའ་མ་བྱུང༌། །དེ་སླད་ ཁྱོད་ཀྱི་ཁྱད་པར་རྣམས། །ཐོག་དྲུང་རིམ་པ་དབྱེར་མ་མཆིས། །ཞེས་པ་ལྟར་ཡིན་པར་གསུངས་སོ། །གཉིས་པ་སྟོབས་གཉིས་བསྐྱེད་ཚུལ་ལ་གཉིས། ལྷུར་ལེན་གྱི་སྟོབས། དབང་བསྒྱུར་གྱི་སྟོབས་སོ། །དང་པོ་ནི། འཐབ་རྙིང་ དག་དང་སོགས་ཏེ། དེ་ལ། བག་ཡོད་ལྷུར་བླང་བ་ནི། དཔེར་ན་འཐབ་མོ་བྱེད་པའི་ལས་དེ་ལ་སྔ་ནས་གོམས་ཤིང་འདྲིས་པས་རྙིང་པར་གྱུར་པ་མཚོན་ཆའི་ལས་དང་དགྲ་ཐབས་ལ་མཁས་པའི་སྐྱེ་བོ་དག་ཕ་རོལ་གྱི་དགྲ་དང་ལྷན་ཅིག་ཏུ་གཡུལ་ ངོར་རལ་ཁ་ལྷགས་པའམ་རལ་ཁ་འགྱེད་པ་སྟེ་ཕན་ཚུན་རལ་གྲི་བརྡེག་རེས་བྱེད་པའི་ཚེ་ཕ་རོལ་འཇོམས་པ་གཅིག་པུའི་རྩིས་མི་བྱེད་ཀྱི་རང་ལ་ཚུར་མཚོན་གྱིས་གནོད་པ་འབབ་པ་ལས་གཟུར་བ་དང་ཕར་དགྲ་བོ་ལ་མཚོན་ཆས་བསྣུན་ནས་འཇོམས་

Page: 725 ༄༅། །པའི་ལས་གཉིས་ཀ་སྒྲུབ་པ་ལ་མཁས་པ་བཞིན་དུ། ལམ་ཉམས་སུ་ལེན་པ་པོ་ཡང་ཉོན་མོངས་པའི་དགྲ་དང་འཐབ་པའི་ཚེ་ཉོན་མོངས་པས་ཚུར་སེམས་ལ་རྨ་འབྱིན་པར་བྱེད་པའི་མཚོན་ཆ་འདེབས་༌པ་ལས་ཟོན་བྱེད་ཅིང་ གཟུར་བར་བྱ་ཞིང་ཕར་ཉོན་མོངས་པའི་དགྲ་རྣམས་ལ་གཉེན་པོའི་མཚོན་ཆ་རྣོན་པོ་བཏབ་ནས་འཇེབས་བར་བཏེགས་པའམ་གཞོམ་པར་གཏེག་བ་སྟེ་རྩ་བ་ནས་བཅོམ་སྟེ་ཕྱེ་མ་ཞིབ་མོར་བྱས་པ་ལྟར་དུ་བརླག་པ་ལ་མཁས་པར་བྱས་ནས་སླར་གླགས་མི་ རྙེད་ཅིང་གནོད་མི་ནུས་པར་བྱའོ། །དེ་ལྟར་སྒོ་ཐམས་ཅད་ནས་ཉོན་མོངས་པའི་གཉེན་པོ་བསྟེན་པ་ལ་མཁས་པར་མ་བྱས་ན་ཉོན་མོངས་པའི་ཕྱོགས་གཅིག་གི་འཇུག་པ་གཉེན་པོས་བཀག་ཀྱང་ཉོན་མོངས་པའི་ཕྱོགས་གཞན་ཞིག་གི་བྱེད་པས་སེམས་ མ་ཉེས་པ་སྐྱེད་པའམ་དགེ་བའི་ཕྱོགས་འཇོམས་པར་བྱེད་པ་འོང་ལ་དེ་ལྟར་དེ་གཉིས་ཀ་མཉམ་པོར་སོང་ན་ཉམས་ལེན་ལ་སྐྱེད་འོང་བའི་དུས་ཤིན་ཏུ་དཀའ་བར་གསུངས་སོ། །དྲན་ཤེས་ལྷུར་བླང་བ་ནི། ཕ་རོལ་གྱི་དགྲ་དང་ལྷན་ཅིག་ཏུ་གཡུལ་སྤྲད་ནས་ འཐབ་པའི་ཚེ་གཡུལ་ངོ་དེ་ཉིད་དུ་བརྒྱུ་ལ་རང་གི་ལག་ནས་རལ་གྲི་ས་ལ་ལྷུང་བའམ་ཤོར་བར་གྱུར་ན་དགྲས་གསོད་ཀྱིས་དོགས་ནས་འཇིགས་པས་ལོང་ཡོད་མི་བྱ་བར་དེ་མ་ཐག་མྱུར་དུ་རལ་གྲི་ལེན་པ་ལྟར། དེ་བཞིན་དུ་ཉོན་མོངས་པའི་དགྲ་དང་གཡུལ་ འགྱེད་པའི་ཚེ་གཉེན་པོ་དགེ་བའི་དམིགས་རྣམ་མ་བརྗེད་པའི་དྲན་པའི་མཚོན་ཆ་ཤོར་ནས་སེམས་ཡེངས་པར་གྱུར་པ་ན་ཉོན་མོངས་པའི་ཉེས་པས་སེམས་རྒྱུད་ལ་གོས་པའི་དབང་གིས་དམྱལ་བའི་གནས་སུ་སྐྱེས་ནས་སྡུག་བསྔལ་མི་བཟད་པའི་

Page: 726 འཇིགས་པ་ཆེན་པོ་འབྱུང་ངེས་སོ་སྙམ་དུ་དྲན་པར་བྱས་ནས་སམ་ཤེས་བཞིན་གྱིས་དེ་མ་ཐག་རིག་པར་བྱས་ནས་དྲན་པའི་མཚོན་ཆ་མྱུར་དུ་བླང་བ་སྟེ་གཉེན་པོར་དྲན་ཤེས་བསྟེན་པར་བྱ་དགོས་སོ། །དེ་ལྟར་དྲན་ཤེས་བསྟེན་པ་འདི་ཤིན་ཏུ་གལ་ཆེ་ སྟེ་སྔར་བཤད་ཟིན་པ་ལྟར་རོ། །ཡུལ་གང་ལ་དྲན་པ་བསྟེན་པ་ཡིན་ན་འདི་ལྟར་ཤིང་གཤག་པ་ཁྱེའུས་འཛིན་པ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་འཇུག་ལྡོག་གི་གནས་སྤྱི་དང་ཁྱད་པར་རང་གིས་ཁས་བླངས་པའི་བསླབ་སྡོམ་རྣམས་ཀྱི་སྤང་ བླང་དག་མ་འདྲེས་པར་ལེགས་པར་ཕྱེ་བ་ཞིག་དྲན་པས་འཛིན་པ་ཡིན་ལ། དེ་ལྟ་བུའི་སྤང་བླང་གི་གནས་ལ་རྒྱུན་པར་དྲན་ཤེས་བརྟེན་ནས་ཉམས་སུ་བླངས་ན་ཉམས་ལེན་རིམ་གྱིས་རྫོགས་པར་འགྱུར་གྱི་སེམས་དམིགས་རྟེན་གང་རུང་རེ་ལ་འདོགས་ པ་གཅིག་པུ་ལ་དྲན་ཤེས་བསྟེན་པ་ཙམ་ཞིག་གཙོ་བོར་བྱས་པའི་ནི་གར་ཡང་མི་ཕྱིན་པར་གསུངས་སོ། །དེ་ཡང་གཡུལ་ངོར་རལ་ཁ་འགྱེད་པའི་ཚེ་དང་པོ་ནས་ལག་གི་རལ་གྲི་མ་ཤོར་བ་ལ་འབད་པ་དང་གལ་ཏེ་ཤོར་ན་ཡང་མྱུར་དུ་ལེན་པར་བྱེད་ པ་ནི་དགྲས་བསད་ཀྱིས་དོགས་པའི་འཇིགས་པ་ཚིག་ཙམ་མིན་པ་ཞིག་ཡོད་པ་ལ་ཐུག་པ་ལྟར་ལམ་ཉམས་སུ་ལེན་པ་པོས་ཀྱང་དང་པོ་ནས་སྤང་བླང་གི་གནས་གང་ཡིན་པ་དེ་མ་བརྗེད་པའི་དྲན་པའི་མཚོན་ཆ་མ་ཤོར་བ་ལ་འབད་པ་དང་གལ་ ཏེ་ཤོར་ན་ཡང་དེ་མ་ཐག་མྱུར་དུ་དྲན་པ་བསྟེན་པ་ནི་དྲན་པ་ཉམས་ན་ཉོན་མོངས་སྐྱེས་ནས་དེའི་དབང་གིས་བང་ཉེས་ལྟུང་གིས་སེམས་རྒྱུད་ལ་གོས་པའི་སྟོབས་ཀྱིས་འབྲས་བུ་དམྱལ་བར་ལྟུང་བའི་འཇིགས་པ་ཆེན་པོ་༌་འབྱུང་བའི་ཚུལ་ཚིག་ཙམ་མ་ཡིན་

Page: 727 ༄༅། །པ་ཞིག་རང་རྒྱུད་ལ་ཡོད་པ་ལ་ཐུག་པ་ཡིན་པར་གསུངས་ཏེ་དེ་ལྟར་ཤེས་པ་གལ་ཆེའོ། །དྲན་ཤེས་བསྟེན་ཏེ་ཉེས་པའི་སྐབས་མི་དབྱེ་བ་ནི། །ཉོན་མོངས་ཕྲ་མོ་རེ་སྐྱེས་པས་དེ་ཙམ་གནོད་མི་ནུས་པས་དེ་ལྟར་འབད་མི་དགོས་ སོ་སྙམ་ན། དགོས་ཏེ། ཇི་ལྟར་ཏེ་དཔེར་ན་དུག་ཅན་གྱི་མདའ་ལུས་ལ་ཟུག་ནས་རྨ་ཅུང་ཟད་ཅིག་བཏོད་ན་དུག་རྡུལ་ཕྲན་ཙམ་ལས་མེད་ཀྱང་རྩ་སྦུབས་ཀྱི་ཁྲག་ལ་བརྟེན་བཅས་ནས་དེ་མ་ཐག་པར་དུག་གིས་ནི་ལུས་ཐམས་ཅད་ལ་ཁྱབ་ཅིང་རྒྱས་པར་ འགྱུར་བས་ན་དུས་ལ་མི་སྡོད་པར་དེ་མ་ཐག་རྨ་དེ་བཅད་ནས་འདོར་དགོས་པ་དེ་བཞིན་དུ། གཉེན་པོ་དྲན་ཤེས་ཉམས་པ་སོགས་ཀྱི་དབང་ལས་ཉོན་མོངས་པས་གླགས་ནི་རྙེད་པར་གྱུར་ན་ཁོང་ཁྲོ་སོགས་ཀྱི་ཉོན་མོངས་པས་ཀུན་ནས་བསླངས་པའི་ཉེས་པ་ ཕྲ་མོ་ཞིག་གིས་སེམས་ལ་རྨ་ཅུང་ཟད་ཙམ་ལས་མ་བཏོད་ཀྱང་དེ་མ་ཐག་གཉེན་པོ་བསྟེན་ནས་རྒྱུན་མ་བཅད་ན་དེ་ལ་བརྟེན་ནས་རིང་པོར་མི་ཐོགས་པར་ཉོན་མོངས་པ་དེ་དང་དེས་བསྐྱེད་པའི་ཉེས་པར་སྤྱོད་པས་སེམས་རྒྱུད་ལ་ཁྱབ་པར་འགྱུར་བས་ན་ ཉོན་མོངས་པའི་གཡུལ་ལས་རྒྱལ་བར་འདོད་པས་དང་པོ་ནས་རང་རྒྱུད་ལ་ཉོན་མོངས་པའི་ཉེས་པ་ཕྲ་མོ་ཙམ་སྐྱེ་བར་ཕྱོགས་པ་ལའང་ཤིན་ཏུ་༌་འཇིགས་པར་བལྟས་ནས་དེའི་རྒྱུན་གཅིག་རྗེས་སུ་གཅིག་འཐུད་དུ་མི་གཞུག་པར་སྐྱེ་ལ་ཁད་ཀྱི་དུས་དེ་མ་ ཐག་ནས་གཉེན་པོ་དྲན་ཤེས་ཀྱི་སྟོབས་བསྐྱེད་ནས་བསྒྲིམས་ཏེ་དེའི་རྒྱུན་བཀག་ནས་སླར་དེའི་རྒྱུན་འཐུད་པའི་སྐབས་ཅུང་ཟད་མི་དབྱེ་བར་བཟློག་པར་བྱའོ། །བསྒྲིམས་ནས་དྲན་ཤེས་བསྟེན་ཚུལ་ཇི་ལྟར་ཡིན་ཞེ་ན། རྒྱལ་པོ་གཏུམ་པོའི་བཀས་

Page: 728 སྐྱེས་བུ་འགའ་ཞིག་ལ་ཡུངས་མར་ཏེ་མར་ནག་གིས་ཁང་ཆད་དུ་བཀང་བའི་སྣོད་བསྐུར་ནས་ལམ་འདྲེངས་ལ་འགྲོ་བཅུག་སྟེ། མི་གཞན་ཞིག་ལག་ན་རལ་གྲི་རྣོན་པོ་ཐོགས་པས་དེའི་དྲུང་དུ་བསྡད་ནས་ཡུངས་མར་འདི་ལས་ཐིགས་པ་གཅིག་ཙམ་ བོ་ན་དེ་མ་ཐག་ཏུ་ངེས་པར་གསོད་དོ་ཞེས་བསྡིགས་ན་དེ་གསོད་པས་འཇིགས་ཤིང་སྐྲག་ནས་ཤིན་ཏུ་འབད་པས་དྲན་ཤེས་བསྒྲིམས་ཏེ་ལམ་དེར་འགྲོ་བར་བྱེད་པ་ལྟར། བྱང་ཆུབ་སེམས་དཔའི་བསླབ་སྡོམ་གྱི་བརྟུལ་ཞུགས་འཛིན་པ་ཅན་གྱིས་ ཀྱང་དེ་བཞིན་དུ་བསླབ་སྡོམ་ཉམས་ན་དམྱལ་སོགས་ངན་སོང་གི་སྡུག་བསྔལ་མྱོང་དགོས་ཚུལ་བསམ་པས་འཇིགས་ནས་གཉེན་པོ་དྲན་ཤེས་ཀྱི་སྟོབས་ལྷུར་བླངས་ཏེ་འབད་པ་ཆེན་པོས་བསྒྲིམས་ནས་སྤྱོད་ལམ་ཐམས་ཅད་དུ་ཉེས་སྤྱོད་ཀྱི་དབང་དུ་མི་འགྱུར་བར་བྱ་དགོས་ ཞེས་པ་སྟེ་འདི་ནི་ཀ་ཏ་ཡ་ནའི་བྱུང་བའི་མཐའ་འདུལ་བ་ལུང་ནས་བྱུང་བ་ལྟར་ཡིན་པར་གསུངས་ལ། དེ་ནི་འདི་སྒྲིལྟར་ཡིན་ཏེ། ཡུལ་འཕགས་རྒྱལ་དུ་ནད་ཡམས་ཆེན་པོ་བྱུང་བས་ཡུལ་དེའི་རྒྱལ་པོ་གཏུམ་པོ་རབ་སྣང་འཁོར་བཅས་སེམས་ཁོང་དུ་ཆུད་དོ། །དེ་ནས་རྒྱལ་པོས་ སྒོ་བ་ལ། ནད་ཞི་བར་བྱེད་པ་སུ་དག་འོང་ན་ང་ལ་སྒྲོན་ཅིག་སྨྲས། དེའི་ཚེ་ཡུལ་དེའི་མི་རྣམས་འཕགས་པ་ཀ་ཏྱཱ་ཡ་ནའི་གདུལ་བྱ་ཡིན་པར་སྟོན་པས་གཟིགས་ནས། ཀ་ཏྱའི་བུ། རྒྱལ་པོ་འཁོར་བཅས་ལ་སོམས་ཤིག་གསུངས། དེ་ནས་ཀ་ཏྱའི་བུ་འཁོར་ལྔ་བརྒྱ་བཅས་ ཡུལ་དེར་སོང་ནས་གྲོང་དུ་ཞུགས་མ་ཐག་ནད་ཕྱེད་ཞིའོ། །སྒོ་བས་རྒྱལ་པོ་ལ། སྔོན་མ་བྱུང་བའི་དགེ་སྦྱོང་དག་འོངས་པའི་མོད་ལ་ནད་བྱེད་ཞིའོ་ཞེས་གསོལ། རྒྱལ་པོས་ལེགས་ཀྱི་དེ་ལ་བཀུར་སྟི་གྱིས་ཟེར། བྲམ་ཟེ་རྣམས་ཀྱིས་བདག་ཅག་གིས་ནད་ཞི་བའི་ལས་བྱས་

Page: 729 ༄༅། །པས་ནད་ཕྱེད་ཞིའོ་ད་མྱུར་དུ་ནད་ཐམས་ཅད་ཞི་བར་བགྱི་ཟེར། དགེ་སློང་དག་གིས་རྒྱལ་པོ་ལ་ནད་མེད་པར་གྱུར་ཅིག་སྨྲས་ནས་སོང་ངོ༌། །རྒྱལ་པོས་བློན་པོ་རྣམས་ལ་དེ་དག་གི་འདི་སྐད་ཟེར་གྱི་སུས་མཐུ་ཡིན་པ་མི་ཤེས་པས། སོང་ལ་དེ་དག་ལ་གླང་ པོ་ཆེའི་བྲིས་མི་གཙང་བའི་ཕྱོགས་སུ་འབྲས་ཆན་ངན་པ་དང་རྩབས་བྱིན་ལ་ཟོས་ནས་ཕྱིར་འོང་བ་ན་ཟས་ཅི་འདྲ་དྲིས་ཟེར། དེ་ལྟར་བྱས་ནས་སྒོ་བས་བྲམ་ཟེ་དག་ལ། ཁྱེད་ཅག་ཅི་འདྲའི་ཟས་ཀྱིས་ཚིམ་པར་བྱས་ཞེས་དྲིས་པ་ན། དེ་དག་ཁྲོས་ནས་རྒྱལ་བོ་ཐ་ཆད་ཆོས་མིན་ལ་ གཞོལ་བ་སྟེ་ངེད་ཅག་ལ་མི་གཙང་བའི་གནས་སུ་འབྲས་ཆན་ངན་པ་བྱིན་ཟེར། དགེ་སྦྱོང་རྣམས་ལ་དྲིས་པས། སྦྱིན་པ་པོས་ནི་བྱིན་ལེན་པ་པོས་ནི་ཟོས་ཏེ་འབྱུང་བ་རྣམས་ཚིམ་ཞིང་ཉིན་ཞག་གི་རྒྱགས་བླངས་སོ་ཟེར། སྒོ་བས་རྒྱལ་བོ་ལ་དེ་སྐད་ཟེར་བ་གསོལ། ཡང་རྒྱལ་པོས་ བློན་པོ་རྣམས་ལ་དེ་དག་ལ་གཙང་མའི་ཕྱོགས་སུ་ཟས་བསོད་པ་བྱིན་ལ་དྲིས་ཟེར། དེ་ལྟར་བྱས་ནས་བྲམ་ཟེ་དག་ལ་དྲིས་པས། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞིག་སྟེ་ཟས་བཟང་པོ་བྱིན་པས་ཚིམ་ཟེར། དགེ་སློང་རྣམས་ལ་དྲིས་པས་སྔར་བཞིན་ཟེར། སྒོ་ བས་དེ་རྒྱལ་པོ་ལ་གསོལ། དེ་ལྟར་ཉིན་མང་པོའི་བར་བརྟགས་པས། མཐར་རྒྱལ་པོས་དགེ་སློང་དག་སྦྱིན་གནས་ལེགས་ཀྱི་བྲམ་ཟེ་རྣམས་མིན་ནོ་སྙམ་སྟེ། ཀ་ཏྱའི་བུ་གན་དུ་སོང་ནས་ཕྱག་བྱས་ཏེ་སང་བདག་གི་ཁྱིམ་དུ་གདུགས་ཚོད་གསོལ་བར་ཅི་གནང་ཞུས། གནང་ ནས་སང་གདན་བཤམས་པ་ལ་བཞུགས་པ་དང་གླུ་གར་རོལ་མོ་དུ་མ་བྱས་པས་དགེ་སློང་རྣམས་དབང་པོ་བསྡམས་ཏེ་འཁོད། བྱས་ཟིན་པ་དང་རྒྱལ་བོས་འཕགས་པ་དག་གར་བཟང་ངམ་གླུ་སྙན་ནམ། རྒྱལ་པོ་གང་གིས་མཐོང་བ་དང་ཐོས་པ་ལའོ། །འཕགས་པ་དབང་པོ་

Page: 730 ནང་དུ་བསྡུས་པས་མ་གཟིགས་ན་ཇི་ལྟར་མི་གསན་ཟེར། ཀ་ཏྱའི་བུས། ལྷ་ལ་མི་གསོད་པ་ལ་ཐུག་པ་འགའ་ཡོད་དམ། ཡོད་ཟེར། ལྷ་དེའི་ལག་ཏུ་ཏིལ་མར་གྱིས་བཀང་བའི་སྣོད་སྐུ་རལ་ཕྱི་བཞིན་དུ་གཤེད་མ་རལ་གྲི་ཐོགས་པ་ཐོང་ལ། ཁྱོད་ཀྱིས་འདི་ཁྱེར་ལ་ ལྗོངས་ཐམས་ཅད་བསྐོར་ནས་འདིར་ཁྱེར་ཤོག་ཅིགཏིལ་མར་ཐིགས་པ་གཅིག་ས་ལ་བོ་ན་ཁྱོད་ཀྱི་མགོ་དྲུངས་ནས་གཅོད་དོ་ཞེས་བསྒོས་ལ་དེའི་གན་དུ་གླུ་གར་རོལ་མོ་བྱེད་དུ་ཆུག་ཅིག་དེས་རྒྱལ་བོ་ཁྱོད་ཡིད་ཆེས་པར་འགྱུར་རོ། །རྒྱལ་པོས་དེ་ལྟར་བྱས་ནས་མི་དེ་ལ་གར་ བཟང་ངམ་གླུ་སྙན་ནམ། ལྷ་གང་གིས་མཐོང་བ་དང་ཐོས་པ་ལའོ། །དབང་པོ་བསྡུས་པས་མ་མཐོང་ན་ཇི་ལྟར་མ་ཐོས། དེ་ན་རེ། འབྲུ་མར་ཐིགས་པ་གཅིག་བོ་ན་གསོད་དོ་སྙམ་ནས་འཇིགས་པས་དེ་ལ་སེམས་གཏད་པས་ཇི་ལྟར་ཐོས་སྨྲས། རྒྱལ་པོ་ཅང་མི་སྨྲའོ། །ཀ་ཏྱའི་ བུས་མི་འདི་ཚེ་གཅིག་གི་སྡུག་བསྔལ་ལ་འཇིགས་ནས་མི་གཡེང་བར་བག་ཡོད་པར་བགྱི་ན། བདག་ཅག་བསླབ་པ་བཟུང་བ་ཚེ་རབས་དུ་མའི་སྡུག་བསྔལ་གྱིས་འཇིགས་ནས་གླུ་གར་སོགས་ལ་བལྟ་བ་དང་མཉན་པའི་གནས་མེད་དོ་སྨྲས། རྒྱལ་པོ་ཡིད་ཆེས་ལྷག་པ་ དང་ཀ་ཏྱའི་བུ་འཁོར་བཅས་བསོད་སྙོམས་ཀྱིས་ཚིམ་པར་བྱས་ཆོས་ཉན། འཕགས་པའི་བཀའ་བཞིན་བྱས་ནས་ཡུལ་དེར་ཆོས་དར་བར་གྱུར་ཞེས་བྱུང་སྟེ་རྒྱས་པར་འདུལ་བ་ལུང་ལས་ཤེས་པར་བྱའོ། །བྱུང་བ་འདི་སྐབས་འདིར་དྲན་ཤེས་བསྟེན་ཚུལ་གྱི་ཁུངས་སུ་བྱས་ ནས་བཤད་ལ་བསླབ་བཏུས་སུ་བག་ཡོད་བསྟེན་ཚུལ་དང་སྦྱར་ནས་གསུངས་ཤིང་སྤྱོད་འཇུག་གི་འགྲེལ་བ་འགར་ཡང་དེ་བཞིན་དུ་བཤད་པས་གང་ལ་སྦྱར་ཀྱང་མི་འགལ་ལོ། །ཉེས་པ་བྱུང་མ་ཐག་གདོང་བཟློག་བྱ་དགོས་པ་ནི། ཉོན་མོངས་ཕྲ་མོས་ཀྱང་ཉེས་སྤྱོད་

Page: 731 ༄༅། །ཆེན་པོ་བསྐྱེད་ནས་ངན་འགྲོར་འཕེན། དེ་བས་ན་རང་གི་ཁང་དུ་སྦྲུལ་གདུག་པ་ཅན་དུག་དྲག་པོས་ཁྱབ་པར་བྱེད་པ་གློ་བུར་དུ་འོངས་པར་གྱུར་ན་དུག་གི་འཇིགས་པས་སྐྲག་ནས་ཇི་རིངས་པས་དེ་མྱུར་བ་ཉིད་དུ་སྟན་ལས་ལྡང་ནས་སྤྲུལ་འདོར་བ་ ལ་བརྩོན་པ་ལྟར། དེ་བཞིན་དུ་གོང་དུ་བཤད་པ་ལྟར་བསྒྲིམས་ཏེ་གཉེན་པོ་སྟེན་པའི་ཚེ་ཡང་ཉེས་སྤྱོད་སྤྱི་དང་ཁྱད་པར་དབང་ཤེས་ཡུལ་ལ་འཇུག་པ་རང་དབང་མེད་པར་ནང་དུ་སྡུད་པའི་གཉིད་དང་ལུས་སེམས་ལྕི་ཞིང་ལས་སུ་མི་རུང་བའི་རྨུགས་པ་དང་སྙོམ་ལས་ སོགས་ལེ་ལོའི་རྒྱུ་བ་འོང་བར་སྣང་ན་དང་དུ་མི་ལེན་པར་འཆི་བ་མི་རྟག་པ་དང་དམྱལ་བའི་འཇིགས་བ་སོགས་དྲན་ནས་དགེ་བའི་བར་ཆད་དེ་དག་མྱུར་དུ་གདོང་ནས་བཟློག་པར་བྱ་བ་ལ་འབད་དགོས་སོ། །དྲི་མ་མེད་པ་རིན་པོ་ཆེའི་ཕྲིན་ཡིག་ལས། །འདོད་དང་གནོད་ སེམས་གཉིས་དང་རྨུགས། །ལེ་ལོ་སྙོམ་ལས་སེམས་བྱུང་ཚེ། །དེ་ཚེ་བདག་ལ་རྔན་བགྲང་ཞིང༌། །བརྟུལ་ཞུགས་སྙིང་པོ་དྲན་བྱས་ཏེ། །མི་རྟག་པ་དང་འཆི་བ་བསམ། །ཞེས་སོ། །ཉེས་པ་བྱུང་བ་ཕྱིར་འཆོས་པ་ལ་འབད་པ་ནི། ཉེས་པ་བཟློག་ཚུལ་ཇི་ལྟར་བྱ་ ཞེ་ན། དེ་ལྟར་བབད་ཀྱང་ལས་དང་པོ་བར་གྱུར་པས་དྲན་ཤེས་ཉམས་པ་སོགས་ཀྱི་དབང་ལས་ཉེས་པ་བྱུང་ན་དེ་འཕྲོ་བཅད་དེ་བཟློག་དགོས་པ་ཙམ་དུ་མ་ཟད་ཀྱི་ཉེས་པ་བྱུང་བ་རེ་རེ་ཞིང་དེ་ལ་འགྱོད་ཅིང་ཡིད་མི་དགའ་བས་གདུང་བ་ཆེར་བསྐྱེད་ནས་བདག་སྔར་ཡང་ འདི་ལྟར་སོང་བས་ད་ལྟའི་བར་དུ་འཁོར་བར་འཁྱམས་ནས་མི་འདོད་པ་སྣ་ཚོགས་ཐོབ་ཅིང་འདོད་པ་ཅི་ཡང་མ་ཐོབ་ལ། ཁྱད་པར་ད་ལྟའི་སྐབས་སུ་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་ནས་བསྲུང་བར་ཁས་བླངས་ཀྱང་ད་དུང་དེའི་མི་མཐུན་ཕྱོགས་ཉེས་སྤྱོད་ལ་

Page: 732 འཇུག་པར་བྱེད་པ་འདི་ལྟ་བུ་ནི་ཤིན་ཏུ་མི་རིགས་པའི་ཐ་ཆད་པའོ་ཞེས་བདག་ཉིད་ཀྱིས་བདག་ཉིད་ལ་སྨད་ནས་ད་ནི་ཐབས་ཅི་ནས་ཀྱང་བདག་ལ་ཕྱིས་ཉེས་པ་འདི་ལྟ་བུ་དག་ཡེ་མི་འབྱུང་བ་དེ་ལྟར་འབད་པར་བྱའོ་ཞེས་ཡུན་རིང་དུ་བསམ་པའི་སྒོ་ནས་ཕྱིན་ཆད་སྡོམ་པའི་འཕེན་ པ་དྲག་པོ་གཏོང་བ་སྟེ་འགྱོད་སེམས་དང་སྡོམ་སེམས་གཉིས་ཀ་ཚང་བའི་སྒོ་ནས་ཉེས་པ་ཕྱིར་འཆོས་པ་ལ་འབད་པར་བྱའོ། །གཉེན་པོ་སྐྱེ་བའི་རྒྱུ་ཁྱད་པར་ཅན་བསྟེན་པ་ནི། དེ་ལྟར་ཉོན་མོངས་པའི་ཉེས་པ་འབྱུང་བའི་སྐབས་མི་དབྱེ་བ་དང་བྱུང་ན་ཕྱིར་འཆོས་པའི་ཆེད་དུ་བག་ ཡོད་པའི་སྒོ་ནས་དྲན་ཤེས་ལྷུར་བླངས་ཏེ་གཉེན་པོ་བསྟེན་པ་ལ་འཇུག་པའི་ཐབས་ཇི་ལྟར་བྱས་ན་གནས་སྐབས་འདི་དག་ལ་འབད་མི་དགོས་པར་བརྗེད་མེད་ཀྱི་དྲན་པ་དང་ཤེས་བཞིན་གོམས་པ་ཉིད་དུ་འགྱུར་རོ་ཞེས་ཡང་ཡང་སེམས་པའི་རྒྱུའི་ཀུན་སློང་ངམ་ཀུན་སློང་གི་ རྒྱུ་འདི་ཡིས་ནི་མཁན་སློབ་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་མང་དུ་ཐོས་པ་སྡེ་སྣོད་གསུམ་རིག་པ་འགྱོད་པ་སེལ་བ་ལ་མཁས་པ་ལྟ་བུའི་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོར་གྱུར་པའི་སྐྱེས་བུ་དམ་པ་དང་འཕྲད་པར་བྱེད་པའམ། ད་ལྟ་ འཕྲལ་དུ་མ་འཕྲད་ཀྱང་དེ་དག་གི་གདམས་པ་དང་རྗེས་སུ་བསྟན་པ་སྔར་རང་གིས་ཐོས་ཤིང་ངེས་པ་རྣམས་ལ་བརྟེན་ནས་མི་རིགས་པའི་ཉེས་སྤྱོད་ཀྱི་གཉེན་པོར་རིགས་ཤིང་འཐད་པའི་དགེ་བའི་ལས་ཁྱད་པར་ཅན་ནི་འདོད་ཅིང་དོན་དུ་གཉེར་བའི་སྒོ་ནས་ཉེས་པ་བྱུང་བ་རྣམས་ ཕྱིར་འཆོས་པ་དང་མི་འབྱུང་བའི་ཆེད་དུ་དྲན་ཤེས་སྟོབས་ལྡན་རྒྱུན་ཆགས་སུ་འབྱུང་བའི་རྒྱུ་ཁྱད་པར་ཅན་རྣམས་ལ་བསྟེན་པར་བྱའོ། །འགྲེལ་ཆེན་དུ། །རིགས་པའི་ལས་ནི་གདམས་པ་དང་རྗེས་སུ་བསྟན་པ་དང་ལྟུང་བ་ལས་ལྡང་བའི་ཚད་དུ་ཆད་ལས་བྱིན་ཨ་

Page: 733 ཞིང་ཐོབ་པ་རྣམས་སྒྲུབ་པར་འདོད་པར་བྱའོ་ཞེས་སོ། །འདི་ནི་སྔར་མཁན་པོས་རྗེས་སུ་བསྟན་པ་དང༌། ཞེས་སོགས་དྲན་པ་སྐྱེ་བའི་རྒྱུ་བསྟན་པ་དང་འདྲ་ལ། དེ་ཡང་དགེ་བའི་བཤེས་གཉེན་དང་ཉེ་བ་ན་དེའི་གདམས་ངག་དང་རྗེས་སུ་བསྟན་པ་ ཐོས་པ་དང་དེའི་སྤྱོད་པ་མཐོང་བ་ལ་བརྟེན་ནས་ཀྱང་རྟག་ཏུ་དྲན་ཤེས་མི་ཉམས་པར་གནས་པའི་ཕྱིར་ཉོན་མོངས་སྐྱེ་བའི་སྐབས་མི་རྙེད་དོ། །དེའི་ཕྱིར་འདི་ནི་གཉེན་པོ་དྲན་པ་སྟོབས་ལྡན་རྒྱུན་ཆགས་སུ་སྐྱེ་བའི་རྒྱུ་ཁྱད་པར་ཅན་ཡིན་པར་བསྟན་ཏོ། །འདི་དག་གི་ སྐབས་སུ་ལས་འབྲས་ལ་ཉམས་ལེན་གྱི་མཐིལ་དུ་བྱས་ནས་སྐྱོང་བ་གལ་ཆེ་བར་གསུངས་སོ། །མདོར་ན་བྱང་སེམས་ཀྱིས་གང་ལ་འཇུག་ལྡོག་བྱ་བའི་བསླབ་པའི་གནས་ཐམས་ཅད་ལ་ལེགས་པར་བ་དམིགས་ཕྱེད་པའི་ཐོས་པ་མང་དུ་བྱས་ཏེ་ཁོང་དུ་ཆུད་པར་བྱས་ ནས་གང་ཤེས་པའི་དོན་རྣམས་ལ་ཚུལ་བཞིན་དུ་ལེགས་པར་སློབ་པ་ལ་སྤྱོད་ལམ་ཀུན་ཏུ་གཉེན་པོ་དྲན་ཤེས་སྟོབས་ལྡན་ལྷུར་ལེན་པའི་ཐབས་དང༌། དྲན་ཤེས་རྒྱུན་ཆགས་སུ་སྐྱེ་བའི་རྒྱུ་རྣམས་ལ་སློབ་པ་ལ་བརྩོན་འགྲུས་རྩོམ་དགོས་པ་ཡིན་པས་གང་ལ་བརྩོན་ འགྲུས་རྩོམ་པའི་གནས་མ་ནོར་བར་ངོས་འཛིན་པ་གལ་ཆེའོ། །གཉིས་པ་དབང་བསྒྱུར་བའི་སྟོབས་ནི། ཅི་ནས་ལས་བྱེད་སོགས་ཏེ། དེ་ལ། ལུས་སེམས་ལས་རུང་དུ་བྱ་བའི་ཚུལ་ནི། ཅི་ནས་ཀྱང་དགེ་བའི་ལས་བྱང་སེམས་ཀྱི་སྤྱོད་པ་གང་དང་གང་ལ་འཇུག་ ཅིང་རྩོམ་པར་བྱེད་པ་ལ་བྱ་བ་དེ་དང་དེ་ལ་མ་ཞུགས་པའི་སྔོན་རོལ་ནས་དགེ་བའི་ལས་གང་བྱ་བ་དེ་ཐམས་ཅད་ལ་ནི་བརྩོན་འགྲུས་ཀྱི་མཐུའམ་སྟོབས་ཡོད་པར་འགྱུར་བ་དེ་ལྟར་བྱ་བའི་ཆེད་དུ་སྔར་བག་ཡོད་ལེའུར་བསླབ་བྱ་རྣམས་ལ་བསླབ་དགོས་ཚུལ་དང་ཁས་

Page: 734 བླངས་ནས་མ་བསླབས་ན་ཉེས་པ་ཆེ་བ་དང་སྤང་བྱ་ཉོན་མོངས་རྣམས་ལ་དགྲར་བལྟ་ཚུལ་དང་དེ་དག་གི་སྐབས་ཀྱི་དཀའ་སྤྱད་རྣམས་ལ་ཁུར་དུ་༌མི་འཛིན་པར་རྒྱན་དུ་ལྟ་བའི་སེམས་ཀྱི་སྟོབས་བསྐྱེད་ཚུལ་གྱི་གཏམ་སྨོས་པ་རྣམས་དྲན་པར་བྱས་ཏེ་ལུས་སེམས་དགེ་བ་ལ་ བཀོལ་དུ་མི་རུང་བའི་ལས་ལ་ངན་གྱི་འཚེར་སྣང་ཐམས་ཅད་བཟློག་ནས་བདག་ཉིད་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པ་ལ་ལུས་སེམས་ལས་སུ་རུང་བའི་སྒོ་ནས་ལྡང་བ་ཡང་བར་བྱས་ནས་སྤྲོ་བས་འཇུག་པར་བྱའོ། །དོན་དེ་ཉིད་དཔེ་དང་སྦྱར་ནས་སྟོན་པ་ནི། །དེ་ལྟར་འབད་ པར་བྱས་ན་བརྩོན་འགྲུས་ཇི་ལྟ་བུ་ཞིག་སྐྱེ་བར་འགྱུར་ཞེ་ན། ཇི་ལྟར་རླུང་ནི་ཕར་འགྲོ་བ་དང་ཚུར་འོང་བས་ཤིང་བལ་ལམ་རས་བལ་སོགས་ཡང་བའི་དངོས་པོ་རྣམས་ལ་ཅི་དགར་དབང་སྒྱུར་བར་བྱེད་པ་དེ་བཞིན་དུ་དགེ་བའི་བྱ་བ་ལ་སེམས་མངོན་པར་སྤྲོ་བའི་ཤུགས་ཀྱིས་ རང་གི་སྒོ་གསུམ་ལ་དབང་བསྒྱུར་ནུས་པའི་ལས་སུ་རུང་བར་བྱ་དགོས་ཏེ། དེ་ལྟར་བྱས་ན་ནི་ཞེས་སམ་དེ་ལྟ་ན་ནི་ལུས་ངག་ཡིད་གསུམ་གྱི་དགེ་བའི་ལས་གང་དང་གང་བརྩམས་པ་དེ་དང་དེ་ཐམས་ཅད་མྱུར་དུ་མཐར་ཕྱིན་ཏེ་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །དེ་ལྟ་ ན་ནི་སོགས་ཀྱི་རྒྱུ་དཔེར། རྫུ་འཕྲུལ་དེ་ལྟར་ཡངདག་འབྱོར། ་། ཞེས་ཡོད་དེ་ནམ་མཁར་འགྲོ་བ་སོགས་ཀྱི་རྫུ་འཕྲུལ་ཡང་དག་པར་འབྱོར་བའམ་འགྲུབ་པར་འགྱུར་ཞེས་པའོ། །ཡང་ཚིགས་བཅད་སྔ་མས་ལུས་དབང་དུ་བྱས་ཏེ་བརྩོན་འགྲུས་སྤེལ་བ་དང་ཚིགས་ བཅད་ཕྱི་མས་སེམས་དབང་དུ་བྱས་ཏེ་བརྩོན་འགྲུས་སྤེལ་ཚུལ་བསྟན་པ་ཡིན་ཞེས་བཤད་པའང་སྣང་ངོ༌། །དེ་ལྟར་དཔུང་བཞི་དང་སྟོབས་གཉིས་ལ་བརྟེན་ནས་བརྩོན་འགྲུས་གོང་ནས་གོང་དུ་སྤེལ་བར་བྱེད་པའི་ཐབས་དེ་ལྟ་བུ་རྣམས་བྱ་བར་དཀའ་ཡང་ནམ་ཡང་

Page: 735 ༄༅། །འདོར་དུ་མི་རུང་བས་ཅི་ནས་ཀྱང་འབད་པར་བྱ་དགོས་ཏེ། སློབ་དཔོན་དཔའ་བོས། དཀའ་སྤྱད་ལས་ནི་མ་བགྱིས་པར། །གོ་འཕང་རྙེད་དཀའ་མི་འཐོབ་ཅེས། །དེ་སླད་ཉིད་ལའང་མ་གཟིགས་པར། །ཁྱེད་ཀྱིས་བརྩོན་འགྲུས་ལྷག་པར་སྤེལ། །ཞེས་ གསུངས་སོ། །དེ་ཐམས་ཅད་ཀྱི་དོན་བསྡུས་ན། བརྩོན་འགྲུས་ཀྱི་འགལ་རྐྱེན་ལེ་ལོ་གསུམ་ངོས་བཟུང་ནས་རང་རང་གི་གཉེན་པོ་བསྟེན་ཏེ་ཉམས་སྨད། དེ་ནས་བརྩོན་འགྲུས་མ་སྐྱེས་པ་སྐྱེ་བའི་མཐུན་རྐྱེན་མོས་པའི་དཔུང་དང་ཞུགས་ཟིན་མི་ལྡོག་པའི་རྒྱུ་བརྟན་པའི་དཔུང་ དང་ལས་དེ་ལ་འཇུག་པ་ནའང་འཕྲོ་གཅོད་པར་མི་འདོད་ཅིང་མི་ངོམས་པར་འཇུག་པ་དགའ་བའི་དཔུང་སྟེ་དེ་རྣམས་སྐྱེད་ཅིང་དོར་བའི་དཔུང་ལ་བརྟེན་ནས་བརྩོན་འགྲུས་རྩོམ་ལུགས་ལ་མཁས་པར་བྱ་ཞིང༌། དེའི་འོག་ཏུ་སྤང་བྱ་དངོས་སུ་སྤོང་བའི་གཉེན་པོར་བརྩོན་ འགྲུས་ལྷུར་བླངས་པའི་སྟོབས་སྐྱེད་པ་ལ་འཇུག་པར་བྱ་ལ་དེ་ལ་བརྟེན་ནས་ལུས་སེམས་ལས་སུ་རུང་བར་བྱ་བའི་ཐབས་དབང་སྒྱུར་བའི་སྟོབས་སྐྱེ་ཞིང་དེས་ལུས་སེམས་ལས་སུ་མི་རུང་བའི་འཚེར་སྣང་ཐམས་ཅད་བཟློག་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་མངོན་པར་སྤྲོ་བའི་ སྤྲོ་ཤུགས་ཀྱིས་ལུས་སེམས་ལ་དབང་བསྒྱུར་ནས་རང་གི་ངང་གིས་འབད་པ་མེད་པར་དགེ་བ་ལ་འཇུག་པའི་བརྩོན་འགྲུས་ལེགས་པར་བསྐྱེད་ལ་དེ་སྐྱེས་ན་དེ་ནས་ཚོགས་ཐམས་ཅད་བདེ་བླག་ཏུ་རྫོགས་ནས་ཡོན་ཏན་ཁྱད་པར་ཅན་འཐོབ་པར་འགྱུར་བ་ཡིན་ནོ། །གཉིས་པ་ ལེའུའི་མཚན་ནི། བྱང་ཆུབ་སོགས་ཏེ། འདིས་བརྩོན་འགྲུས་རྩོམ་པའི་ཚུལ་གཙོ་བོར་སྟོན་པས་ན་བརྩོན་འགྲུས་བསྟན་པའི་ལེའུ་ཞེས་བསྟན་ཏེ་བདུན་པའོ། །

ལེའུ་བརྒྱད་པ། བསམ་གཏན་གྱི་ལེའུ།

[edit]

གཉིས་པ་ལེའུ་བརྒྱད་པ་བསམ་གཏན་གྱི་ལེའུ་བཤད་པ་ལ་གཉིས།

Page: 736 ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ། མཚམས་སྦྱར་བའི་སྒོ་ནས་མདོར་བསྟན་པ། བསམ་གཏན་གྱི་མི་མཐུན་ཕྱོགས་སྤང་བ། བསམ་གཏན་སྒོམ་པ་དངོས་སོ། དང་པོ་ནི། དེ་ལྟར་བརྩོན་འགྲུས་སོགས་ཏེ། སྔར་བཤད་པ་དེ་ལྟར་མི་མཐུན་ ཕྱོགས་སྤོང་བ་དང་གཉེན་པོ་བསྟེན་པའི་སྒོ་ནས་སྦྱིན་སོགས་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་བསྐྱེད་པའམ་སྤེལ་ནས་ནི་དགེ་བའི་དམིགས་པ་ལ་ཅི་དགར་འཇུག་ཅིང་བརྟན་པར་བྱ་བའི་ཕྱིར་དུ་རང་གི་ཡིད་ནི་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་བྱས་ ནས་ཆགས་སོགས་ཀྱི་གཉེན་པོར་མི་སྡུག་པ་སྒོམ་པ་སོགས་དང་ཁྱད་པར་བདག་གཞན་མཉམ་པ་དང་བརྗེ་བའི་བྱང་ཆུབ་ཀྱི་སེམས་སྒོམ་པ་སོགས་ཀྱི་ཐབས་ལ་བརྟེན་ནས་བསམ་གཏན་བསྒོམ་པར་བྱ་དགོས་སོ་ཞེས་གདམས་པ་སྟེ། ཅིའི་ཕྱིར་ན། ཏིང་ངེ་འཛིན་ལ་ མཉམ་པར་མ་བཞག་པར་སེམས་ནི་ཕྱི་རོལ་གྱི་ཡུལ་རྣམས་ལ་རྣམ་པར་གཡེངས་པར་གྱུར་པའི་མི་རྣམས་ནི་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་སོགས་ལྡན་ཡང་། ཡུལ་ཡིད་དུ་འོང་བ་ལ་འདོད་ཆགས་དང་ཡིད་དུ་མི་འོང་བ་ལ་ཞེ་སྡང་སྐྱེ་བ་སོགས་ལྟ་བུའི་ཉོན་མོངས་པ་ སྲིན་པོ་མ་རུངས་པའམ་གཅན་གཟན་གདུག་པ་དང་འདྲ་བའི་མཆེ་བའི་ཕྲག་སྟེ་སོའི་བར་ན་གནས་པས་དེས་མྱུར་དུ་འཇོམས་ཤིང་སྡུག་བསྔལ་སྐྱེད་པ་ལ་ཚེགས་མེད་པས་སོ་ཞེས་མཉམ་པར་འཇོག་དགོས་པའི་རྒྱུ་མཚན་བསྟན་ཏོ། །དེ་ལྟར་བརྩོན་འགྲུས་སུ་མ་ ཟད་ཕར་ཕྱིན་སྔ་མ་དག་ཀྱང་བསམ་གཏན་གྱི་ཚོགས་སུ་འགྲོ་བར་མདོ་དགོངས་འགྲེལ་ལས་གསུངས་པར་སྒོམ་རིམ་དང་པོ་ལས་བཤད་དོ། །མཉམ་པར་བཞག་ནས་ཉོན་མོངས་པའི་གཉེན་པོ་བསྟེན་དགོས་པ་ནི། བསླབ་བཏུས་སུ། བཟོད་བྱ་ཐོས་པ་བཙལ་བར་

Page: 737 ༄༅། །བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་བཞག་ལ་བརྩོན་བྱ་ཞིང་། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར་ཡིན་ལ། དེས་ནི་གཉེན་པོ་འགལ་རྐྱེན་སྤོང་བའི་བཟོད་པ་སྒྲུབ་པ། མཐུན་རྐྱེན་མང་དུ་ཐོས་པ་ ལ་བརྩོན་འགྲུས་རྩོམ་པ། གཉེན་པོའི་རང་བཞིན་གྱི་བསམ་གཏན་དང་ཤེས་རབ་སྒོམ་དགོས་པ་རྣམས་བསྟན་ལ། བསམ་གཏན་གྱི་ཡན་ལག་ཏུ་དབེན་པ་བསྟེན་ནས་རྣམ་གཡེང་སྤོང་དགོས་པའང་བསྟན་པ་ཡིན་ནོ། །མི་སྡུག་ལ་སོགས་བསྒོམ་ཞེས་པ་ནི། དཔུང་བཟང་ལས། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང་། །པགས་པ་ཀེང་རུས་ལྟ་བས་རྣམ་པར་བཟློག །བྱམས་དང་སྙིང་རྗེའི་ཆུ་གདབ་ཞེ་སྡང་ལ། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །ཞེས་པ་ལྟར་ཡིན་ནོ། །སེམས་རྣམ་པར་གཡེངས་ པའི་སྐྱོན་ནི་ཡུམ་མདོ་ལས། དེས་སེམས་ཅན་དེ་དག་གི་དོན་དུ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས་སེམས་གཡེང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་གཡེང་བ་ལ་ནི་འཇིག་རྟེན་པའི་བསམ་གཏན་བསྐྱེད་པའང་ དཀོན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས། དེ་བས་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་སེམས་མི་གཡེང་བར་བྱའོ་སྙམ་དུ་སེམས་སོ་ཞེས་གསུངས། །གཉིས་པ་ བསམ་གཏན་གྱི་མི་མཐུན་ཕྱོགས་སྤོང་བ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལུས་དང་སེམས་ནི་སོགས་ཏེ། འོ་ན་རྣམ་གཡེང་ཇི་ལྟར་སྤོང་ཞེ་ན། སྐྱེ་བོ་མང་པོ་དང་འགྲོགས་འདྲིས་བྱེད་པ་སོགས་འཇིག་རྟེན་པའི་འདུ་འཛི་

Page: 738 སྤངས་ཏེ་ལུས་དབེན་པར་གནས་པ་དང་འདོད་པ་ལ་འདུན་པའི་འདོད་ཆགས་སོགས་ཕྱིན་ཅི་ལོག་གི་རྣམ་རྟོག་སྤངས་ཏེ་སེམས་ནི་དབེན་པར་གནས་པ་ཡིས་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ཀྱི་འདུ་འཛིའི་རྣམ་གཡེང་དང་ནང་རྣམ་རྟོག་གི་རྣམ་པར་གཡེང་བ་གང་ ཡང་མི་འབྱུང་ངོ༌། །ཉོན་མོངས་སྤོང་བ་ལ་ཏིང་ངེ་འཛིན་སྒོམ་དགོས་དེ་ལ་རྣམ་གཡེང་སྤོང་དགོས་དེ་ལ་ལུས་སེམས་དབེན་པ་བསྟེན་དགོས་པའི་རྒྱུ་མཚན་དེ་ལྟ་བས་ན་ལུས་དབེན་པའི་ཐབས་སུ་གཉེན་བཤེས་འཁོར་གཡོག་སོགས་དང་འབྲེལ་འདྲིས་བྱེད་པའི་འཇིག་ རྟེན་པའི་འདུ་འཛི་སྤང་བར་བྱ་ཞིང་སེམས་དབེན་པའི་ཐབས་སུ་འདོད་པའི་ཡོན་ཏན་ལ་ཆགས་ཤིང་ཞེན་པ་དང་མི་འདོད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཞེ་སྡང་སོགས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་མཐའ་དག་ཡོངས་སུ་དོར་ནས་ལུས་དང་སེམས་གཉིས་ཀ་ དབེན་པའི་ཐབས་བརྟེན་པར་བྱའོ། །བསླབ་བཏུས་སུ། ཕྱི་རོལ་གཡོ་བ་བཟློག་པ་ཡིས། །སེམས་ནི་ཞི་ལས་གཡོ་མི་འགྱུར། །ཞེས་དང༌། ཐེག་ཆེན་ལམ་གྱི་སྒྲུབ་ཐབས་བསྡུས་པ་ལས་ཀྱང༌། ལས་དང་པོ་ཡི་གང་ཟག་གིས། །ལུས་དབེན་པ་ལ་མ་བརྟེན་ པར། །སེམས་དབེན་རྙེད་པར་དཀའ་བའི་ཕྱིར། །འདྲེ་སྤངས་ནགས་སུ་གནས་པར་བྱ། །འདྲེས་པས་འདྲིས་ཤིང་། ཆགས་པར་བྱེན། དེ་ཡིས་འཁོར་བའི་འཁོར་ལོ་སྐོར། །དེ་ལྟར་འདྲི་བ་སྤང་བ་ལ། །རྟག་ཏུ་བག་དང་ལྡན་པར་བྱ། །ཞེས་གསུངས། །གཉིས་པ་ རྒྱས་པར་བཤད་པ་ལ་གཉིས། འཇིག་རྟེན་སྤོང་བ། རྣམ་རྟོག་དོར་བའོ། །འདང་པོ་ལ་བཞི། འཇིག་རྟེན་སྤང་དགོས་པའི་རྒྱུ་མཚན། ནང་སེམས་ཅན་གྱི་འཇིག་རྟེན་ལ་ཆགས་པ་སྤོང་བ། ཕྱི་རྙེད་སོགས་ཀྱི་འཇིག་རྟེན་ལ་སྲེད་པ་སྤོང་བ། སྤངས་ནས་

Page: 739 ༄༅། །དབེན་པ་བསྟེན་ཚུལ་ལོ། །དང་པོ་ནི། ཆགས་པའི་ཕྱིར་དང་སོགས་ཏེ། དེ་ལ། འཇིག་རྟེན་མི་སྤོང་བའི་རྒྱུ་ནི། བདག་དང་བདག་གི་བར་མངོན་པར་ཞེན་པའི་དབང་གིས་ནང་སེམས་ཅན་ལ་ཆགས་པའི་ཕྱིར་དང་ཕྱི་རྙེད་བཀུར་བསྟོད་གྲགས་ སོགས་ལ་རབ་ཏུ་སྲེད་པས་ནི་འཇིག་རྟེན་གྱི་ཞེན་པ་མི་སྤོང་སྟེ་དེ་གཉིས་ནི་འཇིག་རྟེན་མི་སྤོང་བའི་རྒྱུའམ་འཇིག་རྟེན་ལ་ཆགས་ཤིང་སྲེད་པའི་རྒྱུ་ཡིན་པས་སོ། །དེ་བས་ན་སེམས་ཅན་ལ་ཆགས་པ་དང་རྙེད་སོགས་ལ་སྲེད་པ་འདི་དག་ཡོངས་སུ་སྤོངས་ལ་ཞེས་སྤང་དགོས་ པར་བསྟན་ལ། ཇི་ལྟར་སྤོང་ན་སྤང་གཉེན་གྱི་འདོར་ལེན་ལ་མཁས་པའི་བློ་གྲོས་དང་ལྡན་པས་དེ་མ་ཐག་འཆད་འགྱུར་གྱི་གཉེན་པོ་འདི་ལྟར་རང་རྒྱུད་ལ་བསྟེན་ནས་སྤྱད་པར་བྱ་བའམ་བརྟག་ཅིང་དཔྱད་པར་བྱའོ་ཞེས་ཆགས་པའི་རྒྱུ་སྤོང་བར་། དམས་པའོ། །ཆགས་སོགས་ སྤོང་བྱེད་ཀྱི་གཉེན་པོ་ནི། འོ་ན་དེ་ལྟ་བུའི་གཉེན་པོ་དེ་གང་ཞེ་ན། བྱིང་རྒོད་དང་བྲལ་ཞིང་སེམས་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཤིན་སྦྱངས་ཀྱི་བདེ་བ་འདྲེན་ནུས་པའི་ཞི་གནས་དང༌། དེ་ལྟ་བུའི་ཞི་གནས་ཀྱི་རྒྱུ་ལས་བྱུང་ཞིང་ དེ་དང་ཟུང་དུ་འབྲེལ་བས་ན་ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་སྟེ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ལྷག་པར་མཐོང་བའི་ཤེས་རབ་ཁྱད་པར་ཅན་གྱིས་གནས་ལུགས་ཀྱི་དོན་ལ་དཔྱད་པ་བྱས་པའི་སྟོབས་ཀྱིས་ཤིན་སྦྱངས་འདྲེན་ནུས་པའི་ལྷག་མཐོང་གིས་ནི་ ཁམས་གསུམ་གྱི་ཉོན་མོངས་པ་ས་བོན་བག་ཆགས་དང་བཅས་པ་མཐའ་དག་རྣམ་པར་འཇོམས་པར་བྱེད་ནུས་པས་ན་གཉེན་པོ་དངོས་ནི་དེ་ཉིད་ཡིན་པར་ཤེས་པར་བྱས་ནས། ཆགས་སྲེད་སོགས་ཉོན་མོངས་སྤོང་བར་འདོད་པས་ཐོག་མར་ལྷག་མཐོང་དེ་ཉིད་ཀྱི་རྟེན་

Page: 740 བྷདུ་གྱུར་པའི་ཞི་གནས་མཚན་ཉིད་ཚང་བར་བཙལ་བར་བྱ་དགོས་ཏེ་སྤང་བྱ་ཉོན་མོངས་འཇོམས་པ་ལ་གཉེན་པོ་ལྷག་མཐོང་དགོས་དེ་ལ་དེའི་རྟེན་ཞི་གནས་དགོས་པ་གང་ཞིག་ཐོག་མར་ཞི་ལྷག་གསར་དུ་སྒྲུབ་པའི་ཚེ་ཞི་གནས་སྔོན་དུ་མ་བསྒྲུབས་པར་ལྷག་མཐོང་སྐྱེ་མི་སྲིད་ པས་སོ་ཞེས་དེ་གཉིས་ཀྱི་གོ་རིམ་ངེས་པའི་ཚུལ་གཙོ་བོར་བསྟན་ཏོ། །དེ་ལྟ་བུའི་ལྷག་མཐོང་གི་རྒྱུར་གྱུར་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་ཡང་ནི་ཕྱི་ནང་གི་འཇིག་རྟེན་ལ་ཆགས་པ་མེད་ཅིང་བསམ་གཏན་སྒོམ་པ་ལ་མངོན་པར་དགའ་བས་འགྲུབ་ཀྱི་གཞན་གྱིས་མ་ཡིན་ཏེ། འཇིག་རྟེན་ལ་ཆགས་པས་ནི་སེམས་བྱིང་རྒོད་སོགས་ཏིང་ངེ་འཛིན་གྱི་མི་མཐུན་ཙཕྱོགས་ཀྱི་དབང་དུ་འགྲོ་བས་སོ། །ཞི་ལྷག་གི་དོན་དེ་ལྟར་ཡིན་པར་མདོ་དགོངས་འགྲེལ་དུ་གསུངས་ལ། དེ་དང་མཐུན་པར་དཀོན་མཆོག་སྤྲིན་ལས་ཀྱང༌། ཞི་གནས་ནི་སེམས་རྩེ་གཅིག་ པའོ། །ལྷག་མཐོང་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་སོ་སོར་རྟོག་པའོ། །ཞེས་སོགས་མདོ་དང༌། བྱམས་པས། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་ མཐོང་ཡིན། །ཞེས་དང༌། དེ་བཞིན་དུ་བྱང་ས་སྒོམ་རིམ་སོགས་བསྟན་བཅོས་དུ་མ་ལས་ཀྱང་སེམས་དགེ་བའི་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ཞི་གནས་དང་། ཤེས་བྱའི་དོན་ཡང་དག་པར་རབ་ཏུ་འབྱེད་པའི་ཤེས་རབ་ལ་ལྷག་མཐོང་དུ་གསུངས་སོ། །ཞི་གནས་ ལ་བརྟེན་ནས་ལྷག་མཐོངསྐྱེ་བའང་། བསླབ་བཏུས་སུ། མཉམ་གཞག་ཡང་དག་ཇི་བཞིན་དུ། །ཤེས་པར་འགྱུར་ཞེས་སོགས་གསུངས་ནས། ཆོས་ཡང་དག་པར་སྡུད་པའི་ལུང་དྲངས་པ་སྔར་བཤད་ཟིན་ལྟར་ཏེ། དེས་ནི་བྱིང་རྒོད་ཀྱིས་མི་མཉམ་པ་མེད་པའི་ཞི་

Page: 741 ༄༅། །གནས་ཀྱི་མཉམ་གཞག་དང་ལྡན་པའི་ཤེས་རབ་ཀྱིས་བརྟགས་ན་ཡང་དག་པའི་དོན་ཤེས་པར་འགྱུར་ཞེས་བསྟན་པ་ཡིན་ལ། ཕར་བསྡུས་སུའང་། དེ་ནས་ཡེ་ཤེས་བསྐྱེད་པའི་ཕྱིར། །བསམ་གཏན་ཚུལ་ལ་བརྩོན་པར་བྱ། །འཇིག་རྟེན་ཕན་ པའི་རྣམ་པ་དག །ཡེ་ཤེས་སྣང་བས་བདེ་བར་འགྲུབ། །བསམ་གཏན་ཚུལ་གྱིས་སེམས་དག་ན། །སྟོན་གྱི་དུས་ཀྱི་སྤྲིན་བསལ་པའི། །མཁའ་ལ་ཟླ་བ་གསལ་བ་ལྟར། །ཡེ་ཤེས་ཁྱད་དུ་དང་བར་འགྱུར། །ཞེས་གསུངས་ལ༑མདོ་དགོངས་འགྲེལ་དང་བྱང་ས་སོགས་ ལས་ཀྱང་ཞི་གནས་ཐོབ་པ་ལ་བརྟེན་ནས་ལྷག་མཐོང་སྒོམ་པར་གསུངས་ཤིང་། དབུ་མ་སྙིང་པོ་དང་སྒོམ་རིམ་གསུམ་སོགས་ལས་ཀྱང་ཐོག་མར་ཞི་གནས་བཙལ་ཏེ་དེ་ནས་ལྷག་མཐོང་སྒོམ་པར་བཤད་ལ། སྔ་མ་ལ་རྟེན་ཕྱི་མ་སྐྱེ། ཞེས་ཕར་ཕྱིན་ཕྱི་མ་གཉིས་ཀྱི་རིམ་པ་ དང་ཏིང་ངེ་འཛིན་གྱི་བསླབ་པ་ལ་བརྟེན་ནས་ཤེས་རབ་ཀྱི་བསླབ་པ་སྐྱེ་བའི་རིམ་པ་རྣམས་ཀྱིས་ཀྱང་དོན་དེ་ཉིད་བསྟན་པ་ཤེས་པར་བྱའོ། །དེ་ཡང་དགོངས་འགྲེལ་ལས། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་ འཇོམས་པར་བྱེད་དོ་ཞེས་གསུངས་ལ༑་སྒོམ་རིམ་བར་པ་ལས་ཀྱང་། དེ་བས་ན་སྒྲིབ་པ་མཐའ་དག་ཡོངས་སུ་དག་པའི་ཡེ་ཤེས་འབྱུང་བར་འདོད་པས་ཞི་གནས་ལ་གནས་ནས་ཤེས་རབ་བསྒོམ་པར་བྱའོ། །ཞེས་སོགས་གསུངས་པ་ལྟར། བསམ་གཏན་ས་དྲུག་གི་ཏིང་ངེ་ འཛིན་ལ་བརྟེན་པའི་ལྷག་མཐོང་གི་ངོ་བོར་གྱུར་པའི་མཐོང་ལམ་གྱིས་མཐོང་སྤང་གི་ཉོན་མོངས་པའི་ས་བོན་སྤོང་ལ། ཟག་མེད་ས་དགུའི་ཏིང་ངེ་འཛིན་ལ་བརྟེན་པའི་ལྷག་ས་མཐོང་གི་ངོ་བོར་སྐྱེས་པའི་སྒོམ་ལམ་ཟག་མེད་ཀྱིས་སྒོམ་སྤང་གི་ཉོན་མོངས་ས་བོན་དང་བཅས་པ་སྤོང་

Page: 742 བར་བྱེད་དོ། །བསམ་གཏན་ས་དྲུག་ནི། བསམ་གཏན་དང་པོའི་ཉེར་བསྡོགས། བསམ་གཏན་གྱི་དངོས་གཞི། བཞི་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་དང་དྲུག་ཡིན་ལ། ཟག་མེད་ས་དགུ་ནི། དེ་དྲུག་གི་སྟེང་དུ་གཟུགས་མེད་དང་པོ་གསུམ་གྱི་དངོས་གཞིའི་ཏིང་ངེ་ འཛིན་བསྣན་པའོ། །བསམ་གཏན་གྱིས་ཆགས་སྡང་སོགས་མགོ་གནོན་པར་བྱེད་པ་སོགས་ཀྱི་རྒྱུ་མཚན་ལས་ཉོན་མོངས་ཀྱི་གཉེན་པོ་བྱེད་པར་གསུངས་ཤིང་བསམ་གཏན་ལ་བརྟེན་ནས་མངོན་ཤེས་སོགས་ཡོན་ཏན་ཐམས་ཅད་འགྲུབ་པར་ཡང་གསུངས་ཏེ། དཔའ་བོས། ཉོན་མོངས་དགྲ་ཡི་སྡེ་ཚན་རྣམས། །བསམ་གཏན་ལྡན་པས་ཟིལ་མནན་ནས། །ཡང་དག་བྱང་ཆུབ་དཔལ་རྣམས་འཐོབ། །བྱང་ཆུབ་ཡང་དག་རབ་སྦྱིན་ཞིང༌། །འཆི་མེད་སྐྱེ་བའི་རྒྱུར་གྱུར་པ། །འདོད་ཆགས་ཞེ་སྡང་ལ་སོགས་པ། །ཉེས་པ་ཐམས་ཅད་སེལ་བ་ཡི། ། རྒྱུ་ནི་བསམ་གཏན་ཡིན་པ་རུ། ་། བློ་ལྡན་དེ་ཡིས་རབ་ཏུ་གསུངས། །ཞེས་དང་། སྡུད་པར་ཡང༌། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་སྒྲུབ། །ཅེས་སོ། །གཉིས་པ་ནང་སེམས་ཅན་གྱི་འཇིག་ རྟེན་ལ་ཆགས་པ་སྤོང་བ་ནི། མི་རྟག་སུ་ཞིག་སོགས་ཏེ། །དེ་ཡང་གཉེན་བཤེས་ལ་ཆགས་པའི་ཉེས་དམིགས་ལ། འདོད་པའི་ཡུལ་དང་མི་འཕྲད་པ་སོགས་ཀྱི་ཉེས་པ་ནི། རང་ཉིད་ཀྱང་མྱུར་དུ་འཆི་བར་འགྱུར་བའི་མི་རྟག་པ་སུ་ཞིག་མི་རྟག་ཅིང་མི་བརྟན་པའི་བུ་དང་ ཆུང་མ་སོགས་ཀྱི་གཉེན་བཤེས་རྣམས་ལ་ཡང་དག་པར་ཆགས་པར་བྱེད་པ་ཡོད་དེ། དེ་དག་ལ་ཆགས་པའི་ཉེས་པ་དེས་ནི་ཚེ་འདི་ལ་སྡུག་བསྔལ་སྐྱེད་པར་མ་ཟད་འཁོར་བར་འཁོར་བའི་ཚེ་རབས་སྟོང་ཕྲག་དག་ཏུ་ཡང་ལས་ངན་པའི་རྣམ་སྨིན་གྱི་འབྲས་བུ་མི་འདོད་པ་

Page: 743 ༄༅། །ཁོ་ན་དང་འཕྲད་པར་འགྱུར་བ་ལས་སྡུག་པ་དང་ཡིད་དུ་འོང་པའི་འདོད་པའི་ཡུལ་མཐོང་བར་ནི་ཡོང་ཡེའམ་རྣམ་པ་ཀུན་ནས་མི་འགྱུར་ལ། ཆགས་པའི་ཡུལ་སྡུག་ཅིང་ཡིད་དུ་འོང་བ་མ་མཐོང་ཞིང་དེ་དང་མ་འཕྲད་ན་ནི་ཡིད་དགའ་བར་མི་འགྱུར་ ཞིང་མི་དགའ་ཞིང་ཡིད་མི་བདེ་བས་རྒྱུད་འཁྲུགས་ཤིང་གཡེངས་པར་གྱུར་ན་ཡིད་ཀྱང་ནང་དུ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པར་མི་འགྱུར་ལ། བརྒྱ་ལ་འདོད་པའི་ཡུལ་སྡུག་ཅིང་ཡིད་དུ་འོང་བ་མཐོང་བར་གྱུར་ན་ཡང་དེས་ནམ་ཡང་ངོམས་ཤིང་ཆོག་པར་མི་འགྱུར་བས་སླར་ཡང་སྔར་ མ་མཐོང་བའི་སྐབས་སུ་གསར་དུ་ཅི་ནས་ཀྱང་མཐོང་བར་འདོད་པ་དེ་བཞིན་དུ་སྲིད་པས་སེམས་ཡོངས་སུ་གདུང་བར་འགྱུར་བ་སོགས་ཀྱི་ཉེས་པ་སྐྱེད་པའི་ཕྱིར་རོ། །འདོད་ཡོན་གྱིས་མི་ངོམས་པ་ནི། རྒྱ་ཆེ་རོལ་བ་ལས། འདོད་པའི་ཡོན་ཏན་དག་གི་དགའ་བ་ནི། ལན་ཚའི་ ཆུ་འཐུང་བཞིན་དུ་ངོམས་མི་འགྱུར། །ཞེས་སོ། །ཐར་པ་ཐོབ་བྱེད་ཀྱི་ཆོས་ལས་ཉམས་པ་སོགས་ཀྱི་ཉེས་པ་ནི། དེ་ལྟར་འདོད་པའི་ཡུལ་མི་མཐོང་བ་དང་མ་མཐོང་བས་ཡིད་མི་བདེ་སྐྱེད་པ་དང་མཐོང་ཡང་མི་ངོམས་པ་སོགས་ཀྱི་ཉེས་དམིགས་དེ་དག་ཡོད་པར་མ་ཟད་འདི་ དང་ཕྱི་མའི་དོན་ཐམས་ཅད་ཉམས་བྱེད་ཀྱི་རྒྱུ་ནི་སྡུག་ཅིང་ཡིད་དུ་འོང་བའི་གཉེན་བཤེས་སོགས་ཀྱི་སེམས་ཅན་རྣམས་དང་ཕྲད་པ་དང་དེ་དག་ལ་ཀུན་ནས་ཆགས་ཤིང་ཞེན་པར་བྱས་པ་ཡིན་པས་ན་དེས་ནི་གནས་ལུགས་ཡང་དག་པ་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་ལ་ཡང་ཀུན་ནས་ སྒྲིབ་པར་བྱེད་པ་སྟེ་ཀུན་ནས་མི་མཐོང་བར་བྱེད་ཅེས་པའོ། །དེ་ལྟར་གནས་ལུགས་ཀྱི་དོན་མཐོང་བའི་ལྷག་མཐོང་མི་སྐྱེ་བ་ནི་གོང་དུ་བཤད་པ་བཞིན་ཡིད་མི་བདེ་བས་སེམས་གཡེངས་ནས་སེམས་མཉམ་པར་མ་བཞག་པའི་དབང་གིས་ཡིན་ནོ། །འགྲེལ་ཆེན་དུ་ཡང་དག་པ་

Page: 744 མ་ནོར་བའི་སྐྱོན་ཡོན་ཏན་མཐོང་བ་ཉིད་ལ་ཀུན་ནས་སྒྲིབ་པར་བྱེད་ཅེས་གསུངས། སེམས་ཅན་རྣམས་ལ་ཆགས་བྱས་ན། །ཞེས་པ་འདི་རྒྱ་དཔེ་ལ་མེད་པར་བཤད་དོ། །གཉེན་བཤེས་སོགས་འཁོར་བས་བསྡུས་པའི་ཟག་བཅས་ཀྱི་ཡུལ་ལ་ཆགས་ཤིང་ཞེན་པའི་དབང་གིས་ སྲིད་པའི་ཉེས་དམིགས་མི་མཐོང་བས་དེ་ལ་སྐྱོ་ཞིང་ཡིད་འབྱུང་བའི་སེམས་ཀྱང་འཇིག་པའམ་ཉམས་པར་བྱེད་ལ་དེའི་ཕྱིར་ཞི་བ་ལ་དོན་གཉེར་གྱི་བློ་དང་ཐར་བའི་གོ་འཕང་ཐོབ་པའང་མི་སྲིད་ལ། ཐ་མར་ཡིད་དུ་སྡུག་པའི་གཉེན་བཤེས་སོགས་དང་ངེས་པར་འབྲལ་བར་ འགྱུར་ལ་བྲལ་བའི་ཚེ་མྱ་ངན་གྱིས་ཡིད་ལ་གདུང་བ་ཆེན་པོ་སྐྱེ་བར་འགྱུར་བ་ཡང་ངེས་པའོ། །ཚོམས་ལས། །སྡུག་པ་རྣམས་ལས་མྱ་ངན་སྐྱེ། །སྡུག་ལས་སྡུག་བསྔལ་སྡུག་ལས་འཇིགས། །སྡུག་གུ་མ་དག་གཞན་འགྱུར་ན། །ཡི་མུག་འགྱུར་བ་ཐོབ་པར་བྱེད། ། འཇིག་རྟེན་སྡུག་བསྔལ་རྣམ་པ་དུ་མ་དང༌། །མྱ་ངན་སྨྲེ་སྔགས་འདོན་པ་ཇི་སྙེད་པ། །དེ་དག་སྡུག་པ་དག་ལ་བརྟེན་ཏེ་འབྱུང༌། །ཞེས་དང༌། སྡུག་པ་ཤི་བར་གྱུར་པ་ན། །གཉེན་འདུན་མཛའ་བཤེས་མང་པོ་དག །ཡུན་རིང་དུས་སུ་མྱ་ངན་དང༌། །སྡུག་དང་བྲལ་ བས་མྱ་ངན་འགྱུར། །ཞེས་དང༌། བུ་མོ་བདུན་གྱི་རྟོགས་བརྗོད་ལས་ཀྱང་། སྡུག་དང་འཕྲད་པས་དགའ་བར་སེམས་པ་དག །ངེས་པར་སྡུག་དང་བྲལ་བའི་སྡུག་བསྔལ་འཐོབ། །ཅེས་དང༌། སྐྱེས་རབས་ལས། མཛའ་བ་ཡུན་རིང་འཁོད་འཁོད་ནས། །འཆི་བས་སོ་ སོར་འབྲལ་འགྱུར་ཏེ། །མྱ་ངན་ཆེན་པོ་ལྡང་འགྱུར་བ། །དེ་ནི་འཇིག་རྟེན་འདི་ན་ངེས། །ཞེས་སོགས་གསུངས། གཉེན་བཤེས་སོགས་སྡུག་ཅིང་ཡིད་དུ་འོང་བ་ལ་ཆགས་ཞེན་སྤངས་ན་མྱ་ངན་དང་འཇིགས་པ་མི་འབྱུང་སྟེ། ཚོམས་ལས། སྡུག་པ་དག་ནི་རྣམ་སྤངས་ན། །

Page: 745 ༄༅། །མྱ་ངན་མེད་ཅིང་འཇིགས་པ་མེད། །ཅེས་དང༌། གང་ཕྱིར་འཇིག་རྟེན་འགའ་ནའང་སྡུག་མེད་པ། །གང་ཡིན་དེ་དག་བདེ་ཞིང་མྱ་ངན་མེད། །དེ་བས་གདུང་མེད་རྡུལ་བྲལ་དོན་གཉེར་བས། །ནམ་ཡང་སྡུག་པར་བྱ་བ་དེ་མི་བྱ། །ཞེས་སོགས་མང་དུ་ གསུངས་སོ། །གཞན་ཡང་གཉེན་བཤེས་སོགས་འདོད་པའི་ཡུལ་སྡུག་པ་དང་འཕྲད་པར་འདོད་པའི་སྲེད་པས་དེ་དག་ལ་ཡང་ནས་ཡང་དུ་སེམས་སེམས་པ་འབའ་ཞིག་གི་དབང་གིས་ཚེ་ཐུང་བག་ཙམ་པ་འདི་ལའང་བདེ་བའི་རྒྱུ་དགེ་བ་སྒྲུབ་པ་སོགས་ཀྱི་དོན་ཅི་ཡང་མེད་པར་སྡིག་ པ་གསོག་པ་དང་སྡུག་བསྔལ་མྱོང་བ་ཁོ་ནའི་ངང་དུ་དུས་འདའ་ཞིང་ཚེའི་འདུ་བྱེད་སྐད་ཅིག་ལ་ཟད་པར་གྱུར་ནས་དལ་འབྱོར་ཆུད་གསོན་པར་འགྱུར་བ་དང༌། དེར་མ་ཟད་མྱུར་དུ་འབྲལ་བར་ངེས་པའི་རྟག་པ་མེད་པའི་མཛའ་བཤེས་ལ་ཆགས་པའི་རྒྱུ་ཉིད་ཀྱིས་ནམ་ཡང་ཉམས་པར་ མི་འགྱུར་བའི་རྟག་བརྟན་གཡུང་དྲུང་གི་ཐར་བ་དེ་ཉིད་ཐོབ་བྱེད་ཀྱི་རྒྱུ་དམ་པའི་ཆོས་ཀྱང་འཇིག་ཅིང་ཉམས་པར་འགྱུར་བ་སོགས་ཉེས་པ་མང་པོའི་འབྱུང་གནས་སུ་གྱུར་པའི་ཕྱིར་དེ་དག་ལ་ཆགས་པར་མི་བྱའོ། །དེ་དག་གིས་གཉེན་བཤེས་ལ་ཆགས་པའི་ཉེས་པ་བྱེ་བྲག་ཏུ་བསྟན་ ལ་དེའང་ཡུལ་ཅན་ཆགས་པའི་ཉེས་པ་གཙོ་བོར་སྟོན་པ་ཡིན་ནོ། །དེ་ལྟར་གཉེན་ལ་ཆགས་པ་སོགས་ཀྱི་དབང་གིས་ཞི་གནས་ཀྱི་ཏིང་ངེ་འཛིན་འགྲུབ་པར་མི་འགྱུར་བས་ན་ཐོག་མར་གཉེན་ལ་མངོན་པར་དགའ་བས་ཆགས་པ་དང་དགྲ་ལ་སྣང་བས་མངོན་པར་ཞེན་པ་སྤང་དགོས་ ལ། གོང་དུ། འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་པས་ཀྱང་དོན་དེ་ཉིད་བསྟན་པ་ཡིན་ནོ། །དགྲ་གཉེན་ལ་ཆགས་སྡང་སྤོང་དགོས་ཚུལ་ཡང་། དཔུང་བཟང་གིས་ཞུས་པར། རེ་ཞིག་ཅིག་ན་དགྲ་ཡང་མཛའ་བོར་འགྱུར། །མཛའ་བོ་ཡང་ནི་དེ་

Page: 746 བཞིན་དགྲར་ཡང་འགྱུར། །དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར། །བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །དེ་བཞིན་མཛའ་བཤེས་འགྱུར་བར་རིག་ནས་ནི། །བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །གཉེན་ལ་དགའ་བའི་སེམས་ཀྱི་རྣམ་རྟོག་དག །བཟློག་ ནས་དགེ་ལ་ཅི་བདེར་གཞག་པར་བྱ། །ཞེས་ཚེ་འདི་ཉིད་ལའང་དགྲ་གཉེན་ཕན་ཚུན་དུ་འགྱུར་ནས་འགྲོ་བ་དང༌། དེ་བཞིན་དུ་ད་ལྟའི་གཉེན་རྣམས་ཚེ་རབས་གཞན་དུ་དགྲར་འགྱུར་བ་སོགས་རིམ་བཞིན་འཕོ་ཞིང་འགྱུར་བ་སྟེ། བཤེས་སྤྲིང་ལས། ཕ་ནི་བུ་ཉིད་མ་ནི་ཆུང་མ་ ཉིད། །སྐྱེ་བོ་དགྲར་གྱུར་པ་ཡང་བཤེས་ཉིད་དང་། །བཟློག་པ་ཉིད་དུ་མཆི་བས་ནདེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཞེས་གསུངས། དེས་ན་དགྲ་གཉེན་ལས་མཐའ་གཅིག་ཏུ་རིས་སུ་བཅད་ནས་ཆགས་སྡང་སྐྱེ་བ་བཀག་ནས་འཁོར་བའི་ཆོས་ལ་བློ་གཏད་ ཐུབ་པ་གང་། ཡང་མེད་ཚུལ་བསམ་ནས་སྐྱོ་བ་སྐྱེད་པ་དང༌། ་ཁྱད་པར་ཆགས་སྡང་སོགས་ཉེས་པའི་འབྱུང་གནས་ཁྱིམ་གྱི་གནས་ལ་ཡིད་འབྱུང་བསྐྱེད་པར་བྱའོ། །བསླབ་བཏུས་ལས། དེ་ལྟར་དྲག་ཤུལ་ཅན་གྱིས་ཞུས་པའི་ཚུལ་གྱིས་ཁྱིམ་གྱི་སྐྱོན་རྣམས་བསྡོམས་ཏེ་དགོན་ པ་ལ་གནས་པར་བྱའོ་ཞེས་བྱ་བར་གནས་སོ། །ཇི་སྐད་དུ་ཟླ་བ་སྒྲོན་མེར། འདོད་པ་དག་ནི་རབ་ཏུ་བསྟེན་བྱེད་ཅིང༌། །བུ་དང་ཆུང་མ་དག་ལ་སྲེད་བྱེད་ན། །སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་དེ། །ནམ་ཡང་བླ་མེད་བྱང་ཆུབ་མཆོག་མི་འཐོབ། །ཅེས་སོགས་གསུངས། དེའང་སྐབས་ འདིར་གཉེན་ལ་ཆགས་པའི་ཉེས་པ་དང་དེ་ལ་ཆགས་པ་འགོག་ཚུལ་བྱེ་བྲག་ཏུ་བསྟན་པ་ཡིན་ལ། དགྲ་ལ་ཞེ་སྡང་བྱས་པའི་ཉེས་པ་དང་དེ་སྤོང་ཚུལ་སྔར་བཟོད་པའི་ལེའུར་རྒྱས་པར་བསྟན་པ་ལྟར་རོ། །དེ་ནས་སྤྱིར་བྱིས་པ་གཞན་དག་དང་འགྲོགས་འདྲིས་བྱེད་པའི་ཉེས་པ་

Page: 747 ༄༅། །དང་དེའང་ཆགས་བྱའི་ཡུལ་གྱི་ཉེས་དམིགས་གཙོ་བོར་བྱས་ནས་སྟོན་པ་ལ། ངོན་འགྲོར་འཁྲིད་པ་སོགས་ཀྱི་ཉེས་པ་ནི། བྱིས་པ་སོ་སོ་སྐྱེ་བོའམ་བླང་དོར་ལ་རྨོངས་པའི་བྱིས་པ་བླུན་པོ་རྣམས་དང་སྐལ་བ་མཉམ་པ་སྟེ་དེ་དག་དང་བསམ་སྤྱོད་ མཚུངས་པར་མི་དགེ་བ་སྤྱད་ན་ངེས་པར་ངན་འགྲོར་འགྲོ་བར་འགྱུར་ཏེ་འཕགས་པའི་ཆོས་སམ་མཁས་པའི་ཆོས་ལས་ཕྱི་རོལ་དུ་གྱུར་པའི་ལས་དམན་པ་སྤྱད་པའི་ཕྱིར། དེར་མ་ཟད་བདག་ཉིད་ཀྱང་འཕགས་པ་རྣམས་དང་སྐལ་བ་མི་མཉམ་པའམ་བླང་དོར་ལ་མཁས་ པའི་སྐྱེ་བོ་རྣམས་དང་སྐལ་བ་མི་མཉམ་པའམ་སྤྱོད་པ་མི་མཚུངས་པར་འཁྲིད་པར་བྱེད་ན་དེ་ལྟ་བུའི་བྱིས་པ་དང་འགྲོགས་འདྲིས་བྱེད་པ་དང་བློ་མཐུན་གྲོས་མཐུན་བྱེད་པ་སོགས་ཀྱི་སྒོ་ནས་ཉེ་བར་བསྟེན་པས་ཅི་ཞིག་བྱ་སྟེ་ཕན་པ་དང་དགོས་པ་ཅི་ཡང་མི་འབྱུང་ལ་འདི་ཕྱི་གཉིས་ཀར་ སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་བྱེད་ཅིང་ཕན་བདེ་རྒྱུ་དང་བཅས་པ་ཉམས་བྱེད་ཀྱི་རྐྱེན་དུ་འགྱུར་བའི་ཕྱིར་རོ། །ཡང་། སྐལ་མི་མཉམ་པར་ཁྲིད་བྱེད་ན། །ཞེས་པ་ལ། རྒྱ་དཔེར། སྐལ་མི་མཉམ་པར་མི་འདོད་དེ། །ཞེས་ཡོད་ལ། དེ་ནི། ཁོ་དང་སྐུལ་བ་མི་མཉམ་ཞིང་སྤྱོད་པ་ མི་མཚུངས་པའི་འཕགས་པའི་ཆོས་ཀྱི་རྗེས་སུ་མཐུན་པར་ཞུགས་ན་དེ་ཁོས་མི་འདོད་པ་ཁྲོ་ཞིང་སྡང་བར་བྱེད་དེ་ཞེས་པའི་དོན་ཡིན་བར་བཤད་དོ། །དེ་ལྟར་བྱིས་པ་རྣམས་ནང་ཕན་ཚུན་སྐལ་བ་མཉམ་ཞིང་མཁས་པ་རྣམས་དང་སྐལ་བ་མི་མཉམ་ལ་མཁས་པ་རྣམས་ཀྱང་ནང་ཕན་ ཚུན་སྐལ་བ་མཉམ་ཞིང་བྱིས་པ་རྣམས་དང་སྐལ་བ་པཅས་པ་མམི་མཉམ་པ་ནི། ཏིང་རྒྱལ་ལས། བྱིས་པ་རྣམས་ནི་བྱིས་པ་དག་དང་མཚུངས། དཔེར་ན་ངོན་སྐྱུགས་དང་ནི་ངན་སྐྱུགས་བཞིན། །མཁས་པ་རྣམས་ནི་མཁས་དང་ལྷན་ཅིག་སྟེ། །མར་དང་མར་གྱི་ཉིང་ཁུར་མཚུངས་པ་

Page: 748 ༄༅། །བཞིན། །ཞེས་སོ། བྱིས་པ་ཞེས་པ་དེ་ལ། བདེན་པ་མཐོང་བའི་འཕགས་པའི་ཟླས་དྲངས་པའི་བྱིས་པ་ནི་དེ་མ་མཐོང་བའི་སོ་སོ་སྐྱེ་བོ་དང༌། ལོ་དྲུག་ཅུ་ལོན་པའི་རྒན་པོའི་ཟླས་དྲངས་པའི་བྱིས་པ་ནི་ལོ་བཅོ་ལྔ་མན་ཆད་པ་དང༌། བླང་དོར་ལ་མཁས་པའི་ཟླས་དྲངས་པའི་བྱིས་པ་ ནི་དེ་ལ་མི་མཁས་པའི་རྨོངས་པ་དང་གསུམ་ལས་འདིར་ཕྱི་མེ་ཉིད་གཙོ་ཆེ་བར་གསུངས་པས་དེ་ཉིད་གཟུང་ལ་ཡང་འགྲེལ་པ་ཕལ་ཆེར་དུ་དང་པོ་སོ་སྐྱེ་ལ་ངོས་བཟུང་ནས་འཆད་དོ། །་སོ་སོ་སྐྱེ་བོ་ཞེས་པའང་ལས་ཐ་དད་པ་སོ་སོ་བའི་དབང་གིས་སྐྱེ་གནས་ཐ་དད་པ་སོ་སོར་འགྲོ་ བའི་སྐྱེ་བོ་ཡིན་པས་ན་སོ་སོ་སྐྱེ་བོ་སྟེ་འཕགས་མིན་གྱི་གང་ཟག་ཅེས་བུ་སྟོན་འཆད་དེ། དེ་ནི་ཏིང་རྒྱལ་ལས། སོ་སོ་ཐ་དད་འགྲོ་བས་ན། །སོ་སོ་སྐྱེ་བོར་བརྗོད་པ་ཡིན། ཞེས་པ་ལྟར་རོ། མགུ་བར་དཀའ་བ་སོགས་ཀྱི་ཉེས་པ་ནི། ་བྱིས་པ་རྣམས་དང་རྒྱུད་མི་བརྟན་པའི་ཕྱིར་ འཕྲལ་དང་འཕྲལ་དུ་ཚིག་སྙན་པ་སོགས་ཁོའི་རང་འདོད་ཀྱི་བསམ་སྤྱོད་དང་མཐུན་པའི་བྱ་བྱེད་ཅུང་ཟད་ལ་བརྟེན་ནས་སྐད་ཅིག་གཅིག་གིས་ཞེས་སམ་སྐད་ཅིག་ཙམ་གྱིས་ཀྱང་དགའ་ཞིང་མཛའ་བའི་གྲོགས་སུ་འགྱུར་ལ་ཚིག་མི་སྙན་པ་སོགས་ཁོའི་བློའམ་སྤྱོད་པ་ དང་མི་མཐུན་པའི་རྒྱུ་མཚན་ཅུང་ཟད་ལ་བརྟེན་ནས་ཡུད་ཙམ་གཅིག་ཙམ་གྱིས་ནི་ཞེས་སམ་ཡུད་ཙམ་ཞིག་གིས་མི་མཐུན་པའི་དགྲར་ཡང་འགྱུར་བ་ལ་དཀའ་ཚེགས་མེད་ཅིང་། བླང་དོར་ལ་མི་མཁས་པའི་ཕྱིར་དགའ་བར་བྱ་འོས་པའི་གནས་བསོད་ནམས་དགེ་བའི་ བྱ་བ་ལ་སྒྱུར་ན་ཡང་མི་དགའ་ཞིང་ཁྲོ་བར་བྱེད་པས་ན་དེ་ལྟ་བུའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་རྗེས་མཐུན་གྱི་སྤྱོད་པས་མགུ་བར་བྱ་བ་ཤིན་ཏུ་དཀའ་ལ། ཕན་གནོད་ཀྱི་རྒྱུ་མི་ཤེས་པའི་ཕྱིར་རང་གཞན་ལ་ཕན་པའི་ཐབས་ཆོས་དང་མཐུན་པའི་གཏམ་འདི་བྱ་འོས་སོ་འདི་བྱ་

Page: 749 ༄༅། །མི་འོས་སོ། །ཞེས་བླང་དོར་བྱ་ཚུལ་ཕྱིན་ཅི་མ་ལོག་པར་སྨྲས་ན་ནི་དང་དུ་ལེན་པའི་སྒོ་ནས་དེ་ལ་དགའ་བས་སློབ་པར་བྱེད་པ་ལྟ་ཅི་ཁྲོ་ཞིང་སྣང་བས་མི་དགའ་བར་ཡང་བྱེད་པས་ན་ཕན་པར་སྨྲས་ཀྱང་དོན་དུ་མི་འགྱུར་ཞིང༌། དེར་མ་ཟད་རང་གིས་བླང་ དོར་ཚུལ་བཞིན་དུ་བྱས་ནས་ཆོས་མཐུན་གྱི་སྤྱོད་པ་སྤྱད་པའི་ཚེ་ཁྱོད་ཀྱིས་སུ་དང་ཡང་མི་མཐུན་པའི་ངལ་བ་འབྲས་མེད་འདི་ལྟ་བུ་ཉམས་སུ་བླངས་པས་ཅི་བྱ་ཟེར་ནས་བདག་ཀྱང་ཕན་པའི་རྒྱུ་ཆོས་དགེ་བའི་ཕྱོགས་ལས་ནན་གྱིས་ཟློག་པར་བྱེད་ལ། དེའི་ཚེ་དེ་དག་གི་ངག་སྟེ་ཚིག་ ནི་ཇི་སྐད་སྨྲ་བ་བཞིན་དུ་མ་མཉན་ན་ཁོའི་ཕན་པོའི་ཚིག་ལ་བརྙས་སོ་ཟེར་ནས་བདག་ལ་མི་དགའ་ཞིང་ཁྲོ་བ་སྐྱེ་བས་དེའི་རྐྱེན་གྱིས་ཁོ་རང་ངན་འགྲོར་ཡང་འགྲོ་བར་འགྱུར་བས་ན་བདག་གིས་དེ་ལ་ནམ་ཡང་ཕན་པར་བྱེད་མི་ནུས་སོ་ཞེས་པ་སྟེ་ཕར་ལ་ཕན་པ་སྒྲུབ་མི་ནུས་པའོ། ། དེ་ལྟར་ཡང་ཏིང་རྒྱལ་ལས། སོ་སོའི་སྐྱེ་བོ་ལ་ནི་མཛའ་བ་མེད། །ཆོས་དང་ལྡན་པའི་ཚིག་དག་སྨྲས་ན་ཡང་། །ཡིད་མི་ཆེས་ཤིང་ཞེ་སྡང་ཁྲོ་བ་དག །མངོན་པར་སྟོན་པ་འདི་ནི་བྱིས་པའི་ཆོས། །དོན་འདི་རྣམ་པར་རིག་པས་ཡིད་མི་རྟོན། །ཞེས་སོ། །དེ་ལས་ཀྱང་ཕན་པ་ མི་ཐོབ་ཅིང་གནོད་པ་ལ་སྦྱོར་བ་ནི། གཞན་ཡང་བྱིས་པ་རྣམས་ཀྱི་ངང་ཚུལ་ནི་རིགས་དང་གཟུགས་ཐོས་པ་དང་ལོངས་སྤྱོད་སོགས་རང་བས་མཐོ་ཞིང་ལྷག་པ་རྣམས་ལ་དམིགས་ནས་དེ་དག་གི་ཕུན་སུམ་ཚོགས་པ་ལ་མི་བཟོད་པའི་ཕྲག་དོག་བྱེད་ཅིང་རིགས་གཟུགས་སོགས་ རང་དང་མཉམ་ཞིང་འདྲ་བ་རྣམས་ལ་དམིགས་ནས་རང་ཉིད་ལྷག་པར་བྱ་བའི་ཕྱིར་དེ་དག་དང་འགྲན་སེམས་ཀྱིས་རྣམ་པར་རྩོད་པ་དང༌། དེ་དག་རང་བས་དམའ་བ་རྣམས་ལ་དམིགས་ནས་རང་ཉིད་མཆོག་གོ་སྙམ་དུ་སེམས་དཔང་བསྟོད་དེ་ཁེངས་པའི་ང་རྒྱལ་གྱིས་དེ་

Page: 750 དག་ལ་བརྙས་པ་དང་བདེན་པའམ་བརྫུན་པའི་སྒོ་ཡོན་ཏན་བརྗོད་དེ་བསྟོད་ན་བདག་ནི་ཡོན་ཏན་ཅན་ནོ་སྙམ་དུ་རང་མཐོང་གིས་དྲེགས་པ་སྐྱེ་བ་དང༌། སྐྱོན་གྱི་ཆ་ནས་བསྒྲགས་ཏེ་མི་སྙན་པ་བརྗོད་ན་བདག་ལ་སྨད་དོ་སྙམ་ནས་ཁོང་ཁྲོ་སྐྱེ་བ་སོགས་ཀྱི་ཕྱིར་རྟག་ཏུ་གནོད་པ་ དང་སྡུག་བསྔལ་གྱི་ཚོགས་འབའ་ཞིག་སྐྱེད་པའི་རྒྱུ་ལས་དུས་ནམ་ཞིག་གི་ཚེ་ན་ཡང་བྱིས་པ་དེ་དག་དང་བསྟེན་འདྲིས་བགྱིས་པ་ལས་བདག་ལ་ཕུགས་སུ་ཕན་པའི་དོན་ཅི་ཞིག་འཐོབ་སྟེ་ཅུང་ཟད་ཀྱང་མི་འཐོབ་ལ། རྣམ་པ་ཀུན་ཏུ་ཕན་པ་མི་འཐོབ་པར་མ་ཟད་བྱིས་པ་ རྣམས་དང་འགྲོགས་ན་གྲོགས་བྱིས་པ་གཞན་འགའ་ཞིག་ལ་དམིགས་ནས་བདག་རང་དང་རང་གི་ཕྱོགས་ཀྱི་ཡོན་ཏན་བརྗོད་ནས་བསྟོད་ཅིང་གྲོགས་གཞན་དེ་དང་དེའི་ཕྱོགས་ལ་ཉེས་སྐྱོན་བསྒྲགས་ཏེ་སྨོད་པ་ལྟ་བུའི་ཉེས་པ་འབྱུང་བ་དང་ཞེས་སམ་ཡང་ན་བྱིས་པ་དང་ འགྲོགས་ན་བྱིས་པ་དེ་དག་ལས་ནི་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་སོགས་སྔ་མ་ལྟར་རོ། །གཞན་ཡང་བྱིས་པ་ལས་ནི། འཁོར་བར་ཆགས་ཤིང་དགའ་བའི་གཏམ་འདོད་བའི་ཡོན་ཏན་ལ་བསྔགས་པ་དང་རྙེད་བཀུར་བསྟོད་གྲགས་སོགས་དང་རྒྱལ་པོ་དང་ ཡུལ་མིའི་ལོ་རྒྱུས་ལ་སོགས་པ་ཆགས་སྣང་སློང་ཞིང་འདུ་འཛི་དང་འབྲེལ་བའི་གཏམ་སྣ་ཚོགས་དང་གཞན་ཡང་བརྫུན་དང་ཕྲ་མ་སོགས་མི་དགེ་བའི་རིགས་དུ་མ་ཞིག་ཅིས་ཀྱང་ངེས་པར་འབྱུང་ལ་དེ་ལ་བརྟེན་ནས་ཀྱང་ངན་འགྲོར་འགྲོ་བས་ན་གནོད་པ་ཁོ་ན་སྦྱོར་བ་ལས་ བདག་ལ་ནམ་ཡང་ཕན་པར་མི་འགྱུར་བས་དེ་དང་འགྲོགས་པར་མི་བྱའོ་ཞེས་བྱིས་པ་དང་འགྲོགས་པའི་ཉེས་པ་རྒྱས་པར་བསྟན་པའོ། །མདོར། བྱིས་པ་རྣམས་ནི་མ་མཐོང་ན། །རྟག་སྒྲཏུ་བདེ་བ་ཉིད་དུ་འགྱུར། །ཞེས་དང་། ཚོམས་ལས། །རྣམ་པ་ཀུན་ཏུ་དགྲ་འདྲ་

Page: 751 བའི། ་། བྱིས་དང་འགྲོགས་པ་སྡུག་བསྔལ་ཞིང༌། །བྱིས་པ་མ་ཐོས་མ་མཐོང་ཞིང༌། །མ་བསྟེན་གྱུར་པ་ཉིད་རུང་ངོ་། །ཞེས་དང་། སྐྱེས་རབས་ལས་ཀྱང༌། བྱིས་པ་རྣམས་ནི་ནམ་ཡང་མི་ཐོས་ཤིང༌། །མཐོང་བར་མི་འགྱུར་ནམ་ཡང་མི་སྨྲ་ དང༌། །བྱིས་དང་འགྲོགས་ལས་སྐྱོ་བའི་སྡུག་བསྔལ་ཡང་། །མི་མྱོང་མཆོག་དེ་བདག་གིས་ཁྱོད་ལ་སློང༌། ཞེས་གསུངས། སླར་ཡང་བསྡུས་ཏེ་བསྟན་པ་ནི། དེ་ལྟར་བྱིས་པ་བདག་དང་བྱིས་པ་གཞན་ཕན་ཚུན་དུ་བསྟེན་ཅིང་འགྲོགས་པ་དེས་ནི་གཅིག་གིས་གཅིག་ ལ་མི་དགེ་བ་འཕེལ་བའི་རྐྱེན་བྱས་ནས་སྡིག་ཅན་འཕགས་སྐྱེས་པོ་དང་མ་ལ་གནོད་གཉིས་བཞིན་དུ་ཕན་ཚུན་སྡིག་གྲོགས་སུ་འགྱུར་བས་རང་གཞན་གཉིས་ཀ་ཕུང་བར་འགྱུར་བའི་རྒྱུར་ཟད་ཀྱི། བྱིས་པ་དེ་དག་གིས་ཀྱང་བདག་ལ་ཕན་པའི་དོན་ཅི་ཡང་མ་བྱས་ཞིང་ མི་བྱེད་ལ་བདག་གིས་ཀྱང་དེ་དག་ལ་ཕན་པའི་དོན་ཅུང་ཟད་ཀྱང་མ་བྱས་ཤིང་བྱེད་པར་མི་འགྱུར་བས་བྱིས་པའི་གྲོགས་པོ་དམན་པ་དང་འགྲོགས་པའི་ཉེས་པ་སྤོང་བར་འདོད་པས་བླང་དོར་ལ་མི་མཁས་པའི་རྨོངས་པ་༌་རྣམས་ལས་ཐག་རིང་དུ་བྱོལ་བར་བྱ་ཞིང་སྡིག་པའི་གྲོགས་ པོ་དེ་དག་ལས་རྒྱང་རིང་དུ་འབྲོས་པར་བྱས་༌ནས་འཕགས་པའི་ཆོས་ལ་རྗེས་སུ་སློབ་པའི་དོན་དུ་རང་གཅིག་པུ་དབེན་པར་སོང་སྟེ་གནས་དགོས་ཏེ། །པད་དཀར་ལས། །ཆོ་ག་སྤྱོད་ཡུལ་བསྲུང་བྱ་ཞིང་། །འདུ་འཛི་མེད་ལ་གཙང་བར་བྱ། །རྒྱལ་པོ་དང་ནི་རྒྱལ་བུ་དང་། ། འདྲིས་བྱེད་རྟག་ཏུ་སྤང་བར་བྱ། །ཞེས་སོགས་དང༌། དཀོན་མཆོག་སྤྲིན་ལས་ཀྱང་། ཚུལ་ཁྲིམས་ཉམས་པའི་གང་ཟག་རྣམ་པར་སྤངས་པ་ས་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པར་རིག་པར་བྱའོ། །དེ་བཞིན་དུ་ལྟ་བ་ཉམས་པ་དང་ཆོ་ག་ཉམས་པ་དང་

Page: 752 འཚོ་བ་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང་། འདུ་འཛི་ལ་དགའ་བ་དང་ལེ་ལོ་ཅན་དང་འཁོར་བ་ལ་དགའ་བ་དང་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པའི་གང་ཟག་དང་ཁྱིམ་པ་དང་བསྟེན་པ་རྣམ་པར་སྤངས་པས་སྡིག་པའི་གྲོགས་༌པོ་ཡོངས་སུ་སྤངས་པར་རིག་པར་བྱ་སྟེ། རིགས་ཀྱི་བུ་དེ་དག་ཡོངས་སུ་སྤོང་བའི་ཚེ་གང་ཟག་དེ་དག་ལ་སྡང་བའི་སེམས་བསྐྱེད་པར་མི་བྱའོ། །ཁོང་ཁྲོ་བའི་སེམས་དང་བརྙས་པའི་སེམས་བསྐྱེད་པར་མི་བྱའོ་ཞེས་སོགས་བསླབ་བཏུས་སུ་དྲངས་པ་ལྟར་རོ། །དེས་ཀྱང་བདག་དོན་སོགས་རྐང་པ་གཉིས་རྒྱ་དཔེ་ དང་རྒྱ་འགྲེལ་རྣམས་ན་མེད་ཅིང་། དེའི་ཚབ་ཏུ། བདེ་ཞིང་ཉོན་མོངས་མེད་ཡིད་ཀྱིས། གཅིག་པུ་དབེན་པར་གནས་པར་བྱ། ཞེས་ཡོད་ལ། དེའི་དོན་ནི། བྱིས་པ་སྤངས་ནས་འཕགས་པའི་ཆོས་ཀྱི་རྗེས་སུ་བསླབ་པ་བདེ་ཞིང་བྱིས་པ་དང་འགྲོགས་པའི་སྐྱོན་གྱི་ ཉོན་མོངས་པ་མེད་པའི་ཡིད་ཀྱིས་རང་གཅིག་པུ་གྲོགས་ངན་མེད་པར་དབེན་པར་གནས་པར་བྱ་ཞེས་པ་ཡིན་པར་གསུངས་སོ། །བྱིས་ལས་ཐག་རིང་བྱོལ་བར་བྱ། །ཞེས་པའི་རྐང་པ་གཅིག་པོ་འདི་འགྲེལ་པ་འགའ་ཞིག་ཏུ་མར་ལ་སྦྲེལ་ནས་འཆད་དེ་དོན་ལའང་དེ་ལྟར་ འཐད་དོ། །སྐབས་འགར་ཕྲད་ན་མི་དགའ་བ་དང་འདྲིས་ཆེ་ན་སྤང་བ་ནི། གལ་ཏེ་དབེན་པར་གནས་པ་སོགས་ཀྱི་སྐབས་ལྟ་བུ་རྒྱུ་ལ་རེས་འགའ་གློ་བུར་དུ་བྱིས་པའི་སྐྱེ་བོ་དང་ཕྲད་པར་གྱུར་ན་དེ་ཉིད་མི་དགའ་ཞིང་མ་དད་པར་འགྱུར་བའི་སྤྱོད་ཚུལ་སྤངས་ནས་རེ་ཞིག་སྙན་ པར་སྨྲ་བ་སོགས་ཁོ་དགའ་ཞིང་སྤྲོ་བར་འགྱུར་བའི་སྤྱོད་པས་ཡིད་མགུ་བར་བྱས་ཏེ། དེ་ནས་རྗེས་སུ་ཆགས་པ་དང་མཛའ་ཞིང་ཡིད་གཅུགས་པ་དང་རྙེད་བཀུར་འོང་དུ་རེ་བའི་བསམ་པ་སོགས་ཀྱི་སྒོ་ནས་ཧ་ཅང་རིང་དུ་འགྲོགས་པའི་འདྲིས་ཆེན་པོ་ཉིད་དུ་ཡང་མི་འགྱུར་བར་བྱ་

Page: 753 ༄༅། །ཞིང་དེ་ལ་གཉེན་དུ་བཟུང་ནས་ཆགས་ཤིང་ཞེན་པ་དང་དགྲར་བཟུང་ནས་སྣང་ཞིང་འཁོན་པ་ལྟ་བུའི་ཉེ་རིང་གཉིས་ཀ་དང་བྲལ་བའི་སྒོ་ནས་ཐ་མལ་བ་སྟེ་བར་མ་བཏང་སྙོམས་པ་ཙམ་མམ་གཟུ་བོ་ལྟ་བུའི་སྒོ་ནས་འདྲིས་པ་དང་འགྲས་པ་གང་ཡང་མེད་པར་ ཆོས་མཐུན་གྱི་སྤྱོད་པས་ལེགས་པར་གནས་པར་བྱ་ལ། དེ་བཞིན་དུ་ཐ་མལ་པ་བར་མའི་ཚུལ་གྱིས་བསོད་སྙོམས་ལྟ་བུའི་ཆེད་དུ་གྲོང་དང་གྲོང་ཁྱེར་སོགས་སུ་རྒྱུ་བའི་ཚེ་ཡང་དཔེར་ན་བུང་བའམ་སྦྲང་མས་མེ་ཏོག་གི་ཁ་དོག་དང་དྲི་སོགས་ལ་ཆགས་ནས་དེར་རིང་དུ་གནས་པ་དང་ གནོད་པའི་བསམ་པ་སོགས་གང་ཡང་མེད་པར་སྦྲང་རྩི་ཙམ་བླངས་ནས་འགྲོ་བ་བཞིན་དུ་ཆགས་སྡང་སོགས་ཀྱི་བསམ་པ་གཞན་མེད་པར་ཆོས་སྒྲུབ་པའི་རྟེན་རང་གི་ལུས་འཚོ་ཞིང་གནས་པ་དང་ཆོས་སྒྲུབ་པའི་ཉེར་སྤྱོད་ཀྱི་དོན་ཙམ་དུ་ཆོས་གོས་དང་བསོད་སྙོམས་སོགས་བླངས་ནས་ ནི་ཞེས་པའམ་ཡང་ན་ཐོས་པ་སོགས་ཀྱི་ཆེད་དུ་སྐྱེ་བོ་མང་པོའི་ནང་དུ་འགྲོ་བ་ན་ཡང་ལེགས་པར་བཤད་པའི་ཆོས་ཀྱི་རྣམ་གྲངས་མང་པོའི་ནང་ནས་ཉམས་སུ་བླང་བྱའི་དོན་གྱི་སྙིང་པོ་ཙམ་བླངས་ནས་ནི་ཞེས་སྦྱར་ལ། གང་ལྟར་ཡང་དེ་དང་དེར་གནས་པའི་སྐྱེ་བོ་ཀུན་ལ་སྔོན་ཆད་ ཕན་ཚུན་འགྲོགས་འདྲིས་བྱེད་མ་མྱོང་བས་མ་མཐོང་ཞིང་མ་ཐོས་པ་བཞིན་དུ་རིང་དུ་འདྲིས་པ་མེད་ཅིང་སུ་ལའང་རེ་བ་མེད་པར་བྱས་ནས་གནས་པར་བྱ་སྟེ། མདོར། ཇི་ལྟར་བུང་བ་མེ་ཏོག་གི། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབས་ནས་འཕུར་བ་ལྟར། །དེ་བཞིན་ ཐུབ་པ་གྲོང་དུ་རྒྱུ། །ཞེས་པ་ལྟར་རོ༑༑འདྲིས་པ་སྤོང་ཚུལ་བསླབ་བཏུས་ལས། འདྲིས་པར་བྱ་བ་བོར་བས་ཀྱང་སེམས་མྱུར་དུ་དག་པར་འགྱུར་རོ་ཞེས་འདིར་ཡང་བསམ་པར་བྱའོ། །མཚན་མར་གཟུང་ལས་སོ་སོར་ཤེས། །ཕྱི་ཕྱིར་ཞིང་ནི་རྒྱུའབྱུང་བར་འགྱུར། །རྗེས་སུ་

Page: 754 ཆགས་པར་སྐྱེ་བར་བྱེད། །གང་ལ་རྗེས་ཆགས་ཁོང་ཁྲོ་ཡོད། །ཅེས་སཔ་ནས། རིང་པོར་མི་ཐོགས་མེད་པར་འགྱུར། །ཞེས་པའི་བར་གསུངས་ཏེ། གཉེན་བཤེས་སོགས་ལ་འདྲིས་པའི་དོན་ལ་མཚན་མར་བཟུང་ནས་ཞེན་པ་ལས་ཆགས་སྡང་སོགས་སྐྱེས་ནས་སེམས་མ་དག་ པར་འགྱུར་བས་འདྲིས་པ་ལ་ཞེན་པ་སྤང་བར་བྱ་དགོས་ལ། དེའང་འཕྲད་པ་འདྲིས་པ་ཞེས་པ་འདྲ་བ་གཞན་འབྱུང་གི་རྒྱུན་དངོས་མེད་ལ་ཞེན་ན་སྡུག་བསྔལ་སྐྱེད་པས་རང་གཞན་ཐམས་ཅད་མྱུར་དུ་འགྱེས་པ་ལ་བསམས་ནས་སེམས་སྦྱོང་དགོས་ཞེས་པའོ། །གསུམ་པ་ཕྱི་རྙེད་ སོགས་ཀྱི་འཇིག་རྟེན་ལ་སྲེད་པ་སྤོང་བ་ནི། བདག་ནི་རྙེད་མང་སོགས་ཏེ། དེ་ཡང་རྙེད་བཀུར་གྱི་ཉེས་པ་དང་དེ་ལ་སྙིང་པོ་མེད་ཚུལ་སྟོན་པ་ལ། རྒྱགས་པ་དང་ང་རྒྱལ་སྐྱེད་པའི་ཉེས་པ་ནི། བདག་ལ་ནི་སྦྱིན་བདག་མང་པོས་ཆོས་གོས་དང་བསོད་སྙོམས་སྟེར་བ་སོགས་ཡོ་ བྱད་ཀྱི་རྙེད་པ་མང་པོ་དང་ལྡན་ལ། ཡུལ་མི་མང་པོས་མཆོད་ཅིང་བཀུར་སྟི་དང་བཅས་པ་དང༌། བདག་ལ་སྐྱེ་བོ་མང་པོ་དག་དགའ་ཞིང་གུས་པ་དང་བཅས་པའོ་ཞེས་ཚེ་འདིར་དེ་འདྲའི་སྙེམས་པ་སྟེ་རྙེད་བཀུར་གྱིས་སེམས་ཁེངས་པའི་ང་རྒྱལ་དང་རྙེད་བཀུར་ལ་ཆགས་ པས་རོ་མྱང་བའི་རྒྱགས་པའམ་དྲེགས་པ་ལྟ་བུ་སེམས་ལ་འཆང་བར་གྱུར་ན་དེ་དག་གི་ཉེས་པས་རང་ཤི་བའི་འོག་ཕྱི་མའི་དུས་དག་ཏུ་དམྱལ་བ་སོགས་ངན་འགྲོར་ལྷུང་ནས་ཡུན་རིང་ལ་བཟོད་དཀའ་བའི་སྡུག་བསྔལ་སྣ་ཚོགས་ཀྱི་འཇིགས་པ་མི་བཟད་པ་སྐྱེ་བར་༌འགྱུར་ཏེ། དེ་ལྟར་རྙེད་བཀུར་སོགས་ཀྱིས་རློམས་པ་ནི་དམྱལ་བར་སྐྱེ་བའི་རྒྱུ་ཡིན་པར་བྱམས་པའི་སེང་གེའི་སྒྲ་ཆེན་པོ་བསྟན་པ་ལས་གསུངས་པའི་ཕྱིར། དེ་ཉིད་ལས། མང་དུ་ཐོས་པས་རྒྱགས་ཤིང་དེ་མང་དུ་ཐོས་པས་བག་མེད་པར་འགྱུར་བ་དང༌། རྙེད་པ་དང་བཀུར་སྟི་དང་

Page: 755 ༄༅། །ཚིགས་སུ་བཅད་པས་རྒྱགས་ཤིང་དེ་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པས་ཟིལ་གྱིས་ནོན་པས་བག་མེད་པར་འགྱུར་བ་དང་། །མཛའ་བཤེས་ཀྱི་ཁྱིམ་དང་སློང་མོ་སྟེར་བའི་ཁྱིམ་གྱིས་རྒྱུགས་ཤིང་དེ་མཛའ་བཤེས་ཀྱི་ཁྱིམ་དང་སློང་མོ་སྟེར་བའི་ ཁྱིམ་གྱིས་སྦགས་པས་བག་མེད་པར་འགྱུར་བ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པས་རྒྱུགས་ཤིང་དེ་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པས་རྒྱགས་པས་བདག་ལ་བསྟོད་པར་བྱེད་གཞན་ལ་སྨོད་པར་བྱེད་པ་དེ་ནི་བག་མེད་པ་ཞེས་བྱ་སྟེ། འོད་སྲུང་བཞི་པོ་དེ་ དག་ནི་རབ་ཏུ་བྱུང་བའི་རྒྱགས་ཤིང་བག་མེད་པ་ཡིན་ཏེ་རབ་ཏུ་བྱུང་བ་རྒྱུགས་ཤིང་བག་མེད་པ་དེ་དག་དང་ལྡན་ན་སེམས་ཅན་༌དམྱལ་བར་འགྲོ་བ་ཡིན་པར་བརྗོད་པར་བྱའོ་ཞེས་གསུངས་ལ། དེ་ལྟར་རྒྱུགས་པ་ལ་བརྟེན་ནས་བག་མེད་པ་སྐྱེ་བས་ན། མདོར། རྒྱུགས་འདི་ བག་མེད་ཀུན་གྱི་རྩ་བ་སྟེ། ཞེས་གསུངས་པ་ཡིན་ནོ། །ཡང་དག་པར་ལྡན་པའི་ལུང་ལས་ཀྱང་། ཤིང་ནྱ་གྲོ་ཏ་ཞིག་གི་དྲུང་དུ་ལུག་ཁྱུ་ཆེན་པོ་ཞིག་འཁོད་དེ་ལུག་ཁྱུ་དེའི་ནང་ནས་ཕྱི་ས་ཟ་བའི་ལུག་གཅིག་ཕྱི་ས་ཁུང་དུ་ཕྱི་ས་ཟར་སོང་སྟེ་ཕྱི་ས་ལ་ཅི་འདོད་ཟོས་ནས་ མདུན་དུ་ཕྱི་སའི་ཕུང་པོ་བཞག་སྟེ་འདུག་ནས་མགོ་བསྒྱུར་ཞིང་དེས་དེ་ཙམ་དུ་ལུག་གཞན་དག་ལ་བརྙས་པ་བྱེད་དོ། །དེ་བཞིན་དུ་དགེ་སློང་ལ་ལ་ཞིག་རྙེད་པ་དང་བཀུར་སྟི་དང་གྲགས་པས་ནོན་པས་སེམས་ཟིན་པ་སྟེ་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་ཞིག་ཏུ་བསོད་སྙོམས་ཀྱི་ཕྱིར་ ཞུགས་ཏེ་དེས་དེར་ཟས་གཙང་མ་ཞིམ་པོ་ཅི་འདོད་པ་ཟོས་ནས་ཕྱི་དེ་ཉིན་པར་ཟས་ལས་ལྷག་པའི་ཟས་དག་ཁྱེར་ཏེ་འོངས་ནས་དགེ་སློང་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོས་ཟས་གཙང་མ་ཞིམ་པོ་ཅི་འདོད་པ་ཟོས་འདི་མི་དགོས་ཏེ་ལྷག་མ་གཏོར་བའི་རིགས་ན་

Page: 756 ཁྱོད་འདོད་ན་འདི་ཟོ་ཞིག་ཅེས་དེས་དེ་ཙམ་དུ་དགེ་སློང་དུང་བ་དེས་པ་གཞན་དག་ལ་བརྙས་པར་བྱེད་དོ་ཞེས་གསུངས་ཏེ། གང་རྙེད་བཀུར་དང་བཟའ་བཏུང་སོགས་ཅུང་ཟད་རེ་བྱུང་བས་ང་རྒྱལ་དང་རྒྱགས་པ་སྐྱེས་ནས་གཞན་ལ་ངོམས་ཤིང་བརྙས་པར་བྱེད་པ་དག་གིས་འདི་དག་ སེམས་པ་གལ་ཆེ་བར་གསུངས་སོ། །དེ་ལྟར་རྙེད་བཀུར་གྱིས་སེམས་ཁེངས་པ་དང་དེ་ལ་ཆགས་པས་རོ་མྱང་བ་ལས་འཇིགས་པ་སྐྱེ་བའི་རྒྱུ་མཚན་དེ་ལྟ་བས་ན་བདེ་སྡུག་གི་རྒྱུ་ལ་རྣམ་པར་རྨོངས་པའི་ཡིད་ཁྱོད་ཀྱིས་ད་ལྟའི་དུས་སུ་སྡུག་བསྔལ་གྱི་རྒྱུའི་རྙེད་བཀུར་ལ་བདེ་བའི་ རྒྱུར་རློམ་ནས་དེ་དག་གང་དང་གང་ལ་ཆགས་ཤིང་ཞེན་པར་གྱུར་ནས་དད་པས་བྱིན་པ་སོགས་ལ་ཇི་ཙམ་ལོངས་སྤྱོད་པ་དེ་དང་དེ་བསྡོངས་ཞེས་ཏེ་དེ་དང་དེའི་ནུས་པ་ཕྱོགས་གཅིག་ཏུ་བསྡོངས་པའམ་བསྡོམས་པ་ལས་འབྲས་བུ་རྣམ་སྨིན་མྱོང་བའི་དུས་སུ་གོང་ནས་གོང་དུ་བརྒྱ་ འགྱུར་སྟོང་འགྱུར་དུ་འཕེལ་ནས་སྡུག་བསྔལ་ཉིད་དུ་འགྱུར་ཞིང་ལྡང་ངོ༌། །དེ་བས་ན་བདེ་སྡུག་གི་རྒྱུའི་བླང་དོར་ལ་མཁས་པས་ནི་རྙེད་བཀུར་སོགས་ལ་ཆགས་པར་མི་བྱ་སྟེ་དེ་དག་ལ་ཆགས་ཤིང་ཞེན་པ་དེ་ལས་ནི་འདི་ཕྱི་ཀུན་ཏུ་འཇིགས་པ་མི་བཟད་པ་སྐྱེ་བ་བཤད་མ་ཐག་པ་ དེའི་ཕྱིར་རོ༑༑ཞེས་ཡུལ་ཅན་ཆགས་པའི་ཉེས་པ་བསྟན་ཏོ། །དེ་དང་དེ་བསྡོངས་ཞེས་པ་ནི་རྙེད་སོགས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུར་གྱུར་པའོ་ཞེས་ཀྱང་བཤད་དོ། །འབྲས་བུ་རྣམ་པར་སྨིན་པའི་དུས་སུ་སྟོང་འགྱུར་དུ་འཕེལ་ནས་སྡུག་བསྔལ་ཉིད་དུ་འགྱུར་ཞིང་ ལྡང་བ་ནི་འདུལ་བའི་མདོར། ལེ་ལོ་ཅན་ལ་ནི་བླངས་པ་དང་ཉེ་བར་སྤྱད་པ་བུ་ལོན་དུ་འགྱུར་རོ་ཞེས་ཚུལ་ཁྲིམས་རྣམ་པར་དག་ཀྱང་ཐོས་བསམ་སོགས་ལ་མི་བརྩོན་ཞིང་བསླབ་པ་ཡོངས་སྦྱོང་གི་ཐབས་ལ་བརྟེན་ནས་བསླབ་པ་གོང་འཕེལ་དུ་སྒྲུབ་མི་ནུས་པའི་ལེ་ལོ་ཅན་ནི་བླངས་

Page: 757 ༄༅། པ་དང་སྤྱོད་པ་བུ་ལོན་གྱི་ཚུལ་དུ་འགྱུར་ཞིང་སྐྱེ་བ་ཕྱི་མར་བརྒྱ་འགྱུར་སྟོང་འགྱུར་དུ་སྦྱིན་བདག་ལ་འཇལ་དགོས་པར་གསུངས་པ་ལྟ་བུ་ཡིན་ལ། དེ་བཞིན་དུ་སྦྱིན་བདག་གི་བྲན་གཡོག་དང་དེ་ལ་དཔྱ་འཇོལ་མཁན་ལྟ་བུར་སྐྱེ་བའང་ཡིན་ཏེ་དེ་ནི་ཞིང་པ་ ལྔ་བརྒྱ་དང་རྨོས་གླང་ལྔ་བརྒྱའི་བྱུང་བ་འདུལ་བ་ལས་གསུངས་པ་དེ་དག་གིས་ཤེས་པས་སོ། ཁྲིམས་འཆལ་གྱིས་དད་རྫས་སྤྱོད་པ་ནི་དེ་བས་ཀྱང་ཉེས་པ་ཆེ་སྟེ། སངས་རྒྱས་ཀྱི་མཛོད་ཀྱི་མདོ་ལས། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་བསྐལ་པ་བརྒྱ་སྟོང་ ཁྲི་འབུམ་གྱི་བར་དུ་རང་གི་ཤ་བཅད་ཅིང་གཏུབས་ཏེ་སྦྱིན་བདག་ལ་འཇལ་ལོ། །ཕྱུགས་སུ་སྐྱེས་ན་ཡང་ཁུར་ལྕི་བ་ཁྱེར་བར་འོང་ངོ༌། །སྐྲ་ཉག་མ་འབུམ་དུ་བགོས་པའི་ཆ་ཙམ་ཡང་བཞུ་བར་མི་ནུས་ན་གོས་དང་ཟས་དངམལ་ཆ་དང་སྨན་ལ་སོགས་པ་ལྟ་ཅི་སྨོས་ཞེས་ གསུངས། བླ་མ་རྗེའི་གསུངས་རྒྱུན་ལས་ནི། ་ལྡན་གྲོལ་གྱི་ཡོན་ཏན་གང་ཡང་མེད་བཞིན་དུ་ད་ལྟ་དད་པས་བྱིན་པས་བཟའ་བ་དང་བཏུང་བ་ཁམ་རེ་རེ་ཙམ་ལ་ཡང་ཆགས་སྲེད་དང་བཅས་པས་སྤྱོད་ན་ཕྱིས་དམྱལ་བར་སྐྱེས་པའི་ཚེ་ལྕགས་ཀྱི་ཐུ་ལུམ་མེ་འབར་བ་ཁམ་སྟོང་ དང་ཁྲོ་ཆུ་ཁོལ་མ་ཁམ་སྟོང་ཕྲག་ལྟ་༌བུ་ལ་མི་འདོད་བཞིན་དུ་སྤྱོད་དགོས་པ་དེ་འདྲ་ཡིན་པར་གསུངས་སོ། །་དེ་ལ་སྤྱིར་རྙེད་བཀུར་གྱི་ཉེས་པ་ནི། ལྷག་བསམ་བསྐུལ་བ་ལས། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྙེད་པ་དང་བཀུར་སྟི་ནི་ འདོད་ཆགས་སྐྱེས་པ་ཡིན་པར་རིག་པར་༌བྱའོ། །རྙེད་པ་དང་བཀུར་སྟི་ནི་དྲན་པ་འཇོམས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་རྙེད་པ་དང་མ་རྙེད་པས་ཁེངས་པ་དང་འདུད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཏི་མུག་བསྐྱེད་པར་བརྟག་པར་

Page: 758 བྱའོ། །ཞེས་པ་ནས། རྙེད་པ་དང་བཀུར་སྟི་ནི་བསམ་གཏན་དང་ཚད་མེད་པ་ཡོངས་སུ་སྤོང་བ་དང་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་༌་འཇིག་རྟེན་དུ་ལྟུང་བར་བྱེད་པ་དང་། རྙེད་པ་དང་བཀུར་སྟི་ནི་ལྷས་བྱིན་དང་ལྷག་སྤྱོད་ཀྱི་ཆོ་ག་དང་མཐུན་ པར་བརྟག་པར་བྱའོ་ཞེས་ཉེས་དམིགས་མང་དུ་གསུངས་ལ། དེ་བས་ན་དེ་དག་ལ་བརྟགས་ཏེ་ཆགས་པ་སྤངས་ནས་འདོད་པ་ཆུང་བར་བྱ་སྟེ། དེ་ཉིད་ལས། བརྟགས་ནས་ཀྱང་འདོད་པ་ཆུང་བར་བྱའི་ཡོངས་སུ་གདུང་བར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་འདོད་ པ་ཆུང་བ་ལ་སྐྱོན་འདི་ལྟ་བུ་དག་མེད་པའི་ཕྱིར་ཏེ་ཞེས་སོགས་དང། བྱམས་པ་ཕན་ཡོན་འདི་ལྟ་བུ་འདི་དག་ཤེས་ནས་བྱང་ཆུབ་སེམས་དཔའ་མཁས་པས་རྙེད་པ་དང་བཀུར་སྟི་ཐམས་ཅད་སྤང་བའི་ཕྱིར་ལྷག་པའི་བསམ་པས་འདོད་པ་ཆུང་བ་ལ་གནས་པར་བྱ་ཞིང་ འདོད་པ་ཆུང་བ་ལ་བརྟེན་པར་བྱའོ། །ཞེས་གསུངས་ལ། མདོར་ན་རྙེད་བཀུར་སོགས་ལ་ཆགས་ཤིང་ཞེན་པས་ནི་བདེ་འགྲོ་དང་ཐར་པའི་གེགས་བྱེད་ཅིང་ངན་འགྲོའི་སྡུག་བསྔལ་མི་བཟད་པ་སོགས་སྐྱེས་པས་ས་ན་གང་ལའང་ཆགས་པ་དང་ཞེན་པ་མེད་པར་གནས་ དགོས་པར་གསུངས་ཏེ། ཇོ་བོས། གང་ལའང་ཆགས་པ་སྤང་བྱ་ཞིང༌། །ཆགས་པ་མེད་པར་གནས་པར་བྱ། །ཆགས་པས་བདེ་འགྲོ་མི་འཐོབ་ཅིང༌། །ཐར་བའི་སྲོག་ཀྱང་གཅོད་པར་བྱེད། །ཅེས་སོ། །དེས་ན་དེ་ལྟ་བུའི་ངན་སོང་གི་རྒྱུའི་ཆགས་པ་དང་ང་རྒྱལ་ སོགས་ཉོན་མོངས་སྤོང་བར་འདོད་པས་རྙེད་བཀུར་སོགས་ལ་ཆགས་ཞེན་སྤངས་ནས་འོག་ཏུ་འཆད་པ་ལྟར་དབེན་པ་བསྟེན་ནས་ཉོན་མོངས་པའི་གཉེན་པོ་བསྒོམ་པར་བྱ་དགོས་ཏེ། གང་བོས་ཞུས་པར། དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །རྟག་པར་དགོན་པ་

Page: 759 ༄༅། །བསྟེན་བྱ་ཞིང༌། །གྲོང་ཁྱེར་དག་ལ་ཆགས་མི་བྱ། །བསྟེན་ན་རྙེད་སེམས་སྐྱེ་བར་འགྱུར། །རྙེད་པ་ཐོབ་ན་རབ་ཏུ་དགའ། །སྟོར་བར་གྱུར་ན་མྱ་ངན་སྐྱེ། །དེ་ཡིས་སངས་རྒྱས་མཆོད་བྱས་ཤིང་། །མཆོད་པ་བྱས་ཞེས་མི་བརྗོད་དོ། །དེ་འདྲའི་ཉོན་ མོངས་སེལ་འདོད་ན། །རྙེད་པ་རྣམས་ནི་སྤང་བར་བྱ། །སྤངས་ནས་གནས་དབེན་རབ་གནས་ནས། །སྟོང་པའི་ཆོས་ནི་བསྒོམ་པར་བྱ། །ཞེས་སོ། །རྙེད་བཀུར་སོགས་ལ་ཡིད་བརྟན་མེད་པ་ནི། རྙེད་བཀུར་སོགས་འདོད་པའི་ཡུལ་འདི་དག་ཅི་ཙམ་བྱུང་ཡང་ཡིད་བརྟན་དུ་ རུང་བ་མེད་དེ་འདི་དག་གི་རང་བཞིན་ནི་ངེས་པར་མི་རྟག་ཅིང་རང་གི་ངང་གིས་འདོར་ཞིང་འཇིག་པར་འགྱུར་བའི་ཆོས་ཅན་ཡིན་པས་ན་དེའི་ཚུལ་ལ་ཡིད་ཆེས་པའི་སྒོ་ནས་བློའི་འཇུག་པ་ཤིན་ཏུ་བརྟན་པར་བགྱིས་ཏེ་མི་རྟག་ཅིང་མི་རྟག་པའི་རང་བཞིན་ཅན་ལ་ཆགས་ཤིང་ཞེན་ པས་ཅི་བྱེད་སྙམ་དུ་རབ་ཏུ་རྟོགས་པར་གྱིས་ཤིགརྙེད་བཀུར་སོགས་འདི་དག་ནི་རང་བཞིན་གྱིས་འདོར་ཞེས་འཆད་པའང་སྣང་ངོ༌། །འདོར་ཚུལ་ཇི་ལྟར་ཡིན་སྙམ་ན། འདི་ལྟར་ཚེ་འདིར་ནོར་ལོངས་སྤྱོད་ཀྱི་རྙེད་པ་དག་ནི་མང་པོ་བྱུང་ཞིང་དེ་བཞིན་དུ་ཕྱོགས་ཐམས་ ཅད་དུ་གྲགས་པ་དང་སྙན་པ་ཆེན་པོ་བྱུང་བར་གྱུར་ཀྱང་དེ་ཐམས་ཅད་འཇིག་པའི་རང་བཞིན་ཅན་ཡིན་པས། རང་འཆི་བའི་ཚེ་རྙེད་དང་གྲགས་པའི་ཚོགས་དང་བཅས་ཏེ་མཐར་གང་དུ་འདོང་བའི་གཏོལ་མེད་དོ་སྟེ་གང་དུ་འགྲོ་མི་ཤེས་པའོ་ཞེས་པའི་དོན་ཏེ། རྫ་མཁན་ གྱིས་རྫ་སྣོད་བཟོས་པ་དང་ཐགས་མཁན་གྱིས་ཐགས་འཐགས་པ་རྣམས་མཐར་གར་སོང་འདིར་སོང་ཆ་མེད་པ་བཞིན་དུ་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་མཐར་གང་དུ་འདོང་བའམ་འགྲོ་བའི་གཏོལ་མེད་པའོ་ཞེས་པ་སྟེ་ཆགས་བྱའི་ཡུལ་གྱི་ཉེས་པའོ། །ཡང་

Page: 760 གང་དུ་འདོང་བའི་གཏོལ་མེད་པ་ནི་འཆི་བའི་ཚེ་དེ་དག་རྗེས་སུ་མི་འབྲང་བའི་དོན་ཏོ་ཞེས་འཆད་པའང་ཡོད་དོ། །འགའ་ཞིག་ཏུ་འདི་དག་རང་བཞིན་སོགས་རྐང་པ་གཉིས་ཀྱིས་རྙེད་བཀུར་སོགས་འདོར་བའི་ཆོས་ཅན་ཡིན་པས་ཆགས་མི་རིགས་པར་བསྟན་ནས། འདི་ འདོར་ཡང་ཕྱི་མར་ཕན་ནོ་སྙམ་ན། རྙེད་པ་སོགས་རྐང་པ་བཞིས་རྙེད་པ་དང་གྲགས་སྙན་ཅི་ཙམ་བྱུང་ཡང་དེ་ཐམས་ཅད་སྐྱེ་བ་ཕྱི་མ་ལ་གང་དུ་འདོང་བའམ་འགྲོ་བའི་གཏོལ་མེད་དེ་མི་ཤེས་སོ་ཞེས་ཕྱི་མར་ཡང་མི་ཕན་པར་བསྟན་པའི་དོན་ཡིན་པར་བཤད་དོ། །འདིས་ ནི་ཁྱིམ་པ་དང་འགྲོགས་འདྲིས་བྱེད་པ་སོགས་ཐབས་སྣ་ཚོགས་ཀྱི་སྒོ་ནས་རྙེད་བཀུར་སྙན་གྲགས་བསྒྲུབས་པ་ལའང་སྙིང་པོ་མེད་པར་བསྟན་ཏོ། །བསྟོད་སྨད་ལ་དགའ་མི་དགའ་བྱ་མི་རིགས་པ་ནི། གཞན་ཡང་བདག་ལ་མི་དགའ་བས་སྐྱོན་མཚང་བརྗོད་དེ་སྨོད་པར་ བྱེད་པ་གཞན་འགའ་ཞིག་ཡོད་ན་ཁ་ཅིག་དགའ་བས་བསྔགས་པ་བརྗོད་དེ་བསྟོད་པས་ཀྱང་བདག་དགའ་བར་བྱར་ཅི་ཞིག་ཡོད་དེ་ཐམས་ཅད་ཀྱིས་མི་བསྟོད་པས་དེའི་དགའ་བ་ལ་གེགས་བྱེད་ཡོད་པའི་ཕྱིར། དེ་བཞིན་དུ་བདག་ལ་བསྟོད་པར་བྱེད་པ་གཞན་འགའ་ཞིག་ ཡོད་ན་ཁ་ཅིག་གི་སྨད་པས་ཀྱང་བདག་མི་དགའ་བར་བྱར་ཅི་ཞིག་ཡོད་དེ་ཐམས་ཅད་ཀྱིས་མི་སྨད་པས་དེའི་མི་དགའ་བ་ལ་གེགས་བྱེད་ཡོད་པས་སོ། །དེས་ན་བསྟོད་སྨད་ལ་ཆགས་སྡང་དང་དགའ་མི་དགའ་སོགས་བྱེད་པ་ནི་དོན་དང་སྙིང་པོ་མེད་པ་བྱིས་པའི་སྤྱོད་པ་ཁོ་ནར་ ཟད་དེ་བསྟོད་སྨད་བྱས་པས་མཐོ་དམན་དང་བཟང་ངན་དུ་ཅུང་པ་ཟད་ཀྱང་མི་འགྱུར་ལ་ཕན་གནོད་ཀྱང་ཅི་ཡང་མེད་པས་སོ། །བྱིས་པ་མགུ་བར་དཀའ་བས་ཞེན་པ་སྤོང་བ་ནི། གལ་ཏེ་ཐམས་ཅད་མགུ་བར་བྱས་ན་བདག་ལ་གནོད་པ་བྱེད་པ་དང་སྨོད་པ་སོགས་མེད་པས་རང་ལ་

Page: 761 ༄༅། །དགའ་བ་སྐྱེ་ཞིང་གཞན་གྱི་དོན་ཡང་བྱ་ནུས་སོ་སྙམ་ན། ཐམས་ཅད་མགུ་བར་བྱ་མི་ནུས་ཏེ། སེམས་ཅན་རྣམས་ནི་ཁམས་དང་དབང་པོ་བསམ་པ་དང་མོས་པའི་ཁྱད་པར་ཐ་དད་པ་སྣ་ཚོགས་པ་ཅན་ལགས་པས་ཐབས་མཁས་ཀྱི་མཛད་པ་དུ་མའི་སྒོ་ ནས་འགྲོ་བའི་དོན་མཛད་ཅིང་གདུལ་བྱའི་རྒྱུད་ཚོད་དང་བསམ་པའི་ཁྱད་པར་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་པའི་རྒྱལ་བ་ཐུགས་རྗེ་ཆེན་པོ་མངའ་བས་ཀྱང་ནི་སྐྱེ་བོ་ཐམས་ཅད་མི་མགུ་བ་སྟེ་མགུ་བར་བྱེད་མི་ནུས་ན། །ཡུན་རིང་པོའི་བར་དུ་འགྲོགས་ཤིང་འདྲིས་པའི་ གྲོགས་གཅིག་གི་བློའི་ཚོད་ཀྱང་མི་ཤེས་པའི་བྱིས་པ་བདག་འདྲ་བ་བླུན་རྨོངས་ངན་པས་ཐམས་ཅད་ཀྱི་སེམས་མགུ་བར་བྱ་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། རྒྱལ་བས་ཀྱང་མགུ་བར་དཀའ་ཚུལ་ནི། མདོ་ལས། ང་ལ་དད་པ་ནི་སེན་མོའི་སྟེང་གི་རྡུལ་ཙམ་ལ་མ་དད་པ་ནི་སའི་ དཀྱིལ་འཁོར་ཙམ་མོ་ཞེས་པ་དང་ལེགས་སྐར་དང་མགོན་མེད་ཟས་སྦྱིན་གྱི་བྲན་མོའི་བྱུང་བ་ལྟར་རོ། །ཐམས་ཅད་མགུ་བར་བྱེད་མི་ནུས་པའི་རྒྱུ་མཚན་དེ་ལྟ་བས་ན་འཇིག་རྟེན་པ་རྣམས་མགུ་བར་འདོད་པའི་བསམ་པས་དེ་དག་དང་འགྲོགས་པ་རེ་ཞིག་བཏང་བར་བྱ་སྟེ་ བྱིས་པ་དང་འགྲོགས་༌་པའི་འདུ་འཛི་ཙམ་ལ་ཆགས་པའི་སྐྱོ་ནས་དེ་དག་དང་འགྲོགས་འདྲིས་བྱེད་པ་ནི་རང་ཉིད་ཉམས་པའི་རྒྱུ་སྟེཙམ་ལས་གཞན་དོན་སོགས་ཀྱི་དགོས་པ་ཅི་ཡང་མེད་པས་སོ། །མགུ་དཀའ་བ་དང་དེའི་ཕྱིར་བསྟེན་ཀྱང་དགའ་བ་མི་སྐྱེ་བ་ནི། མགུ་དཀའ་བའི་ རྒྱུ་མཚན་གཞན་ཡང་བྱིས་པར་གྱུར་པའི་སེམས་ཅན་དམན་པ་རྣམས་ཀྱི་རང་བཞིན་ནམ་ངང་ཚུལ་ནི་གྲོགས་སོགས་གཞན་རྙེད་པ་མེད་པ་རྣམས་ལ་འདི་ནི་སྔོན་བསོད་ནམས་མ་བསགས་པས་བསོད་སྙོམས་ཙམ་ཡང་མི་རྙེད་པའོ་ཞེས་འཕྱ་ཞིང་སྨོད་པར་བྱེད་ལ་རྙེད་པ་

Page: 762 ཅན་རྣམས་ལ་ནི་འདི་ཚུལ་འཆོས་སོགས་ཀྱི་སྒོ་ནས་སྦྱིན་བདག་རྣམས་མགོ་བསྐོར་ནས་དད་པས་བྱིན་པ་ལེན་པས་ལོག་འཚོ་སྤྱོད་པའོ་ཞེས་ངན་སྨྲས་སྣ་ཚོགས་ཀྱིས་མི་སྙན་པ་རྗོད་པར་བྱེད་པས་གང་ལྟར་ཡང་མགུ་བ་སྐྱེད་མི་ནུས་པ་དེ་དག་གི་རང་བཞིན་ནི་ཤིན་ཏུ་ འགྲོགས་པར་དཀའ་བའམ་རང་བཞིན་གྱིས་འགྲོགས་དཀའ་བ་ཅན་ཡིན་པས་ན་ལྷན་ཅིག་ཏུ་མཐུན་པར་བྱས་ནས་བསྟེན་ཀྱང་མགུ་དཀའ་བའི་ཕྱིར་དེ་དག་གིས་བདག་ལ་དགའ་བ་ཇི་ལྟར་སྐྱེ་བར་འགྱུར་ཏེ་མི་འགྱུར་བས་དེ་དག་དང་འགྲོགས་པར་མི་བྱའོ་ཞེས་བསྟེན་ ཀྱང་དགའ་བ་མི་སྐྱེ་བས་སྙིང་དུ་སྡུག་པའི་གྲོགས་སུ་བྱས་ནས་འགྲོགས་མི་རིགས་པར་བསྟན་པའོ། །དེ་ལྟར་འགྲོགས་མི་རིགས་པར་ལུང་གིས་སྒྲུབ་པ་ནི། མཛའ་བཤེས་ཀྱི་ཚུལ་དུ་འགྲོགས་མི་རུང་བའི་རྒྱུ་མཚན་གང་གི་ཕྱིར་ན་བྱིས་པ་དག་ནི་ཇི་ལྟར་ཡང་ཁོ་རང་ གིས་འདོད་པའི་རང་དོན་ནི་གཞན་པས་ལྷག་པ་ཞིག་གྲུབ་པ་མེད་པར་ནམ་ཡང་དགའ་བ་མི་འབྱུང་བར་ངེས་ལ། ཁོ་དགའ་བ་སྐྱེད་བྱེད་ཀྱི་རང་འདོད་ཀྱི་དོན་ཐམས་ཅད་ནི་སུས་ཀྱང་སྒྲུབ་དཀའ་བས་ན་བྱིས་པ་མི་མཁས་པ་འགའ་ཡང་སྙིང་གྲོགས་ཀྱི་མཛའ་བཤེས་སུ་ བྱས་ནས་བསྟེན་པར་བྱ་བ་མིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། །གང་དུ་ཇི་ལྟར་གསུངས་ན། ཟླ་བ་སྒྲོན་མེར། འདི་དག་བདག་ལ་གནོད་སེམས་ལྡན་པ་ཞེས། །མཁས་པས་བྱིས་པ་རྣམས་དང་རྩོད་མི་བྱེད། །བསྟི་སྟང་བྱས་ཏེ་བྱིས་པ་ ཡོངས་སུ་སྤོང་། །བྱིས་པའི་ཆོས་ལ་འདྲིས་པར་ཡོང་མི་བྱེད། །བྱིས་པ་ཇི་སྲིད་ཡུན་རིང་ལེགས་བསྟེན་ཀྱང་། །དེ་དག་ཕྱིར་ཞིང་མི་མཛའ་འགྲས་འགྱུར་ཞེས། །བྱིས་པའི་ངོ་བོ་ཉིད་ཀྱི་རྒྱུས་ཤེས་ན། །མཁས་པ་བྱིས་པ་དག་དང་སྟེན་མི་བྱེད། །བྱིས་པ་

Page: 763 ༄༅། །རང་བཞིན་ངོ་བོ་ཐ་དད་དེ། །སོ་སོའི་སྐྱེ་བོ་ལ་ནི་མཛའ་མེད་ཅེས། །བྱིས་པ་རྣམས་ཀྱི་ངོ་བོ་ཉིད་ཤེས་ནས། །མཁས་འདིར་བྱིས་པ་རྣམས་ལ་ཡིད་མི་རྟོན། །ཞེས་སོགས་གསུངས་ལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ ལས་ཀྱང་། ཇི་ལྟར་གཅན་གཟན་ཁྲོད་གནས་ན༑༑ནམ་ཡང་དགའ་བར་མི་འགྱུར་བ། །དེ་བཞིན་བྱིས་པ་བསྟེན་པས་ཀྱང་། །ནམ་ཡང་དགའ་བར་མི་འགྱུར་རོ། །ཞེས་དང༌། གང་ཞིག་བྱིས་པ་སྡིག་ཏོ་ཅན། །རྣམས་དང་འདྲེ་བར་སྤྱོད་པ་ནི། །ལྷ་ཡི་དགའ་བ་ མི་མྱོང་ཞིང་། །མི་ཡི་དགའ་བའང་མྱོང་མི་འགྱུར། །དེ་བཞིན་ཉན་ཐོས་རང་རྒྱལ་དང༌། །འདྲིན་པའི་དགའ་བ་མི་མྱོང་ངོ༌། །ཞེས་གསུངས་ལ་གཞན་ཡང་མང་ངོ༌། །གང་ཕྱིར་བྱིས་པ་སོགས་ཀྱི་ཚིགས་བཅད་འདི་ལ། །རྒྱ་དཔེར། རང་དོན་སྒོ་ནས་དགའ་བ་གང༌། །དེ་ནི་ རང་དོན་དགའ་བ་ཉིད། །ཇི་ལྟར་རྗེས་ཉམས་ཞེ་སྡང་བ། །དེ་ནི་བདེ་ཉམས་བྱས་པས་སོ། །ཞེས་འབྱུང་ལ། དེའི་དོན་ནི། གོང་གི་དགའ་བ་ཇི་ལྟར་སྐྱེ། །ཞེས་པ་དང་སྦྲེལ་ཏེ། རང་དོན་གྱི་སྒོ་ནས་དགའ་བ་སྐྱེ་བ་གང་ཡིན་པ་དེ་ནི་མཛའ་བཤེས་ཀྱི་གྲོགས་དག་ ལ་དགའ་བ་མིན་གྱི་རང་གི་དོན་ཁོ་ན་ལ་དགའ་བ་ཉིད་ཡིན་ཏེ། ཇི་ལྟར་དེ་དཔེར་ན་ནོར་རྫས་དག་ཉམས་ཤིང་བརླག་པའི་ཚེ་ཞེ་སྡང་ཞིང་མི་དགའ་བ་སྐྱེ་བ་ནི་ནོར་རྫས་ལ་མི་དགའ་བ་མིན་གྱི་རྫས་བརླག་པས་རང་གི་བདེ་བ་ཉམས་པར་བྱས་པས་མི་དགའ་བཞིན་ ཡིན་པར་བི་བྷཱུ་ཏིའི་འགྲེལ་བར་གསུངས་སོ། །འོ་ན་སྔར་སེམས་ཅན་མགུ་བར་བྱ་དགོས་པ་དང་གཞན་དོན་ཁོ་ན་ཆེད་ཆེར་བྱ་དགོས་པར་བཤད་པ་དང་འགལ་ལོ་སྙམ་ན། དེ་ནི་དུས་ནམ་གྱི་ཚེ་ཡང་བསམ་པའི་སྒོ་ནས་གཞན་དོན་གཙོ་བོར་བྱ་དགོས་པའི་དོན་ཡིན་ལ།

Page: 764 འདི་ནི་རང་འདོད་ཀྱི་ཆགས་ཞེན་དང་བཅས་པས་དེ་དག་དང་འགྲོགས་འདྲིས་བྱེད་པ་གཞན་དོན་དུའང་མི་འགྱུར་ལ་རང་ཡང་ཉམས་པའི་རྒྱུར་འགྲོ་བས་དེ་དང་འགྲོགས་པར་མི་བྱ་བར་བསྟན་པ་ཡིན་པས་མི་འགལ་ལོ། །བསམ་པའི་ངོས་ནས་རྟག་ཏུ་གཞན་དོན་གཙོ་ བོར་བྱ་དགོས་ལ་དེའི་ཕྱིར་དངོས་སུ་གཞན་དོན་བྱ་མི་ནུས་པས་ཀྱང་གཞན་ཕན་གྱི་བསམ་པས་དགེ་བའི་བྱ་བ་བྱས་ན་གཞན་དོན་སྤངས་པར་ཡང་མི་འགྱུར་ཏེ། ་བྱང་ཆུབ་སེམས་འགྲེལ་ལས། གཞན་ཕན་ལ་ལས་མཐུ་མེད་ཀྱང༌། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་སོ། །སེམས་ཅན་མོས་པ་སྣ་ཚོགས་པ། །ཞེས་སོགས་ཀྱི་ཚིགས་བཅད་གསུམ་པོ་འདི་འགྲེལ་འགའ་ཞིག་ཏུ་མི་ནུས་པའི་གཞན་དོན་ལ་ཆགས་པ་སྤོང་བ་ཞེས་ནང་སེམས་ཅན་ལ་ཆགས་པ་སྤོང་བ་ དང་ཕྱི་རྙེད་སོགས་ལ་ཆགས་པ་སྤོང་བ་གཉིས་ལས་ལོགས་སུ་བཤད་ཀྱང་། འདིར་ནི་སྔར་མདོར་བསྟན་སྐབས་འཇིག་རྟེན་སྤོང་བ་ལ་དེ་གཉིས་ལས་མ་བཤད་པ་ལྟར་ཚིགས་བཅད་གསུམ་པོ་དེ་ཕྱི་རྙེད་༌༌་སོགས་ལ་སྲེད་པ་སྤོང་བའི་ཁོངས་སུ་བསྡུས་ནས་འཆད་ལ། དེ་ཡང་འདི་དག་གིས་ཕྱི་རྙེད་སོགས་ཀྱི་ཕྱིར་བྱིས་པ་དང་འགྲོགས་བཤེས་བྱེད་པའི་ཉེས་དམིགས་སྟོན་ལ། དེ་ལ་བྱིས་པ་མགུ་མི་ནུས་པ་དང་རྒྱུ་མཚན་དེས་དེ་བསྟེན་ཀྱང་དགའ་བ་མི་སྐྱེ་བ་སོགས་ཀྱི་ཉེས་དམིགས་བསྟན་པའི་སྒོ་ནས་ཕྱི་ནང་གི་འཇིག་རྟེན་གཉིས་ ལ་བསྟེན་པའི་འདུ་འཛི་ལ་ཆགས་པ་སྤོང་ཚུལ་གཙོ་བོར་བསྟན་པ་ཡིན་ནོ། །འདུ་འཛི་ལ་ཆགས་ཤིང་དགའ་བའི་ཉེས་པ་ནི། ལྷག་བསམ་བསྐུལ་བ་ལས། འདོད་ཆགས་སྤངས་ཤིང་ཞི་སྣང་རབ་སྤངས་ནས། །རྣལ་འབྱོར་ཅན་ནི་འདུ་འཛིར་མི་གནས་ཏེ། །དེ་

Page: 765 ༄༅། །ནི་དེ་ལ་གཞོལ་ཞིང་དེ་ལ་འབབ། །ཉེས་པ་དེས་ན་དགའ་བར་བྱེད་མི་འགྱུར། །དགོད་དང་བཞད་གད་དེ་བཞིན་རྣམ་རྟོག་པ། །འདི་དག་ཐམས་ཅད་འདུ་འཛི་རྣམས་ལས་བྱུང༌། །སྙིང་པོ་མེད་པའི་འདུ་འཛི་སུ་བྱེད་པ། །དེ་ནི་ལང་ ལོངས་སྤྱོད་ཅིང་མ་བསྡམས་ཡིན། །བྱིས་པ་དག་ནི་འཇིག་རྟེན་སྨྲ་ལ་དགའ། །བྱིས་པ་དེ་དག་མཆོག་གི་གཏམ་ལས་ཉམས། །ཞེ་སྣང་འཕེལ་ཞིང་རྣམ་རྟོག་ཤས་ཀྱང་ཆེ། །ཉེས་པ་དེས་ནི་དེ་ལ་མི་ཆགས་སོ། །ཞེས་སོགས་གསུངས་སོ། །དེ་ལ་འདུ་འཛི་ལ་ དགའ་བ་ཞེས་པ་ནི་རྙེད་བཀུར་སོགས་འཇིག་རྟེན་གྱི་ཆོས་ལ་ཆགས་ནས་དེའི་ཕྱིར་ཁྱིམ་པ་དང་རབ་བྱུང་སོགས་ལ་འགྲོགས་བཤེས་མང་དུ་བྱེད་པ་ལ་བྱའོ། །ལུང་དེས་རྣམ་གཡེང་སོགས་ཉེས་དམིགས་ཀྱི་རྒྱུ་འཇིག་རྟེན་གྱི་འདུ་འཛི་ལ་ཆགས་པ་སྤོང་ཚུལ་བསྟན་ ལ། དེ་ནས་འཆད་འགྱུར་ལྟར་ཞི་གནས་སོགས་ཡོན་ཏན་གྱི་རྒྱུ་འདུ་འཛི་མེད་པའི་དབེན་པ་ལ་དགའ་བ་བསྐྱེད་ནས་དེར་གནས་པ་སོགས་ལ་བརྩོན་དགོས་པ་ཡང་། དེ་ཉིད་ལས། བྱམས་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཕྱི་མ་ ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པའི་ཚེ་མ་སྣད་ཅིང་མ་སྨྲས་ལ་བདེ་བར་ཡོངས་སུ་ཐར་བར་འདོད་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འདོད་པས་འདུ་འཛི་མེད་པ་ལ་དགའ་བ་དང་དགོན་པ་ད་ང་ནགས་དང་བས་མཐར་གནས་པ་ལ་བརྩོན་པར་བྱ་ ཞིང༌། མངོན་པར་མི་བརྩོན་པའི་སེམས་ཅན་ཡོངས་སུ་སྤང་བ་དང་བདག་གི་འཁྲུལ་བ་ལ་ལྟ་བ་དང་གཞན་གྱི་འཁྲུལ་བ་ལ་མི་ལྟ་བ་དང་ཅང་མི་སྨྲ་བ་ལ་དགའ་བ་དང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་ལ་བརྩོན་པར་བྱའོ་ཞེས་སོ། །བཞི་པ་སྤངས་ནས་

Page: 766 དབེན་པ་བསྟེན་ཚུལ་ནི། ནགས་ན་རི་དྭགས་སོགས་ཏེ། གོང་དུ་བཤད་མ་ཐག་པ་དེ་ལྟར་བྱིས་པ་དང་འགྲོགས་འདྲིས་སྤངས་ནས་མང་དུ་ཐོས་པ་དང་ལྡན་པའི་མཁས་པ་དག་དབེན་པའི་ནགས་ཁྲོད་དུ་གནས་པར་བྱ་དགོས་ལ། དེ་ཡང་དབེན་པ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་ཡོན་ ཏན་གྱི་ཁྱད་པར་སྟོན་པ་ལ། གྲོགས་ཀྱི་ཡོན་ཏན་གྱི་ཁྱད་པར་ནི། ནགས་ཚལ་དབེན་པ་དེ་ན་འགྲོགས་ན་བདེ་བའི་གྲོགས་ཡིད་དུ་འོང་བ་རི་དྭགས་དང་བྱ་རྣམས་དང་ཤིང་ལྗོན་པའི་ཚོགས་རྣམས་ནི་གཞན་གྱི་སྙིང་ལ་མི་འབབ་པའི་ཚིག་མི་སྙན་པ་བརྗོད་ནས་སྨོད་པ་སོགས་མི་ བྱེད་ལ། དེ་དག་མི་དགའ་ཞིང་མི་མགུ་བའི་དོགས་པ་དང་བྲལ་ཞིང་གནོད་པའི་བསམ་སྦྱོར་སོགས་ཀྱང་མེད་པས་ན་མཉམ་འགྲོགས་ཤིང་གནས་ནས་ཡིད་ལ་བདེ་བ་སྐྱེ་བའི་རྒྱུར་གྱུར་པའི་གྲོགས་བཟང་པོ་དེ་དག་དང་དུས་ནམ་ཞིག་གི་ཚེ་ལྷན་ཅིག་ཏུ་བདག་ཉིད་གནས་ པར་འགྱུར་སྙམ་དུ་སྨོན་པའོ། །རྒྱ་དཔེ་དང་འགྲེལ་པ་རྣམས་སུ། འགྲོགས་ན་བདེ་བ་དེ་དག་དང་ཞེས་པ་ལ། །རབ་ཏུ་འབད་པས་བསྟེན་མི་དགོས། །ཞེས་ཡོད་ལ། དོན་ནི་དེ་དག་མི་མགུ་བར་དོགས་ནས་རབ་ཏུ་འབད་པས་བསྒྲིམས་ཏེ་དེ་དག་དང་རྗེས་སུ་མཐུན་པའི་ སྤྱོད་པས་བསྟེན་མི་དགོས་ཞེས་པ་སྟེ་མདོར་ན་བསམ་པ་མི་མཐུན་པ་དང་བྲལ་བས་ན་འགྲོགས་ན་བདེ་བ་ཞེས་བརྗོད་པའོ། །གནས་ཀྱི་ཡོན་ཏན་གྱི་ཁྱད་པར་ནི། དེར་ས་ཕུག་གམ་བྲག་ཕུག་ལ་སོགས་པའི་གནས་དང་མི་སོགས་གཞན་གྱིས་བདག་གིར་བཟུང་བ་མེད་ པའི་ལྷ་ཁང་སྟོང་པའམ་ཡིད་དུ་འོང་བའི་ལྗོན་ཤིང་སྡོང་བོ་ཡལ་ག་རྒྱས་པའི་དྲུང་དུ་ཡུན་རིང་ཐུང་ཇི་ཙམ་སྡོད་ཀྱི་བར་དུ་ཇི་ལྟར་འདོད་པའི་འདུག་གནས་བཅས་ཏེ་དུས་ནམ་ཞིག་ན་སྔ་ནས་བློས་བཏང་ཟིན་པའི་ཁྱིམ་དང་ཉེ་དུ་དང་འདུ་འཛིའི་བྱ་བ་རྣམས་སླར་བློས་མི་ཐོང་

Page: 767 ༄༅། །བར་ཕྱིར་ལེན་པར་འདོད་པ་ལྟ་བུའི་སྒོ་ནས་རྒྱབ་ཏུ་མི་ལྟ་ཞིང་དེ་དག་གང་ལའང་ལྟོས་པ་དང་ཆགས་པ་མེད་པར་གནས་པར་འགྱུར་ཞིག་གུ་སྙམ་དུ་ཡིད་ལ་སྨོན་པ་དང་ཞེས་པའམ། ཡང་དེར་གནས་བཅས་ནས་ནམ་ཞིག་འགྲོ་རན་པའི་ཚེ་ གནས་མལ་སོགས་ལ་ཆགས་པས་རྒྱབ་ཏུ་མི་ལྟ་ཞིང་ཞེས་བཤད་པའང་ཡོད་དོ། །རི་སུལ་དང་སྤང་གཤོངས་ལ་སོགས་པའི་ས་ཕྱོགས་མི་སོགས་གཞན་འགེགས་པར་བྱེད་པ་སུས་ཀྱང་བདག་གིར་གཟུང་བ་མེད་ཅིང་འབད་རྩོལ་གྱི་སྒོ་ནས་ཆེད་དུ་མ་བྱས་པ་རང་བཞིན་ གྱིས་ནི་ཡངས་ཤིང་རྒྱ་ཆེ་བའམ་རང་བཞིན་གྱིས་བག་ཡངས་ལ་ཡིད་དགའ་བར་བྱེད་པའི་གནས་རྣམས་སུ། བྱ་བྱེད་གང་ལའང་གཞན་དབང་གི་འཇུག་པ་དང་བསྟུན་མི་དགོས་ཤིང་སུ་ལའང་རག་མ་ལས་པས། རང་དབང་། ཉིད་དུ་ཅི་བདེར་ལོངས་སྤྱོད་ཆོག་ཅིང་དེར་ གནས་པའི་ཚེའམ་གཞན་དུ་འགྲོ་བའི་ཚེ་གནས་ཁང་དང་ཡོ་བྱད་སོགས་གང་ལའང་བདག་གིར་ཡོངས་སུ་གཟུང་བའི་སྒོ་ནས་ཆགས་ཤིང་ཞེན་པ་མེད་པར་དུས་ནམ་ཞིག་བདག་ནི་གཞན་གྱི་མིག་སྔར་བཅོས་མ་ཙམ་མ་ཡིན་པས་གནས་པར་འགྱུར་སྙམ་དུ་སྨོན་ པའོ། །དེ་ལྟར་ནམ་མཁའ་མཛོད་ཀྱི་མདོར། ཁྱིམ་དང་བསྟེན་པ་ཀུན་སྤངས་ཏེ། །དོན་ཉུང་བ་དང་བགྱིད་ཉུང་བ། །བས་མཐའ་དགོན་པའི་སྤྱོད་ཡུལ་བ། །རི་དྭགས་བཞིན་དུ་འགྱུར་བར་གྱིས། །ཞེས་དང༌། ཏིང་རྒྱལ་ལས་ཀྱང༌། གང་དག་དགའ་དང་མི་ དགའ་ཅུང་ཟད་མེད། །དེ་དག་མི་ཡི་འཇིག་རྟེན་རྟག་རབ་བདེ། །གང་དག་ནགས་དང་རི་སུལ་དགའ་བ་ནི། །དགེ་སྦྱོང་ཉིད་ཀྱིས་རབ་བདེ་མྱོང་བར་འགྱུར། །གང་ལ་རྟག་ཏུ་བདག་གིར་བྱེད་པ་མེད། །གང་ལ་ཡོངས་འཛིན་རྣམ་པ་ཀུན་ཏུ་མེད། །བསེ་རུ་ལྟ་

Page: 768 བུར་འཇིག་རྟེན་འདིར་གནས་པ། །དེ་དག་ནམ་མཁའ་ལ་ནི་རླུང་ལྟར་འགྲོ། །ཞེས་སོགས་མང་དུ་གསུངས་ལ། སོ་ཐར་ལས་ཀྱང་། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཞེས་སོ། །བརྒྱད་སྟོང་པ་སོགས་སུ་ ཕྱིའི་དབེན་པ་བཀག་པ་ནི་ཐེག་དམན་དུ་ལྟུང་བ་དགག་པའི་ཆེད་ཡིན་ལ་འདི་ལས་དང་པོ་བ་ཆགས་སྲེད་འཇོམས་པའི་ཕྱིར་གསུངས་པ་ཡིན་པས་མི་འགལ་ཞེས་དགེ་ལྷ་གསུང་ངོ༌། །འདོད་ཆུང་གིས་སྨོན་གནས་སུ་གྱུར་པའི་ཉེར་མཁོའི་ཁྱད་ པར་ནི། དེར་ས་ལས་བྱས་པའི་ལྷུང་བཟེད་དང་རིལ་བ་ལ་སོགས་པའི་ཉེར་མཁོའི་ཡོ་བྱད་དམན་པ་ཉི་ཚེ་སྟེ་ཉུང་ཟད་ཙམ་དང་རྐུན་པོ་སོགས་འདོད་ཆེན་ཀུན་ལ་ཉེ་བར་མི་མཁོ་བའི་ཕྱག་དར་ཁྲོད་པའི་ཆོས་གོས་གསུམ་དང་གདིང་བ་སོགས་ཀྱི་གོས་ཙམ་འཆང་ ཞིང་། དེ་ལས་གཞན་དགྲ་སོགས་ཀྱིས་འཁྱེར་རྒྱུའི་ཕྱིའི་ལོངས་སྤྱོད་ཅི་ཡང་མེད་པས་ན་ནང་རང་གི་ལུས་རྐྱང་བ་འདི་བཙན་པའི་གནས་སུ་སྦ་བ་དང་གཅེས་འཛིན་དང་ཆགས་ཞེན་གྱིས་བསྲུང་བར་མ་བྱས་ཀྱང་ཆོམ་རྐུན་སོགས་ཀྱིས་མཐོང་དུ་དོགས་པ་དང་ ཕྲོགས་པ་དང་གསོད་དུ་དོགས་པ་སོགས་ཀྱིས་འཇིགས་པ་མེད་པར་གནས་པར་ནམ་ཞིག་འགྱུར་སྙམ་དུ་བསམས་པས་ཡང་ཡང་སྨོན་པར་བྱ་ཞིང་སྦྱོར་བས་ཀྱང་ཅི་ནུས་སུ་ཉམས་སུ་བླང་བར་བྱའོ། །ནགས་ན་རི་དྭགས་སོགས་ཀྱི་དོན་འདི་དག་ནི་དྲན་པ་ཉེར་ གཞག་ལས། གོས་ཧྲུལ་ཕྱག་དར་ཁྲོད་ཀྱི་མལ། །ལྷུང་བཟེད་གོག་པོ་གཅིག་དེ་དང༌། །འབྲས་བུ་རྩ་བས་ཆོག་ཤེས་པ། །དེ་ནི་བདེ་བར་སངས་རྒྱས་བཞེད། །བག་མེད་པ་ཡིས་གཟུང་དཀའ་བའི། །དུར་ཁྲོད་དང་ནི་ནགས་རྣམས་བསྟེན། །རྟག་ཏུ་ས་

Page: 769 ༄༅། །ཡི་མལ་སྟན་ཅིང་། །ཤིན་ཏུ་མྱ་ངན་འདས་རིངས་མིན། །ཞེས་དང༌། དཔུང་བཟང་དུའང་། ཡོངས་སུ་འཛིན་པ་རྣམ་པར་སྤང་ནས་སུ། །ཆོས་གོས་དང་ནི་བསོད་སྙོམས་ངན་ངོན་དང༌། །སྨྲ་ན་དང་མལ་སྟན་ངན་ངོན་ཙམ་གྱིས་ཀྱང་། །ཆོག་ པའི་སེམས་དང་ལྡན་པའི་བསོད་ནམས་ཐོབ། །ཅེས་ཡོན་ཏན་བསྟན་པ་དང༌། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལས། །སྐུ་རྣམས་བྲེགས་པར་གྱུར་ནས་ནི། །ཕྱག་དར་ཁྲོད་ཀྱི་གོས་འཆང་ཞིང༌། །དགོན་པ་དབེན་པའི་གནས་དག་ཏུ། །ནམ་ཞིག་བདག་ནི་གནས་ པར་འགྱུར། །གཉའ་ཤིང་གང་ཙམ་རྣམ་བལྟ་ཞིང༌། །ས་ཡི་ལྷུང་བཟེད་ལག་ཐོགས་ནས། །དཔྱས་མེད་ཁྱིམ་ནས་ཁྱིམ་དུ་ནི། །ནམ་ཞིག་སློང་མོ་སྤྱོད་པར་འགྱུར། །རྙེད་དང་བཀུར་སྟིར་ཆགས་བྲལ་ཞིང་། །ཉོན་མོངས་ཚེར་མའི་འདམ་རྫབ་དག །སྦྱོང་ བར་བྱེད་ཅིང་གྲོང་ཁྱེར་གྱི། །སྦྱིན་པའི་གནས་སུ་ནམ་ཞིག་འགྱུར། །རྩྭ་ཡི་ཚོགས་ལས་ལངས་བྱས་ནས། །བ་མོས་ལྕི་བའི་གོས་དག་དང༌། །ཟས་སྐོམ་ངན་ངོན་ཙམ་དག་གིས། །ནམ་ཞིག་ལུས་ལ་ཆགས་མེད་འགྱུར། །ཤིང་དྲུང་ནེ་ཙོ་ལྟར་ལྗང་བའི། །དུར་ བ་འཇམ་པོའི་གོས་ཅན་དུ། །མཐོང་ཆོས་བདེ་བའི་དགའ་སྟོན་དང་། །ནམ་ཞིག་བདག་ནི་ཉལ་བར་འགྱུར། །ཞེས་སོགས་ཐུགས་ཀྱིས་རྡོསྨོན་པར་མཛད་པ་དང་འདྲ་ལ། དེ་ལྟ་བུར་འདུག་དགོས་པའི་ཚུལ་གཞན་ཡང་། ཕར་བསྡུས་ལས། ཤིང་དྲུང་བརྟུལ་ ཞུགས་གནས་དག་གམ། །ནེའུ་གསིང་སྡུག་གུའི་ས་གཞིའམ། །ཆེད་དུ་མ་བྱས་མདངས་དགའ་བའི། །ནགས་ཀྱི་མེ་ཏོག་དྲི་ཞིམ་པའམ། །ཞེས་པ་ནས། །གང་ཡང་རུང་བའི་གནས་དག་ཏུ། །སྐྱིལ་མོ་ཀྲུང་དུ་དེར་འདུག་སྟེ། །དྲང་པོའི་ལུས་ནི་བསྲང་བྱས་ཤིང་། །

Page: 770 དྲང་བའི་བསྲུང་བ་སེམས་གཞི་ལ། །ཉེ་བར་ཡང་དག་གཞག་བྱ་སྟེ། །ཞེས་སོ། །དེ་ནས་དབེན་པ་ལ་མི་སྤྲོ་བའི་རྒྱུ་སྤོང་བ་ལ། ལུས་ལ་ཆགས་པའི་གཉེན་པོ་སྒོམ་པ་ནི། ལུས་ལ་ཆགས་པའི་གཉེན་པོར་ལུས་མི་རྟག་པ་དང་མི་སྡུག་པར་སྒོམ་པའི་ཕྱིར་སྐབས་ སྐབས་སུ་དུར་ཁྲོད་ཀྱི་གནས་སུ་སོང་ནས་སྔར་གཞན་ཤི་བ་དག་གི་རོ་དང་རུས་གོང་དག་དང་བདག་གི་ལུས་ད་ལྟ་གསོན་པའི་དུས་སུ་ཕྱིན་ཅི་ལོག་གི་བློས་རྟག་པར་བཟུང་བ་འདི་གཉིས་ཁྱད་པར་མེད་པར་འཇིག་པའི་ཆོས་ཅན་དག་ཏུ་ནི་དུས་ནམ་ཞིག་མགོ་སྙོམས་ བྱེད་པར་འགྱུར་བ་སྟེ་བདག་གི་ལུས་འདི་ཡང་འདི་ལྟ་བུའི་རང་བཞིན་ཅན་འདི་ལྟ་བུའི་ཆོས་ཅན་ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་མཚུངས་པར་བསྒོམ་པར་འོགྱུར་སྙམ་དུ་སྨོན་པ་ནི་ལུས་མི་རྟག་པར་ཡིད་ལ་བྱེད་པ་ཡིན་ལ། དུར་ཁྲོད་སོང་ནས་ཞེས་པ་འདི་ལ། འགྲེལ་ཆེན་སོགས་སུ། ལུས་ཀྱི་གཉུག་མའི་སར་སོང་ནས། །ཞེས་ཡོད་དེ། ལུས་འདི་ད་ལྟ་རིང་དུ་གནས་ཀྱང་མཐར་ཕལ་ཆེར་དེར་འགྲོ་དགོས་པས་ན་ལུས་ཀྱི་གཉུག་མའི་ས་ཞེས་བརྗོད་པ་ཡིན་ལ། དེར་སོང་ནས་སྒོམ་པ་ནི་སྐྱོ་བ་སྐྱེད་པའི་ཆེད་དོ། །དེ་བཞིན་དུ་ད་ལྟ་ གསོན་པའི་གནས་སྐབས་ཀྱི་བདག་གི་ལུས་ནི་བྱིས་པའི་བློས་གཙང་བར་བཟུང་བ་འདི་ཉིད་ཀྱང་མཐར་བདག་ཉིད་ཤི་ནས་དུར་ཁྲོད་དུ་བསྐྱལ་བའི་རོ་རུལ་བར་གྱུར་པ་གང་གི་དྲི་ཤིན་ཏུ་ང་བ་ཤིན་ཏུ་མནམ་པ་དེ་ཡིས་མི་གཙང་བའི་ཤ་ཁྲག་སོགས་ཀྱི་ཁ་ཟས་དོན་དུ་གཉེར་ནས་ ཚོལ་བའི་ཕྱིར་རྒྱུག་པའི་ཝ་དང་ཅེ་སྤྱང་དག་དང་བྱ་རྒོད་སོགས་ཀྱང་དེ་ཡི་གྲོང་དུ་ཉེ་བར་འགྲོ་མི་བཟོད་པའམ་འགྲོ་འདོད་པར་མི་འགྱུར་བ་དེ་ལྟ་བུར་ནི་གདོན་མི་ཟ་བར་འགྱུར་བ་ཉིད་རིང་བོར་མི་ཐོགས་པར་ངེས་པར་འོང་སྙམ་དུ་དུར་ཁྲོད་ཀྱི་རོ་རུལ་དང་མཚུངས་པར་སྒོམ་

Page: 771 ༄༅། །པ་ནི་ལུས་མི་གཙང་བར་ཡིད་ལ་བྱེད་པའོ། །དེ་ལྟར་ཡིད་བྱེད་གཉིས་ཀྱི་སྒོ་ནས་སྒོམ་པའི་ཚུལ་འདི་ནི་བསླབ་བཏུས་སུ་ཡུམ་མདོ་དྲངས་པ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་དུར་ཁྲོད་དུ་སོང་སྟེ་དུར་ཁྲོད་དུ་བོར་བ་རོའི་ གནས་སུ་བསྐྱལ་བ་ཤི་ནས་ཞག་གཅིག་ལོན་པའམ་ཤི་ནས་ཞག་གཉིས་ལོན་པའམ་ཤི་ནས་ཞག་གསུམ་ལོན་པའམ་ཤི་ནས་ཞག་བཞི་ལོན་པའམ་ཤི་ནས་ཞག་ལྔ་ལོན་པའམ་རྣམ་པར་བམ་པའམ་རྣམ་པར་སྡོས་པའམ་རྣམ་པར་རྣགས་པའམ་རྣམ་པར་འབུས་ གཞིག་པའི་རོ་སྣ་ཚོགས་མཐོང་ན་དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ཅན་ནོ། །དེ་ལྟ་བུའི་ཆོས་ཅན་ནོ་ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ལ་ཡང་དེ་དང་སྦྱོར་རོ་ཞེས་སོགས་དང༌། ཡང་གང་གི་ཚེ་དུར་ཁྲོད་དུ་བོར་བ་རྣམ་པར་ཟོས་པ་མི་གཙང་བ་དྲི་ང་ བ་མཐོང་ན་སོགས་དང༌། ཀེང་རུས་དང་ཤ་དང་ཁྲག་ར་རི་ཆགས་པ་ཆུ་རྒྱུས་བྲང་བྲེང་ཆགས་པ་མཐོང་ན་སོགས་དང༌། གཞན་ཡང་གང་གི་ཚེ་དུར་ཁྲོད་ན་ཀེང་རུས་སུ་གྱུར་པ་ཤ་དང་ཁྲག་དང་ཆུ་རྒྱུས་མེད་པ་མཐོང་ན་དེ་ལུས་འདི་ཡང་ཞེས་བྱ་བ་སྔ་མ་བཞིན་ནོ་ཞེས་ སོགས་རྒྱ་ཆེར་གསུངས་པ་ལྟར་རོ། །མཛའ་བཤེས་ལ་ཆགས་པ་སྤོང་བ་ནི། གཞན་ཡང་དབེན་པ་ལ་མི་སྤྲོ་བའི་རྒྱུ་གཉེན་བཤེས་དང་མི་འབྲལ་བར་འདོད་པའི་སྲེད་པ་སྤང་བར་བྱ་རིགས་ཏེ། སྔ་མ་ནས་འདིར་སྐྱེ་བའི་ཚེ་ཡང་། མཛའ་བཤེས་སོགས་དང་འགྲོགས་ ནས་འོང་བ་མིན་པར་རང་གི་ལུས་འདི་གཅིག་པུ་བྱུང་བར་གྱུར་པ་ཡིན་ལ། །དེ་ལྟ་བུའི་ལུས་དེ་ཡང་དང་བོར་རང་དང་ལྷན་ཅིག་ཏུ་སྐྱེས་པའི་ཤ་དང་རུས་པའི་ཚོགས་དག་ཀྱང་མཐར་ཤི་བའི་ཚེ་ཞིག་སྟེ་སོ་སོར་འགྱེས་ཤིང་འབྲལ་བར་འགྱུར་བ་ཡིན་ན་དང་པོ་ནས་

Page: 772 འབྲེལ་མེད་ཀྱི་ལས་སོ་སོ་བའི་དབང་གིས་འོངས་ཤིང་འདུས་པའི་གཉེན་གྲོགས་སོགས་མཛའ་བ་གཞན་དག་དང་སོ་སོར་གྱེས་ནས་འབྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས་ཞེས་དེ་གཉིས་ཀ་དང་མྱུར་དུ་འབྲལ་བར་ཡིད་ལ་བྱེད་པའོ། །ཡང་སྒྲས་ལུས་ཀྱང་འདོར་ཞིང་འབྲལ་ ན་མཛའ་བཤེས་དང་འབྲལ་བ་སྨོས་ཅི་འཚལ་ཞེས་སྡུད་པའོ། །འདིས་རང་ལུས་ཀྱང་མི་རྟག་པས་ཆགས་མི་རིགས་ན་མི་རྟག་པའི་མཛའ་བཤེས་ལ་དེ་བས་ཀྱང་ཆགས་མི་རིགས་ཞེས་བསྟན་ནས་དེས་ན་དེ་དག་ལ་མ་ཆགས་པར་དབེན་པར་འགྲོ་རིགས་ཞེས་ཀྱང་བསྟན་ཏོ། ། དེ་ལྟར་མདོ་ལས། བདག་ལ་ཤིན་ཏུ་ཕངས་པའི་ལུས་འདི་ཡང༌། །ཤི་བའི་དུས་ན་རྫ་ཞིག་བཞིན་དུ་འབོར། །ལྷན་ཅིག་སྐྱེས་པའི་ཤ་རུས་གཉིས་ཀྱང་འབྱེ། །དབང་མེད་བདག་ཉིད་གཅིག་པུ་འཁྱམས་ནས་ནི། །ལས་ཀྱི་དབང་གིས་གང་དུ་སྐྱེས་གྱུར་ན། །དེ་བས་ལུས་ཀྱི་ ཕྱིར་ནི་སྡིག་མི་བྱ། །ཞེས་དང༌། ཀ་ནི་ཀའི་སྤྲིང་ཡིག་ལས་ཀྱང་། །འཆི་བདག་གིས་ནི་དྲངས་པ་ན། །དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་མཛོད་ལ་ལེགས་པར་སྤྱོད། །ཅེས་སོ། ། གཞན་ཡང་མཛའ་བཤེས་ལ་ཆགས་མི་རིགས་པའི་རྒྱུ་མཚན་ལ། སྡུག་བསྔལ་མྱོང་བའི་གྲོགས་མི་བྱེད་པས་ཆགས་མི་རིགས་པ་ནི། མཛའ་བཤེས་རྣམས་ནི་བདེ་སྐྱིད་ལ་མཉམ་དུ་སྤྱོད་པ་དང་སྡུག་བསྔལ་ཐུན་མོང་དུ་འཁུར་བའི་གྲོགས་ཡིན་པས་དེ་དག་དང་འབྲལ་མི་ ཕོད་པས་དབེན་པར་མི་འགྲོའོ་སྙམ་ན། །ད་ལྟ་རེ་ཞིག་ལྷན་ཅིག་ཏུ་གནས་ཀྱང་དེ་ལ་ཆགས་མི་རིགས་ཏེ། གང་གི་ཕྱིར་ན། དང་པོ་གང་དུ་སྐྱེས་བའི་ཚེ་ན་མཛའ་བཤེས་སོགས་ཀྱི་གྲོགས་སུ་ཡང་མེད་པར་རང་གཅིག་པུ་ཉིད་དུ་སྐྱེ་བར་འགྱུར་ཞིང་མཐར་འཆི་བའི་ཚེ་ནའང་དེ་

Page: 773 ༄༅། །ཉིད་གཅིག་པུར་འཆི་སྟེ་གྲོགས་སུ་ཡང་མེད་ལ། ད་ལྟར་རང་གིས་ན་ཚ་བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བའམ་རང་དང་ཉེ་དུ་དེ་དག་སོགས་ཀྱི་ཆེད་དུ་སྡིག་པ་མང་པོ་བསགས་པའི་རྣམ་སྨིན་དུ་གྱུར་པའི་སྡུག་བསྔལ་དང་ཡིད་མི་ བདེ་དྲག་པོ་མྱོང་བ་ན་ཡང་དེའི་སྐལ་བ་སྟེ་བགོ་སྐལ་ཆ་ཤས་ཙམ་ཞིག་ནི་གཞན་གཉེན་བཤེས་སོགས་ཀྱིས་མི་ལེན་ཞིང་འཁུར་བའི་གྲོགས་མི་བྱེད་ན་དགེ་ཆོས་སྒྲུབ་པ་ལ་འཇུག་པའི་གེགས་འབའ་ཞིག་བྱེད་པའི་གཉེན་བཤེས་མཛའ་བས་ཅི་ཞིག་བྱ་སྟེ་དགོས་ཅུང་ཟད་ ཀྱང་མེད་པའི་ཕྱིར་ཆགས་མི་རིགས་སོ་སྙམ་དུ་ཆགས་པའི་ཉེས་དམིགས་ཡིད་ལ་བྱེད་པའོ། །རྒྱལ་པོ་ལ་གདམས་པར། འཆི་བའི་ཚེ་ན་ཕ་མ་བུ་ཚ་དང༌། །ཕུ་ནུ་མཛའ་བཤེས་བྲན་ཁོལ་ནོར་ཀུན་ཀྱང་། །བདག་ཉིད་འཆི་བའི་ཕྱི་ན་འོང་མེད་པས། །སྡུག་བསྔལ་སྐལ་ ལེན་འགའ་ཡང་ཡོད་མ་ཡིན། །དེ་བས་སྐྱེས་ཀྱང་བདག་ཉིད་གཅིག་པུར་སྐྱེ། །ཐ་མ་འཆི་ཡང་བདག་ཉིད་གཅིག་པུ་འཆི། །ཞེས་དང༌། དཔས་བྱིན་གྱིས་ཞུས་པ་ལས་ཀྱང་། འདྲེས་པའི་ལས་ཀྱིས་ལོངས་སྤྱོད་ཚོལ་བྱེད་ཅིང་། །བུ་དང་དེ་བཞིན་ཆུང་མ་གསོ་བར་བྱེད། ། ཤིན་ཏུ་སྡུག་བསྔལ་གྱུར་པ་དེ་དུས་ན། །བུ་དང་ཆུང་མ་སྐྱབས་སུ་འགྱུར་མ་ཡིན། །ཇི་ལྟར་སྣ་ཚོགས་ལས་ཀྱིས་བླངས་པ་བཞིན། །བུ་དང་ཆུང་མ་དག་ཀྱང་འདོར་བར་འགྱུར། །བདག་ཉིད་གཅིག་པུས་སྡུག་བསྔལ་མྱོང་བར་འོང་། །དེ་དག་དེ་ཚེ་བདག་གི་སྐལ་མི་ ལེན། །ཞེས་གསུངས་པ་ལྟར་རོ། །གནས་ཁང་གཅིག་ཏུ་ཚོགས་པའི་མགྲོན་པོ་དང་འདྲ་བས་ཆགས་མི་རིགས་པ་ནི། དཔེར་ན་བཤུལ་ལམ་རིང་པོ་དག་ཏུ་ནི་ལྷན་ཅིག་དོན་མཐུན་པར་ཞུགས་པའི་མགྲོན་པོ་རྣམས་ནུབ་མོ་སྡོད་པའི་ཚེ་ཇི་ལྟར་མགྲོན་ཁང་སོགས་

Page: 774 ཀྱི་གནས་གཅིག་ནི་འཛིན་ཅིང་མཉམ་དུ་སྡོད་པར་བྱེད་ལ་སང་འགྲོ་བའི་ཚེ་ཡུལ་གཞན་དང་གཞན་དུ་སོ་སོར་འགྲོ་བ་ལྟར། དེ་བཞིན་དུ་སྲིད་པ་རྒྱུད་ལྔའི་ལམ་རིང་པོ་དག་ཏུ་ཞུགས་པའི་སྐྱེ་བོའང་ལས་སོ་སོ་པ་མཐུན་པར་བསགས་པའི་དབང་གིས་ད་ལྟ་ལན་རེས་འགའ་ཙམ་དུ་རུས་ གཅིག་པའི་གཉེན་དང་སྣག་གི་གཉེན་མཚམས་སོགས་དང་སྐྱེ་བའི་གནས་རིས་མཐུན་པ་གཅིག་ཏུ་ནི་ལྷན་ཅིག་ཚོགས་ནས་སྐྱེ་བ་ཡོངས་སུ་འཛིན་པ་ཙམ་དུ་ཟད་ཀྱི་ཕ་རོལ་དུ་འགྲོ་བའི་ཚེ་ལས་ཀྱི་དབང་གིས་གནས་རིས་གཞན་དང་གཞན་དུ་སོ་སོར་འགྲོ་བར་བྱེད་པ་ལས་སྐྱེ་བ་ སྔ་ཕྱི་ཐམས་ཅད་དུ་འབྲལ་མེད་དུ་ཚོགས་པ་མ་ཡིན་པས་ཆགས་མི་རིགས་སོ་སྙམ་དུ་གནས་གཅིག་ཞག་གཅིག་གི་མགྲོན་པོ་དང་འདྲ་བར་༌་། ཡིད་ལ་བྱེད་པའོ། །ཡང་ལམ་དག་ཏུ་ནི་ཞུགས་པའི་མགྲོན་པོ་རྣམས་ནུབ་མོ་སྡོད་པའི་ཚེ་ཇི་ལྟར་གནས་ནི་སོ་སོར་འཛིན་པར་ བྱེད་པ་དེ་བཞིན་དུ་སྲིད་པའི་ལམ་དུ་ཞུགས་པའི་གཉེན་བཤེས་སོགས་རིས་གཅིག་པའང་འདི་ནས་འཕོ་བའི་ཚེ་ལས་ཀྱི་དབང་གིས་སྐྱེ་བའི་གནས་སོ་སོ་བ་ནི་ཡོངས་སུ་འཛིན་པ་ལས་ལྷན་ཅིག་ཏུ་འགྲོ་བ་མེད་པས་ཆགས་མི་རིགས་ཞེས་འཆད་པ་དང༌། ཡང་ལམ་ དག་ཏུ་ཞུགས་པའི་མགྲོན་པོ་རྣམས་ཇི་ལྟར་གནས་ནི་གཅིག་སྤངས་ནས་གཅིག་འཛིན་པར་བྱེད་པ་ལྟར། དེ་བཞིན་དུ་སྲིད་པའི་ལམ་དུ་ཞུགས་པའང་སྐྱེ་བའི་གནས་གཅིག་སྤངས་ནས་གཅིག་ནི་ཡོངས་སུ་འཛིན་ཞེས་བཤད་པའང་སྣང་མོད། འོན་ཀྱང་སྔ་ མ་ལྟར་ལེགས་སམ་སྙམ་མོ། །མདོ་ལས། སྐད་ཅིག་ཚེ་ལ་མཐུན་པའི་ཉེ་གཞི་རྣམས། །མགྲོན་པོ་གནས་མཐུན་ཙམ་སྟེ་སོ་སོར་འགྲོ། །ཞེས་སོ། །ད་ལྟ་ནས་ནགས་སུ་འགྲོ་རིགས་པར་གདམས་པ་ནི། གནས་ཡུལ་གཉེན་བཤེས་སོགས་དང་འབྲལ་མི་ཕོད་

Page: 775 ༄༅། །པས་ནགས་སུ་མི་འགྲོའོ་སྙམ་ན། སྤྱིར་སྐྱེས་ཚད་འཆི་བར་ངེས་ལ་ཤི་ནས་དུར་ཁྲོད་སོགས་སུ་སྐྱེལ་བའང་ཤས་ཆེ་བས་ན་རང་ཉིད་ཀྱང་མཐར་ཤི་བའི་ཚེ་གཉེན་དང་གྲོགས་སོགས་ཀྱི་འཇིག་རྟེན་པ་རྣམས་སྡུག་པ་དང་བྲལ་བའི་མྱ་ངན་གྱི་ ཤུགས་ཀྱིས་ཀུན་ནས་གདུངས་ཤིང་ཀྱི་ཧུད་ཕ་ཀྱི་ཧུད་མ་ཀྱི་ཧུད་བུ་ཞེས་སོགས་ཀྱི་སྨྲེ་སྔགས་འདོན་པ་དང་བཅས་བཞིན་དུ་ཇི་སྲིད་ཕུང་པོ་སྐྱེལ་མཁན་གྱི་སྐྱེས་བུ་བཞི་ཡིས་ནི་གྲོང་ངམ་ཁྱིམ་དེ་ནས་མལ་ཁྲི་དེ་ལས་ཤི་བའི་ལུས་དེ་ནི་མ་བཏེག་ཅིང་མ་བཏོན་པ་ཡི་ སྔ་རོལ་དེ་སྲིད་དུ་ནི་ནགས་སུ་སོང་ལ་གནས་དང་གྲོགས་སོགས་གང་ལའང་ཆགས་མེད་ཞེན་མེད་ཀྱི་སྒོ་ནས་ཕྱི་མར་ཕན་པའི་ཆོས་ལ་བརྩོན་པར་གྱིས་ཤིག་ཅེས་གདམས་པ་སྟེ་མྱ་ངན་དང་བཅས་ནས་མ་བསྐྱལ་བའི་གོང་ནས་མྱ་ངན་མེད་པར་འགྲོ་རིགས་པར་བསྟན་ པའོ། །ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་དབེན་པའི་ནགས་ཁྲོད་དུ་འགྲོ་ན། དཀོན་མཆོག་སྤྲིན་ལས། གནས་གང་ན་བསོད་སྙོམས་བླང་བའི་ཡུལ་དང་ཧ་ཅང་མི་ཉེ་ཧ་ཅང་མི་རིང་བ་དང༌། གནས་གང་ན་ཆུ་དྭངས་ཤིང་རྙོག་པ་མེད་པ་ གཙང་ཞིང་དྲི་མ་མེད་པ་ཚེགས་ཆུང་བ་ཡོད་པ་དང་། གནས་གང་ན་ཤིང་ཕུན་སུམ་ཚོགས་པ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་ལོ་མ་ཕུན་སུམ་ཚོགས་པ་གཅན་གཟན་ཁྲོ་བོ་མེད་པ་ཕུག་དང་ལྡན་པ་སྨན་ལྗོངས་དང་ལྡན་པ་༌ཐག་ཐུག་མེད་པ་འགྲོ་ན་ བདེ་བ་ཞི་བ་གཉིས་སུ་མེད་པའི་གནས་དེ་འདྲ་བ་དག་ན་གནས་སོ་ཞེས་གསུངས་ཤིང༌། མདོ་རྒྱན་ལས་ཀྱང་། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང༌། །ས་བཟང་བ་དང་གྲོགས་བཟང་དང༌། །རྣལ་འབྱོར་བདེ་བའི་ཡོན་ཏན་

Page: 776 ལྡན། །ཞེས་ཡོན་ཏན་ལྔ་དང་ལྡན་པའི་གནས་སུ་སོང་ནས་སྡོད་པ་ནི་མཐུན་པའི་ཡུལ་ན་གནས་པ་སྟེ་ཞི་གནས་ཀྱི་ཚོགས་རྣ་བདང་བོ་ཡིན་ལ། དེ་བཞིན་དུ་འདོད་པ་ཆུང་བ། ཆོག་ཤེས་པ། བྱ་བ་མང་པོ་ཡོངས་སུ་སྤངས་པོ། ཚུལ་ཁྲིམས་རྣམ་པར་དག་པ། འདོད་པའི་རྣམ་རྟོག་སོགས་ཡོངས་སུ་སྤོང་བ་སྟེ་ཞི་གནས་ཀྱི་ཚོགས་དྲུག་གསུངས་ལ་དེ་དག་ནི་གོང་འོག་རྣམས་སུ་འཆད་པ་ལྟར་རོ། །དབེན་པར་སོང་བའི་ཕན་ཡོན་ནི། ནགས་སུ་སོང་བ་ལ་ཡོན་ཏན་གྱི་ཁྱད་པར་ཅི་ཡོད་སྙམ་ན། །རང་ཉིད་ཁྱིམ་གྱི་གནས་ ནས་བྱུང་སྟེ་ཆགས་པ་སྐྱེ་ཡུལ་གྱི་གཉེན་བཤེས་མེད་ཅིང་དགྲ་སོགས་གནོད་བྱེད་ཀྱི་ཡུལ་ལ་ཁྲོ་བ་དང་འཁོན་དུ་འཛིན་པའང་མེད་པར་བྱས་ནས་ད་ལྟ་ནས་ལུས་འདི་གཅིག་པུ་དབེན་པའི་གནས་སུ་རང་ཉིད་ཀྱིས་བསྐྱལ་ནས་དེར་གནས་བཅས་ཏེ་བསྡད་པ་ན་ ཉེ་དུ་སོགས་ཀྱིས་ཀྱང་མ་ཤི་བའི་སྔ་རོལ་ནས་ཤི་བ་དང་འདྲ་བར་བརྩིས་ནས་ཆགས་ཞེན་དང་བྲལ་བར་གྱུར་ན་ཕྱིས་ཤི་བའི་ཚེ་ནའང་གསན་དུ་མྱ་ངན་བྱེད་པ་སུ་ཡང་མེད་ལ། དེར་མ་ཟད་ཡོན་ཏན་གཞན་ཡང་ཡོད་དེ། དེར་རང་འཆི་བའི་ཚེ་གཉེན་དང་དགྲ་ལྟ་ བུ་དྲུང་ན་འཁོད་པའི་སྐྱེ་བོ་སུ་དག་གིས་ཀྱང་རིམ་པར་ཡིད་གདུང་བས་མྱ་ངན་བྱེད་པ་དང་ཁོང་ཁྲོ་སློང་བ་སོགས་ཀྱིས་གནོད་བྱེད་པ་ལྟ་བུ་གང་ཡང་མེད་དེ་དེ་ལྟ་བུ་འབྱུང་གིས་དོགས་ནས་དེ་དག་སྔ་ནས་སྤངས་ཟིན་པས་སོ་ཞེས་སམ། བླ་མ་རྗེའི་ཞལ་རྒྱུན་ ལྟར་ན། རང་གཞན་ལ་དེ་ལྟའི་འཆི་བ་འོང་བ་སྔ་ནས་ཤེས་ཏེ་དབེན་པ་དེར་འོང་ནས་གནས་པའི་གྲོགས་རི་ཁྲོད་པ་ལྟ་བུ་དྲུང་ན་ཉེ་བར་འཁོད་པ་སུ་དག་ཀྱང་མྱ་ངན་དང་སྨྲེ་སྔགས་འདོན་པ་སོགས་ཀྱིས་གནོད་པ་བྱེད་པ་མེད་པས་ཞེས་བཤད་དགོས་ལ། ཡང་དྲུང་

Page: 777 ༄༅། །ན་འཁོད་པ་ཞེས་པ་ཉེ་འབྲེལ་གྱི་མིང་གི་རྣམ་གྲངས་ཡིན་ལ་དེ་འདྲའི་གཉེན་སུ་དག་པཀྱང་རང་རང་ཡིད་གདུང་བའི་མྱ་ངན་དང་གནོད་པ་བྱེད་པ་མེད་པའམ་ཉེ་དུ་རྣམས་ཀྱིས་ཡིད་གདུང་བྱེད་པ་མཐོང་ནས་འཆི་བ་པོ་དེ་ལ་མྱ་ངན་དང་གནོད་པ་སྐྱེད་པར་ བྱེད་པ་མེད་ཅེས་འཆད་པ་ནི་འགྲེལ་ཆེན་ལ་ལྟར་དང༌། དེ་བཞིན་དུ་དྲུང་ན་འཁོད་པའི་བྱ་དང་རི་དྭགས་སོགས་སུ་དག་ཀྱང་མྱ་ངན་དང་སྨྲེ་སྔགས་འདོན་པ་སོགས་ཀྱི་གནོད་པ་བྱེད་པ་མེད་ཅེས་འཆད་པའང་རུང་སྟེ། སུ་དག་ཀྱང་ཞེས་པའི་ཚིག་གིས་བསྡུས་པས་སོ། ། གང་ལྟར་ཡང་གཞན་མྱ་ངན་དང་གནོད་པ་བྱེད་བའམ་མྱ་ངན་གྱིས་གནོད་པ་བྱེད་པ་མེད་པས་ན་བདག་མེད་མི་དགའ་བའི་རྐྱེན་མེད་ལ། དེར་མ་ཟད་དབེན་བར་རྣམ་གཡེང་གི་རྐྱེན་མེད་པར་འཆི་བ་འདི་ཡིས་སངས་རྒྱས་རྗེས་སུ་དྲན་པ་དང༌། སོགས་སྒྲས་ཆོས་ དང་དགེ་འདུན་སོགས་རྗེས་སུ་དྲན་པ་དང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྒོམ་པ་སོགས་དགེ་བའི་དམིགས་རྣམས་ཡིད་ལ་བྱེད་པ་ལ་སུས་ཀྱང་སེམས་རྣམ་པར་གཡེང་བར་འགྱུར་བ་མེད་པས་ན་དགེ་བའི་བསམ་པ་མི་ཉམས་ཤིང་པ་གོང་དུ་འཕེལ་བ་སོགས་ཀྱི་ ཕན་ཡོན་ཡང་འབྱུང་ངོ་། །འཆི་ཀའི་ཚེ་སངས་རྒྱས་རྗེས་དྲན་གྱི་དད་པས་བསྐྱབས་འགྲོ་སོགས་བྱེད་པ་ནི་དེའི་དུས་ཀྱི་ཉམས་ལེན་མཆོག་ཡིན་ཏེ། ཟླ་བ་སྒྲོན་མེར། ལུས་དང་ངག་དང་ཡིད་རབ་དང་བ་ཡིས། །རྟག་ཏུ་སངས་རྒྱས་དག་གི་བསྔགས་པ་བརྗོད། ། དེ་ལྟར་དེས་ནི་སེམས་ཀྱི་རྒྱུན་བསྒོམས་པས། །ཉིན་མཚན་དུ་ཡང་འཇིག་རྟེན་མགོན་པོ་མཐོང༌། །ནམ་ཞིག་དེ་ནི་ན་ཞིང་མི་བདེ་ནས། །ཤི་ལ་ཐུག་པའི་སྡུག་བསྔལ་ཚོར་བྱུང་ན། །སངས་རྒྱས་ལ་ནི་དྲན་པ་མི་ཉམས་ཏེ། །སྡུག་བསྔལ་ཚོར་བས་འཕྲོག་

Page: 778 པར་ཡོང་མི་འགྱུར། །ཞེས་དང༌། དཀོན་མཆོག་སྒྲོན་མེར་ཡང་། སངས་རྒྱས་བསྟན་པའི་འོད་ཟེར་རབ་བཀྱེ་ཞིང་། །ཚེ་ཟད་མཐར་ནི་ཇི་སྙེད་དེས་བསྐུལ་བ། །སངས་རྒྱས་རྗེས་དྲན་སངས་རྒྱས་མཐོང་བར་འགྱུར། །དེ་དག་ཤི་འཕོས་སངས་རྒྱུས་བཞུགས་ ཤིང་འགྲོ། །འཆི་བའི་དུས་སུ་སངས་རྒྱས་དྲན་བྱས་ཏེ། །དགའ་འགྱུར་རྒྱལ་བའི་སྐུ་གཟུགས་བསྟན་བྱས་ཤིང༌། །འཆི་ཀར་སངས་རྒྱས་སྐྱབས་སུ་གཏང་བརྗོད་པས། །སངས་རྒྱས་སྟོན་པའི་འོད་ཟེར་དེས་འཐོབ་པོ། །ཞེས་གསུངས། བསླབ་བཏུས་ ཀྱི་བསོད་ནམས་སྤེལ་བའི་སྐབས་སུ་སངས་རྒྱས་རྗེས་དྲན་སོགས་སྒོམ་ཚུལ་རྒྱས་པར་གསུངས་སོ། །དེ་ལྟ་བུའི་ལམ་གྱི་ཉམས་ལེན་ལ་གོམས་པར་བྱས་པ་དང་ཚངས་སྤྱོད་ལ་གནས་པ་སོགས་ལ་འཆི་བའི་ཚེ་མྱ་ངན་མེད་ཅིང་བདེ་ནས་བདེ་བར་འགྲོ་སྟེ། འདུལ་བ་ལུང་ལས། ཚངས་སྤྱོད་ལེགས་པར་སྤྱད་པ་དང༌། །ལམ་ནི་ལེགས་པར་གོམས་པ་ཡིས། །འཆི་བའི་ཚེ་ན་མྱ་ངན་མེད། །འབར་བའི་ཁྱིམ་ནས་ཐར་པ་བཞིན། །ཞེས་སོ། །དབེན་པ་བསྟེན་པར་གདམས་པས་དོན་བསྡུ་བ་ནི། དེ་ལྟར་དབེན་པར་ གནས་པ་ལ་ཡོན་ཏན་མང་དུ་ཡོད་པ་དེ་བས་ན་ཤིན་ཏུ་མདངས་དགའ་བ་སྟེ་ལུས་སེམས་ལ་བདེ་བ་སྐྱེད་པས་ཉམས་དགའ་བའི་ནགས་ཚལ་ཞེས་སམ་མདངས་གསལ་ཞིང་ཉམས་དགའ་བའི་ནགས་ཚལ་ནི་ཚེགས་ཆུང་ངུས་རྙེད་པའམ་དེར་འཚོ་བ་ རྙེད་སླ་ཞིང་ཉེ་དུ་སོགས་སྐྱོང་མི་དགོས་པས་ཚེགས་ཆུང་བ་དང༌། ཆགས་སྡང་སོགས་ཉེས་སྤྱོད་ཉེ་བར་ཞི་བའི་བདེ་བ་སྐྱེད་པའམ་བདེ་སྐྱིད་དང་ལྡན་ཅིང་སྒོ་གསུམ་གྱི་རྣམ་པར་གཡེང་བ་ཐམས་ཅད་ཞི་བར་བྱེད་པའི་གནས་དེར་མི་དགེ་བས་སྦྱོར་བར་གྲོགས་

Page: 779 ༄༅། །ངན་མེད་པར་བདག་ཉིད་གཅིག་པུ་ཆགས་མེད་ཞེན་མེད་དུ་གནས་པར་བྱ་ལ། དེ་ལྟར་ལུས་དབེན་པར་གནས་ཤིང་དེ་ནས་སེམས་ཀྱང་དབེན་པར་བྱ་བའི་ཆེད་དུ་འདོད་པའི་རྣམ་རྟོག་སོགས་ཉོན་མོངས་པ་ཅན་གྱི་བསམ་པ་གཞན་ནི་ཀུན་བཏང་ བ་སྟེ་སྤངས་ནས་ཐེག་ཆེན་ལ་ཞུགས་པ་བདག་རང་གི་རྒྱུད་ཀྱི་ཉམས་ལེན་གྱི་གཙོ་བོ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་པོ་མ་སྐྱེས་པ་སྐྱེད་པ་དང་སྐྱེས་པ་གོང་འཕེལ་དུ་གཏོང་བའི་ཐབས་འབའ་ཞིག་ལ་སེམས་པ་གཅིག་པུ་ཡིས་སེམས་ནི་ཞི་ གནས་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པར་༌བྱ་བའི་ཕྱིར་དང་། དེའི་ངང་ནས་གནས་ལུགས་ཀྱི་དོན་ལ་སོ་སོར་དཔྱོད་པའི་ལྷག་མཐོང་གིས་ཉོན་མོངས་པ་ཅན་གྱི་སེམས་དུལ་བར་བྱ་བའི་ཕྱིར་དུ་རབ་ཏུ་བརྩོན་པར་བྱའོ་ཞེས་གདམས་པའོ། །རྒྱུ་ དཔེར། བདག་ལ་སེམས་པ་རྩེ་གཅིག་ཡིད། །སེམས་ནི་མཉམ་པར་གཞག་ཕྱིར་དང་། ཞེས་ཡོད་པར་བཤད་དོ། །དེ་ལྟར་ལུས་དབེན་པའི་ཐབས་སུ་གྲོང་དང་ཁྱིམ་སོགས་འདུ་འཛིའི་གནས་སྤངས་ཏེ་ར་བེན་པར་སོང་ནས་རང་གཅིག་པུར་གནས་ཏེ་ སེམས་དབེན་པའི་ཐབས་སུ་འོག་ནས་འཆད་པ་ལྟར་གྱི་འདོད་པའི་རྣམ་རྟོག་དང་གནོད་སེམས་ཀྱི་རྣམ་པར་རྟོག་པ་སོགས་ཀྱི་བསམ་པ་གཞན་ཀུན་སྤངས་ནས་༌བྱང་ཆུབ་ཀྱི་སེམས་ཏིང་ངེ་འཛིན་གྱི་ངོ་བོར་མ་གྱུར་བར་དུ་སྒོམ་པར་བྱ་དགོས་ཏེ། ཏིང་རྒྱལ་ ལས། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤོངས་ལ། །རྟག་ཏུ་དབེན་དང་ནགས་ཁྲོད་བསྟེན་པར་གྱིས། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འཐོབ་འགྱུར། །ཞེས་དང༌། ཆོས་བཞི་བསྟན་པ་ལས་ཀྱང་། རི་

Page: 780 དྭགས་རྒྱལ་པོ་བཞིན་དུ་འཇིགས་སྤངས་ཏེ། །མཁས་པས་དགོན་གནས་རྟག་ཏུ་བསྟེན་པར་བྱ། །ཞེས་དང་། བསམ་གཏན་ཆོས་དྲུག་ལས། མང་བོ་རྟག་ཏུ་འཐབ་འགྱུར་ཏེ། །གཉིས་པོ་དག་ནི་འགྲོན་ཟླར་འགྱུར། །གཞོན་ན་མ་ཡི་གདུ་བུ་བཞིན། །གཅིག་ པུ་རྣམ་པར་རྒྱུ་བར་བྱ། །ཞེས་འདུ་འཛི་སྤངས་ནས་རང་གཅིག་པུར་གནས་དགོས་པར་གསུངས་སོ༑། དབེན་པའི་གནས་དེར་བསྒོམ་བྱའི་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡིན་ལ། གཞན་ཡང་དཀོན་མཆོག་སྤྲིན་ལས། དེ་གནས་དེར་གནས་ཤིང་གང་ སྔོན་བཀླགས་པ་དང་སྔོན་ཐོས་པ་དེ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཧ་ཅང་མི་ཆེ་ཧ་ཅང་ཡང་མི་ཆུང་བ་དང༌། དབང་པོ་མི་རྒོད་ཅིང་ཕྱི་རོལ་དུ་མ་སོང་བའི་སེམས་དང་དད་པས་ཉེ་བར་འཚོ་ཞིང་ཚིག་ཉེ་བར་བཟུང་སྟེ་མཚན་མར་འཛིན་ཅིང་གཉིད་ཀྱིས་མ་ ལོག་པ་ཁ་ཏོན་བྱེད་དོ་ཞེས་སོགས་གསུངས་པ་ལྟར་ཀློག་པ་དང་ཁ་ཏོན་དག་བྱ་ཞིང་དེར་འོངས་པ་ལ་ཆོས་སྟོན་པ་སོགས་ཀྱང་བྱའོ། །གནས་དེར་བསམ་སྤྱོད་ཇི་ལྟ་བུས་གནས་ཚུལ་ཡང་། དྲག་ཤུལ་ཅན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ རབ་ཏུ་བྱུང་བ་དགོན་པ་ན་གནས་པས་འདི་ལྟར་བདག་ཅིའི་ཕྱིར་དགོན་པ་ན་གནས། དགོན་པ་ན་གནས་པ་འབའ་ཞིག་ནི་དགེ་སྦྱོང་མ་ཡིན་ཏེ། འདི་ན་མ་སྤྱངས་པ་མ་སྦས་པ་མ་ཞི་བ་མ་ཐུལ་བ་མ་འགྲུབ་པ་རབ་ཏུ་མི་བརྩོན་པ་འདི་ལྟ་སྟེ། རི་དྭགས་དང་སྤྲེའུ་ དང་བྱ་མང་བོ་དང་ཆོམ་རྐུན་དང་གདོལ་བ་དག་ཀྱང་མང་དུ་གནས་ཏེ་དེ་དག་ཀྱང་དགེ་སྦྱོང་གི་ཡོན་ཏན་དང་ལྡན་པ་མ་ཡིན་པས་གང་གི་ཕྱིར་བདག་དགོན་པ་ནི་གནས་པ་འདི་ལྟ་སྟེ་དགེ་སྦྱོང་གི་དོན་དེ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་བརྟག་པར་བྱའོ། །ཞེས་དང་།

Page: 781 ༄༅། །ཡང་། བདག་ཅིའི་ཕྱིར་དགོན་གིས་པར་འོང་སྙམ་དུ་བརྟག་པར་བྱ་སྟེ་དེ་ཡང་འདི་ལྟར་བདག་ནི་འཇིགས་ཤིང་སྐྲག་པའི་ཕྱིར་དགོན་པར་འོངས་སོ། །ཟཅི་ཞིག་གིས་འཇིགས་ཤིང་སྐྲག་ཅེ་ན། འདུ་འཛིས་འཇིགས་ཤིང་སྐྲག་གོ། །འགྲོགས་ པས་འཇིགས་ཤིང་སྐྲག་གོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་འཇིགས་ཤིང་སྐྲག་གོ། །ཞེས་པ་ནས། མདོར་ན་མི་དགེ་བའི་ཆོས་ཐམས་ཅད་ཡིད་ལ་བྱེད་པས་འཇིགས་ཤིང་སྐྲག་སྟེ་ཞེས་སོགས་ཀྱི་བར་དང༌། གལ་ཏེ་བདག་དགོན་པ་ལ་གནས་ལ་བདག་ ཏུ་འཛིན་པ་ཡོངས་སུ་མ་སྤངས། བདག་བསྲུང་བ་ཡོངས་སུ་མ་སྤངས་ན་ནི་བདག་དགོན་པ་ལ་གནས་པ་དོན་མེད་པར་འགྱུར་རོ་སྙམ་དུ་སེམས་པར་བྱ་སྟེ་ཞེས་སོགས་དང་། རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང་། དགེ་སློང་དགོན་པ་བ་འབྲས་བུ་མ་ཐོབ་པ་སོ་སོའི་ སྐྱེ་བོའི་དྲུང་དུ་སྡིག་སྦྲུལ་དང་གཅན་གཟན་གཏུམ་པོ་དག་འོངས་ན་དེས་དེ་ལ་འཇིགས་པ་དང་སྐྲག་པ་དག་མི་བྱའི་དེས་འདི་སྙམ་དུ་བདག་ཐོག་མ་ཉིད་ནས་ལུས་དང་སྲོག་བོར་ནས་དགོན་པའི་གནས་སུ་འོངས་ཀྱི་འདི་ལ་བདག་འཇིགས་པར་མི་བྱ་སྐྲག་པར་མི་བྱའི་བྱམས་པའི་ སེམས་བསྐྱེད་པར་བྱ་ཞེས་པ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དགྱེས་པར་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་གསུངས་ཏེ་དེ་དག་རྒྱས་པར་བསླབ་བཏུས་སོགས་ལས་ཤེས་པར་བྱ་དགོས་ལ། དེ་དག་གི་དོན་ཡང་མདོར་ན་ཆགས་ སྡང་ལ་སོགས་པའི་བསམ་པ་ཀུན་བཏང་ནས་དགེ་བའི་ཆོས་ལ་བརྩོན་པར་བྱས་ནས་དབེན་པའི་གནས་དེར་སྡོད་དགོས་ཞེས་པའོ། །རྣམ་བཤད་དུ་བསམ་པ་གཞན་ནི་ཞེས་པ་བསམ་གཏན་གྱི་སྒྲིབ་པ་ལྔ་དང་བདག་ལ་སེམས་པ་ཞེས་པ་བདག་ཅིའི་ཕྱིར་དགོན་པར་འོང་

Page: 782 བསམ་ནས་བདག་ནི་སྒྲིབ་པ་སྤོང་བའི་དོན་དུ་འོངས་སོ་ཞེས་བཤད་ལ། ཡང་དགེ་ལྷས་བསམ་པ་གཞན་ནི་ཕ་རོལ་ལ་སེམས་པ་སྟེ། དཔེར་ན་གཞན་དུ། གཞན་དག་གིས་ནི་འཁྲུལ་བའམ། །གཞན་གྱིས་བྱས་པའམ་མ་བྱས་ལ། རྟོག་པར་མི་བྱ་བ་བདག་ཉིད་ཀྱི། ། མཉམ་དང་མི་མཉམ་ཡང་དག་བརྟག །ཅེས་བཤད་པ་ལྟར་དང་། བདག་ལ་སེམས་པ་ནི་བྱ་ང་ཆུབ་ཀྱི་སེམས་ལ་སེམས་པ། གཅིག་པུ་ནི་དམིགས་པ་ལ་རྩེ་གཅིག་པའོ། །འོ་ན་བྱང་ཆུབ་ཀྱི་སེམས་ནི་གཞན་ལ་སེམས་པ་གཙོ་བོར་གྱུར་པ་མ་ཡིན་ནམ་ཞེ་ན། དེ་ཡིན་ཀྱང་བདག་མ་དུལ་བར་གཞན་གདུལ་བར་མི་ནུས་པས་ཐོག་མར་བདག་ལ་སེམས་པ་ཞེས་སྨོས་པ་ཡིན་ནོ་ཞེས་འཆད་ལ། རྒྱལ་སྲས་པའི་འགྲེལ་པར་ཡང་། གཞན་དག་གིས་ནི་འཁྲུལ་བའམ། ཞེས་པ་དྲངས་ཀྱང་འཆད་ཚུལ་སྔ་མ་དང་ཅུང་ཟད་མི་ འདྲའོ། །འགྲེལ་པ་རྣམས་སུ། བསམ་པ་གཞན་ནི་ཀུན་བཏང་སོགས་ཀྱི་ཚིགས་བཅད་འདི་འོག་མ་རྣམ་རྟོག་དོར་བ་ལ་མར་སྦྲེལ་ནས་དེའི་མདོར་བསྟན་དུ་བྱས་ནས་བཤད་སྣང་ངོ༌། །་ གཉིས་པ་རྣམ་རྟོག་དོར་བ་ལ་གཉིས། མདོར་བསྟན་པ། རྒྱས་པར་ བཤད་པའོ། །དང་པོ་ནི། འཇིག་རྟེན་འདི་དང་སོགས་ཏེ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུའང་འདོད་པའི་ཡོན་ཏན་རྣམས་ལ་ཆགས་ཤིང་ཞེན་པས་ནི་ཕུང་ཁྲོལ་ལམ་ཉེས་དམིགས་ཆེན་པོ་སྐྱེད་པར་བྱེད་དེ། དེ་ཡང་ཚེ་འདིར་ནི་གཞན་གྱི་ བུད་མེད་སོགས་ལ་ཆགས་པའི་རྒྱུས་ཕ་རོལ་གྱིས་སྲོག་ཕྲོགས་ནས་གསད་པ་དང་ལྕགས་སྒྲོག་སོགས་ཀྱིས་བཅིངས་པ་དང་རལ་གྲི་སོགས་ཀྱིས་ཡན་ལག་གཅོད་པ་སོགས་སྡུག་བསྔལ་དུ་མས་གདུང་བར་བྱེད་པ་མངོན་སུམ་དུ་མཐོང་ལ། འཇིག་རྟེན་ཕ་

Page: 783 ༄༅། །རོལ་ཏེ་སྐྱེ་བ་ཕྱི་མ་དག་ཏུ་ནི་དམྱལ་བ་ཡི་དྭགས་དུད་འགྲོ་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་སྣ་ཚོགས་སྒྲུབ་པར་བྱེད་དེ། བུ་མོ་ཟླ་མཆོག་ལུང་བསྟན་པ་ལས། འདོད་པའི་ཁོལ་པོ་རྣམས་ནི་གཤགས་ཤིང་གཏུབས། །མགོ་དང་ མིག་དང་རྐང་ལག་བཅད་ཕྱུང་གྱུར། །འདོད་ཆགས་ཀྱིས་ནི་སེམས་ཅན་དམྱལ་བར་ལྟུང༌། །འདོད་ཆགས་ཀྱིས་ནི་ཡི་དྭགས་དུད་འགྲོར་འགྲོ། །ཞེས་དང༌། སྐྱེས་རབས་ལས་ཀྱང་། འདོད་པའི་ཕྱིར་ནི་འཇིག་རྟེན་བཅིང་ཞིང་གསོད་པར་འགྱུར། །མྱ་ངན་ གདུངས་ཤིང་འཇིགས་པ་མང་བོའི་སྡུག་བསྔལ་མྱོང་། །རྒྱལ་པོ་རྣམས་ཀྱང་འདོད་པའི་ཕྱིར་ནི་བརླག་པར་འགྱུར། །ཕྱི་མ་ལ་ཡང་ཆོས་ཉམས་སེམས་ཅན་དམྱལ་བར་ལྟུང་། །གང་གིས་མཛའ་བོ་རྣམས་དང་མྱུར་དུ་འཁོན་འབྱུང་འགྱུར། །གང་གིས་གཡོ་སྒྱུ་ དྲི་མ་ཅན་གྱི་ལམ་དུ་འགྲོ། །གྲགས་པ་ཉམས་ཤིང་ཕྱི་མ་ལ་ཡང་སྡུག་བསྔལ་མྱོང༌། །དེ་དག་འཐོབ་པར་འགྱུར་བའི་རྒྱུ་ནི་འདོད་པ་ཡིན། །དེ་བས་རབ་དང་འབྲིང་དང་ཐ་མ་རྣམས། །འདི་དང་ཕ་རོལ་དུ་ཡང་འདོད་པས་གསོད་པར་བྱེད། །བདག་ལ་ཕན་འདོད་ སྦྲུལ་གདུག་ཁྲོས་པ་བཞིན། །ཐུབ་པ་རྣམས་ནི་དེ་ལ་མི་བརྟེན་ནོ། །ཞེས་སོ། །འདོད་པའི་ཕྱིར་ལྷ་མོ་སུན་ད་དང་ཨུ་པ་སུན་ད་ཆགས་པས་ཕན་ཚུན་སྡུག་བསྔལ་བ་དང༌། ལྷ་མོ་སི་ཏའི་ཆེད་དུ་ར་མ་ཡ་ན་ཤི་བ་བཞིན་ནོ་ཞེས་བུ་སྟོན་གསུང་ངོ༌། །དེ་ལྟར་ འདི་ཕྱིའི་ཉེས་དམིགས་རྣམས་ཤེས་པར་བྱས་ནས། འོག་ཏུ། དེ་ལྟར་འདོད་ལ་སྐྱོ་བྱས་ཏེ། ཞེས་པ་ལྟར་འདོད་པ་རྣམས་ལ་སྐྱོ་བ་བསྐྱེད་ནས་དེའི་ཕྱོགས་ལ་སེམས་རྣམ་པར་འཕྲོ་བ་སྤང་བར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ནང་

Page: 784 བུད་མེད་ཀྱི་སྲེད་པ་སྤོང་བ། ཕྱི་རྙེད་སོགས་ཀྱི་སྲེད་པ་སྤོང་བ། དབེན་པའི་ཡོན་ཏན་དྲན་པའོ། དང་པོ་ལ་གསུམ། རྒྱུ་སྒྲུབ་དཀའ་བ། ངོ་བོ་མི་གཙང་བ། འབྲས་བུ་གནོད་པ་མང་བའོ། །་དང་པོ་ནི། ཕོ་ཉ་སོགས་ཏེ། གཉེན་དུ་སྦྲེལ་བ་དང་གཞན་ གྱི་བུད་མེད་དགུག་པ་ལ་སོགས་པའི་ཆེད་དུ་ཕན་ཚུན་ཕྲིན་སྐྱེལ་བའི་ཕོ་ཉ་སྟེ་སྐྱེས་པ་དང་ཕོ་ཉ་སྟེ་བུད་མེད་ལ་སྔོན་དུ་ཕྲིན་དང་སྐྱེས་བསྐུར་ཏེ་དེ་དང་བདག་འཕྲད་པར་བྱ་བ་གང་གི་ཕྱིར་དུ་ལན་དུ་མར་ཡང་ཡང་གསོལ་བ་བཏབ་ཅིང་ཞེས་པ་སྟེ། འདི་ནི། ཕོ་ཉ་ ཕོ་ཉ་མོ་ལ་སྔོན། །ཞེས་པ་ལྟར་བཤད་པ་ཡིན་པས་དེ་ལྟར་བྱས་ན་འཆད་བདེ་ལ། དཔེ་འགའ་ཞིག་ཏུ། ཕོ་ཉ་ཕོ་ཉ་མོ་ཡིས་སྔོན། །ཞེས་ཡོད་པ་ལྟར་ན། ཕོ་ཉ་དང་ཕོ་ཉ་མོ་དེ་དང་དེ་ཡིས་དེ་དག་ཕན་ཚུན་མ་འཕྲད་པའི་སྔོན་དུ་ཕྲིན་བསྐྱལ་བ་ལ་བརྟེན་ ནས་དེ་དག་འཕྲད་པར་བྱ་དགོས་པས་དེ་ལྟ་བུའི་དགོས་ཆེད་གང་གི་ཕྱིར་ཕྲིན་སྐྱེལ་མཁན་ལ་ལན་དུ་མར་གསོལ་བ་བཏབ་ཅིང་ཞེས་སྦྱར་དགོས་སམ་སྙམ་ལ། ཡང་ཕོ་ཉ་དང་ཕོ་ཉ་མོ་དེ་ཡིས་དེ་དག་མ་ཕྲད་པའི་སྔོན་དུ་འཕྲད་པར་བྱ་བ་གང་གི་ཕྱིར་དུ་ཕྲིན་ སྐྱེལ་བའི་ཡུལ་དེ་ལ་ལན་དུ་མར་གསོལ་བ་བཏབ་ཅིང་ཞེས་བཤད་ནའང་རུང་ཙམ་མོ། །འོན་ཀྱང་འགྲེལ་བ་རྣམས་སུ་སྔ་མ་ལྟར་བཤད་འདུག་ལ་ཕྱི་མ་འདི་འཆད་མི་བདེ་བས་ཡིག་སྐྱོན་ཡིན་ནམ་བརྟག་གོ། །གང་ལྟར་ཡང་། རྒྱན་ལས། འདོད་ལྡན་ སྐྱེ་བོ་འཇིགས་པ་ཆེ་ལ་འཇུག །ཅེས་པ་ལྟར་ཕྱི་མར་ངན་འགྲོའི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་སྡིག་པ་རྣམས་སམ་ཚེ་འདིར་གཏམ་ངན་གྱི་གྲགས་པ་མིན་པ་འབྱུང་བ་ལའང་བུད་མེད་དང་འཕྲད་པ་གང་གི་དོན་དུ་མ་འཛེམས་ཤིང་ཇི་མི་སྙམ་པར་ཁྱད་དུ་

Page: 785 ༄༅། །བསད་དེ་གཞན་གྱི་ཆུང་མའམ་རྒྱལ་པོའི་བཙུན་མོ་སོགས་ཀྱི་སར་འགྲོ་བ་ལྟ་བུ་ཕ་རོལ་གྱིས་ཚོར་ན་གསོད་པར་འགྱུར་བའི་འཇིགས་པ་ཆེན་པོ་འབྱུང་བའི་རྒྱུ་ལ་ཡང་བདག་ལྷག་པར་ཆགས་པའི་དབངགིས་དགའ་བ་བསྐྱེད་ནས་ ཞུགས་ཤིང་བུད་མེད་དེའི་རིན་ནམ་དེའི་གོས་དང་རྒྱན་སོགས་ཀྱི་ཆེད་དུ་ནོར་རྫས་རྣམས་ཀྱང་ཡོངས་སུ་ཟད་པར་བྱས་གྱུར་ཏེ། ཆགས་ཡུལ་བུད་མེད་ཀྱི་ལུས་གང་ལ་ཡོངས་སུ་འཁྱུད་པས་ན་མཆོག་ཏུ་དགའ་བར་འགྱུར་བའི་རོའམ་རེག་བྱ་ཉམས་སུ་མྱོང་བར་ རློམ་པའི་ཡུལ་དེ་དག་ཉིད་ལ་ནི་ ཞིབ་ཏུ་བརྟགས་པ་ན་འདི་ཕྱིའི་འཇིགས་པ་དང་ནོར་རྫས་ཟད་པའི་ཉེན་ལ་བདོ་མི་དགོས་པའི་རུས་གཟེབ་རྒྱུས་པས་སྦྲེལ་བའི་ཀེང་རུས་ཀྱི་ཕུང་པོ་དུར་ཁྲོད་དུ་བོར་བའི་ཀེང་རུས་དང་ཁྱད་པར་མེད་པ་ཉིད་ཡིན་གྱི་དེ་འདྲའི་ཉེན་ལ་བདོ་ དགོས་པའི་གཙང་ཞིང་གྱ་ནོམ་པའི་དངོས་པོ་ཡིད་དུ་འོང་བ་གཞན་མིན་ན། རང་ལ་གཏན་དུ་དབང་བའི་ཆུང་མ་དང་ནི་བདགལ་དབང་བ་མིན་པའི་གཞན་གྱི་བུད་མེད་ལ་ཞེས་བཤད་༌་པའམ། རང་ལ་དབང་བ་དང་ནི་རང་གིས་བདག་གི་བར་བཟུང་བ་གང་ཡང་ མིན་པའི་གཞན་གྱི་བུད་མེད་སོགས་ཀེང་རུས་ཀྱི་ཕུངཔོ་རོ་མྱང་བར་བྱ་བའི་འབྲས་བུ་ཅི་ཡང་མེད་པ་ལ་ཡིད་ཁྱོད་ཀྱིས་དང་པོ་རབ་ཏུ་འདོད་ཅིང་ཕྱིས་ཡོངས་སུ་ཞེན་ནས་ཅིའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོ་ཞེས་པའམ་མྱ་ངན་ལས་འདས་པ་འཐོབ་བྱེད་ཀྱི་ ལམ་ཚོལ་དུ་མི་འགྲོ་ཞེས་ཆགས་ཅན་ངན་པ་རང་ལ་འདྲི་བའི་ཚུལ་གྱིས་སྨད་པ་སྟེ་བུད་མེད་སོགས་འདོད་པའི་ཡུལ་ལ་ཆགས་ཤིང་ཞེས་ནས་དེའི་དོན་དུ་འབད་པར་བྱས་པས་ནི་ཐར་བ་མྱང་འདས་འཐོབ་པའི་བར་གཅོད་བྱེད་པས་དེ་འཐོབ་མི་སྲིད་པ་བསྟན་

Page: 786 ཏེ། ཟླ་བ་སྒྲོན་མེར། །འཇིགས་པ་ཆེན་པོའི་ཞགས་པ་ནི། །བུད་མེད་ཞགས་པ་མི་བཟད་པས། །སངས་རྒྱས་རྣམས་ཀྱིས་འདོད་པ་དང༌། །བུད་མེད་བསྟེན་པ་ཡོངས་མི་བསྔགས། །ལམ་འདིས་བྱང་ཆུབ་མི་འགྱུར་བས། །བུད་མེད་རྣམས་ལ་ མ་བསྟེན་པར། །སྦྲུལ་གདུག་ཤིན་ཏུ་ཁྲོ་བ་ལྟར། །མཁས་པས་དེ་ནི་རྣམ་པར་སྤང༌། །ཞེས་དང་། །ཟླ་མཆོག་གིས་ཞུས་པར་ཡང་། འདོད་ཆགས་སེམས་ལྡན་བདེ་འགྲོར་འགྲོ་མ་ཡིན། །འདོད་ཆགས་སེམས་ལྡན་མྱ་ངན་འདས་མི་འགྲོ། །ཞེས་ བྱང་ཆུབ་བམ་མྱང་འདས་ཐོབ་པར་མི་འགྱུར་བར་བསྟན་ལ། དྲན་པ་ཉེར་གཞག་ལས། །ཞགས་པའི་ནང་ན་འདི་དམ་སྟེ། །འདི་ལྟར་བུད་མེད་ཞགས་པ་དམ། །འདི་ཡིས་བཅིངས་པའི་མི་རྣམས་ནི། །སྲིད་པའི་བཙོན་རར་རྒྱུག་པར་བྱེད། །ཞགས་པས་ མགུལ་བཅིངས་ཞགས་མིན་གྱི། །སྙིང་ཞགས་བུད་མེད་འདི་མི་བཟད། །སྙིང་གི་ཞགས་པས་བཅིངས་པ་ཡི། །མི་རྣམས་སྡུག་བསྔལ་སྐལ་བ་ཅན། །ཞགས་པ་བསྲེག་ཅིང་གཏུབ་ཏུ་རུང༌། །བུད་མེད་ཞགས་པ་བསྲེག་མི་རུང་། །བུད་མེད་ཞགས་ པ་ཆེན་པོ་འདིས། །དབང་པོ་དྲུག་རྣམས་འཆིང་བར་བྱེད། །ཅེས་དང་། ལྕགས་སམ་ཤིང་ངམ་གྱིས་མ་གང་ཡིན་པ། །འཆིང་བ་དེ་ནི་དམ་པར་འཕགས་མིན་གསུངས། །བློ་ཞན་བུད་མེད་རྣམས་ལ་ལྟ་བ་གང༌། །ཀུན་ཏུ་ཆགས་པའི་སེམས་ནི་དམ་ ཞེས་གསུངས། །ཞེས་དང༌། བུད་མེད་ངན་སོང་གཞི་ཡིན་ཞིང་། །ཀུན་ནས་ནོར་ནི་ཟད་པར་བྱེད། །མི་གང་བུད་མེད་ཚིག་ཉན་པ། །དེ་ལ་བདེ་བ་ག་ལ་ཡོད། །ཞེས་པ་ནས། །འཇིག་རྟེན་འདི་དང་ཕ་རོལ་དུ། །འཇིག་བྱེད་ནང་ན་བུད་མེད་

Page: 787 ༄༅། །འཇིག །གལ་ཏེ་བདེ་བའི་མཆོག་འདོད་ན། །དེ་ལྟར་བུད་མེད་རྣམ་པར་སྤོངས། །བུད་མེད་རྟག་ཏུ་སྤངས་པ་ན། །འཇིག་རྟེན་འདི་དང་ཕ་རོལ་བདེ། །གང་ཞིག་དབུལ་བ་སྤོང་འདོད་ཅིང་། །གང་ཞིག་བདག་ནི་འབྱོར་འདོད་དང་། ། གངཞིག་མྱ་ངན་འདས་འགྲོ་འདོད། །མི་དེས་བུད་མེད་སྤང་བར་བྱོས། །ཞེས་གསུངས་པ་སོགས་དང༌། གཞན་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་བད་སའི་རྒྱལ་པོ་འཆར་བྱེད་ཀྱི་ཞུས་པ་སོགས་ལས་ཀྱང་ཉེས་དམིགས་མང་དུ་གསུངས་སོ། །རྒྱ་དཔེ་དང་ འགྲེལ་པར་མྱ་ངན་འདས་ཞེས་པ་དགའ་༔བའི་དོན་དུ་བཤད་པར་གསུངས་ལ། དེ་ནི་ཅིའི་ཕྱིར་འཁྱུད་པའི་དགའ་བས་ཚིམ་པའི་དོན་དུ་འགྲོ་བར་མི་བྱེད་ཅེས་པ་སྟེ་ཆེས་སྨད་པའི་དོན་ནོ། །དེས་ན་བདག་ལ་ཕན་པར་འདོད་པ་དག་གིས་བུད་མེད་བསྟེན་པ་སོགས་ཟག ་བཅས་ཀྱི་བདེ་བའི་རོ་དམན་པ་ཅུང་ཟད་ཙམ་པ་ལ་འདོད་ཞེན་སྤངས་ནས་ཟག་མེད་མཆོག་གི་བདེ་བ་གྱ་ནོམ་པ་མི་ཟད་པ་འཐོབ་བྱེད་ཀྱི་ཐབས་དམ་པ་ཐར་བའི་ལམ་ཚོལ་བ་ལ་བརྩོན་པར་བྱ་རིགས་སོ། །༨ གཉིས་པ་ངོ་བོ་མི་གཙང་བར་བསམ་པ་ནི། གང་ཞིག་ དང་པོ་སོགས་ཏེ། དེ་ལ། ཆགས་པས་བལྟ་མི་རིགས་པ་ནི། །བུད་མེད་གང་ཞིག་དང་པོ་བག་མ་གསར་བའི་ཚེ་ངོ་ཚའི་དབང་གིས་འོག་ཏུ་བལྟ་བ་ན་དེའི་བྱད་བཞིན་ལ་གསལ་བར་བལྟ་འདོད་ནས་འབད་དེ་གདོང་པ་བཏེགས་ནས་གྱེན་ནམ་ཚུར་དྲངས་ཀྱང་ དེ་ངོ་ཚ་བས་ཡང་འོག་ཏུ་བལྟ་བར་བྱེད་ལ། གདོང་གོས་ཀྱིས་མ་གཡོག་པའི་སྔོན་དུ་ནི་ཞེས་སམ་དེ་དུར་ཁྲོད་དུ་མ་བསྐྱལ་བའི་སྔོན་དུ་ནི་གཞན་གྱིས་དེའི་གདོང་ངམ་བཞིན་རས་མཐོང་ཡང་ངམ་མ་མཐོང་ཡང་རུང་སྟེ། ཡུལ་དབུས་པ་དང་བཅོམ་བརླག་པའི་ཡུལ་

Page: 788 སོགས་ཆོ་རིགས་ཅན་ཕལ་ཆེ་བའི་ལུགས་ལ་སེང་རས་ཀྱི་གདོང་གཡོགས་ཀྱིས་བག་མའི་གདོང་བ་འགེབས་སྲོལ་ཡོད་པ་ལྟར་གོས་ཀྱིས་གདོང་ནི་གཡོགས་པར་གྱུར་པ་ལ་ཡང་ཁྱོད་ཆགས་ནས་དེ་མཐོང་བར་འདོད་པའི་རེ་བས་ངལ་ཞིང་ཉོན་མོངས་པར་ གྱུར་པའི་གདོང་པ་དེ་ནི་ད་ལྟ་དུར་ཁྲོད་ཀྱི་གནས་སུ་བོར་བ་ན་སྒྲིབ་བྱེད་མེད་པས་མངོན་སུམ་དུ་གྱུར་པ་བཞིན་དུ་གདོང་གཡོགས་སོགས་ཀྱི་གོས་བྱ་རྒོད་ཀྱིས་བསལ་ཏེ་གསལ་བར་བྱས་པ་འཇིགས་སུ་རུང་བ་མཐོང་ནས་ད་ལྟ་ཅིའི་ཕྱིར་འཇིགས་ཤིང་སྐྲག་ནས་ འབྲོས་པའམ་འབྱེར་བར་བྱེད་དེ། ད་ལྟ་འབྲོས་ན་སྔོན་ས་ཆགས་པས་བལྟ་འདོད་པ་མི་རིགས་ལ་སྔོན་མཐོང་བར་འདོད་ན་ད་ལྟ་འབྲོས་པར་ཡང་མི་རིགས་ཞེས་པའོ། །ཡང་ན་ད་ལྟ་གསོན་དུས་གདོང་གོས་ཀྱིས་བསྒྲིབས་པ་མེད་པར་མངོན་སུམ་དུ་གྱུར་པ་ བཞིན་དུ་ཤི་ནས་དུར་ཁྲོད་དུ་བསྐྱལ་བ་ན་གོས་ཀྱི་གཡོགས་མ་བྱ་རྒོད་ཀྱིས་བསལ་བར་བྱས་པ་མཐོང་ནས་དེ་ལྟར་ཅིའི་ཕྱིར་འབྱེར་བར་བྱེད་ཅེས་བཤད་ཀྱང་ཆོག་གོ། སེར་སྣས་བསྲུང་བ་དང་རྒྱན་སོགས་ཀྱིས་མཆོད་པ་མི་རིགས་པ་ནི། སྔོན་རང་གི་ ཆུང་མའི་གདོང་ལྟ་བུ་ལ་སྐྱེས་པ་གཞན་རྣམས་ཀྱིས་མིག་གིས་བལྟ་བ་ཙམ་བྱས་ན་ཡང་ཕྲག་དོག་གིས་འདི་སུ་གང་གིས་ཀྱང་མ་ལྟ་ཞིག་ཅེས་པའི་ཚུལ་གྱིས་ཆགས་ཡུལ་གྱི་བུད་མེད་གང་ཞིག་སེར་སྣས་ཡོངས་སུ་བསྲུང་བར་གྱུར་པའམ་བསྲུང་བར་བྱ་ བ་ཡིན་ན། ཇི་སྲིད་དུ་ཆགས་ཡུལ་བུད་མེད་ཀྱི་ལུས་དེ་ནི་བྱ་རྒོད་དང་ཅེ་སྤྱང་ལ་སོགས་པ་དེ་དང་དེས་ཟ་བ་དེ་སྲིད་དམ་དེའི་ཚེ་ན་ཡང་ཕྲག་དོག་དང་སེར་སྣ་ཅན་ཁྱོད་ཀྱིས་སྔར་བཞིན་བྱ་རྒོད་ས་སོགས་ཀྱིས་བལྟ་བ་དང་རེག་པ་ཅིས་མི་བསྲུང་སྟེ་སྔོན་བསྲུང་ན་དེའི་ཚེ་

Page: 789 ༄༅། །ཡང་བསྲུང་རིགས་ལ་དེའི་ཚེ་མི་བསྲུང་ན་སྔོན་ཡང་བྱ་རྒོད་སོགས་ཀྱི་ཁ་ཟས་དེ་ཉིད་བསྲུང་བར་མི་རིགས་པ་དང༌། ཕྱིས་ཤི་བའི་རོ་དུར་ཁྲོད་དུ་བོར་བའི་ཤ་ཡི་ཕུང་པོ་འདི་མཐོང་ནས་བྱ་རྒོད་དང་གཞན་ཝ་དང་སྤྱང་ཀི་ལ་སོགས་པས་ཟ་ བར་བྱེད་པའི་ཁ་ཟས་ཡིན་ན་གཞན་བྱ་དང་གཅན་གཟན་གྱི་ཟས་ལ་ཁྱོད་ཀྱིས་མེ་ཏོག་གི་ཕྲེང་བ་ཙནྡན་གྱི་བྱུག་པ་གསེར་དངུལ་ལ་སོགས་པའི་རྒྱན་གྱིས་ཅིའི་ཕྱིར་མཆོད་པར་བྱེད་དེ་མཆོད་མི་རིགས་ལ་དེ་མི་རིགས་ན་གསོན་ཚེའང་དེ་ཉིད་ལ་རྒྱན་གདག་ མི་རིགས་པ་སོགས་གོང་བཞིན་ནོ། །འཇིགས་པར་རིགས་ཀྱི་ཆགས་པར་མི་རིགས་པ་ནི། ཕྱིས་དུར་ཁྲོད་དུ་བོར་བ་ན་མགོ་དང་སྒལ་ཚིགས་ལ་སོགས་པའི་རུས་གོང་ཉིད་དུ་གྱུར་པ་མཐོང་ནས་ནི་མི་འགུལ་ཞིང་མི་གཡོ་བར་སྡོང་དུམ་བཞིན་དུ་གནས་པ་ལ་ཡང་ ནི་ཡིད་ཁྱོད་འཇིགས་ཤིང་སྐྲག་པར་བྱེད་ན་ད་ལྟ་གསོན་པའི་དུས་སུ་རོའི་ཁོང་པར་༌འབྱུང་བོའི་གདོན་ཞུགས་པ་ལངས་ཏེ་གཞན་ལ་གནོད་པ་བྱེད་པའི་རོ་ལངས་བཞིན་དུ་སེམས་ཀྱི་བྱེད་རྩོལ་དང་སྲོག་རླུང་སོགས་རྐྱེན་འགའ་ཡིས་ཀྱང་བསྐྱོད་ཅིང་གཡོ་འགུལ་ བྱེད་པར་གྱུར་པའི་དུས་ན་ཅིས་མི་འཇིགས་ཏེ་རོ་ལངས་ལ་འཇིགས་པར་བྱེད་པ་ལྟར་འཇིགས་པར་རིགས་ཀྱི་ཆགས་མི་རིགས་སོ་ཞེས་པའོ། །གཞན་ཡང་མི་གཙང་བའི་ཕུང་པོར་གྱུར་པའི་བུད་མེད་ཀྱི་ལུས་གང་ལ་གོས་དང་པགས་པ་སོགས་ཀྱིས་ གཡོགས་ཀྱང་འདི་ལ་ཆགས་པ་སྐྱེ་བའམ་རྨོངས་པ་འདི་ཆགས་པ་སྐྱེ་བར་འགྱུར་ན་ཆགས་ཡུལ་མི་གཙང་བའི་ཕུང་པོ་དེ་གོས་སོགས་ཀྱིས་མ་གཡོགས་པར་དུར་ཁྲོད་དུ་དོར་བ་ན་ཡང་ཆགས་པའི་སེམས་ཀྱིས་ཅིས་མི་འདོད་དེ་འདོད་རིགས་ལ། དུར་ཁྲོད་

Page: 790 དུ་བོར་བའི་ཀེང་རུས་མ་གཡོགས་པ་དེ་ལ་དགོས་པ་མེད་དོ་སྙམ་ན་ནི་གོས་སོགས་ཀྱིས་གཡོགས་པ་ལ་ནི་ཆགས་ཤིང་ཞེན་པས་ཅིའི་ཕྱིར་འཁྱུད་དེ་གཉིས་ཀ་མི་གཙང་བར་མཚུངས་པས་སོ། །མི་གཙང་བར་མངོན་དུ་གྱུར་པ་ལ་ཆགས་མི་རིགས་པ་ལ། མི་གཙང་བའི་རྣམ་གྲངས་སོ་སོ་ལ་ཆགས་མི་རིགས་པ་ནི། རྒྱུ་ཁྱད་པར་མེད་པའི་ཟས་ནི་གཅིག་པུ་ཉིད་ལས་ནི་འབྲས་བུ་ཁྱད་པར་མེད་པའི་མི་གཙང་བ་བཤང་བ་དང་ཁ་ཆུ་གཉིས་ཀ་བྱུང་བར་གྱུར་པ་ཡིན་ན་དེ་གཉིས་ལས་བཤང་བ་ལ་མི་དགའ་ཞིང་ སྐྱུག་བྲོ་བར་འཛིན་ལ་ཁ་ཆུའམ་བད་ཀན་གྱི་བཏུང་བ་མཆིལ་མ་ལ་ཁྱོད་ཅིའི་ཕྱིར་དགའ་ནས་སྦྲང་རྩིའི་བཏུང་བ་བཞིན་དུ་འཇིབས་པར་བྱེད་དེ་གཉིས་ཀ་རྒྱུ་མི་གཙང་བ་ལས་བྱུང་ཞིང་གཉིས་ཀ་མི་གཙང་བའི་འབྲས་བུར་མཚུངས་པས་སོ། །བཤང་བ་ དྲི་ངབས་དེ་ལ་མི་དགའོ་སྙམ་ན། དེ་ལྟ་ན་ཤིང་བལ་ལམ་རས་བལ་གཙང་བ་དྲི་ང་བ་མེད་ལ་རེག་ན་འཇམ་པ་དང་བཅས་པས་བཀང་བ་ཡི་ནང་ཚངཅན་གྱི་སྔས་འབོལ་འཇམ་ཞིང་མཉེན་པ་ལ་དགའ་བར་མི་བྱེད་པར་དེ་རེག་ན་འཇམ་ཡང་དྲི་ང་བ་ འཛག་པ་མ་ཡིན་ནོ་ཞེས་སྨད་པ་ལྟར་བྱས་ཏེ་སྤངས་ནས་མི་གཙང་བ་འབའ་ཞིག་གིས་གང་ཞིང་དྲི་ང་ལ་སྒོ་དགུ་ནས་མི་གཙང་བ་འཛག་པ་ལ་དགའ་ཞིང་ཆགས་པ་ནི་འདོད་ལྡན་དམན་པ་ཁྱོད་མི་གཙང་བ་ལ་རྨོངས་པ་སྟེ་མི་གཙང་ཞིང་དྲི་ང་བ་ཡིན་པ་ མངོན་དུ་གྱུར་བཞིན་དུ་དེའི་གནས་ཚུལ་མི་ཤེས་པར་ཕྱིན་ཅི་ལོག་གི་རྟོག་པས་མི་གཙང་བར་ཞེན་པ་སྟེ་དེ་ནི་ཤིན་ཏུ་མི་རིགས་སོ་ཞེས་པའམ། ཡང་ན་ཤིང་བལ་རེག་ན་འཇམ་པ་ཡི་སྔས་འབོལ་ལ་བུད་མེད་ཀྱི་ལུས་ལྟར་དགའ་བར་མི་བྱེད་པར་བུད་མེད་

Page: 791 ༄༅། །ཀྱི་ལུས་དྲི་ང་བ་འཛག་པ་ཡིན་བཞིན་དུ་མ་ཡིན་ནོ་ཞེས་འདོད་ལྡན་ཁྱོད་མི་གཙང་ཞིང་དྲི་ང་བ་ལ་གཙང་བར་རྨོངས་ནས་ཆགས་པར་བྱེད་པ་ནི་མི་རིགས་སོ་ཞེས་བཤད་ཀྱང་ཆོག་པར་སེམས་སོ། །མི་གཙང་བར་མཚུངས་ཀྱང་ བཤང་བ་སོགས་མ་གཡོགས་པས་མི་འདོད་ལ་བུད་མེད་ཀྱི་ལུས་ནི་གཡོགས་པས་འདོད་དོ་ཞེ་ན། དེའི་ལན་དུ། གང་ལ་གཡོགས་ཀྱང་སོགས་གོང་གི་ཚིགས་བཅད་གཅིག་པོ་འདིར་འཆད་པ་ནི། རྒྱ་དཔེ་དང་རྒྱ་འགྲེལ་ཕལ་ཆེར་གྱི་ལུགས་ཡིན་པས་ ཤིན་ཏུ་འབྲེལ་ཞེས་བུ་སྟོན་གསུང་། འོན་ཀྱང་བོད་དཔེ་དང་བི་བྷཱུ་ཏིའི་འགྲེལ་པ་སོགས་འགའ་ཞིག་ཏུ་གོང་ལྟར་རོ། །ཡང་འདོད་ལྡན་ངན་པ་སོགས་ཀྱི་ཚིགས་བཅད་འདི་རྒྱ་དཔེ་དང་རྒྱུ་འགྲེལ་རྣམས་སུ་མེད་པར་གསུངས་མོད། དོན་ནི། འདོད་པའི་ དུག་ཆུས་མྱོས་པའི་འདོད་ལྡན་ངན་པ་ཤེས་རབ་ཀྱི་མིག་གཏི་མུག་གིས་བསྒྲིབས་པའི་རྨོངས་པ་རྣམས་ནི་ཤིང་བལ་རེག་ན་འཇམ་པ་ལའང་འཇི་ལའམ་འདིས་ཉལ་པོ་བྱ་བར་མི་ནུས་སོ་ཞེས་ཤིང་བལ་གཙང་ལ་འཇམ་པ་དེ་ལ་མི་དགའ་ཞིང་ཁྲོ་བ་དག་ ཏུ་བྱེད་པས་ན་རེག་བྱ་ལ་མི་ཆགས་པར་མི་གཙང་བ་ལ་ཆགས་པར་ངེས་པས་དེ་མི་རིགས་སོ་ཞེས་པའོ། །མི་གཙང་བ་ལ་ཆགས་པ་མེད་དམ་ཡོད་ཅེས་བརྒལ་ཞིང་བརྟགས་པ་ན། གལ་ཏེ་མི་གཙང་བ་ལ་ཆགས་པ་མེད་དོ་སྙམ་ན། འོ་ན་རུས་ཚིགས་ སུམ་བརྒྱ་དྲུག་ཅུ་འབྲེལ་བའི་རུས་པའི་གཟེབ་རྒྱུས་པའི་དྲ་བས་ཕན་ཚུན་སྦྲེལ་བ་ལ་ཕྱི་ནས་ཤ་ཡི་འདམ་གྱིས་ཞལ་ཞལ་ལམ་བྱུག་པར་བྱས་པའི་གཞན་བུད་མེད་ཀྱི་ལུས་མི་གཙང་བ་དེ་ལ་ཁྱོད་ཅིའི་ཕྱིར་པང་དུ་འཁྱུད་པར་བྱེད་དེ་བྱེད་མི་རིགས་པ་ནི་

Page: 792 མཚན་མོ་མི་གཙང་བའི་ཕུང་པོ་མནན་ཏེ་ཉལ་བའི་སྐྱེས་བུ་བཞིན་ནོ། །ཞེས་བཤད་དོ། ཅི་སྟེ་མི་གཙང་བ་ལ་ཆགས་པ་ཡིན་ནོ་སྙམ་ན། ཁྱོད་ནི་རང་གི་ལུས་ཉིད་ལ་མི་གཙང་བ་སུམ་ཅུ་རྩ་དྲུག་ལྟ་བུའི་རྫས་མང་པོ་ཡོད་པ་དེ་ཉིད་ལ་ཁྱོད་ཀྱིས་གཏན་ དུའམ་རྟག་ཏུ་ཅི་དགར་ལོངས་སྤྱོད་དུ་ཡོད་པ་དེས་ཆོག་ཅིང་ངོམས་པར་བྱ་རིགས་ཀྱི། དེས་མི་ཚིམ་པར་མཆིལ་སྣབས་བཤང་གཅི་སོགས་མི་གཙང་བའི་རྫས་མང་པོས་གང་བའི་རྐྱལ་བ་གཞན་བུད་མེད་ཀྱི་ལུས་དག་ལའང་མི་ན། གཙང་པ་ལ་ཆགས་ཤིང་ བརྐམ་པས་འདོད་ཅིང་ཞེན་པར་བྱེད་པ་ནི་ཤིན་ཏུ་མི་རིགས་པའོ། །གོང་འོག་གི་དོན་འདི་དག་ནི། འཆར་བྱེད་ཀྱིས་ཞུས་པར། སྣབས་དང་མཆིལ་མ་ཁ་ཆུ་དང༌། ཀླད་རྒྱས་རུལ་བའི་ཀླད་པ་དང༌། །ལུས་ལས་དྲི་ང་འཛག་དེ་ལ། །བྱིས་པ་རྣམས་ ནི་སྦྲང་རྩི་བཞིན། །ཞེས་སོགས་དང་། །མི་གཙང་སྤྱོད་ཡུལ་བྱིས་པ་རྣམས། །སྣབས་དང་མཆིལ་མ་ཟ་བར་བྱེད། །སྨད་པར་འོས་ལ་ཆགས་བྱེད་པ། །སྦྲང་བུ་རྣམས་ཀྱིས་རྨ་མཐོང་བཞིན། །ཞེས་སོགས་དང་། །དགའ་བོ་མངལ་གནས་ལས་ ཀྱང༌། །ལུས་འདི་རྩ་རྒྱུས་དཀྲིས་ནས་ནི། །པགས་པ་གཤེར་བས་གཡོགས་པས་ན། །གནས་དགུ་རྨ་ཡི་སྒོ་ཡོད་པར། །དེ་ལྟ་བུར་ནི་བལྟ་བར་བྱ། །ཞེས་སོགས་དང༌། མི་གཙང་སྣ་ཚོགས་རབ་ཏུ་གང་། །རུས་པའི་འཁྲུལ་འཁོར་གཡོ་བས་ན། །ཞེས་ སོགས་དང་། རུས་པའི་གྲོང་ཁྱེར་རྩིག་པར་བྱེད། །ཤ་དང་ཁྲག་གིས་ཞལ་ཞལ་བསྐུས། །འདོད་སྡང་གཏི་མུག་ཚོན་བཀྱེ་ནས། །ཅི་རིགས་པར་ནི་རྒྱན་པར་བྱེད། །ཅེས་སོགས་མང་དུ་གསུངས་པ་ལྟར་དང༌། གཞན་ཡང་བུ་མོ་བདུན་གྱི་རྟོགས་

Page: 793 ༄༅། །བརྗོད་སོགས་ལས་གསུངས་པ་ལྟར་ལགས་པས་དེ་དག་ལས་ཤེས་པར་བྱའོ། །ལུས་སེམས་གང་ལའང་ཆགས་མི་རིགས་པ་ནི། གཞན་ཡང་ཁྱོད་བུད་མེད་ཀྱི་ལུས་སེམས་གང་ལ་དགའ་ཞེས་བརྟགས་པ་ན། བདག་ནི་བུད་མེད་ཀྱི་ལུས་ ཀྱི་ཤ་རེག་བྱ་འཇམ་ཞིང་དབྱིབས་ལེགས་པ་འདི་ཁོ་ན་ལ་དགའ་ཞིང་ཆགས་ཀྱི་གཞུན་ཤིང་བལ་གྱི་རེག་བྱ་སོགས་གང་ལའང་མི་ཆགས་སོ་ཞེས་སྙམ་ནས་དེ་ལ་ལུས་ཀྱིས་རེག་པ་དང་མིག་གིས་བལྟ་བར་འདོད་ན་ཀོ་སྟེ་འདོད་ན་ནི་ཤི་ནས་སེམས་མེད་པར་གྱུར་པ་ ཡི་འཇིམ་གོང་ལྟ་བུའི་རང་བཞིན་ཅན་གྱི་ཤ་དེ་ལ་ནི་འདོད་ལྡན་ངན་པ་ཁྱོད་ཀོ་སྟེ་ཁྱོད་ནི་རེག་པ་དང་ལྟ་བར་ཅིས་མི་འདོད་དེ་འདོད་པར་བྱ་རིགས་ན་དེ་ལྟར་མི་བྱེད་པས་ལུས་ཀྱི་ཤ་ལ་དགའ་ཞིང་ཆགས་པ་ནི་མི་རིགས་སོ། །དེ་ལ་སེམས་མེད་པས་བདག་མི་ འདོད་ཀྱི་སེམས་ཡོད་པ་ཁོ་ན་ལ་རེག་ཅིང་བལྟ་འདོད་དོ་སྙམ་ན། དེ་ལྟ་ན་ཁྱོད་འདོད་ཅིང་ཆོགས་པའི་གནས་སུ་གྱུར་པས་སེམས་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་པས་དེ་ལ་རིག་པ་དང་བལྟ་བར་མི་ནུས་ལ། གང་ཞིག་རིག་ཅིང་བལྟ་ནུས་པའི་ལུས་དེ་ནི་བེམ་ པོ་ཡིན་གྱི་ཁྱོད་འདོད་པའི་སེམས་སམ་ཤེས་པ་མིན་པས་ན་སྒྱུ་མས་བསླུས་པའི་བློན་པོ་བཞིན་དུ་རྨོངས་ཤིང་འཁྲུལ་བ་ཁྱོད་སེམས་ལ་དགའ་ཞིང་ཆོགས་ནས་དེ་ལས་གཞན་དོན་མེད་པའི་ལུས་ལ་འཁྱུད་པར་བྱས་པ་དེས་ནི་ཅི་ཞིག་བྱ་སྟེ་དོན་མེད་པའི་འཁྲུལ་ པ་འབའ་ཞིག་ཏུ་ཟད་པས་ཏེ་གཞན་དུ་ན་འགལ་དུམ་དང་བོང་བ་སོགས་ལའང་འཁྱུད་རིགས་པར་ཐལ་བས་སོ། །ཤ་དང་སེམས་གང་ལ་བརྟགས་ཀྱང་ཆགས་པའི་དོན་མེད་བཞིན་དུ་འཁྱུད་པས་དེས་ཅི་བྱ་ཞེས་བཤད་པའང་ཡོད་དོ། །དེས་ནི་ལུས་

Page: 794 སེམས་གང་ལའང་ཆོགས་བྱའི་གནས་མེད་པར་བསྟན་ཏོ། །རང་གི་ལུས་ཀྱི་རང་བཞིན་མ་རྟོགས་པ་ལ་སྨད་པ་ནི། མི་གཙང་བ་དུ་མའི་རང་བཞིན་ཅན་དུ་གྱུར་པའི་ཆགས་ཡུལ་བུད་མེད་སོགས་གཞན་གྱི་ལུས་ནི་རང་ལ་ཇི་བཞིན་མངོན་དུ་མ་གྱུར་པས་མི་ གཙང་བར་མི་རྟོགས་པ་ཙམ་ནི་ངོ་མཚར་མི་ཚེ་ཡི་སྟེ་མི་རིགས་པ་ཆེར་མེད་ལ། རང་ཉིད་ཀྱི་ལུས་མི་གཙང་བས་གང་ཞིང་དེའི་རྟགས་སུ་དུས་རྒྱུན་པར་སྒོ་དགུ་ནས་མི་གཙང་བ་འབའ་ཞིག་འཛག་པའི་རང་བཞིན་ཅན་ཉིད་ཡིན་པར་རྟག་ཏུ་མངོན་དུ་གྱུར་ པ་ཡིན་ནའང་དེ་མི་གཙང་བར་རྟོགས་པར་མི་འགྱུར་བ་ནི་ཤིན་ཏུ་ངོ་མཚར་ཆེ་ཞེས་བསྟིང་བའི་ཚིག་སྟེ་ཤིན་ཏུ་མི་རིགས་པའི་འཁྲུལ་བ་ཅན་ལ་ཆེས་སྨད་པའི་གནས་སུ་བྱས་པའོ། །དེས་ན་རང་གི་ལུས་མི་གཙང་བའི་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ ནས་དེ་ལ་ཆགས་པའི་བསམ་པ་དགག་པར་བྱའོ། །ལུས་ལ་མི་གཙང་བའི་ཆ་ཡོད་ནའང་དབྱིབས་དང་ཁ་དོག་དྲི་དང་རེག་བྱ་སོགས་ཡིད་དུ་འོང་བའི་ཆ་དུ་མ་ཡོད་པས་དེ་དག་ལ་ཆགས་སོ་སྙམ་ན། དེ་ལྟ་ན་སྤྲིན་གྱི་སྒྲིབ་གཡོགས་དང་བྲལ་བའི་དུས་ཀྱི་ ཉི་མ་ཤིན་ཏུ་གསལ་བའི་འོད་ཟེར་གྱིས་གསར་དུ་ལེགས་པར་ཁ་ཕྱེ་བའི་པད་མ་༌གཞོན་ནུ་འདབ་མ་རྣམ་པར་རྒྱས་པ་དབྱིབས་དང་ཁ་དོག་ལེགས་ཤིང་དྲི་དང་རེག་བྱ་བཟང་བ་སོགས་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་ཞིང་མི་གཙང་བའི་ཆ་ཅུང་ཟད་ཀྱང་ མེད་པ་ལ་ཆགས་པར་རིགས་ནའང་དེ་ཉིད་ལ་མི་ཆགས་པར་སྤངས་ནས་ནི་ཕག་དང་སྦྲང་བུ་བཞིན་དུ་མི་གཙང་བ་ལ་ཆགས་ཤིང་ཞེན་པའི་སེམས་ཀྱིས་ནི་མི་གཙང་བ་དུ་མས་གང་བའི་ལུས་ཀྱི་གཟེབ་ལ་ཁྱོད་རྒྱུ་མཚན་ཅིའི་ཕྱིར་དགའ་སྟེ་དགའ་ཞིང་ཆགས་

Page: 795 ༄༅། །པར་བྱེད་པ་ནི་ཤིན་ཏུ་མི་རིགས་སོ་ཞེས་བསྟན་བཅོས་མཛད་པ་པོའི་ཐུགས་སྐྱོ་བའི་ཚུལ་གྱིས་དེ་སྐད་འདོམས་པར་མཛད་དོ། །གང་པོས་ཞུས་པར། ལུས་འདི་མི་གཙང་རོ་དང་འདྲ། །བུ་ག་དགུ་ནས་མི་གཙང་འཛག །སྲིན་བུ་མི་ གཙང་མོས་པ་བཞིན། །བླུན་པོ་ལུས་སྲེད་དེ་དང་འདྲ། །ཞེས་སོ། །མི་གཙང་བར་རྟགས་ལས་ངེས་ཤིང་གྲུབ་པས་ཆགས་མི་རིགས་པ་ལ། མི་གཙང་བའི་རྒྱུ་འབྲས་སུ་གྱུར་པས་མི་གཙང་བར་གྲུབ་པ་ནི། གཞན་ཡང་ས་ཕྱོགས་དང་གོས་དང་ཡོ་བྱད་སོགས་ ལ་མི་གཙང་བ་བཤང་གཅི་ལ་སོགས་པ་དག་གི་ཟེག་མ་ཅུང་ཟད་ཙམ་གྱིས་གོས་པ་ལའང་གལ་ཏེ་ཁྱོད་རེག་པར་མི་འདོད་པ་ཡིན་ན་བུད་མེད་སོགས་ཀྱི་ཡུལ་གང་ལས་མི་གཙང་བ་དེ་རྣམས་ནི་བྱུང་བར་གྱུར་པ་ཡི་ལུས་དེ་ཉིད་མི་གཙང་བ་དུ་མའི་འབྱུང་ཁུངས་ སུ་གྱུར་པ་ཡིན་ན་དེ་ལ་ཇི་ལྟར་ཁྱོད་རེག་པར་འདོད་དེ་འདོད་པ་མི་རིགས་སོ་ཞེས་ལུས་མི་གཙང་བའི་རྒྱུ་ཡིན་པར་བསྟན་ལ། གལ་ཏེ་ཁྱོད་ཀྱིས་བདག་ལ་བརྒལ་ཞིང་བརྟགས་༧སནས་དེ་སྐད་སྨྲ་བ་མི་རིགས་ཏེ། བདག་ནི་མི་གཙང་བ་ལ་ཆགས་ཤིང་རེག་ པར་འདོད་པ་མེད་དོ་སྙམ་ན། མི་གཙང་བ་དུ་མའི་ཞིང་ངམ་གནས་སུ་གྱུར་པའི་མའི་མངལ་ལས་བྱུང་བར་གྱུར་ཅིང་མི་གཙང་བ་དེ་ཡི་རང་བཞིན་དུ་གྱུར་པའི་ས་བོན་ནམ་རྒྱུ་ཕ་མའི་ཁུ་ཁྲག་དང་རྐྱེན་མས་ཟོས་ཤིང་འཐུངས་པའི་ཟས་ཀྱི་ཟག་ཆུ་སྐྱུག་པ་དང་ འདྲ་བ་དེ་ལྟེ་བའི་རྩ་ནས་བརྒྱུད་དེ་སོང་བའི་མི་གཙང་བ་དེ་དང་དེས་གསོས་ཤིང་བསྐྱེད་དེ་འཕེལ་བར་བྱས་ཤིང་ཕྱིར་བཙས་ནས་ཀྱང་མས་ནུ་ཞོ་དང་རང་གིས་ཟོས་འཐུངས་བྱས་པའི་མི་གཙང་བའི་རྒྱུན་གྱིས་བསྐྱེད་པའི་གཞན་གྱི་ལུས་ལ་འདོད་ལྡན་ཁྱོད་ཅིའི་

Page: 796 ཕྱིར་པང་དུ་འཁྱུད་ཅིང་ཆགས་པར་བྱེད་དེ་བྱེད་པ་ནི་ཤིན་ཏུ་འགལ་བས་སོ་ཞེས་ལུས་ཉིད་མི་གཙང་བའི་འབྲས་བུར་བསྟན་པ་སྟེ་རྒྱུ་འབྲས་གཉིས་ཀའི་སྒོ་ནས་མི་གཙང་བར་གྲུབ་པར་བསྟན་པའོ། །རྒྱུ་འབྲས་གཉིས་ཀ་ནས་མི་གཙང་བའི་ལུས་ལ་ཆགས་ པ་སྨད་པ་ནི། ཡང་མི་གཙང་བ་བཤང་གཅི་སོགས་ལས་བྱུང་བའི་མི་གཙང་བའི་སྲིན་བུ་ཆུང་ངུ་ལའང་ཁྱོད་ཀྱིས་བཙོག་པར་བལྟས་ནས་འདོད་པར་མི་བྱེད་ལ། བཤང་གཅི་མཆིལ་སྣབས་སོགས་འབྲས་བུ་མི་གཙང་བ་མང་པོའི་འབྱུང་ཁུངས་སུ་གྱུར་པའི་རང་ བཞིན་ཅན་གྱི་ལུས། རྒྱུ་མི་གཙང་བའི་རྫས་སྣ་ཚོགས་པའི་རང་བཞིན་ལས་སྐྱེས་པའམ་མི་གཙང་བ་མང་པོའི་རྒྱུས་བསྐྱེད་པ་དེ་ལྟ་བུའང་ཁྱོད་ཇི་ལྟར་འདོད་པར་བྱེད་དེ་དེ་ལྟའི་མི་གཙང་བའི་ཕུང་པོར་གྱུར་པའི་རྐྱལ་བ་ཆེན་པོ་ལ་ཆགས་ཤིང་འདོད་པར་བྱེད་པ་ནི་ ཤིན་ཏུ་མི་རིགས་སོ་ཞེས་པའོ། །གལ་ཏེ་བུད་མེད་ཀྱི་ལུས་སོགས་མི་གཙང་བའི་རང་བཞིན་ཡིན་མོད་རང་གི་ལུས་ཀྱང་དེ་ལྟ་བུ་ཡིན་པས་མི་གཙང་བ་དང་མི་གཙང་བ་འཕྲད་པ་ལ་མི་རིགས་པ་མེད་པས་དེ་ཅིའི་ཕྱིར་མི་འདོད་དེ་གནོད་སྦྱིན་དང་མཐུན་པའི་ གཏོར་མ་བཞིན་ནོ་སྙམ་ན། འདོད་ལྡན་ཁྱོད་ནི་རང་ཉིད་ཀྱི་ལུས་མི་གཙང་བའི་རང་བཞིན་ཅན་ལ་སྨོད་ཅིང་ཡིད་འབྱུང་བར་རིགས་ན་ཤིན་ཏུ་རྨོངས་པའི་དབང་གིས་དེ་ལྟར་མི་བྱེད་པ་ཁོ་ནར་མ་ཟད་ཀྱི་མི་གཙང་བས་གང་བའི་རྐྱལ་བ་ཁྱོད་ཅེས་རང་ལ་སྨད་ པའི་ཚིག་གིས་བོས་ནས། མི་གཙང་བ་ལ་བརྐམ་ཞིང་ཆགས་པས་ད་དུང་མི་གཙང་བའི་ཕུང་པོ་གཞན་ཡང་འདོད་པར་བྱེད་ཅིང་དེ་དོན་དུ་གཉེར་བར་བྱེད་པ་ནི་ཤིན་ཏུ་མི་རིགས་པའི་སྨད་པའི་གནས་སོ་ཞེས་པའོ། །ཡང་ན་མ་ཟད་ཀྱི་མི་གཙང་བས་གང་

Page: 797 ༄༅། །བའི་རྐྱལ་བ་མི་གཙང་བ་ལ་བརྐམ་ཞིང་ཆགས་པས་མི་གཙང་བའི་ཕུང་པོ་གཞན་ཡང་འདོད་པར་བྱེད་པ་ནི་མི་རིགས་སོ་ཞེས་བཤད་ཀྱང་འདྲའོ། །མི་གཙང་བར་གྲུབ་ཀྱང་ཐེ་ཚོམ་ཟ་ན་དཔེས་བསྟན་པ་ནི། ག་བུར་དང་གུར་ཀུམ་ལ་ སོགས་པའི་སྨན་ཤིན་ཏུ་གཙང་ཞིང་ཡིད་དུ་འོང་བ་དང་འབྲས་ས་ལུ་སོགས་བཙོས་པའི་འབྲས་ཆན་བཟང་པོ་དག་གམ་སྔོ་ལ་སོགས་པའི་ཚོད་མའང་རུང་བཟའ་བཅའ་གཙང་ཞིང་བཟང་བ་ཟ་འདོད་པ་རྣམས་ཀྱང་ལན་ཅིག་ཙམ་ཁར་བཅུག་སྟེ་དེ་ནས་ སླར་ཕྱིར་ཕྱུང་སྟེ་བོར་བ་ཡིས་ཟས་དང་སྨན་ཁོ་རང་ལྟ་ཞོག་ས་གཞི་གཙང་མ་ཡང་ངན་སྐྱུགས་ཀྱིས་གོས་པས་མི་གཙང་ཞིང་བཙོག་པར་བྱེད་པར་འགྱུར་བ་ཡིན་ན་དེ་ལྟར་མི་གཙང་བར་བྱེད་པས་ལུས་རང་ཉིད་ཀྱི་ངོ་བོ་མི་གཙང་བར་གྲུབ་པ་ལྟ་ཅི་སྨོས་ པས་དེ་ལ་ཆགས་པར་མི་རིགས་སོ་ཞེས་དེའི་བྱེད་ལས་ལས་ཀྱང་ལུས་དེ་ཉིད་མི་གཙང་བར་མངོན་སུམ་དུ་གྲུབ་པར་བསྟན་ལ། གལ་ཏེ་དེལྟར་རྒྱུ་ངོ་བོ་འབྲས་བུ་བྱེད་ལས་སོགས་ཀྱི་སྒོ་ནས་ལུས་མི་གཙང་བའི་རང་བཞིན་དུ་གྱུར་པ་འདི་འདྲ་བ་མངོན་ སུམ་དུ་མཐོང་བར་གྱུར་ཀྱང་ད་དུང་མི་གཙང་བ་ཡིན་ནམ་མིན་སྙམ་དུ་ཡིད་མི་ཆེས་ཤིང་ཐེ་ཚོམ་ཟ་ན་དེའི་ཚེ་དུར་ཁྲོད་དག་ཏུ་བོར་བའི་ལུས་རྣམ་པར་སྡོས་པ་རྣམ་པར་བམ་པ་རྣམ་པར་གནག་པ་རྣམ་པར་འབུས་གཞིག་པ་རྣམ་པར་ཟོས་པ་སོགས་རུལ་ ཞིང་མི་གཙང་བར་གྱུར་པ་ཤིན་ཏུ་འཇིགས་སུ་རུང་བའི་རོ་གཞན་ལ་ཡང་བལྟ་བར་གྱིས་ལ་ད་ལྟའི་རང་གི་ལུས་དང་ཆགས་ཡུལ་བུད་མེད་སོགས་ཀྱི་ལུས་ཀྱང་འདི་ལྟ་བུའི་རང་བཞིན་ཅན་འདི་ལྟ་བུའི་ཆོས་ཅན་ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་

Page: 798 སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟག་པར་བྱའོ། །འདི་ལྟར་བལྟས་ཏེ་བརྟགས་ཀྱང་དགེ་སློང་ཆགས་པ་ཅན་གྱིས་བུད་མེད་ཀྱི་རོ་དུར་ཁྲོད་དུ་བོར་བའི་༌་མཚན་མ་འབུས་གཞིག་པ་མཐོང་བས་ཆགས་པ་སྐྱེས་པ་ལྟར་སླར་ལ་ཆགས་པ་སྐྱེ་བར་མི་འགྱུར་རམ་ སྙམ་ན། དེ་ནི་མི་རིགས་ཏེ། དེ་ལྟ་བུའི་ལུས་གཅེར་བུ་མི་སྡུག་པ་གང་ལས་པགས་པའི་ཁ་ཕྱེ་སྟེ་བཤུས་པའི་རོ་དམར་པོ་དང་ཁྲག་དང་ནང་ཁྲོལ་སོགས་མི་གཙང་བ་སྐྱུག་བྲོ་བ་རྣམས་རིམ་པར་མཐོང་བ་ན་བལྟ་མི་འདོད་པར་འཇིགས་པ་ཆེན་པོ་སྐྱེ་བར་ འགྱུར་བར་ཤེས་ཀྱང་ཇི་ལྟར་ན་འཇིགས་སུ་རུང་བའི་ལུས་དེ་ཉིད་ལ་མི་འཇིགས་པར་ཕྱིར་ཞིང་སྟེ་སླར་ཡང་དང་ཡང་དུ་ཆགས་ཤིང་དགའ་བ་སྐྱེ་བར་འགྱུར་བ་ནི་ཤིན་ཏུ་མི་རིགས་པའོ། །དེས་ན་རང་དང་ཆགས་ཡུལ་བུད་མེད་སོགས་ཀྱི་ལུས་དེ་ཉིད་ དུར་ཁྲོད་ཀྱི་རོ་དང་འདྲ་བར་བལྟས་ནས་ཆགས་པ་དགག་པར་བྱའོ། དཔས་བྱིན་གྱིས་ཞུས་པར། བྱང་ཆུབ་སེམས་དཔས་ལུས་འདིའི་ཐོག་མ་དང་ཐ་མའི་རྒྱུ་ལ་སོ་སོར་བརྟག་པར་བྱའོ། །ཕ་མའི་ཁུ་ཆུ་དང་ཁྲག་འདྲེས་པ་ལས་འབྱུང་སྟེ། ལུས་ འདི་ལ་ཁུ་ཆུ་དང་ཁྲག་ནི་ལུས་ཀྱི་ཐོག་མའི་རྒྱུ་ཡིན་ནོ། །ཐ་མའི་རྒྱུ་ནི་ཟས་འཇུ་བ་ལ་སོགས་པ་སྟེ་ཁམ་གྱི་བཟའ་བའི་ཟས་ཟོས་མ་ཐག་ཏུ་བད་ཀན་གྱི་གནས་སུ་འགྲོའོ། །བད་ཀན་གྱི་གནས་སུ་ཕྱིན་ནས་བད་ཀན་གྱིས་རྐྱང་རྐྱང་སོགས་བྱས་ཏེ་ཤིན་ཏུ་མི་ གཙང་བར་འགྱུར་རོ། །དེའི་འོག་ཏུ་མཁྲིས་པའི་གནས་སུ་འགྲོ་སྟེ་ཞེས་སོགས་དང་། འདི་ལྟར་མི་གཙང་ཕུང་པོའི་ལུས་ལ་ནི། །གཟུགས་རྒྱུ་མངོན་ང་རྒྱལ་ཅན་གང་གུས་བྱེད་པ། །བྱིས་པའི་བློ་ཅན་དེ་ནི་མངོན་བཞིན་དུ། །མི་ཤེས་ངན་སྐྱུགས་བུམ་པ་

Page: 799 ༄༅། །ཐོགས་ཤིང་འགྲོ། །དེ་ཡི་སྣ་ནས་རྣག་ནི་རྣམ་པར་འཛག །ཁ་ནས་དྲི་མི་ཞིམ་པ་རྟག་ཏུ་འབྱུང་། །མིག་རྡུ་ཆགས་ཤིང་སྐྱེ་བོའི་སྲིན་བུ་ཅན། །དེ་ལ་སུ་ཞིག་ཆགས་ཤིང་གུས་པར་བྱེད། །ཅེས་སོགས་དང༌། ་རིན་པོ་ཆེའི་ཕུང་ པོའི་མདོ་ལས། ཤཱ་རིའི་བུ་བུད་མེད་ལ་བསྟེན་པ་དང་བསྙེན་པས་ཆོག་གོ། བུད་མེད་ཀྱི་ལུས་ཕྱི་ས་དང་མཆིལ་མས་ཡོངས་སུ་གང་བ་དེ་ལ་སུ་ཞིག་དགའ་སྟེ། དེ་དག་ནི་འཇིག་རྟེན་གྱི་ཁྱི་རོ་རུལ་བ་དང་འདྲ་བར་སྨད་པར་བྱ་བ་ཡིན་ནོ་ཞེས་སོགས་གསུངས་ ལུས་ལ་གཙང་བའི་མཚན་མ་དགག་པ་ལ། ་གཞན་གྱི་དྲིས་གཞན་ལ་ཆགས་མི་རིགས་པ་ནི། ལུས་མི་གཙང་བར་མངོན་སུམ་དུ་མཐོང་ཡང་ཕྱི་རོལ་དུ་ཙནྡན་སོགས་བསྐུས་པས་དྲི་ཞིམ་པོ་ལ་ཆགས་སོ་སྙམ་ན། བུད་མེད་སོགས་ཀྱི་ལུས་ལ་བསྐུས་ པའི་དྲི་དེ་ཡང་ཙནྡན་དང་ག་བུར་སོགས་ཁོ་ནའི་དྲི་ཡིན་གྱི་ཆགས་ཡུལ་གཞན་དེའི་ལུས་ཀྱི་དྲི་ཉིད་མ་ཡིན་པས་ན་ཙནྡན་སོགས་འབྲེལ་མེད་གཞན་གྱི་དྲི་དེས་གཞན་བུད་མེད་སོགས་ཀྱི་ལུས་མི་གཙང་བ་དག་ལ་རྒྱུ་མཚན་ཅི་ཡི་ཕྱིར་ན་ཆགས་པ་བྱེད། གལ་ཏེ་དྲི་ཞིམ་པོ་ལ་ཆགས་ན་ལུས་ཀྱི་རང་བཞིན་ནི་རྣག་ཅན་རུལ་བའི་བདག་ཉིད་ཡིན་པས་དྲི་ང་ཞིང་མི་གཙང་བས་ན་ལུས་འདི་ལ་མ་ཆགས་ན་ལེགས་པ་མིན་ནམ་སྟེ་ཤིན་ཏུ་ལེགས་ཀྱི་འདི་ལ་ཆགས་ན་ཉེས་པ་དུ་མ་སྐྱེད་པས་སོ། །དེ་ལྟར་མ་ཆགས་ ན་ལེགས་མོད་ཀྱང་འཇིག་རྟེན་པ་དགོས་པའི་དོན་མེད་པ་ལ་སྲེད་ཅིང་ཞེན་པ་དག་གིས་བདག་ལ་གནོད་བྱེད་ཀྱི་རྒྱུ་ཆགས་པ་སྐྱེ་བའི་ཕྱིར་དུ་ཅི་སྟེ་ལུས་དེ་ལ་ཙརྫུན་སོགས་དྲི་ཞིམ་པོ་སྐུད་པར་བྱེད་མི་རིགས་ཏེ་བཤང་གཅིའི་ཁང་པ་ལ་དྲི་ཞིམ་བྱུགས་མི་

Page: 800 རིགས་པ་དང་འདྲ་བས་སོ། །འོན་ཏེ་དྲི་ཞིམ་པོ་ཉིད་དུ་སྣང་བ་དེ་ནི་ཙནྡན་སོགས་ལ་ཡོད་པའི་དྲི་ཡིན་ལ་ལུས་རང་བཞིན་གྱིས་རུལ་ཞིང་དྲི་ང་པ་ཡིན་ན་རང་བཞིན་ནི་གཞན་དུ་མི་འགྱུར་བས་ལུས་དེ་ལ་འདིར་ནི་རུལ་བའི་དྲི་ལས་གཞན་པའི་དྲི་ཞིམ་པོ་ཅི་ཞིག་བྱུང་སྟེ་ ཅིའང་མ་བྱུང་བས་ན་ཙནྡན་སོགས་གཞན་གྱི་དྲི་ཡིས་གཞན་མི་གཙང་བའི་ལུས་དག་ལ་རྒྱུ་མཚན་ཅི་ཡི་ཕྱིར་ན་ཆགས་པར་བྱེད་དེ་ཆགས་མི་རིགས་སོ། །ལུས་འཇིགས་པའི་གནས་ཡིན་པས་བྱི་དོར་བྱེད་མི་རིགས་པ་ནི། ལུས་མི་གཙང་ཡང་སྐྲ་སེན་སོགས་ བཅོས་ཤིང་བྱི་དོར་བྱས་པས་མཛེས་ཤིང་ཡིད་དུ་འོང་བ་ཡིན་ནོ་སྙམ་ན། གལ་ཏེ་ལུས་ཀྱི་རང་བཞིན་འདི་ཅུང་ཟད་ཀྱང་མ་བཅོས་ཤིང་གོས་སོ་གས་ཀྱིས་ཀྱང་མ་གཡོགས་ལ་སྒྲ་དང་སེན་མོ་འདྲེག་སྤྱད་ཀྱིས་མ་བྲེགས་ཤིང་མ་བཅད་ན་ཤིན་ཏུ་རིང་བ་དང་སོ་ཤིང་ལ་ སོགས་པས་མ་བཀྲུས་པས་སོ་སྐྱེ་བོ་དྲི་མར་བཅས་པ་༡དང་ལུས་མ་བཀྲུས་པས་རྡུལ་ཆགས་པའི་འདམ་གྱི་དྲི་སྟེ་འདམ་རྫབ་རུལ་བ་ཉིད་ཀྱི་དྲིས་བསྐོས་པས་དྲི་མི་ཞིམ་པ་དང་གོས་མེད་པའི་ལུས་ཀྱི་རང་བཞིན་ནི་གཙར་བུ་ཤ་ཟའམ་རོ་ལངས་བཞིན་དུ་འཇིགས་སུ་ རུང་བ་དང་བཅས་པ་ཉིད་ཡིན་ན། རང་ལ་གནོད་པའི་མཚོན་ཏེ་རང་གསོད་བྱེད་ཀྱི་མཚོན་ཆ་རལ་གྲི་དང་མདུང་ཐུང་སོགས་ལ་རང་གིས་བྱི་དོར་བྱེད་པ་བཞིན་དུ་ཆགས་ཡུལ་གྱི་ལུས་དེ་ལ་གོས་ཀྱིས་གཡོགས་པ་༌་དང་སྐྲ་སེན་འདྲེག་པ་སོ་རྩི་སྐུད་པ་བྱུགས་པ་བྱེད་ པ་སོགས་ལ་འབད་ནས་ཅིའི་ཕྱིར་བྱི་དོར་བྱེད་དེ་བྱེད་མི་རིགས་སོ། །དེ་ལྟར་མི་གཙང་བའི་ལུས་ལ་དྲི་ཞིམ་པོ་བསྐུ་བ་དང་བྱི་དོར་བྱེད་པ་སོགས་མི་རིགས་པའི་ཚུལ། མདོ་སྔ་མ་ལས། དཔེར་ན་བྱིས་པ་སོལ་བ་ཐོགས་ནས་སུ། །འདི་ནི་དཀར་པོར་བྱ་ཞེས་

Page: 801 བར་ཀྱང་ནི། །དཀར་པོའི་དངོས་པོར་མི་འགྱུར་ཟད་པར་འགྱུར། །བྱིས་བློ་ཕྱིན་ཅི་ལོག་གི་ང་རྒྱལ་ཅན། །དེ་ལྟར་མི་གང་གཙང་སྦྲའི་བློ་གྲོས་ཅན། །ང་ཡི་ལུས་འདི་གཙང་མར་བྱ་ཞེས་ཏེ། །བསྐུས་ཕྱིས་འབབ་སྟེགས་བརྒྱར་ནི་ཁྲུས་ བྱས་ཀྱང་། །འཆི་བདག་དབང་གིས་ཟད་འགྱུར་གཙང་མི་འགྱུར། །ཞེས་སོ། །ཡིད་འབྱུང་བའི་གནས་ལ་དགའ་མི་རིགས་པ་ནི། །དེ་ལྟར་སྐྱེ་བོ་འདོད་ལྡན་རྣམས་བདག་ལ་ཕན་པའི་དོན་སྒྲུབ་པ་ལ་ཤིན་ཏུ་རྨོངས་ཤིང་འཁྲུལ་བར་གྱུར་པའི་དབང་གིས་ ལུས་ཀྱི་བྱི་དོར་བྱེད་པ་སོགས་དོན་མེད་པའི་ལས་ལ་འབད་པ་ཡིས་འདོད་པའི་མྱོས་ཆུ་འཐུངས་ཤིང་ཆགས་སོགས་ཉོན་མོངས་པའི་གདོན་གྱིས་བརླམ་པས་ཤེས་རྒྱུད་འཁྲུལ་ཞིང་མྱོས་པར་གྱུར་པས་ས་སྟེང་འདི་ཀུན་ཏུ་འཁྲུགས་པ་སྟེ་ཀུན་ཏུ་གང་ཞིང་ ཁྱབ་པར་གྱུར་པ་ཡིན་ནོ་ཞེས་རྒྱལ་སྲས་ཞི་བའི་ལྷ་ཉིད་ཀྱིས་ཐུགས་སྐྱོ་བའི་སྒོ་ནས་མྱ་ངན་མཛད་དེ་ཤིན་ཏུ་བརྩེ་བའི་གནས་སུ་བྱས་པའོ། །བདག་ལ་རྨོངས་པའི་སོགས་ཚིག་རྐང་གཉིས་པོ་འདི་འགྲེལ་པ་འགར་གོང་གི་ཅི་ཕྱིར་བྱི་དོར་བྱེད་ཅེས་དྲིས་ པའི་ལན་དུ་བྱས་ནས་གོང་མ་ལ་ཡར་སྦྲེལ་ནས་འཆད་པ་ལྟར་བྱས་ཀྱང་ཆོག་ལ་འགའ་ཞིག་ཏུ་མར་ལ་སྦྱར་ནས་བཤད་དོ། །དེས་ན་ཤི་བའི་རོ་བོར་བ་རྣམས་ཕྱོགས་ཀུན་ཏུ་རྣམ་པར་འཐོར་བའི་རུས་གོང་འབའ་ཞིག་གིས་ཁྱབ་པར་གྱུར་པ་མཐོང་ནས་ནི་ དུར་ཁྲོད་དུ་ཡིད་འབྱུང་བ་སྟེ་འཇིགས་ཤིང་སྐྱོ་བས་སྙིང་མི་དགའ་བ་སྐྱེ་བར་བྱེད་ན། དབུགས་ཀྱི་རྒྱུ་བ་དང་རྣམ་རྟོག་གི་སྟོབས་ཀྱིས་གཡོ་ཞིང་འགུལ་བའི་རྣམ་འགྱུར་དང་བཅས་པའི་རུས་གོང་འབའ་ཞིག་གིས་ཁྱབ་པའམ་སེམས་རྣལ་དུ་མི་གནས་

Page: 802 པའི་སྨྱོན་པ་ཤ་སྟག་གིས་ཁྱབ་པའི་གྲོང་གི་དུར་ཁྲོད་སྔ་མ་བས་ཀྱང་འཇིགས་སུ་རུང་བ་ལ་ཁྱོད་དགའ་འམ་ཞེས་ཟུར་གྱིས་འདྲི་བ་སྟེ་དགའ་ཞིང་ཆགས་པ་ནི་ཤིན་ཏུ་མི་རིགས་ཀྱི་དེ་ལྟ་བུའི་དུར་ཁྲོད་ལ་འཇིགས་ཤིང་སྐྱོ་བས་ཡིད་འབྱུང་སྐྱེ་རིགས་སོ་ཞེས་ པ་སྟེ་མཁས་པས་དུར་ཁྲོད་གཉིས་པོ་མཉམ་པར་བལྟས་ནས་ཡིད་འབྱུང་སྐྱེད་རིགས་པའོ། །འགྲེལ་བ་འགའ་ཞིག་ཏུ། ཕོ་ཉ་ཕོ་ཉ་མོ་སོགས་སྲོག་བྲལ་དུར་ཁྲོད་ཀྱི་ཆོས་ལ་སྒྱུར་ཏེ་མི་གཙང་བར་ལྟ་བ་དང༌། ་ཟས་ནི་གཅིག་པུ་སོགས་ནས་འདི་ཡན་སྲོག་ ལྡན་གསོན་པོའི་ཆོས་ལ་སྦྱར་ནས་མི་གཙང་བར་ལྟ་བ་ཞེས་གསུངས་སོ། །དེ་ལྟར་རིགས་པའི་རྣམ་གྲངས་དུ་མ་ལ་བརྟེན་ནས་འདོད་ཆེན་གྱི་སེམས་ཁོ་རང་ལ་ཡང་ཡང་བརྒལ་ཞིང་བརྟགས་པའི་སྒོ་ནས་ཆགས་པ་སྤོང་བྱེད་ཀྱི་ཐབས་མང་དུ་བསྟན་པ་ལྟར་ ལེགས་པར་བསམ་ནས་བུད་མེད་སོགས་ལ་སྲེད་ཞེན་འགོག་པ་ལ་བརྩོན་པར་བྱའོ། །དེ་ལྟར་མི་གཙང་བའི་ཚུལ་མ་བསམས་ཀྱང་བུད་མེད་ཀྱི་ཡུལ་ལ་སྤྱད་པས་ངོམས་ཤིང་ཚིམ་ནས་ཆགས་པ་དང་བྲལ་བར་འགྱུར་རོ་སྙམ་ན་མ་ཡིན་ཏེ། དྲན་པ་ཉེར་ གཞག་ལས། རྒྱ་མཚོ་རླབས་ཀྱི་ཕྲེང་བ་ཅན། །ཆུ་ཡིས་ངོམས་པར་འགྱུར་མ་ཡིན། །སྲེད་ལྡན་འདོད་པ་རྣམས་ཀྱིས་ཀྱང༌། །ཚིམ་པ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། ཀླུ་སྒྲུབ་ཀྱིས་ཀྱང་། ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ནི། །ཞེས་སོགས་དང༌། གཡན་པ་ཕྲུགས་ན་བདེ་སྙམ་སྟེ། །ཞེས་སོགས་གསུངས་ལ། །རྣལ་འབྱོར་སྤྱོད་པའི་ས་ལས། རྟོག་པས་རབ་ཏུ་བཅོམ་པས་སྐྱེ་བ་པོ། །འདོད་ཆགས་ཤས་ཆེ་སྡུག་པར་བལྟ་བ་ནི། །སྲེད་པ་ཕྱིར་ཞིང་རྣམ་པར་འཕེལ་འགྱུར་ཏེ། །དེས་ནི་དེ་ཡི་

Page: 803 ༄༅། །འཆིང་བ་དམ་པོར་བྱེད། །ཅེས་སོ། །གཞན་ཡང་རིན་ཕྲེང་ལས། བུད་མེད་ལུས་ལ་དོན་དུ་ནི། །གཙང་བ་ཅུང་ཟད་ཡོད་མ་ཡིན། །ཁ་ནི་ཁ་ཆུ་རུལ་པ་དང་། །སོ་སྐྱུག་མི་གཙང་སྣོད་ཡིན་ཏེ། ཞེས་སོགས་དང་། མི་ཤེས་འགའ་ཞིག་མི་གཙང་བའི། །བུམ་པ་རྒྱན་ལ་ཆགས་པ་ ལྟར། །འཇིག་རྟེན་མི་ཤེས་རྨོངས་པ་ཡིས། །བུད་མེད་རྣམས་ལ་དེ་བཞིན་ནོ། །ལུས་ཡུལ་ཤིན་ཏུ་དྲི་ང་བ། །ཆགས་བྲལ་རྒྱུ་ནི་གང་ཡིན་པ། །དེ་ལའང་འཇིག་རྟེན་ཆེས་ཆགས་ན། །གང་གིས་འདོད་ཆགས་བྲལ་བར་བཀྲི། །ཞེས་སོགས་མང་དུ་གསུངས་ལ། དེ་བཞིན་དུ་བཤེས་སྤྲིང་ དང་བཞི་བརྒྱ་བ་ལས་ཀྱང་བུད་མེད་ཀྱི་ལུས་མི་གཙང་བ་དང་དེ་ལ་ཆགས་པའི་ཉེས་པ་མང་དུ་གསུངས་སོ། །བུད་མེད་ལ་ཆགས་པའི་སེམས་བསྲུང་ཚུལ་ནི། མདོ་ལས། བཙུན་པ་བུད་མེད་ཀྱི་ཡུལ་ལ་ཇི་ལྟར་བསྒྲུབ་པར་བགྱི་ཞེས་གསོལ་པ་དང༌། ཀུན་དགའ་བོ་མི་བལྟ་བས་སོ་ ཞེས་གསུངས་ལ། དཔུང་བཟང་གིས་ཞུས་པ་ལས་ཀྱང་། གཉའ་ཤིང་གང་དུ་བལྟ་ཞིང་བསོད་སྙོམས་སྤྱད། །འཛུམ་ཞིང་འགྲོ་ལ་སྨྲ་ཞིང་ཟུར་མིག་ཅན། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ནི་མཚོན་ཆ་འཇེབས་འདྲ་བས། །སྐྱེས་པའི་སེམས་ ནི་མངོན་དུ་འཕྲོག་པར་བྱེད། །ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀབ་པ་ཆེས་བླ་ཡི། །ཉིས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་བླ། །ཞེས་གསུངས་པ་ལྟར་དང་པོ་ཉིད་ནས་མི་བལྟ་བ་ལ་བསླབ་པར་བྱ་དགོས་ ལ། གལ་ཏེ་དེ་ལྟར་བསླབ་པ་ནའང་ཅི་ཞིག་ལྟར་མཐོང་བར་གྱུར་ན་རྒན་པའམ་མ་དང་འདྲ་བ་ལ་མའི་དང་མཉམ་པའམ་སྲིང་མོ་འདྲ་བ་ལ་སྲིང་མོའི་དང་གཞོན་པའམ་བུ་མོ་འདྲ་བ་ལ་བུ་མོའི་འདུ་ཤེས་བསྐྱེད་པ་དང༌། དེས་ཀྱང་ཆགས་མ་ཞི་

Page: 804 ན་མི་གཙང་བར་བསམ་དགོས་པར་བཤེས་སྤྲིང་ལས་གསུངས་ལ། ཡང་ཐོག་མར་མི་གཙང་བར་བསམས་པ་དང་དེས་མ་ཞི་ན་མ་སྲིང་སོགས་ཀྱི་འདུ་ཤེས་སྒོམ་དགོས་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་ཏེ་གང་བདེར་བྱ་ལ། རིན་པོ་ཆེའི་ ཕུང་པོའི་མདོ་ལས་ཀྱང་། ལུས་ནི་མི་གཙང་ལས་བྱུང་སྟེ། །རྟག་ཏུ་སྲོག་ཆགས་རྣམས་ཀྱང་གནས། །གཅིན་དང་རྟུག་པས་རབ་གང་ན། །དེ་ལ་བྱིས་པ་རབ་ཏུ་ཆགས། །དགེ་སློང་ཕ་དང་དགེ་སློང་མ། །དགེ་བསྙེན་ཕ་དང་དགེ་བསྙེན་མ། །འདི་ ཐོས་ནས་ནི་འདོད་ཆགས་འབྲལ། །འདོད་ཆགས་བྲལ་བས་རྣམ་པར་གྲོལ། །ཞེས་ལུས་མི་གཙང་བའི་ཚུལ་ཐོས་ཤིང་བསམ་པས་ཆགས་པ་ལྡོག་པར་གསུངས་སོ། །གསུམ་པ་འབྲས་བུ་གནོད་པ་མང་བར་བསམས་པ་ནི། དེ་ལྟར་མི་གཙང་སོགས་ ཏེ། དེ་ལ་བསྡུས་ཏེ་གནོད་པ་མང་བར་བསྟན་པ་ནི། གོང་དུ་བཤད་པ་དེ་ལྟར་མི་གཙང་བའི་རང་བཞིན་དུ་གྱུར་པའི་བུད་མེད་ཀྱི་ལུས་དེ་ཡང་ཕལ་ཆེར་རིན་དུ་ནོར་མང་པོ་གཅལ་ཏུ་མེད་པར་ནི་མི་རྙེད་དོ། །དེས་ན་བུད་མེད་དེ་དང་རང་གི་ཟས་གོས་སོགས་ ཀྱི་དོན་དུ་ནོར་བསྒྲུབས་པས་ཚེ་འདིར་ཤ་ཐང་སྟེ་ངལ་ཞིང་དུབ་པ་དང་ནོར་གྱི་དོན་དུ་སྡིག་པ་དུ་མ་བསགས་པས་ཕྱི་མར་ཡང་དམྱལ་བ་དང་ཡི་དྭགས་ལ་སོགས་པའི་སྡུག་བསྔལ་དུ་མས་གནོད་པར་འགྱུར་བས་ན་ནང་བུད་མེད་སོགས་ལ་ཆགས་པས་ འདི་ཕྱི་གཉིས་ཀར་མི་འདོད་པ་དུ་མ་སྐྱེས་པས་ན་དེ་དག་ལ་ཆགས་པའི་རྣམ་པར་རྟོག་པ་སྤང་བར་བྱའོ། །དོན་དེ་རྒྱས་པར་འཆད་པ་ལ། འདོད་པ་སྤྱད་པའི་སྐབས་མེད་པ་ནི། བྱིས་པ་ཆུང་ངུའི་དུས་སུ་ནི་ནར་མ་སོན་པས་བུད་མེད་ཀྱི་རིན་དུ་

Page: 805 ༄༅། །གཞལ་རྒྱུའི་ནོར་གསོག་ཅིང་སྤེལ་མི་ནུས་པས་དེ་ལང་ཚོ་དར་ལ་བབས་པ་ན་འདོད་པ་བསྟེན་པ་འདིས་ཅི་བདེ་སྟེ་ནོར་དང་བུད་མེད་སོགས་མ་རྙེད་པས་སོ། །དར་ལ་བབས་པའི་ཚེ་ནི་འབད་རྩོལ་དུ་མའི་སྒོ་ནས་ནོར་གསོག་པ་དང་ བསྲུང་ཞིང་སྤེལ་བ་ཡིས་ཚེ་ཡོངས་སུ་གཏུགས་ཤིང་ཟད་པར་གྱུར་ན་ལུས་རྒས་པར་གྱུར་ནས་ནི་བུད་མེད་སོགས་འདོད་པའི་ཡུལ་བསྟེན་པས་ཅི་ཞིག་བྱ་སྟེ་བསྟེན་པར་མི་ནུས་ཤིང་བསྟེན་ལོང་ཡང་མེད་པས་སོ། །སྔར་ཕ་མ་སོགས་ཀྱིས་བསྒྲུབས་ པའི་ལོངས་སྤྱོད་ལ་དར་ལ་བབ་དུས་སུ་སྤྱད་པས་བདེའོ་སྙམ་ན། དེ་ནི་བསགས་རྒྱུབ་ཅན་རེ་རེ་ཏོཙམ་མ་གཏོགས་ཐམས་ཅད་ལ་མེད་ཅིང་ཡོད་ནའང་ཀླུ་མཆོག་རྣམས་ལ་མགོ་བོའི་དཔེ་ལྟརདེ་ལས་བྱུང་བའི་སྡུག་བསྔལ་གྱིས་ཚེ་གཏུགས་པར་ འགྱུར་བ་ལས་བདེ་བར་ལོངས་སྤྱོད་པའི་སྐབས་མེད་པར་གསུངས་ཡང་འདོད་ལྡན་གྱི་སྐྱེ་བོ་མ་རབས་ངན་པ་བྲན་གཡོག་སོགས་ཁ་ཅིག་ནི་ཉིན་རངས་ཏེ་ཉི་མ་རིལ་བོ་ལ་རྩ་ཤིང་འཐུ་ཞིང་འཁུར་བ་དང་ཞིང་ལས་ལ་སོགས་པ་དམན་པའི་ ལས་སྣ་ཚོགས་ཀྱིས་ལུས་སེམས་ཡོངས་སུ་ངལ་ཞིང་དུབ་སྟེ་ནུབ་མོ་ཁྱིམ་དུ་འོངས་ནས་ཤ་ཐང་ཆད་པའི་ལུས་མཚན་ཐོག་ཐག་ལ་རོ་དང་འདྲ་བར་གཉིད་ལོག་ནས་ཉལ་བར་བྱེད་པ་ལས་འདོད་པ་བསྟེན་པའི་ནུས་པ་མེད་ཅིང་། ཡང་ཐོ་རངས་ སད་མ་ཐག་ནས་ཁར་སང་བཞིན་དུ་ཉིན་རངས་ལ་དོན་མེད་སྡིག་པ་ཅན་གྱི་ལས་ལ་འཇུག་དགོས་པས་ཉིན་མཚན་འཁོར་མོ་ཡུག་ཏུ་འདོད་པའི་བདེ་བ་ལ་སྤྱོད་པའི་སྐབས་མེད་ལ། འདོད་ཆེན་གཞན་ཁ་ཅིག་ནི་ཚོང་དང་ཁེ་སྤོགས་སོགས་ཀྱི་

Page: 806 ཕྱིར་དང་ཁ་ཅིག་གཞན་གྱི་ནོར་འཕྲོག་པ་དང་རྐུ་བ་ལ་སོགས་པའིཆེདདུ་བྱེས་སུ་བགྲོད་པའམ་ཡུལ་ཐག་རིང་གཞན་དུ་བགྲོད་པས་ངལ་ཞིང་ཉོན་མོངས་པར་གྱུར་པ་དང༌། དུས་ཡུན་རིང་དུ་སོང་བའམ་རང་གི་ཡུལ་ལས་རིང་དུ་སོང་ནས་ནོར་ ཚོལ་བའི་སྡུག་བསྔལ་ཅན་དག་གིས་ཟས་ནོར་མང་པོ་ཁྱེར་ནས་ཁྱིམ་དུ་འོངས་ཏེ་བུ་སྨད་དང་ལྷན་ཅིག་ཏུ་ལོངས་སྤྱོད་པར་འདོད་བཞིན་དུ་ཡུལ་གྱིས་བསྐལ་པའི་བུ་སྨད་རྣམས་ཏེ་བུ་བུ་མོ་ཆུང་མ་རྣམས་ཁྱུད་འཁོར་ལོས་ཏེ་ཟླ་བ་བཅུ་གཉིས་ཁྱུད་ འཁོར་དུ་ལོངས་པའི་ལོ་རིལ་པོའམ་ལོ་དུ་མ་འདུས་ཀྱང་མཐོང་བའི་སྤྱོད་ཡུལ་ཙམ་དུ་ཡང་མི་འགྱུར་ན་སོས་དལ་དུ་འདོད་པ་བསྟེན་པ་ལྟ་ཅི་སྨོས་ཏེ་ཨ་ཙ་ར་མ་ནུའི་གཏམ་རྒྱུད་བཞིན་ནོ། །ཡང་བྱེས་བགྲོད་ཅེས་པ་འགྲེལ་པར་ཚར་གཅོད་བགྲོད་པ་ཞེས་ ཡོད་ལ་དེའི་དོན་སྔར་གྱི་དེ་དག་བྱ་བ་ཕལ་པའི་དབང་དུ་བྱས་ལ་འདི་དེ་ལས་གཞན་བྱ་བ་ངན་པ་ལ་ཆགས་པ་ཁ་ཅིག་རྒྱལ་བློན་སོགས་ལ་བསྟེན་ནས་དེ་དག་གི་བཀས་བྱེས་སུ་བགྲོད་པ་སྟེ་ཡུལ་གཞན་དུ་ཚར་གཅོད་ཀྱི་སྦྱོར་བའང་སྦྱོར་བ་རྩུབ་མོ་ཕ་རོལ་གྱི་གཡུལ་ ངོར་བགྲོད་པའམ་གཞན་གྱི་ནོར་འཕྲོག་པ་སོགས་ཀྱི་ཆེད་དུ་བགྲོད་པས་ངལ་ཞིང་ཉོན་མོངས་པ་དང་ཐག་རིང་དུ་སོང་བའི་སྡུག་བསྔལ་ཅན་དག་རང་གི་བུ་སྨད་དང་ཕྲད་པར་འདོད་བཞིན་དུ་བུ་སྨད་རྣམས་ཁྱུད་འཁོར་ལོས་ཀྱང་མཐོང་བའི་སྤྱོད་ཡུལ་དུ་མི་འགྱུར་ ཞེས་བཤད་པའང་བྱུང་ངོ༌། །རྨོངས་པས་གཞན་གྱི་དབང་དུ་གྱུར་ཅིང་མི་འདོད་པ་དུ་མ་ཐོབ་པ་ནི། བདག་ཉིད་ལ་ཕན་པར་འདོད་ཀྱང་ཕན་པ་སྒྲུབ་པའི་ཐབས་ལ་རྣམ་པར་རྨོངས་པར་གྱུར་པས་རང་དང་བུ་སྨད་ཀྱི་འཚོ་བའི་ཡོ་བྱད་སོགས་གང་གི་དོན་ཉིད་དུ་

Page: 807 ༄༅། །རེ་ཞིག་གི་བར་དུ་རང་གི་ལུས་བཙོངས་པ་དང་འདྲ་བར་བྱས་པའི་གླ་མི་དང་ཁ་བྲན་གཡོག་སོགས་དམན་པ་འགའ་ཞིག་གིས་རང་ཉིད་གཞན་གྱི་ལས་ལ་བཀོལ་ན་ཡང་གླ་རྔན་སོགས་ཀྱི་འདོད་པའི་དངོས་པོ་དེ་དག་ཉིད་མ་ཐོབ་པར་རང་ལ་ ཕན་པ་དང་དགོས་པའི་དོན་ཅི་ཡང་མེད་པར་བུ་ཁ་དང་ཆུང་མ་ལ་སོགས་པའི་གཉེན་གྲོགས་གཞན་གྱི་ལས་ཀྱི་རླུང་གིས་དབང་མེད་དུ་འདས་པའམ་གཞན་གྱི་ཞིང་ལས་སོགས་མི་འདོད་བཞིན་དུ་སྒྲུབ་དགོས་པའི་ལས་ཀྱི་རླུང་གིས་རང་དབང་མེད་པར་བདས་ནས་ ཚེ་འདི་ཕྱི་གཉིས་ཀར་འདོད་པའི་དོན་མི་ཐོབ་ཅིང་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་བ་དང་། ཡང་འདོད་ལྡན་རྨོངས་པ་ལ་ལ་དག་རང་དང་བུ་སྨད་སོགས་ཀྱི་འཚོ་བ་དོན་དུ་གཉེར་ནས་རང་གི་ལུས་ཆུང་མ་དང་བཅས་པ་གཞན་ཁྱིམ་ བདག་དང་ཚོང་དཔོན་སོགས་ཀྱི་བྲན་གཡོག་ཏུ་གཏན་ཏུ་བཙོངས་ཤིང་རང་དབང་མེད་པར་གཞན་གྱི་དབང་དུ་བྱས་ནས་ཚོང་དང་ཞིང་ལས་ནོར་གྱི་འཚོ་སྐྱོང་སོགས་ལས་སྣ་ཚོགས་བྱེད་པ་ལ་རྟག་ཏུ་བཀོལ་བར་གྱུར་ཏེ། བྱ་བའི་ལས་དེ་དག་སྒྲུབ་པའི་སྐབས་ དེར་ཆུང་མ་དག་ཀྱང་བུ་དང་བུ་མོ་ལྟ་བུ་བྱུང་བར་གྱུར་ན་རང་ལ་དབང་བའི་ཁྱིམ་མེད་པའི་ཕྱིར་བདེ་བའི་གནས་སུ་སྡོད་དབང་མེད་པར་ཤིང་དྲུང་དང་དགོན་པ་ཁང་སྟོང་དང་ཆུ་འགྲམ་སོགས་གར་བབ་བབ་ཏུ་༌འབྱུང་ཞིང་བཅའ་དགོས་པ་སོགས་ཀྱི་སྡུག་བསྔལ་ འབྱུང་བས་ན་དེ་དག་ནི་རང་གི་འདོད་པའི་དོན་མི་ཐོབ་པར་མི་འདོད་པ་སྣ་ཚོགས་ལ་སྤྱོད་དགོས་པར་གྱུར་པའོ། །འདོད་པའི་དབང་གིས་སྡུག་བསྔལ་སྣ་ཚོགས་ལ་མི་འདོད་བཞིན་དུ་སྤྱོད་དགོས་པ་ནི། གཞན་ཡང་། དམག་མི་དང་ཇག་ཆོམ་བྱེད་པ་

Page: 808 སོགས་འདོད་པས་བསླུས་པའི་གླེན་པ་གཏི་མུག་ཅན་དག་ཟས་གོས་སོགས་ནོར་ཐོས་པ་ལ་བརྟེན་ནས་རང་དང་རང་གི་གཉེན་གྲོགས་སོགས་ཀྱི་ལུས་སྲོག་རིང་དུ་འཚོ་བར་འདོད་ཟ་ཁབ་ནས་རྙེད་པས་གསོན་པའམ་འཚོ་བར་བྱའོ་ཞེས་བསམ་ནས་དེ་དག་གི་ཆེད་ དུ་རང་གི་སྲོག་སྟོར་བར་དོགས་བཞིན་དུ་དམག་དཔུང་ཆེན་པོའམ་དགྲ་མང་པོས་གཏམས་པའི་གཡུལ་དུ་འཇུག་པར་བྱེད་པ་དང༌། འདོད་ལྡན་ཁ་ཅིག་གིས་རྙེད་པ་རང་གཞན་གྱི་བཀུར་སྟི་སོགས་ཀྱི་ཁེ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་དུ་རྒྱལ་པོ་སོགས་དབང་ ཆེན་པོ་དག་གི་བྲན་གཡོག་ཏུ་འགྲོ་བར་བྱེད་པའམ། ཡང་ཁེངས་ཕྱིར་ཞེས་ཆེན་པོ་དང་མཐོན་པོར་རློམ་པའི་སེམས་ཁེངས་པའི་ང་རྒྱལ་གྱིས་ཆེ་བ་དབྱུང་ཕྱིར་རྒྱལ་པོ་གཏུམ་པོ་སྟོབས་ལྡན་སོགས་ཀྱི་བྲན་དུ་འགྲོ་ཞེས་ཀྱང་འགྲེལ་པ་འགའ་ཞིག་ཏུ་ བྱུང་སྟེ། རྒྱལ་པོ་སོགས་དབང་ཆེ་ཞིང་གཏུམ་པོའིབྲན་དུ་སོང་ན་གཞན་རྣམས་ཆད་པས་གཅོད་པ་སོགས་ཀྱིས་འཇིགས་ཤིང་སྐྲག་ནས་བྲན་འཁོར་སོགས་བ་ལ་ཡང་བསྙེན་བཀུར་སྟོབས་པར་བྱེད་ལ་དེའི་ཚེ་རང་ཡང་ཆེ་བར་རློམ་པའི་ང་རྒྱལ་བྱ་ཆོག་པའི་ ཕྱིར་དེ་ལ་སྐད་གསུང་ངོ༌། །དེ་ལྟར་རང་རང་གི་འདོད་པའི་དོན་ཆེད་དུ་གཉེར་བ་དག་ཀྱང་འདོད་པའི་དོན་དེ་དག་མི་ཐོབ་ཅིང་མི་འདོད་པའི་སྡུག་བསྔལ་དུ་མ་ལ་སྤྱོད་དགོས་པ་དང༌། ཡང་འདོད་ལྡན་ལ་ལ་ཞིག་འདོད་པ་ལ་ཆགས་པའི་རྒྱུས་གཞན་གྱི་ཆུང་མ་ ཕྲོག་པ་དང་ཕ་རོལ་གྱི་ནོར་རྫས་སོགས་རྐུ་འཕྲོག་བྱས་པས་དེ་དག་གི་བདག་པོ་འམ་རྒྱལ་པོ་སོགས་ཀྱི་ཆད་པ་ཕོག་ནས་རང་གི་ལུས་ཀྱང་མཚོན་ཆས་བཅད་པ་དང་༌་གཞན་ཁ་ཅིག་ནི་རྒྱལ་པོའི་ཆད་པས་གསལ་ཤིང་རྣོན་པོའི་རྩེ་མོ་ལ་བཙུགས་པའམ་

Page: 809 ༄༅། །བཀལ་བ་དང༌། ཁ་ཅིག་ནི་མདུང་ཐུང་དག་གིས་ལུས་ལ་བསྣུན་པ་དང་ཁ་ཅིག་ནི་མེ་ཆེན་པོ་འབར་བའི་ནང་དུ་བཅུག་ནས་དབང་མེད་དུ་བསྲེགས་པ་དག་ཀྱང་སྣང་བའམ་མཐོང་བའི་ཕྱིར་བུད་མེད་སོགས་འདོད་པའི་ཡོན་ཏན་ལ་ ཆགས་པའི་ཉེས་པ་ནི་དཔག་ཏུ་མེད་དོ། །བསླབ་བཏུས་ཀྱི་འདོད་ཡོན་ལ་ཆགས་པའི་གནོད་འགྱུར་སྤོང་བའི་སྐབས་སུ་འདོད་པ་ནི་གནོད་པ་ཐམས་ཅད་ཀྱི་རྩ་བ་སྟེ་དེ་དག་གིས་ཤིན་ཏུ་ཡིད་དབྱུང་བར་བྱའོ་ཞེས་མཚམས་སྦྱར་ནས། དྲན་ཉེ་དང་འཁྲིགས་པ་ བདུན་དང་ལྡན་པའི་མདོ་དྲངས་ནས་བུད་མེད་ལ་ཆགས་པའི་ཉེས་དམིགས་བསྟན་པ་དང༌། འདོད་པ་ལ་གདམས་པའི་མདོ་ལས། དགེ་སློང་འདོད་པ་རྣམས་ལས་སེམས་ཟློག་ཤིགལམ་འདི་ནི་འཇིགས་པ་དང་བཅས་པའོ་རབ་ཏུ་འཇིགས་པ་དང་ བཅས་པའོ། །ཚེར་མ་དང་བཅས་པའོ་ཐིབས་པོ་དང་བཅས་པའོ། །ལམ་ངན་པའོ་ལམ་ཁ་བྲག་གོ་སྐྱེས་བུ་དམ་པ་མ་ཡིན་པ་བསྟེན་པའོ། །ཁྱོད་འདི་ལྟར་འདོད་པ་རྣམས་ནི་རོ་མྱང་བ་ཆུང་བ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་སྡུག་བསྔལ་མང་བ་ གནོད་པ་མང་བ་འཁྲུགས་པ་མང་བ་སྟེ་འདི་ལ་ནི་ཉེས་དམིགས་མང་ངོ༌། །དགེ་སློང་དག་འདོད་པ་རྣམས་ནི་ནད་དང་འབྲས་དང་ཟུག་རྔུ་དང་སྡིག་པ་དང་སྲིད་པའི་རྩ་བ་དང་ཤ་དང་བཅས་པའི་མཆིལ་པ་ལྟ་བུ་ཡིན་ཞེས་སོགས་དང༌། དེ་བཞིན་དུ་སྦྱར་ཏེ་དཔེར་ན་ རི་དྭགས་གཤོར་བའི་ཁོག་ཚེ་དང་བྱ་གཤོར་བའི་རྒྱ་དང་ཉ་གཤོར་བའི་དོལ་དང་སྤྲེའུ་གཤོར་བའི་རྙིང་དང་ཕྱེ་མ་ལེབ་གཤོར་བའི་མེའི་ཕུང་པོ་ཇི་ལྟ་བར་འདོད་པ་རྣམས་ཀྱང་དེ་བཞིན་ནོ། །ཞེས་སོགས་དང༌། དེ་བཞིན་དུ་དྲག་ཤུལ་ཅན་གྱིས་ཞུས་པ་སོགས་

Page: 810 དྲངས་ནས་འདོད་ཡོན་ལ་ཆགས་པའི་ཉེས་དམིགས་རྒྱས་པར་བསྟན་ལ། གཞན་ཡང་འདོད་པ་རྣམས་ནི་མི་སྡུག་པ་དང་ཀིམ་པ་ཀའི་འབྲས་བུ་དང་མེ་མདག་གི་ཕུང་བོ་དང་དུག་གི་བུམ་པ་དང་མནམ་ཕྱིས་དང་སྤུ་༌གྲིའི་སོ་དང་དུར་ཁྲོད་ལྟ་བུ་ཡིན་པར་ཉི་སྙིང་ ལས་གསུངས་ལ། དེ་བཞིན་དུ་འདོད་པ་རྣམས་ནི་དྲི་ང་བ་དང་ཡི་ཐུན་པ་དང་རྨའི་ཁ་ལྟ་བུ་དང་བལྟ་བར་བྱ་མི་འོས་པ་དང་སྨད་པར་བྱ་བ་དང་བཤང་བས་ཡོངས་སུ་གང་བའི་རོ་ལྟ་བུ་ཡིན་པར་རིན་པོ་ཆེའི་ཕུང་པོའི་མདོ་ལས་རྒྱ་ཆེར་གསུངས་སོ། །གཉིས་ པ་ཕྱི་རྙེད་སོགས་ལ་སྲེད་པ་སྤོང་བ་ནི། བསག་དང་བསྲུང་དང་སོགས་ཏེ། དེ་ལ་ཐར་བའི་གེགས་བྱེད་ཅིང་དལ་འབྱོར་ཆུད་གསོན་པ་ནི། དང་པོ་ནོར་མེད་པའི་ཚེ་ཚེགས་ཆེན་པོས་དེ་ཚོ་ཞིང་བསག་དགོས་པའི་སྡུག་བསྔལ་དང་། བར་དུ་དཀའ་བས་བསགས་ པའི་ནོར་དེ་ཡང་ཆུད་ཟ་བའི་རྐྱེན་རྣམས་ལས་བསྲུང་ཞིང་སྐྱོང་དགོས་པའི་སྡུག་བསྔལ་དང༌། མཐར་དཀའ་བས་བསྲུངས་ཀྱང་མེ་ཆུ་དགྲ་སོགས་ཀྱིས་བརླག་པའི་སྡུག་བསྔལ་བར་འགྱུར་བ་སྟེ་དེ་ལྟར་ཐོག་མཐའ་བར་གསུམ་ཀུན་ཏུ་སྡུག་ང་བསྔལ་གྱི་ གདུང་བ་ཡིས་གདུངས་ཤིང་ཡིད་མི་བདེ་བསྐྱེད་པར་བྱེད་པའི་རྒྱུ་ཡིན་པས་ན། ནོར་ཞེས་མིང་ཡང་དོན་དང་མཐུན་པར་གྲགས། ཞེས་པ་ལྟར། ནོར་ནི་འདི་ཕྱིའི་དུས་ཐམས་ཅད་ཕུང་ཁྲོལ་འཚེ་ཉེས་དམིགས་མཐའ་ཡས་པ་སྐྱེད་པའི་རྩ་བར་ཤེས་པར་ བྱ་ལ། གཞན་ཡང་དེ་ལྟར་ནོར་ལ་ཆགས་པས་དེ་ཉིད་གསོག་སྲུང་སྤེལ་བ་ལ་སོགས་པའི་བྱ་བ་སྣ་ཚོགས་ཀྱིས་དུས་རྟག་ཏུ་སེམས་གཡེངས་པར་གྱུར་པ་རྣམས་ནི་དེ་འབའ་ཞིག་ལ་ཡིད་ཞུགས་པའི་ཕྱིར་སྐད་ཅིག་ཙམ་ཡང་སྲིད་པའི་རྩ་བ་གཅོད་བྱེད་ཀྱི་

Page: 811 ༄༅། །ལམ་ཞི་ལྷག་༌་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལྟ་བུ་ལ་ཉམས་ལེན་བྱེད་ལོང་མེད་པས་ན་ནོར་སོགས་འདོད་ཡོན་ལ་ཆགས་པ་པའི་ལྕགས་སྒྲོག་གིས་འཁོར་བའི་བཙོན་རར་འཆིང་བར་འགྱུར་བ་ལས་སྲིད་པའི་སྡུག་བསྔལ་ལས་རྣམ་པར་གྲོལ་ ནས་ཐར་པ་ཐོབ་པའི་སྐབས་མེད་དོ། །དེ་ལྟར་ཡང་འདུལ་བ་ལུང་ལས། །དོན་མེད་གཞི་དང་ལྡན་པ་ཡི། །ནོར་ནི་ཕུང་བར་འགྱུར་བ་སྟེ། །གང་གི་མགོ་ལ་གསེར་ཡོད་པའི། །བྱ་རོག་གིས་ནི་ཕུང་བྱེད་འཚལ། ཞེས་དང་། བཤེས་སྤྲིང་ལས། འདོད་པ་རྣམས་ནི་ ཕུང་ཁྲོལ་སྐྱེད་པ་སྟེ། རྒྱལ་བའི་དབང་པོས་ཀིམྲའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱི་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བརྩོན་རར་འཇིག་རྟེན་འདི་དག་བཅིངས། །ཞེས་དང་༌། ཉེས་དམིགས་བཞི་བཅུ་པར། གང་ཞིག་ཆགས་པས་ ནོར་འཛིན་པ། །དེ་ལ་འཇིགས་པ་ཆར་བཞིན་འབབ། །འཛིན་མེད་བག་ཡང་བདེ་བའི་རྒྱུ། །ཉ་རོ་དང་ནི་ཆུ་སྐྱར་བཞིན། །ཞེས་དང༌། བསམ་གཏན་ཆོས་དྲུག་ཏུའང་། ཟང་ཟིང་ཕྱིར་ནི་རྩོད་འབྱུང་ཏེ། །ཟང་ཟིང་མེད་ལ་རྩོད་པ་མེད། །ཟང་ཟིང་ཡོངས་སུ་ སྤངས་པ་ལས། །ཆུ་སྐྱར་བདེ་བ་འཕེལ་བར་འགྱུར། །ཞེས་གསུངས། ནོར་ལ་ཆགས་པས་གཡེངས་ནས་དགེ་བ་ལ་བློ་མི་འཇུག་པ་ནི། དྲན་པ་ཉེར་གཞག་ལས། གང་ཡང་འདོད་པ་ཆེ་བའི་བློ་ཅན་གྱི་དགེ་སློང་ནི་རྟག་ཏུ་བློ་ནོར་ལ་སོང་བར་གྱུར་པས་ཉིན་མཚན་ མེད་པར་དང་དེའི་སེམས་དགེ་བའི་ཆོས་རྣམས་ལ་ལེགས་པར་རབ་ཏུ་དང་བར་མི་འགྱུར་རོ་ཞེས་སོགས་གསུངས་པ་ལྟར་རོ། །གོང་དུ་བུད་མེད་སོགས་སྤྱིར་འདོད་ཡོན་ལ་ཆགས་པའི་ཉེས་པ་བཤད་པའི་སྐབས་སུ་ནོར་གྱི་ཉེས་དམིགས་བཤད་པ་ནི་གཙོ་བོར་བུད་མེད་

Page: 812 གསོ་བའི་ཆ་རྐྱེན་དུ་གྱུར་པའི་ནོར་བཙལ་བ་ཡིན་པས་ན་ནང་བུད་མེད་ལ་ཆགས་པའི་ཉེས་པར་བཞག་ལ། འདིར་ཕྱི་རྙེད་སོགས་ལ་ཆགས་པའི་ཉེས་དམིགས་འཆད་པ་ན་ཁྱད་པར་ནོར་ལ་ཆགས་པའི་ཉེས་དམིགས་གཙོ་བོར་བྱས་ནས་འཆད་པ་ཡིན་པས་ མི་འདྲའོ། །་འགྲེལ་བ་འགའ་ཞིག་ཏུ་སྔ་མ་རྣམས་ཀྱང་ཕྱི་རྙེད་སོགས་ལ་ཆགས་པའི་ཉེས་དམིགས་སུ་བྱས་ནས་འཆད་མོད། འོན་ཀྱང་འདིར་ནི་འགྲེལ་བ་འགའི་དགོངས་པ་དང་བླ་མ་དམ་པའི་གསུང་རྒྱུན་གྱི་ས་བཅད་ཉིད་གཙོ་བོར་བྱས་པ་ཡིན་ནོ། །རྒྱུ་མཚན་ དེ་ལྟ་བས་ན་ཚེ་ཐུང་འདི་ཙམ་གྱི་ཆེད་དུ་ནོར་སོགས་འདོད་པའི་ཡུལ་ལ་ཆགས་པའི་འདོད་ལྡན་རྣམས་ལ་སྔར་བཤད་ཟིན་པའི་ཉེས་དམིགས་དེ་དག་དང་ལ་སོགས་ཞེས་པས་བསྟན་པ་ཉེས་དམིགས་གཞན་ཡང་མང་དུ་ཡོད་ལ། ཉེས་དམིགས་ཆེན་པོ་ཡོད་ པ་བཞིན་དུ་ལོངས་སྤྱད་པའི་བདེ་བའང་ཆེན་པོ་ཡོད་དམ་སྙམ་ན། བདེ་བ་ཉམས་སུ་མྱོང་བའི་མནོག་ནི་ཤིན་ཏུ་ཆུང་བ་ལས་མི་འབྱུང་སྟེ། དཔེར་ན་ཁུར་ཤིན་ཏུ་ལྕི་བ་བཀལ་བའི་ཤིང་རྟ་ཆེན་པོ་འདྲེན་པའི་ཕྱུགས་དག་གི་ནང་ནས་ཤིན་ཏུ་ངལ་ཞིང་ ལྟོགས་པ་ཁ་ཅིག་གིས་མནོག་ཆུང་བ་ལམ་གྱི་འགྲམ་ན་ཡོད་པའི་རྩ་ནི་ཁམ་འགའ་བཅད་དེ་ཟོས་པ་ན་ཉེས་དམིགས་ཆེན་པོ་ཤིང་རྟའི་འཕང་ལོས་ལུས་བཅོམ་པ་བཞིན་ནོ། །གཞན་ཡང་ཕྱུགས་ཀྱིས་བསྒྲུབས་ནའང་མི་དཀོན་པའམ་དཀའ་ ཚེགས་ཆེར་མི་དགོས་པར་རྙེད་སླ་བར་གྱུར་པའི་ཚེ་འདིའི་བདེ་བ་ཤིན་ཏུ་མནོག་ཆུང་ལ་ཉེས་དམིགས་ཆེ་བ་ཟས་ཞིམ་པོ་དང་འཁྲིག་པའི་བདེ་བ་ལྟ་བུ་གང་ཡིན་པ་དེའི་དོན་དུ། ཐར་པ་ཐོབ་བྱེད་ཀྱི་ཆོས་སྒྲུབ་པ་ལ་འགལ་རྐྱེན་མི་ཁོམ་པ་བརྒྱད་

Page: 813 ༄༅། །སོགས་དང་བྲལ་ཞིང་མཐུན་རྐྱེན་འབྱོར་པ་བཅུ་སོགས་ཚང་བའི་དལ་འབྱོར་གྱི་རྟེན་ཕུན་སུམ་ཚོགས་པ་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བ་འདི་ཉིད་ནི་སྔོན་གྱི་ལས་ངན་གྱི་སྟོབས་ཀྱིས་མནར་བས་ད་ལྟ་ལས་འབྲས་ཀྱི་བླང་དོར་ལ་ རྨོངས་ཤིང་འདོད་པའི་ཡོན་ཏན་ལ་ཆགས་ནས་སྡིག་པ་ལ་འཛེམས་མེད་དུ་སྤྱོད་པ་རྣམས་ཀྱིས་བཅོམ་ཞིང་བརླག་སྟེ་དོན་མེད་དུ་མི་ལུས་ཆུད་གསོན་པར་བྱེད་པའི་ཉེས་དམིགས་དེ་དག་ལ་བསམས་ནས་རང་ཅག་གིས་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་ པ་ལ་འབད་དགོས་ཏེ་ཚེ་འདིའི་སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་པ་ཙམ་ལ་མི་བས་དུད་འགྲོ་སྟོབས་ཆེ་བར་གསུངས་པས་དེ་ཙམ་གྱི་ཆེད་དུ་འབད་ནས་སྡིག་པ་ལ་བག་མེད་དུ་སྤྱོད་ནས་མི་ལུས་ཐོབ་པ་དོན་མེད་དུ་ཆུད་ཟོས་སུ་གཏོང་བ་རྣམ་པ་ཀུན་ཏུ་མི་ རིགས་པའི་ཕྱིར་རོ། །མནོག་ཆུང་ལ་ཉེན་ཆེ་བའི་དཔེ་སྔ་མ་དང་མཚུངས་པར་སློབ་སྤྲིང་ལས་ཀྱང་། ཇི་ལྟར་གླང་བུ་ཁྲོན་ཟབ་ཁ་ནས་འཁྲུངས་པ་ཡི། །རྩྭ་ལོ་ཁམ་འགའ་ཙམ་ལ་ཡིད་ནི་ཆགས་གྱུར་པ། །རྙེད་པ་གྲུབ་པ་མེད་པར་གཡང་དུ་ལྷུང་བ་ལྟར། ། འཚོ་བའི་འཇིག་རྟེན་བདེ་ལྡན་འདོད་པའང་དེ་དང་འདྲ། ཞེས་གསུངས་ལ། དེ་བཞིན་དུ་མདོ་སྡེ་འཛངས་བླུན་ལས། སྔོན་བྲམ་ཟེ་རྣམས་ལ་ཟླ་བ་གསུམ་བཞིའི་རིང་ལ་དུས་སྟོན་བཟང་པོ་ཡོད་ལ། དེར་ཡོད་པའི་རྟགས་སུ་བྲམ་ཟེ་ཞིག་གི་ལག་ པ་ལ་ཀེའུ་ལའི་རྒྱས་བཏཾབ་པ་ལ་བྲམ་ཟེ་ཡོན་ཏན་ལྡན་པ་ཡིན་ཡང་སྲེད་པ་ཆེ་བས་སྦྲང་རྩིའི་རོ་ལ་ཆགས་ནས་རྒྱ་དེ་ལྕེས་བལྡགས། དུས་སྟོན་ལ་འགྲོ་དུས་རྒྱ་སྟོན་རྒྱུ་མེད་པས་སྒོ་སྲུང་གིས་མ་བཏང་བར་དུས་སྟོན་ཤོར་བར་གསུངས་པ་བཞིན་དུ་

Page: 814 ད་ལྟ་འདོད་པའི་བདེ་བ་ཅུང་ཟད་རེ་ལ་ཆགས་ནས་དོན་ཆེན་པོ་མིའི་ལུས་ཀྱང་ཆུད་ཟོས་སུ་གཏོང་ཕོད་པ་འདི་བསམ་བརླག་ཏུ་ཤེས་པར་བྱའོ། །དེ་དག་གིས་ནི་འདོད་པ་སྒྲུབ་པ་སྡུག་བསྔལ་ཆེ་ལ་དོན་ཆུང་བར་བསྟན་ཏོ། །སྔར་འབྲས་བུ་མེད་པའི་ སྡུག་བསྔལ་མང་པོ་མྱོང་ཚུལ་ནི། འདོད་ཡོན་ལ་བརྟེན་ནས་སྡུག་བསྔལ་མང་པོ་འབྱུང་བས་དེ་སྒྲུབ་མི་རིགས་ན་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པ་ལའང་སྡུག་བསྔལ་མང་པོ་འབྱུང་༌་བས་སྒྲུབ་མི་རིགས་སོ་སྙམ་ན་མི་འདྲ་སྟེ་འཁོར་ལོས་སྒྱུར་བའི་དཔལ་ འབྱོར་ལྟ་བུའི་སྲིད་པའི་ཕུན་ཚོགས་སུ་གྱུར་པའི་འདོད་པའི་ཡོན་ཏན་གྱི་བདེ་བ་ལ་སྤྱོད་པ་ཡང་རང་གི་ངོ་བོ་མི་བརྟན་པའི་རང་བཞིན་ཅན་ཡིན་པའི་ཕྱིར་མཐར་གདོན་མི་ཟ་བར་ངེས་པར་འཇིག་པར་འགྱུར་ཞིང་འདོད་པ་ལ་ཆགས་པའི་དབང་གིས་ དེའི་དོན་དུ་མི་དགེ་བ་དུ་མ་སྤྱད་པས་དམྱལ་བ་དང་ཡི་དྭགས་ལ་སོགས་པའི་སྒོ་ནས་རིས་ངན་པར་ལྟུང་བར་བྱེད་པ་ཡིན་ལ་དེ་ལྟའི་ཟག་བཅས་ཀྱི་བདེ་བ་ནི་ཟག་མེད་ཀྱི་བདེ་བ་ལ་ལྟོས་ན་ཤིན་ཏུ་ཁྱད་ཆེན་པོ་ཞུགས་པའི་ཕྱིར་བདེ་བ་ཆུང་ངུ་ཡིན་གྱི་ ཆེན་པོ་མིན་ནོ། །དེ་ལྟར་ཆེན་པོ་མིན་པའི་བདེ་བ་དེ་སྒྲུབ་པའི་ཕྱིར་དུ་བྱིས་པ་འདོད་ལྡན་རྣམས་ཀྱིས་ཡུན་རིང་པོ་ཐོག་མ་མེད་པ་ནས་ད་ལྟའི་བར་གྱི་དུས་ཀུན་ཏུ་འདོད་པའི་ཡོན་ཏན་ཚོལ་བོ་དང་བཙལ་ནས་ཆགས་སེམས་ཀྱིས་ལོངས་སྤྱོད་པ་ སོགས་བྱས་པའི་དབང་གིས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བས་ལུས་སེམས་ངལ་ཞིང་དུབ་པར་གྱུར་པའི་ཚེགས་ཆེན་པོ་བྱུང་བ་གང་ཡིན་པ་དེ་ཡི་བྱེ་བའི་ཆ་ཙམ་ཞེས་པའམ་ཚེགོས་ཆེན་པོ་བྱུང་བ་དེའི་ནང་ནས་ཚེགས་ཆུང་ངུ་ཙམ་གང་ཡིན་

Page: 815 ༄༅། །པ་དེ་ཡི་བྱེད་པའི་ཆ་ཤས་ཙམ་གྱི་ཚེགས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པར་བྱས་ན་སངས་རྒྱས་ཀྱི་གོ་འཕང་ཉིད་བདེ་བླག་ཏུ་འགྲུབ་ངེས་པ་ཡིན་ན་ཡང་། འདོད་ལྡན་ངན་པ་རྣམས་ཐོག་མེད་ནས་འདོད་ཡོན་ལ་ཆགས་པའི་ དབང་གིས་ངན་སོང་སོགས་སྲིད་པའི་གནས་འདིར་དཀའ་ཚེགས་ངལ་དུབ་དཔེ་དཔག་མེད་མྱོང་བ་དེ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་པའི་དུས་སུ་དཀའ་སྤྱད་ཀྱི་སྡུག་བསྔལ་མྱོང་དགོས་པ་དེ་བས་ཀྱང་རྒྱུ་སྡུག་བསྔལ་ཆེ་ལ་འབྲས་བུ་བྱང་ཆུབ་ཀྱང་ཐོབ་པ་མེད་ པས་ན་སྔར་སྡུག་བསྔལ་མྱོང་བ་རེ་ཐམས་ཅད་ནི་དོན་ཅི་ཡང་མེད་པའོ། །འདིའི་རྩ་ཚིག་ཏུ། དུབ་པའི་ཚེགས་ཆེན་ཞིས་དཛོ་ཚེགས་ཟའོབྱུང་ཞེས་དང་ཚེགས་ཆུང་ཞེས་པ་སྟེ་མི་འདྲ་བ་བྱུང་ངོ༌། །དེ་ཡི་བྱེ་བའི་ཚ་ཙམ་གྱི་ཚེགས་ཀྱིས་སངས་རྒྱས་འགྲུབ་ ཅེས་པའང༌། བསྐལ་པ་གྲངས་མེད་གསུམ་ལྟ་བུར་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་ནས་དཀའ་བ་སྤྱད་ན་སངས་རྒྱས་ཉིད་འགྲུབ་ལ། དེས་ནི་འཁོར་བ་ཐོག་མཐའ་མེད་པར་སྡུག་བསྔལ་མྱོང་བ་དེའི་བྱེ་བ་བརྒྱ་ཕྲག་གི་ཆ་ཙམ་དུའང་བསྒྲུན་དུ་མེད་པའི་ དོན་ནོ། །འདོད་ལྡན་བྱང་ཆུབ་སྤྱོད་པས་བས། །སོགས་ཀྱི་དོན་ཡང་བྱང་སེམས་ཀྱིས་དུས་ངེས་པ་ཅན་གྱི་ཡུན་ཐུང་ངུར་རང་དབང་ཡོད་ཅིང་འདོད་བཞིན་དུ་གཞན་དོན་དུ་དཀའ་སྤྱད་ཙམ་གྱི་སྡུག་བསྔལ་ཆུང་ངུ་མྱོང་བ་ལས་ནི་འབྲས་བུ་བྱང་ཆུབ་ཐོབ་པ་ཡོད་ ལ། འདོད་ཆེན་ལྡན་པ་དག་དུས་ཚད་མེད་པའི་ཡུན་རིངཔོར་རང་དབང་མེད་ཅིང་མི་འདོད་བཞིན་དུ་དོན་ཅི་ཡང་མེད་པར་མནར་མེད་སོགས་ཀྱི་སྡུག་བསྔལ་ཆེན་པོ་མྱོང་བར་བྱས་པ་ལའང་འབྲས་བུ་བྱང་ཆུབ་ཐོབ་པ་མེད་ཅེས་པ་སྟེ་འདིས་བྱང་ཆུབ་སྒྲུབ་

Page: 816 པ་དོན་ཆེ་ལ་སྡུག་བསྔལ་ཆུང་བ་དང་འདོད་པ་སྒྲུབ་པ་སྡུག་བསྔལ་ཆེ་ལ་དོན་ཆུང་བའི་ཚུལ་གཉིས་ཀ་བསྟན་ཏོ། །ཉེས་དམིགས་དཔེ་ལས་འདས་པར་བསྟན་ཏེ་དོན་བསྡུ་བ་ནི། འདོད་ཡོན་ལ་ཆགས་པའི་རྒྱུས་རྒྱུ་མི་དགེ་བ་སྤྱད་པ་ལས་འབྲས་བུ་དམྱལ་ བ་དང་ཡི་དྭགས་ལ་སོགས་པའི་སྡུག་བསྔལ་ཡུན་རིང་ལ་བཟོད་ཁ་དཀའ་བ་མྱོང་བར་འགྱུར་བའི་ཚུལ་གསུང་རབ་ནས་བཤད་པ་བཞིན་བསམ་ཞིང་དྲན་པར་བྱས་ན། སྡིག་སྡུག་གི་འབྱུང་གནས་འདོད་པའི་ཡུལ་རྣམས་ལ་ཆགས་པའི་ཉེས་དམིགས་ལ་ནི་འཇིག་རྟེན་ན་ སྡུག་ང་བསྔལ་སྐྱེད་པའི་རྒྱུ་མཆོག་ཏུ་གྲགས་པའི་མཚོན་ཆ་དང་ནི་དུག་དང་མེ་དང་གཡང་ས་དང་དགྲ་རྣམས་ཀྱིས་ཀྱང་དཔེར་མི་ཕོད་པ་སྟེ་བསྒྲུན་དུ་མེད་དེ། དེ་དག་གིས་རིམ་པར་གཅོད་ཅིང་ཕུག་པ་དང་གཟིར་བ་དང་། བསྲེགས་པ་སོགས་བྱས་ཀྱང་ཚེ་འདིའི་སྲོག་ དང་ཕྲལ་ཏེ་འཆི་བའི་སྡུག་བསྔལ་ཙམ་མྱོང་བར་བྱེད་ཀྱི་སྐྱེ་བ་དུ་མའི་བར་དུ་ངན་སོང་སོགས་ཀྱི་སྡུག་བསྔལ་གྱི་རྒྱུ་མི་བྱེད་ལ་འདོད་པའི་ཉེས་དམིགས་ཀྱིས་ནི་སྲེད་པ་༌་མཐའ་མེད་དུ་དམྱལ་སོགས་ཀྱི་སྡུག་བསྔལ་ཀྱང་ཡང་ཡང་སྐྱེད་པས་སོ། །དེ་ལྟར་ ཡབ་སྲས་མཇལ་བ་ལས། འདོད་པ་དག་ནི་དུག་གི་ལོ་མ་བཞིན། །སྦྲུལ་གྱི་མགོ་འདྲ་སྡུག་བསྔལ་བགྱིད་པ་སྟེ། །རྩེ་གསུམ་པ་དང་རལ་གྲི་མདུང་ཐུང་འདྲ། །མེ་ཡི་ཕུང་པོ་ཤིན་ཏུ་འབར་བ་བཞིན། །ཞེས་དང༌། རྒྱུ་ཆེར་རོལ་པ་ལས་ཀྱང༌། འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང་། །འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲིའི་སོ་འདྲ་དུག་སྡོང་ལོ་མ་མཚུངས། །ངན་སྐྱུག་སྣོད་ལྟར་འཕགས་པའི་སྐྱེ་བོས་སྤངས། །འདོད་པའི་ཡོན་ཏན་འཇིགས་བཅས་ཉོན་མོངས་

Page: 817 ༄༅། །བཅས། །རྟག་ཏུ་དྲན་པ་བརྗེད་བྱེད་མུན་པ་ཅན། །རྟག་ཏུ་འཇིགས་པའི་རྒྱུ་བྱེད་སྡུག་བསྔལ་རྩ། །སྲེད་པས་སྲིད་པའི་འཁྲིས་ཤིང་འཕེལ་བར་བྱེད། །ཇི་ལྟར་མེ་འབར་འོབས་ནི་འཇིགས་བཅས་པ། །དེ་ལྟར་འདོད་འདི་འཕགས་ པའི་སྐྱེ་བོས་རིག །འདམ་རྫབ་ཆེ་འདྲ་རལ་གྲི་གཤེགས་གནས་འདྲ། །རལ་གྲི་སོ་ལ་སྦྲང་རྩི་བསྐུས་དང་མཚུངས། །ཇི་ལྟར་སྦྲུལ་གྱི་མགོ་དང་ངན་སྐྱུགས་སྣོད། །དེ་ལྟར་འདོད་འདི་མཁས་པ་རྣམས་ཀྱིས་རིག །ཅེས་སོགས་རྒྱས་པར་གསུངས་ ལ། བཤེས་སྤྲིང་ལས། གདུག་པ་དུག་དང་མཚོན་དང་དགྲ་བོ་དང༌། །མེ་བཞིན་འདོད་པའི་བདེ་ལ་ཡིད་འབྱུང་མཛོད། །ཅེས་གསུངས་ཏེ། ཚེ་འདིའི་སྡུག་བསྔལ་སྐྱེད་པའི་ཆ་ནས་དེ་དག་དང་འདྲ་ལ་ཕྱི་མའི་སྡུག་བསྔལ་སྐྱེད་པའི་སྒོ་ནས་དེ་དག་ གིས་ཀྱང་དཔེར་མི་ཕོད་པའོ། །གསུམ་པ་དབེན་པའི་ཡོན་ཏན་དྲན་པ་ནི། དེ་ལྟར་འདོད་ལ་སོགས་ཏེ། དེ་ལ། མཚམས་སྦྱར་བའི་སྒོ་ནས་བསྡུས་ཏེ་བསྟན་པ་ནི། བཤད་མ་ཐག་པ་དེ་ལྟར་འདོད་པའི་ཉེས་དམིགས་ལ་ཡིད་སྐྱོ་ཞིང་སྐྲག་པར་ བྱས་ཏེ་མི་མཐུན་ཕྱོགས་འདུ་འཛི་དང་རྣམ་གཡེང་སོགས་ཀྱིས་དབེན་པའི་གནས་ཡོན་ཏན་གྱི་ཁྱད་པར་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་ནི་དགའ་ཞིང་སྤྲོ་བའི་སེམས་བརྟན་པོ་བསྐྱེད་པར་བྱའོ་ཞེས་པའོ། །ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་ ཁྱད་པར་དེ་དག་རྒྱས་པར་འཆད་པ་ལ། གནས་ཀྱི་ཁྱད་པར་རྣམ་གཡེང་ཞི་བ་ནི། དེར་འཐབ་ཟླ་དང་འགྲན་ཟླ་གཞན་མེད་པས་ཕྱིའི་རྩོད་པ་སྟོང་པ་དང་ཆགས་སྡང་སོགས་སྐྱེ་བའི་ཡུལ་རྐྱེན་མེད་པས་ནང་ཉོན་མོངས་ཀྱིས་ཀྱང་སྟོང་པར་གྱུར་

Page: 818 ལ། གནོད་སྦྱིན་དང་གཅན་གཟན་སྡིག་སྦྲུལ་དང་ཆོམ་རྐུན་སོགས་མི་དང་མི་མིན་གྱིས་འཚེ་བ་དང་འདུ་འཛི་དང་རྣམ་གཡེང་ཐམས་ཅད་ཉེ་བར་ཞི་བའི་ནགས་ཁྲོད་ཀྱི་ནང་ཉམས་དགའ་ཞིང་བག་ཕེབས་པ་དག་ཏུ་གནས་པར་བྱ་བའོ། །འབྱོར་ པའི་ཁྱད་པར་རྒྱལ་པོ་ལས་ལྷག་པ་ནི། བསོད་ནམས་ཀྱི་མཐུ་ལས་ཆོས་ལ་སྤྱོད་པའི་སྐལ་བ་བཟང་པོ་དང་ལྡན་པའི་བྱང་སེམས་དག་ནི་ཟླ་བའི་འོད་ཟེར་ཙནྡན་གྱིས་བྱུག་པ་བས་ཀྱང་དཀོར་ལ་བསིལ་བའི་ཁྱད་པར་དང་ལྡན་པས་ནང་ཐམས་ཅད་ ཁྱབ་པར་གྱུར་ལ་སྤྱོད་ལམ་བཞི་པོ་ཅི་བདེར་བྱ་ཆོག་པའི་ཤིན་ཏུ་ཡངས་པའི་རྡོ་ལེབ་ཀྱི་ཁང་བཟང་ངམ་རྡོ་ལེབ་ཁང་བཟང་དང་འདྲ་བ་ཉམས་དགའ་བ་སྟེ་གཙངཞིང་འཇམ་ལ་བདེ་བར་བསམ་གཏན་གྱི་ཚེར་མར་གྱུར་པའམ་ཁམས་དང་མི་འཕྲོད་པའི་ སྒྲ་མེད་ཅིང་བགས་ཀྱིས་འཇམ་ཞིང་ཞི་བའི་ནགས་ཀྱི་ཀློང་དུ་རླུང་བསིལ་ཡབ་དང་འདྲ་བ་དལ་བུས་གཡོ་བའམ་གཡོབ་པ་ཡིས་ཡིད་ལ་སིམ་པ་སྦྱིན་པའི་གནས་སུ་བྱང་ཆུབ་ཀྱི་སེམས་སྒོམ་པ་སོགས་ཀྱི་སྒོ་ནས་གཞན་སེམས་ཅན་ཐམས་ཅད་ལ་ཕན་ བདེ་འབའ་ཞིག་སྐྱེད་པའི་དོན་ཁོ་ན་སེམས་ཤིང་དལ་བུའི་སྒོ་ནས་འཆག་པར་བྱེད་པའི་རྣལ་འབྱོར་བའི་འབྱོར་བའི་ཁྱད་པར་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་པའི་སྐལ་བ་དང་ལྡན་པའི་རྒྱལ་པོ་རྣམས་ཙནྡན་གྱི་བྱུགས་ པས་བསིལ་བར་བྱས་པའི་ཁང་བཟང་གི་ནང་དུ་རྔ་ཡབ་ནོར་བུའི་ཡུ་བ་ཅན་གྱིས་གཡོབ་ཅིང་རྒྱལ་སྲིད་དང་འབངས་འཁོར་ལ་ཕན་པའི་དོན་སེམས་ཤིང་འཆག་པར་བྱེད་པ་དེ་ལྟ་བུའི་རྒྱལ་པོ་ཆེན་པོའི་འབྱོར་བ་སོགས་འཇིག་རྟེན་པའི་བདེ་འབྱོར་གང་ལས་

Page: 819 ༄༅། །ཀྱང་ཆེས་ཆེར་ལྷག་སྟེ་ཆགས་སྡང་དང་བྲལ་ཞིང་རྩོལ་སྒྲུབ་སོགས་ཀྱི་བྱ་བྱེད་ཅི་ཡང་མི་དགོས་པའི་ཕྱིར་རོ། །འདིའི་རྩ་ཚིག་ཏུ། ནགས་ཀློང་གཡོ་བའམ་གཡོབ་པ་དང༌། ནགས་རླུང་གཡོ་བའམ་གཡོབ་པ་ཞེས་མི་འདྲ་བ་བྱུང་ ངོ༌། དེ་ལྟར་དཔེན་པའི་གནས་དེར་རྩོད་པ་དང་ཉོན་མོངས་ཀྱིས་སྟོང་པ་དང་དེར་གནས་པ་ན་འདུས་བྱས་ཀྱི་ཆོས་ལ་ཡིད་འབྱུང་སྐྱེ་བ་དང་སྤྱོད་ལམ་ཀུན་ཏུ་ཉེས་སྐྱོན་མི་འབྱུང་བ་དང་ཐར་པ་དང་རྗེས་སུ་མཐུན་པ་སོགས་ཀྱི་ཡོན་ཏན་མང་པོ་འབྱུང་བ་ ནི། ཏིང་རྒྱལ་ལས། །ཉེས་པའི་ཚོགས་མང་ཐམས་ཅད་སྤངས་ནས་སུ། །རྣལ་འབྱོར་ཅན་ནི་རྟག་ཏུ་བྱེད་པ་ཉུང་། །རྣལ་འབྱོར་ཅན་བརྩོན་ནམ་ཡང་རྩོད་པ་མེད། །དགོན་པར་གནས་པ་དེ་ཡི་ཡོན་ཏན་ནི། །དེ་ནི་རྟག་ཏུ་འདུས་བྱས་ཡིད་འབྱུང་འགྱུར། ། དེ་ནི་འཇིག་རྟེན་ཅི་ལའང་འདོད་པ་མེད། །ཟག་པ་དག་ནི་རྣམ་པར་འཕེལ་མི་འགྱུར། །ནགས་ན་གནས་པ་འདི་ཡི་ཡོན་ཏན་འདི། །དེས་ནི་ནམ་ཡང་རྩོད་པར་མི་འགྱུར་ཏེ། །རྟག་ཏུ་ཞི་ཞིང་དགའ་ལ་དབེན་པར་རྒྱུ། །ལུས་དང་ངག་དང་ཡིད་ཀྱང་རབ་བསྡམས་ འགྱུར། །དགོན་པར་གནས་པ་འདི་ལ་ཡོན་ཏན་མང་། །དེ་ནི་ཐར་པའི་རྗེས་སུ་མཐུན་པ་ཡིན། །དེ་ནི་རྣམ་གྲོལ་ཞི་བ་མྱུར་རྟོགས་བྱེད། །ནགས་ན་གནས་ཤིང་རྣམ་གྲོལ་སྟེན་བྱེད་ན། །དགོན་གནས་དེ་ལ་ཡོན་ཏན་འདི་ཀུན་འབྱུང༌། །ཞེས་སོ། །བདེ་བའི་ ཁྱད་པར་དབང་པོ་ལས་ཀྱང་ལྷག་པ་ནི། དེར་ཡོ་བྱད་ཀྱིས་ཕོངས་པས་ཉོན་མོངས་པར་མི་འགྱུར་རམ་སྙམ་ན། བདག་པོ་མེད་པའི་ཁང་སྟོང་དང་ཤིང་དྲུང་བདེ་བ་དང་ས་ཕུག་དང་བྲག་སྐྱིབས་སོགས་ཀྱི་གནས་ཡིད་དུ་འོང་བ་དག་ཏུ་སྡོད་ཉམས་སྤྲོ་ཞིང་བདེ་

Page: 820 བའི་ཕྱོགས་གང་ཡང་རུང་བའི་གཞི་དེ་ཉིད་དུ་གནས་མལ་བཅས་ཏེ་རང་ཇི་སྲིད་སྡོད་པར་འདོད་ཀྱི་བར་དེ་སྲིད་དུ་གནས་ཤིང༌། འདོད་ཡོན་གྱི་ཉེར་སྤྱོད་མང་པོ་ཡོངས་སུ་འཛིན་པ་དང་དེ་དག་ཆུད་འཛའ་བའི་རྐྱེན་རྣམས་ལས་བསྲུང་བའི་སྡུག་བསྔལ་ཐམས་ཅད་ སྤངས་ཏེ་སུ་གང་ལ་ཡང་རེ་དོགས་ཀྱི་ལྟོས་པ་མེད་པར་བག་ཡངས་སུ་ཅི་དགར་སྤྱོད་པས་གནས་པར་བྱེད་པ་དང་། གནས་དང་ཡོ་བྱད་སོགས་ལ་ཇི་ལྟར་འདོད་པ་བཞིན་དུ་རང་དབང་ཉིད་དུ་ལོངས་སྤྱོད་ཅིང་དེར་གནས་པའམ་གཞན་དུ་འགྲོ་བའི་ཚེ་ཡང་དེ་དག་ ཅི་ལའང་ཆགས་ཤིང་ཞེན་པ་མེད་ལ། གདུལ་རྒྱུའི་དགྲ་སྐྱོད་རྒྱུའི་གཉེན་ཕར་ལྟོས་དཔོན་ཚུར་ལྟོས་གཡོག་སོགས་གང་དང་ཡང་ནི་འབྲེལ་བ་མེད་པར་བྱས་ནས་ཟས་གོས་གནས་མལ་སོགས་ངན་ངོན་ཙམ་གྱིས་འཚོ་ནུས་པའི་ཆོག་ཤེས་ཀྱི་བདེ་དགའི་ དཔལ་ལ་སྤྱོད་པ་གང་ཡིན་པ་དེ་ནི་ལྷའི་དབང་པོས་ཀྱང་རྙེད་དཀའ་ལ་དེ་བཞིན་དུ་ཡུལ་མཉན་ཡོད་ཀྱི་རྒྱལ་པོ་གསལ་རྒྱལ་ལྟ་བུའི་མིའི་དབང་པོས་ཀྱང་ནི་རྙེད་ཤིན་ཏུ་དཀའ་སྟེ་དབུལ་པོ་དེས་པས་ཇི་སྐད་བརྗོད་པ་བཞིན་ནོ། །དེ་ལྟར་ལྷ་མིའི་དབང་ཕྱུག་ཆེན་ པོ་རྣམས་ཀྱི་དཔལ་འབྱོར་ལས་ལྷག་ཅིང་རྙེད་དཀའ་ཚུལ་སློབ་སྤྲིང་ལས། ཟླ་བའི་དཀྱིལ་འཁོར་རྒྱས་པས་ཉེ་བར་བརྒྱན་བྱས་ཤིང༌། །རྐེད་ཆིངས་ཆར་ཆེན་སྤྲིན་གྱིས་འཁྲིགས་པས་འཁྱུད་གྱུར་པ། །རི་རྩེ་ནགས་ཀྱི་མཐོངས་དེར་ཆགས་པ་མེད་པར་ནི། །རླུང་ ལྟར་བ་ཡོ་བའི་རང་བཞིན་ཚེ་གཏུགས་སྐལ་པ་ཆེ། །ནགས་མཐོངས་རི་དྭགས་རྒྱུ་བའི་ཚོགས་ཀྱིས་བསྟེན་བཅས་པ། །ཀུན་ནས་ཉམས་དགའ་བཟང་པོ་དེར་ནི་སྐྱིད་པ་གང་། །དེ་ཅི་དགའ་བའི་ནགས་ཚལ་ལྷ་མོའི་ཉམས་བག་ཏུ། །ཐེལ་གྱིས་འབེབས་པའི་རྡོ་

Page: 821 ༄༅། །ལེབ་ཅན་ནའང་ཡོད་འགྱུར་རམ། །ནགས་ཀླུང་ཆུ་གཙང་ངོགས་བདེའི་དབེན་པར་སྐྱིད་པ་གང་། །དེ་ཅི་ལྷ་ཡི་བུ་མོ་དྲི་ཞིམ་བྱུགས་པ་ཡི། །ལན་བུའི་རྒྱན་དུ་ཐོགས་པའི་རྒྱན་ལྡན་མེ་ཏོག་སོགས། །མཛེས་པ་ཟིལ་གནོན་ལྷ་ཡི་བུ་ལའང་ ཡོད་འགྱུར་རམ། །ཞེས་དང་། སློབ་དཔོན་ས་འཚོ་སྦྱིན་གྱིས་ཀྱང༌། ཤིང་དྲུང་འབབ་ཆུ་བསྟེན་པའི་དཀའ་ཐུབ་དག །ཡོངས་སུ་འཛིན་པ་དག་ནི་རྣམ་པར་སྤངས་ནས། རང་སེམས་ཙམ་དང་རང་ཏུ་འབྲལ་བ་ཡིས། བདེ་འབྱུང་གང་དེ་རྒྱལ་པོ་རྣམས་ ལའང་མེད། ཅེས་སོགས་གསུངས། ཆོག་ཤེས་ལྡན་པས་ནི་དབེན་པའི་བནས་སུ་ཡང་འཚོ་བ་ཚོལ་མི་དཀའ་ཞིང་རྙེད་སླ་སྟེ། སྐྱེས་རབས་ལས། ཆོག་ཤེས་ངེས་པའི་བདག་ཉིད་ཀྱིས་། །འཚོ་བ་གང་ནའང་བཙལ་མི་དཀའ། །རྩྭ་དང་ལོ་མ་ ཆུ་ཡི་གནས། །གང་ནའང་མེད་པ་མ་ཡིན་ནོ། །ཞེས་དང༌། ནགས་ཚལ་གནས་ལ་ཆོག་ཤེས་པ། །ཡོན་ཏན་རྒྱན་གྱི་མཆོག་ཡིན་ནོ། །ཞེས་དང༌། ཀླུ་སྒྲུབ་ཀྱིས། ཚོད་མ་དག་དང་རྡུལ་མེད་པའི། །ཆུ་ཡི་དགོན་པ་གང་ནའང་ཡོད། །ཟླ་བ་ཐུན་མོང་མར་ མེ་ཡིན། །འབྱོར་ང་དག་གིས་ཅི་ཞིག་བྱ། །ཞེས་གསུངས་། གཞན་ཡང་བྱང་སེམས་དགོན་པའི་གནས་སུ་འགྲོ་བར་ཕྱོགས་པ་ཙམ་ལའང༌། ཕན་ཡོན་ཁྱད་པར་དུ་འཕགས་པ་འབྱུང་སྟེ། ཟླ་བ་སྒྲོན་མེར། རབ་ཏུ་བྱུང་ནས་ཆོས་སྤྱོད་ཅི་འདྲ་བར། ། ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང༌། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། །ཁྱུ་མཆོག་རྒྱལ་བ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་པས་ཡིད་འབྱུང་སེམས་ཅན་གྱི། །དོན་དུ་དགོན་པར་

Page: 822 ༄༅། །ཕྱོགས་ཏེ་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་སོ༑། དབེན་པའི་ཡོན་ཏན་ལན་གཉིས་བཤད་པས་ཟློས་སོ་སྙམ་ན། སྔར་དབེན་པའི་ཡོན་ཏན་བཤད་པ་ནི་ལུས་དབེན་སྒྲུབ་པའི་ཕྱིར་དེར་འགྲོ་བར་རིགས་པ་དང་དེར་བྱང་ཆུབ་ཀྱི་ སེམས་སྒོམ་རིགས་པ་བསྟན་ལ༑འདིར་དབེན་པའི་གནས་དེར་སེམས་དབེན་པའི་ཡོན་ཏན་འབྱུང་ཚུལ་བསྟན་པ་ཡིན་པས་མི་ཟློས་ཞེས་བླ་མ་སྔ་མ་དག་གསུང་བར་བཤད་དོ། གསུམ བསམ་གཏན་སྒོམ་པ་དངོས། གསུམ་པ་བསམ་གཏན་སྒོམ་པ་དངོས་ལ་གསུམ། མཚམས་སྦྱར་ཏེ་ མདོར་བསྟན་པ། བསམ་གཏན་སྒོམ་ཚུལ་རྒྱས་པར་བཤད་པ། ཏིང་འཛིན་འགྲུབ་པའི་ཐབས་ལ་གདམས་པའོ། །དང་པོ་ནི། དེ་ལ་སོགས་པའི་ཞེས་སོགས་ཏེ། གོང་དུ་དབེན་པའི་ཡོན་ཏན་བཤད་པ་དེ་ལྟ་བུ་ལ་སོགས་པའི་རྣམ་པ་ཡིས་འདུ་འཛི་སོགས་ ཀྱིས་དབེན་པའི་གནས་ཀྱི་ཡོན་ཏན་ནི་ཕུན་སུམ་ཚོགས་པའི་༌་བདེ་བ་ཐམས་ཅད་ཀྱི་རྒྱུ་ཡིན་ནོ་ཞེས་ཡང་ཡང་བསམ་ཞིང་སྒོམ་པར་བྱས་ནས་ནང་བུད་མེད་སོགས་ལ་སྲིད་པ་དང་ཕྱི་རྙེད་སོགས་ལ་སྲེད་པའི་རྣམ་རྟོག་གི་རྒྱུ་བ་ཐམས་ཅད་ཉེ་བར་ཞིའང་བྱས་ ནས་སེམས་ལས་སུ་རུང་བར་གྱུར་པ་དང་བྱང་ཆུབ་ཀྱི་སེམས་ནི་བསྒོམ་པར་བྱ་དགོས་ཏེ། དེ་ལྟ་བུའི་དམ་པ་མ་ཡིན་པའི་ཡིད་ལ་བྱེད་པ་རྣམས་ཡོངས་སུ་སྦྱངས་ནས་སེམས་ལས་རུང་དུ་བྱས་ཏེ། བྱང་ཆུབ་ཀྱི་སེམས་ལ་ཡང་ཡང་འདྲེས་ཤིང་གོམས་པར་ བྱས་ན་གོམས་པ་ཕུལ་དུ་ཕྱིན་པ་སྐྱེ་བར་འགྱུར་བས་སོ། །ལུས་སེམས་དབེན་པ་མ་བསྟེན་པར་ལས་དང་པོ་བས་སེམས་ལས་སུ་རུང་བ་མི་སྐྱེ་ལ་དེ་མ་སྐྱེས་པར་སེམས་གནས་པའི་ཏིང་ངེ་འཛིན་སྐྱེ་མི་སྲིད་དེ། འོག་ཏུ་བསླབ་པ་འདོད་པའི་དགེ་སློང་

Page: 823 ༄༅། །རྣམས་། །ཞེས་པ་ནས། སེམས་ནི་ལས་རུང་བསྒོམ་གྱུར་ཅིག་ཅེས་འཆད་པར་འགྱུར་བ་ལྟར་རོ། །གཉིས་པ་བསམ་གཏན་སྒོམ་ཚུལ་རྒྱས་པར་བཤད་པ་ལ་གཉིས། བདག་གཞན་མཉམ་པ་བསྒོམ་ཚུལ། བདག་གཞན་བརྗེ་བ་སྒོམ་ཚུལ་ ལོ། །དང་པོ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི༑ བདག་དང་གཞན་དུ་སོགས་ཏེ། བྱང་ཆུབ་ཀྱི་སེམས་སྒོམ་ཐབས་ལ་འདིར་བདག་གཞན་མཉམ་པ་དང་བརྗེ་བ་གཉིས་ཡོད་པ་ལས་བདག་དང་གཞན་དུ་མཉམ་ པའི་བྱང་ཆུབ་ཀྱི་སེམས་ནི་དང་པོའམ་ཐོག་མ་ཉིད་དུ་རྩོལ་བ་དྲག་པོའམ་མངོན་ཞེན་ཆེན་པོས་འབད་དེ་བསྒོམ་པར་བྱ་དགོས་ཏེ། བསླབ་བཏུས་ལས། བདག་གཞན་མཉམ་ཉིད་གོམས་བྱས་པས། །བྱང་ཆུབ་སེམས་ནི་བརྟན་པར་འགྱུར། །ཞེས་པ་ ལྟར། དང་པོ་མཉམ་པ་བསྒོམས་ན་དེ་ཉིད་ལ་གོམས་པ་ཕུལ་དུ་ཕྱིན་པ་སྐྱེ་བར་འགྱུར་ལ་དེ་སྐྱེས་ན་བདག་གཞན་བརྗེ་བའི་བློ་ཡང་སྐྱེ་སླ་བས་སོ། །གལ་ཏེ་དང་པོ་མཉམ་པའི་བློ་མ་སྐྱེས་ན་རྣམ་འཚེ་དང་གནོད་སེམས་སྤོང་བའི་བློ་མི་སྐྱེ་ལ་དེ་མ་སྐྱེས་ཤིང་དེ་ དག་མ་སྤངས་ན་བརྗེ་བའི་བློ་ཡང་ཇི་བཞིན་པ་མི་སྐྱེ་ཞིང་དེ་ན་སྐྱེས་ན་བདག་གཅེས་འཛིན་འགོག་མི་ཐུབ་པས་གཞན་ཕན་གྱི་བློ་རྣལ་མ་སྐྱེ་ཐབས་མེད་པས་ཐོག་མར་བདག་གཞན་མཉམ་པ་སྒོམ་དགོས་སོ། །མཉམ་པ་ཇི་ལྟར་སྒོམ་ན། བདག་ གིས་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་བཞིན་དུ་གཞན་གྱིས་ཀྱང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་མཉམ་པ་དང་། དེ་བཞིན་དུ་བདག་ལ་བདེ་བས་ཕན་ཞིང་སྡུག་བསྔལ་གྱིས་གནོད་པ་བཞིན་དུ་གཞན་ལའང་བདེ་བས་ཕན་ཞིང་སྡུག་

Page: 824 བསྔལ་གྱིས་གནོད་པར་ཡང་མཉམ་པས་ན་སེམས་ཅན་ཐམས་ཅད་ཀྱང་བདག་བཞིན་དུ་གཅེས་པར་བཟུང་ནས་བསྲུང་བར་བྱ་རིགས་ལ། བསྲུང་ཚུལ་ཡང་བདག་གི་བདེ་བ་ཆེད་དུ་གཉེར་ནས་སྒྲུབ་ཅིང་སྡུག་བསྔལ་ཆེད་དུ་འགོག་པ་བཞིན་དུ་གཞན་ གྱི་བདེ་སྡུག་དག་ལའང་རང་དང་མཚུངས་པར་འདོར་ལེན་ཚུལ་བཞིན་དུ་བྱེད་པ་སྟེ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་འགོག་པའི་སྒོ་ནས་བསྲུང་བར་བྱ་བ་ཡིན་ལ་འོག་ཏུ་སྡུག་བསྔལ་སྲུང་ཞེས་པའི་དོན་ཡང་དེ་ལྟར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། མཉམ་པ་ཇི་ལྟར་སྒོམ་ཚུལ། དེ་ལ་རྩོད་པ་སྤོང་བ། དེ་ལྟར་བསྒོམལ་པའི་ཕན་ཡོན་ནོ། །དང་པོ་ནི། ལག་པ་ལ་སོགས་ཞེས་སོགས་ཏེ། དེ་ལ། བདེ་སྡུག་གི་འདོར་ལེན་མཚུངས་པར་སྒྲུབ་པ་ནི། གལ་ཏེ་འགྲོ་བ་ནི་ལྷ་དང་མི་སོགས་ཐ་དད་པ་དུ་མ་ ཡིན་ལ་བདེ་སྡུག་ཀྱང་ཐ་དད་པ་དུ་མ་ཡིན་པའི་ཕྱིར་དེ་དག་གི་བདེ་སྡུག་གི་འདོར་ལེན་ལ་རང་དང་མཚུངས་པའི་བློ་ཇི་ལྟར་སྐྱེ་ཞེ་ན། སྐྱོན་མེད་དེ། དཔེར་ན་རང་གི་ལུས་གཅིག་པུ་འདི་ལའང་ཡན་ལག་དང་ཉིང་ལག་གི་སྒོ་ནས་སོ་སོར་ཕྱེ་ན་ལག་པ་ དང་རྐང་བ་ལ་སོགས་པ་དབྱེ་བའི་རྣམ་གྲངས་མང་དུ་ཡོད་ན་ཡང་དེ་ཐམས་ཅད་ལ་བདག་ཏུ་ཞེན་པས་བདག་གི་ལུས་སྙམ་དུ་བཟུང་ནས་ཡོངས་སུ་བསྲུང་བར་བྱ་རྒྱུའི་ལུས་སུ་གཅིག་པ་ལྟར། དོན་དེ་ཇི་ལྟ་བ་བཞིན་དུ་རིགས་དང་སྐྱེ་གནས་རིས་སམ་ སྡེ་ཚན་གྱི་སྒོ་ནས་ལྷ་དང་མི་སོགས་འགྲོ་བའི་བྱེ་བྲག་ཐ་དད་པ་དུ་མ་ཡོད་ལ་དེ་དག་གི་བདེ་སྡུག་ཀྱང་སྤྱིར་ཐ་དད་པ་དུ་མ་ཡོད་མོད་ཀྱང་། བདག་ཏུ་ཞེན་པས་བདག་གི་སེམས་ཅན་རྣམས་སྙམ་དུ་བཟུང་བ་ན་ཐམས་ཅད་ཀྱང་བསྲུང་བྱའི་སེམས་ཅན་

Page: 825 ༄༅། །དུ་གཅིག་པས་ན་འགྲོ་བ་ཐ་དད་ཀྱང་དེ་རྣམས་ཀྱི་བདེ་སྡུག་དག་གི་འདོར་ལེན་ལ་ཐ་དད་དུ་དབྱེར་མི་རིགས་ཏེ། རྣམ་པ་མང་པོའི་འགྲོ་བ་འདི་ཐམས་ཅད་ཀྱང་བདག་ཇི་ལྟ་བ་བཞིན་དུ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ལ་མཉམ་ ཞིང་གཅིག་པའི་ཕྱིར། དེས་ན་ཐམས་ཅད་ལ་དམིགས་ནས་བདག་དང་འདྲ་བར་གཟུང་ནས་འདོད་རྒྱུའི་བདེ་བ་དེ་བདག་གིས་བསྒྲུབ་པར་བྱ་མི་འདོད་རྒྱུའི་སྡུག་བསྔལ་དེ་བདག་གིས་བསལ་བར་བྱའོ་སྙམ་དུ་ཐམས་ཅད་རང་དང་མཚུངས་པར་བསྲུང་རིགས་ སོ། །འདིས་ཀྱང་བདག་གཞན་འདོད་པ་མཚུངས་པའི་རྒྱུ་མཚན་གྱིས་བདེ་སྡུག་གི་འདོར་ལེན་མཚུངས་པར་བྱེད་རིགས་པ་བསྟན་པ་ཡིན་ནོ། །ཐམས་ཅད་བདག་བཞིན་བདེ་བ་འདོད་ཉམས་གཅིགཅེས་ཡོད་པ་ལྟར་ན། འགྲོ་བ་ཐམས་ཅད་ཀྱང་ བདག་བཞིན་དུ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཉམས་གཅིག་པའི་ཕྱིར་ཞེས་པའོ། །མཚུངས་པར་བསྲུང་མི་རིགས་པ་སྤོང་བ་ནི། རང་གི་སྡུག་བསྔལ་གྱིས་གཞན་ལ་མི་གནོད་པ་ལྟར་གཞན་གྱི་སྡུག་བསྔལ་གྱིས་ཀྱང་རང་ལ་མི་གནོད་ པས་རང་གི་སྡུག་བསྔལ་སེལ་བ་དང་གཞན་གྱི་སྡུག་བསྔལ་སེལ་བ་མཚུངས་པ་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། གལ་ཏེ་བདག་གི་སྡུག་བསྔལ་གྱིས་གཞན་གྱི་ལུས་ལ་དངོས་སུ་མི་གནོད་པ་དེ་ལྟ་ཡིན་ནའང་དེ་ལྟ་བུའི་སྡུག་བསྔལ་དེ་བདག་གིས་ བསམ་པར་བྱ་བའི་སྡུག་བསྔལ་དེ་ཉིད་ཡིན་ཏེ། ཐོག་མ་མེད་པ་ནས་རང་ལ་རང་གིས་བདག་ཏུ་བཟུང་ནས་དེར་ཆགས་ཤིང་ཞེན་པས་གཅེས་པར་འཛིན་པ་གོམས་པའི་དབང་གིས་རང་ལ་སྡུག་བསྔལ་བྱུང་བ་ལ་མི་བཟོད་པའི་བློ་ཉིད་རང་གི་ངང་གིས་

Page: 826 ༄༅། །འབྱུང་བའི་ཕྱིར། དཔེ་དེ་བཞིན་དུ་སེམས་ཅན་གཞན་གྱི་སྡུག་བསྔལ་དག་ཀྱང་བདག་ལ་དངོས་སུ་འབབ་པར་མི་འགྱུར་བའམ་དངོས་སུ་མྱོང་བར་མི་འགྱུར་ཡང་དེ་ལྟ་ནའང་སེམས་ཅན་གཞན་གྱི་སྡུག་བསྔལ་དེ་བདག་གིས་བསལ་བར་བྱ་བའི་སྡུག་བསྔལ་ དེ་ཉིད་ཡིན་ཏེ། སེམས་ཅན་གཞན་ལ་ཡང་རང་གིས་བདག་ཏུ་བཟུང་ནས་དེར་ཆགས་ཤིང་ཞེན་པས་གཅེས་པར་འཛིན་པ་གོམས་ན་གཞན་དེ་ལ་སྡུག་བསྔལ་བྱུང་བ་ན་རང་ལའང་བཟོད་པར་དཀའ་བའི་བློ་རང་གི་ངང་གིས་འབྱུང་བར་འགྱུར་དགོས་པའི་ཕྱིར་ཞེས་ པ་སྟེ་གཞན་ལའང་གཅེས་པར་འཛིན་པ་གོམས་ན་མཉམ་པའི་བློ་སྐྱེ་བར་བསྟན་པའོ། །བདེ་བ་ལའང་འདོན་པ་ཁ་སྤོས་ནས་སྦྱར་བར་བྱའོ། །འདྲ་མཚུངས་པར་བསྲུང་རིགས་པའི་སྒྲུབ་བྱེད་ལ། རྟགས་དགོད་པ་ནི། བདག་གིས་སེམས་ཅན་གཞན་གྱི་ཕན་པ་ མེད་པའི་སྡུག་བསྔལ་དེ་རྣམས་བསལ་བར་བྱ་རིགས་ཏེ། ཕན་པའི་དགོས་པ་མེད་ཅིང་གནོད་པའི་སྡུག་བསྔལ་ཡིན་པའི་ཕྱིར། དཔེར་ན་བདག་དགོས་མེད་དུ་བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་ཙམ་མྱོང་བ་བཞིན་ཞེས་པ་སྟེ། འདི་ནི། སེམས་ཅན་གཞན་ གྱི་ཕན་མེད་ཀྱི་སྡུག་བསྔལ་དེ་ཆོས་ཅན། །བདག་གིས་བསལ་བྱ་ཡིན་ཏེ། ཕན་མེད་ཀྱི་སྡུག་བསྔལ་ཡིན་པའི་ཕྱིར། དཔེར་ན་བདག་དོན་མེད་དུ་སྡུག་བསྔལ་བ་བཞིན། ཞེས་པའི་དོན་ཏེ་རྟགས་དང་པོ་དང་། དེ་བཞིན་དུ། བདག་གིས་སེམས་ཅན་ ཕ་རོལ་པོ་གཞན་རྣམས་ལ་ཕན་པ་དང་བདེ་བ་སྒྲུབ་པར་བྱ་རིགས་ཏེ། ཕ་རོལ་པོ་གཞན་རྣམས་སེམས་ཅན་ཡིན་པའི་ཕྱིར། དཔེར་ན་བདག་གི་ལུས་ལ་ཕན་བདེ་སྒྲུབ་པ་བཞིན་ནོ་ཞེས་པ་སྟེ། འདི་ནི། སེམས་ཅན་གཞན་ཆོས་ཅན། དེ་ལ་བདག་གིས་

Page: 827 ༄༅། །ཕན་པ་བསྒྲུབ་བར་བྱ་རིགས་ཏེ། སེམས་ཅན་ཡིན་པའི་ཕྱིར། དཔེར་ན་བདག་གི་ལུས་བཞིན་ནོ་ཞེས་པའི་དོན་ཏེ་རྟགས་གཉིས་པ་དགོད་པའོ། འདི་དག་ནི་ཡུལ་བདེ་སྡུག་མཚུངས་པར་བསྟན་པ་སྟེ་དེས་ཀྱང་བདག་གཞན་མཉམ་པར་གྲུབ་ བོ། །རྟགས་དེ་དག་གི་ཁྱབ་པ་སྒྲུབ་པ་ལ། རྟགས་ཕྱི་མའི་ཁྱབ་སྒྲུབ་ནི། རང་ལ་མངོན་ཞེན་ཡོད་པས་བདག་གི་བདེ་བ་སྒྲུབ་རིགས་ཀྱི་གཞན་ལ་ནི་དེ་ལྟར་མ་ཡིན་པས་མ་ངེས་སོ་སྙམ་ན། བདེན་མོད། འོན་ཀྱང་རང་གཞན་གྱི་བདེ་བ་མཚུངས་པར་སྒྲུབ་ རིགས་ཏེ། གང་གི་ཚེ་བདག་རང་དང་སེམས་ཅན་ཕ་རོལ་པོ་གཞན་གཉིས་ཀ་བདེ་བ་འདོད་པ་ཉིད་དུ་མཚུངས་པ་ལ་བདག་དང་གཞན་གཉིས་ཁྱད་པར་ཅི་ཡོད་ན་སྟེ་ཅི་ཡང་མེད་པར་མཚུངས་པའི་ཕྱིར། དེ་ལྟར་འདོད་པ་མཚུངས་ན་རྒྱུ་མཚན་གང་གི་ཕྱིར་ བདག་གཅིག་པུ་བདེ་བར་བྱ་བའི་ཐབས་ལ་བརྩོན་པར་བྱེད་ལ་གཞན་བདེ་བའི་ཐབས་ལ་མི་བརྩོན་པ་འདི་ཤིན་ཏུ་མི་རིགས་ཤིང་འགལ་བས་གཞན་བདེ་བའི་ཐབས་ལའང་བརྩོན་པར་བྱ་རིགས་སོ། །རྟགས་སྔ་མའི་ཁྱབ་སྒྲུབ་ནི། རང་གི་སྡུག་བསྔལ་ བསལ་རིགས་ཀྱི་གཞན་གྱི་ནི་མ་ཡིན་ནོ་སྙམ་ན། དེ་ལྟའི་དོགས་པ་སྐྱེ་བ་བདེན་མོད། འོན་ཀྱང་རང་གཞན་གྱི་སྡུག་བསྔལ་མཚུངས་པར་བསལ་རིགས་ཏེ། གང་གི་ཚེ་བདག་རང་སེམས་ཅན་ཕ་རོལ་པོ་གཞན་ཀཉིས་ཀ་སྡུག་བསྔལ་མི་འདོད་པར་ མཚུངས་པ་ལ་བདག་དང་གཞན་གཉིས་ཁྱད་པར་ཅི་ཡོད་ན་སྟེ་ཅི་ཡང་མེད་པར་མཚུངས་པའི་ཕྱིར། དེ་ལྟར་འདོད་པ་མཚུངས་ན་རྒྱུ་མཚན་གང་གི་ཕྱིར་གཞན་ལ་སྡུག་བསྔལ་འབྱུང་བ་བསྲུང་བར་བྱ་བ་མིན་ལ་བདག་༌་གཅིག་པུ་ལ་སྡུག་བསྔལ་འབྱུང་བ་

Page: 828 སྲུང་བར་བྱེད་པ་འདི་ཤིན་ཏུ་མི་རིགས་ཤིང་འགལ་བས་གཞན་ལ་སྡུག་བསྔལ་འབྱུང་བའང་བསྲུང་བར་རིགས་པའམ་བསལ་བར་རིགས་སོ། །འདི་དག་གིས་ཡུལ་ཅན་འདོད་པ་མཚུངས་པར་བསྟན་ཏེ། དེས་ཀྱང་བདག་གཞན་མཉམ་པར་གྲུབ་བོ། ། མཚུངས་པར་བསྲུང་མི་རིགས་པ་དགག་པ་ནི། གལ་ཏེ་གཞན་གྱི་སྡུག་བསྔལ་དང་རང་གི་སྡུག་བསྔལ་གཉིས་སྡུག་བསྔལ་ཡིན་པ་ཙམ་ཁྱད་པར་མེད་མོད། འོན་ཀྱང་གཞན་ཕ་རོལ་པོ་དེ་ལ་སྡུག་བསྔལ་བྱུང་བས་ད་ལྟ་བད་ག་ལ་དངོས་སུ་མི་ གནོད་པའི་ཕྱིར་དེ་འདྲའི་སྡུག་བསྔལ་དེ་མི་བསྲུང་ངོ་སྙམ་པའམ་དེ་སེལ་བའི་དོན་དུ་མི་འབད་དོ་སྙམ་ན། ཤིན་ཏུ་མི་རིགས་ཏེ། དེ་ལྟ་ན་ཕྱི་མ་མ་འོངས་པ་ཡི་དུས་སུ་བདག་ངན་སོང་དུ་སྐྱེ་བའི་སྡུག་བསྔལ་ཡང་ད་ལྟ་བདག་ལ་ཅུང་ཟད་ཀྱང་གནོད་པར་མི་ བྱེད་པའི་ཕྱིར་ན་དེ་ཅིས་བསྲུང་སྟེ་བསྲུང་མི་རིགས་པར་ཐལ་ལ། དེ་ལྟ་ན་དེ་སྤོང་བའི་དོན་དུ་ད་ལྟ་སྡིག་སྤོང་དགེ་སྒྲུབ་བྱེད་པའང་མི་རིགས་པར་ཐལ་བར་འགྱུར་རོ། །དེ་བཞིན་དུ་མ་འོངས་པ་རྒས་པའི་དུས་སུ་ཕོངས་པའི་སྡུག་བསྔལ་འབྱུང་བར་དོགས་ ནས་ད་ལྟ་ནོར་གསོག་པའང་མི་རིགས་པར་འགྱུར་ཏེ་རྒས་པའི་སྡུག་བསྔལ་གྱི་གཞོན་པ་ལ་ཅིའང་མི་གནོད་པའི་ཕྱིར། གཞན་ཡང་སང་ཉིན་སྡུག་བསྔལ་འོང་བར་དོགས་ནས་དེ་རིང་དེ་སྤོང་ཐབས་བྱེད་པ་དངཕྱི་དྲོའི་དུས་སྡུག་བསྔལ་བར་དོགས་ནས་སྔ་ དྲོའི་དུས་དེ་སྤོང་ཐབས་བྱེད་པ་དག་ཀྱང་མི་རིགས་པར་ཐལ་ཏེ་དེ་དག་གིས་དེ་རིང་དང་སྔ་དྲོའི་དུས་སུ་མི་གནོད་པས་སོ། །དེ་མི་མཚུངས་ཏེ། གཞན་གྱི་སྡུག་བསྔལ་གྱིས་དུས་ནམ་གྱི་ཚེའང་བདག་ལ་མི་གནོད་པས་དེ་བསྲུང་མི་དགོས་ལ། རང་གིས་

Page: 829 ༄༅། །མ་འོངས་པ་ན་མྱོང་འགྱུར་གྱི་སྡུག་བསྔལ་གྱིས་ད་ལྟ་བདག་ལ་དངོས་སུ་མི་གནོད་ཀྱང་ཕྱིམའི་དུས་སུ་བདག་ཉིད་ཀྱིས་མྱོང་དགོས་པས་ན་མ་འོངས་པའི་སྡུག་བསྔལ་དེ་དག་བསྲུང་བའི་ཐབས་ལ་ད་ལྟ་ནས་བརྩོན་རིགས་སོ་སྙམ་ན། མི་རིགས་ཏེ། ད་ལྟའི་དུས་ཀྱི་བདག་གམ་གང་ཟག་གིས་མ་འོངས་པའི་དུས་སུ་སྡུག་བསྔལ་དེ་དག་ནི་མྱོང་བར་འགྱུར་རོ་སྙམ་པའི་རྣམ་པར་རྟོག་པ་དེ་ནི་ཕྱིན་ཅི་ལོག་གི་རྟོག་པ་སྟེ། འདི་ལྟར་ད་ལྟ་འཇིག་རྟེན་འདི་ནས་ཤི་སྟེ་འཕོ་བའི་གང་ཟག་དེའང་ཕྱི་མའི་ གང་ཟག་དེ་ལས་གཞན་ཉིད་ཡིན་ལ་སྐྱེ་བ་ཕྱི་མའི་འཇིག་རྟེན་དུ་སྐྱེས་པའི་གང་ཟག་དེ་ཡང་ནི་སྔ་མའི་གང་ཟག་དེ་ལ་གཞན་ཉིད་ཡིན་གྱི་སྔ་ཕྱིའི་གང་ཟག་དེ་གཉིས་གཅིག་ཏུ་མི་རིགས་ལ། དེ་བཞིན་དུ་གཞོན་དུས་དང་རྒས་དུས་ཀྱི་གང་ཟག་གཉིས་ཀྱང་ སོ་སོ་ཐ་དད་པ་ཡིན་ལ། དེར་མ་ཟད་དེ་རིང་དང་སང་ཉིན་གྱི་དུས་དང་སྔ་དྲོ་དང་ཕྱི་དྲོའི་དུས་ཀྱི་གང་ཟག་དག་ཀྱང་གཞན་ཡིན་པས་སྔ་མའི་དུས་ཀྱི་གང་ཟག་གིས་ཕྱི་མའི་དུས་སུ་སྡུག་བསྔལ་མྱོང་བ་འདི་རྣམ་པ་ཀུན་ཏུ་མི་རིགས་སོ་ཞེས་པའོ། །སྔ་ཕྱིའི་ དུས་ཀྱི་གང་ཟག་དེ་གཉིས་གཅིག་ཏུ་མི་རིགས་པ་ནི་སྔ་མའི་གང་ཟག་གི་དུས་སུ་ཕྱི་མའི་གང་ཟག་མ་སྐྱེས་པ་དང་ཕྱི་མའི་དེའི་དུས་སུ་སྔ་མའི་དེ་འགགས་ཟིན་པའི་རྒྱུ་མཚན་གྱིས་ཡིན་ནོ། །འདིས་དུས་སྔ་ཕྱིའི་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ སྔ་ཕྱི་གཉིས་ཀའང་སོ་སོ་ཐ་དད་ཡིན་པས་དེ་གཉིས་གཅིག་ཏུ་འཛིན་པ་ལོག་རྟོག་ཁོ་ནར་ངེར་པས་དེ་ལྟར་འཛིན་པ་མི་རིགས་པར་བསྟན་ཏོ། །འདི་ནི་ཐ་སྙད་དུ་གང་ཟག་སྔ་ཕྱི་སོ་མོ་བ་གཞན་ཡིན་པའི་མགོ་མཚུངས་ཀྱི་རིགས་པས་སྔ་མའི་དུས་ཀྱི་གང་

Page: 830 ཟག་གིས་ཕྱི་མའི་དུས་སུ་སྡུག་བསྔལ་མྱོང་བ་མི་རིགས་ཞེས་འགོག་པ་ཡིན་གྱི། དཔྱད་ན་དོན་དམ་པར་སྡུག་བསྔལ་མྱོང་བ་པོའི་རྟག་བདག་མ་གྲུབ་ཅེས་པ་དང་། ངའོ་ཞེས་གཟུང་བའི་ཡུལ་བདེན་པ་བ་གཅིག་ཀྱང་མེད་དོ་ཞེས་དོན་དམ་ལ་ལྟོས་ ནས་འགོག་པ་གཞུང་གི་དགོངས་པ་མིན་པར་གསུངས་སོ། །དེ་དག་ནི་གཞན་གྱི་སྡུག་བསྔལ་གྱིས་རང་ལ་མི་གནོད་པས་དེ་སེལ་བའི་དོན་དུ་མི་འབད་དོ་སྙམ་པའི་གེགས་བསལ་བ་སྟེ། དེ་ལྟ་ན་མ་འོངས་པའི་སྡུག་བསྔལ་དེས་ཀྱང་ད་ལྟ་ཅི་ཡང་མི་གནོད་ པའི་ཕྱིར་ན་ད་ལྟ་དེ་སེལ་ཐབས་བྱེད་པའང་མི་༌་འཐད་པར་འགྱུར་ལ། དེ་ལྟ་ན་དུས་ཐ་དད་ཀྱི་སྡུག་བསྔལ་ཐམས་ཅད་བསལ་མི་རིགས་པར་འགྱུར་བས་ཧ་ཅང་ཐལ་ལོ་ཞེས་སྐྱོན་བརྗོད་པའོ། །གཞན་ཡང་གང་གི་ཚེ་འབྱུང་འགྱུར་མ་འོངས་པའི་ལུས་ཀྱི་ སྡུག་བསྔལ་བསྲུང་བའི་དོན་རེ་ཞིག་ལྟ་ཞོགད་ལྟའི་ལུས་པོ་གཅིག་གི་ཡན་ལག་གི་ཆ་གང་གི་སྡུག་བསྔལ་གང་ཡིན་པ་དེ་ནི་ཡན་ལག་གི་ཆ་དེ་ཉིད་ཀྱིས་བསྲུང་ཞིང་སེལ་བར་བྱེད་རིགས་ཀྱི་དེ་ལས་གཞན་གྱིས་བསྲུང་ཞིང་སེལ་བ་མི་རིགས་པ་དེ་ལྟ་ ཡིན་ན་རྐང་པ་ལ་ཚེར་མ་ཟུག་པ་ལྟ་བུའི་རྐང་པའི་སྡུག་བསྔལ་དེ་ཡང་ནི་དེ་ལས་གཞན་པའི་ལག་པས་མྱོང་བ་མིན་པས་ན་ཞེས་སམ་ལག་པའི་སྡུག་བསྔལ་མིན་པས་ན་རྒྱུ་མཚན་ཅིའི་ཕྱིར་ལག་པ་དེས་ནི་རྐང་པའི་༌སྡུག་བསྔལ་དེ་བསྲུང་བར་བྱ་སྟེ་བསྲུང་མི་ རིགས་པར་ཐལ་ལོ། །ཡང་གང་གི་ཚེ་མྱོང་བ་པོ་གང་གི་སྡུག་བསྔལ་གང་ཡིན་པ་དེ་ནི་དེ་ཉིད་ཀྱིས་བསྲུང་ཞེས་སམ་གང་གི་ཚེ་ཡུལ་གང་གི་སྡུག་བསྔལ་གང་ཡིན་པ་དེ་ནི་དེ་ཉིད་ཀྱིས་བསྲུང་ཞེས་བཤད་ཀྱང་རུང་ངོ༌། །འདི་འང་གཞན་གྱི་སྡུག་བསྔལ་གྱིས་

Page: 831 ༄༅། །རང་ལ་མི་གནོད་པས་དེ་སེལ་བའི་དོན་དུ་མི་འབད་དོ་སྙམ་པའི་གེགས་བསལ་བ་སྟེ། དེ་ལྟ་ན་རྐང་པའི་སྡུག་བསྔལ་དེས་ལག་པ་ལ་ཅིའང་མི་གནོད་པས་དེ་ལག་པས་སེལ་བའང་མི་རིགས་པར་ཐལ་ལ་དེ་ལྟ་ན་ལུས་ཀྱི་ཆ་ཐ་དད་ཀྱི་སྡུག་ བསྔལ་ཐམས་ཅད་ཀྱང་བསྲུང་མི་རིགས་པར་འགྱུར་ན་ཧ་ཅང་ཐལ་ལོ་ཞེས་སྐྱོན་བརྗོད་པའོ། །དེས་མཚོན་ནས་མགོ་བོ་སོགས་ལུས་ཀྱི་ཆ་གཞན་གྱི་སྡུག་བསྔལ་ལའང་སྦྱར་རོ། །གལ་ཏེ་རྐང་པའི་སྡུག་བསྔལ་གྱིས་ལག་པ་ལ་ཅུང་ཟད་ཀྱང་མི་གནོད་པས་ དེ་ལྟ་བུའི་འབྲེལ་མེད་༌གཅིག་གི་སྡུག་བསྔལ་ཅིག་ཤོས་ཀྱིས་སེལ་བ་རིགས་པ་མིན་ཡང་འདིར་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་རིང་ནས་གོམས་པས་ཡན་ལག་ཚོགས་པའི་ལུས་འདིའི་རྐང་པའི་སྡུག་བསྔལ་དེ་ལག་པས་སེལ་བ་ལ་འཇུག་ཅིང་ དེ་བཞིན་དུ་སྐྱེ་བ་སྔ་ཕྱི་དང་སྔ་དྲོ་དང་ཕྱི་དྲོ་ལ་སོགས་པའི་ལུས་ལའང་གང་ཟག་རང་གཅིག་པོ་དེའི་བདག་གིར་འཛིན་པ་གོམས་པའི་དབང་གིས་གཅིག་གི་སྡུག་བསྔལ་ཅིག་ཤོས་ཀྱིས་སེལ་བ་ལ་འཇུག་ཅེ་ན། དེ་ལྟར་བདག་འཛིན་གྱི་དབང་གིས་བདག་དང་ གཞན་རང་དབང་ཅན་དུ་འཛིན་པའི་བློ་དེ་ནི་མི་རིགས་པ་ཞེན་ཡུལ་ལ་འཁྲུལ་བའི་གང་ཟག་གི་བདག་ཏུ་འཛིན་པ་སྟེ་དེ་ལྟ་བུའི་ཕྱིན་ཅི་ལོག་གི་བློ་གང་ཡིན་པ་དེ་ནི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཅི་ནུས་པར་ནི་སྤང་བར་བྱ་བ་ཉིད་ཡིན་ ཏེ་སྲིད་པའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་པས་སོ། །ཡང་ན་བདག་གམ་གཞན་གྱིའང་རུང་སྟེ་མི་རིགས་པ་སྡུག་བསྔལ་ལྟ་བུ་གང་ཡིན་པ་དེ་ནི་བྱེ་བྲག་མེད་པར་ཅི་ནུས་ཀྱིས་སྤང་བར་བྱ་བ་ཉིད་ཡིན་ཞེས་སྦྱར་རོ། །དེ་དག་ནི་རང་གིས་མྱོང་རྒྱུའི་

Page: 832 སྡུག་བསྔལ་གྱིས་རང་ལ་གནོད་ལ་གཞན་གྱི་སྡུག་བསྔལ་གྱིས་རང་ལ་མི་གནོད་པས་དེ་ལྟར་གནོད་མི་གནོད་ཀྱི་ཁྱད་པར་ཡོད་པས་མཚུངས་པར་བསྲུང་མི་རིགས་སོ་སྙམ་པའི་གེགས་བསལ་བའོ། །སྔ་མའི་ཉེས་སྤོང་གི་ལན་སྔ་ཕྱི་རིམ་པར་དགག་ པ་ནི། དེ་གཉིས་མི་འདྲ་སྟེ། གང་ཟག་གཞན་དང་གཞན་ནི་འབྲེལ་མེད་སོ་སོ་བ་ཡིན་པས་དེ་དག་ལ་ནི་ཕན་ཚུན་སེམས་ཀྱི་རྒྱུད་གཅིག་པ་དང་ལུས་ཀྱི་ཚོགས་པ་གཅིག་པ་ལྟ་བུ་གང་ཡང་མེད་པས་ཕན་ཚུན་གཅིག་གི་སྡུག་བསྔལ་གཅིག་གིས་མི་ བསྲུང་ལ། རང་ཉིད་ཀྱི་ཚེ་སྔ་ཕྱི་དང་རྒན་གཞོན་སོགས་ནི་སེམས་ཀྱི་རྒྱུད་གཅིག་པ་ཡིན་པས་མ་འོངས་པའི་སྡུག་བསྔལ་ཡང་ད་ལྟ་ནས་སྲུང་རིགས་ལ་ཚེ་འདིའི་རང་གི་རྐང་ལག་སོགས་ནི་ལུས་ཀྱི་ཚོགས་པ་གཅིག་པ་ཡིན་པས་རྐང་པའི་སྡུག་བསྔལ་ཡང་ ལག་པས་སྲུང་རིགས་སོ་ཞེ་ན། ཤེས་པ་སྐད་ཅིག་སྔ་ཕྱི་དུ་མ་གཅིག་རྗེས་སུ་གཅིག་བརྒྱུད་ནས་རིམ་གྱིས་འབྱུང་བ་ལ་རྒྱུན་ནམ་རྒྱུད་ཅེས་དང༌། མགོ་དང་རྐང་ལག་ལ་སོགས་པའི་ཡན་ལག་དུ་མ་ཕྱོགས་གཅིག་ཏུ་འདུས་པ་ལ་ཚོགས་པ་ཞེས་བྱ་བ་ དག་ནི། །དཔེར་ན་ཕྲེང་རྡོག་སྔ་ཕྱི་དུ་མ་སྐུད་པར་བརྒྱུས་པ་ལ་ཕྲེང་བ་ཞེས་བཏགས་པའམ་སྲོག་ཆགས་གྲོག་མ་དུ་མ་སྔ་ཕྱི་གཅིག་རྗེས་སུ་གཅིག་༌འབྲེལ་མ་ཆད་པར་འགྲོ་བ་ལ་གྲོག་མའི་ཕྲེང་བ་ཞེས་བཏགས་ཀྱི་གདགས་གཞི་ཕྲེང་རྡོག་དང་གྲོག་མ་དེ་ དག་ལས་གཞན་པའི་ཕྲེང་བ་མེད་པ་དང་། དེ་བཞིན་དུ་རྟ་གླང་རྐང་ཐང་སོགས་དུ་མ་ཕྱོགས་གཅིག་ཏུ་འདུས་པ་ལ་དམག་ཅེས་བཏགས་པའང་གདགས་གཞི་རྟ་གླང་སོགས་དེ་དག་ལས་གཞན་པའི་དམག་མེད་པ་ལ་སོགས་པ་བཞིན་དུ་བརྫུན་པ་ཡིན་

Page: 833 ༄༅། །ཏེ། རྒྱུན་ཅན་ཤེས་པ་སྐད་ཅིག་སྔ་ཕྱི་མང་པོ་ཚོགས་པ་ཅན་ཡན་ལག་དུ་མ་ལ་རྒྱུད་དང་ཚོགས་ཞེས་བཏགས་པ་ཙམ་དུ་ཟད་ཀྱི་གདགས་གཞི་དེ་དག་ལས་གཞན་པའི་རྒྱུད་དང་ཚོགས་པ་གཅིག་ཏུ་བདེན་པར་གྲུབ་པ་མེད་པས་སོ། ། གོང་གི་ལ་སོགས་ཅེས་པས་བསྟན་པ་ནི། ཆུ་གཅིག་རྗེས་སུ་གཅིག་འབྲེལ་བར་འགྲོ་བ་ལ་ཆུའི་རྒྱུན་ཞེས་པ་དང་ཤིང་དུ་མ་འདུས་པ་ལ་ནགས་ཞེས་བརྗོད་པ་སོགས་སོ། །དེ་དག་ནི་རྒྱུད་ཚོགས་གཅིག་མི་གཅིག་གི་ཁྱད་པར་ཡོད་པས་མཚུངས་པར་བསྲུང་མི་ རིགས་སྙམ་པའི་གེགས་བསལ་བའོ། །ཡང་རྐང་ལག་སོགས་ཀྱི་སྡུག་བསྔལ་དང་ཚེ་སྔ་ཕྱི་སོགས་ཀྱི་སྡུག་བསྔལ་དེ་དག་ཡུལ་དུས་ཐ་དད་ཡིན་ཡང་མྱོང་༌མཁན་གྱི་བདག་གིས་སྡུག་བསྔལ་ལ་དབང་སྒྱུར་བ་པོའི་བདག་པོ་གཅིག་པས་གཅིག་གི་སྡུག་བསྔལ་ ཅིག་ཤོས་ཀྱིས་སེལ་བ་རིགས་སོ་སྙམ་ན། མི་རིགས་ཏེ། དེ་ལྟར་དཔྱད་ནས་བཞག་པའི་སྡུག་བསྔལ་ཅན་ནམ་སྡུག་བསྔལ་མྱོང་མཁན་གྱི་གང་ཟག་གི་བདག་གང་ཡིན་པ་དེ་གཏན་ནས་མེད་པ་ཉིད་ཡིན་པའི་ཕྱིར། །དེ་ལྟར་སྡུག་བསྔལ་མྱོང་མཁན་ གྱི་གང་ཟག་རང་དབང་བ་མེད་པའི་རྒྱུ་མཚན་དེས་ན་མྱོང་བྱའམ་དབང་བསྒྱུར་བྱའི་སྡུག་བསྔལ་འདི་ཡང་རང་དབང་བའི་བདག་པོ་སུ་ཞིག་དབང་བར་འགྱུར་ཏེ་སུས་ཀྱང་དབང་བསྒྱུར་བྱར་མི་འགྱུར་རོ། །རྒྱུ་མཚན་དེས་ན་སྡུག་བསྔལ་མྱོང་མཁན་གྱི་རང་ དབང་བའི་བདག་པོ་མེད་པར་ནི་རང་གཞན་གྱི་སྡུག་བསྔལ་ཐམས་ཅད་བྱེ་བྲག་མེད་པ་ཉིད་ཡིན་པས་བདག་པོ་གཅིག་མི་གཅིག་གིས་བསྲུང་མི་བསྲུང་གི་དབྱེ་བ་མི་རིགས་ལ། ཐ་སྙད་དུ་བདག་དང་གཞན་ཞེས་ཕན་ཚུན་ལྟོས་ནས་བཞག་པ་ཙམ་ཡོད་ལ་དེ་

Page: 834 དག་གི་སྡུག་བསྔལ་ཡང་སྡུག་བསྔལ་དུ་མཚུངས་པར་ཡོད་པས་རང་གི་སྡུག་བསྔལ་བསལ་བ་བཞིན་དུ་གཞན་གྱི་སྡུག་བསྔལ་བསལ་བ་ལའང་བདག་གིས་འབད་པར་རིགས་སོ། །གལ་ཏེ་བདག་མེད་ན་བདག་སྡུག་བཞིན་ཞེས་དང་བདག་ལུས་བཞིན་ ཞེས་པའི་དཔེ་མ་གྲུབ་པོ་སྙམ་པའི་དོགས་པའང་འདིས་བསལ་བ་ཡིན་ཏེ། རང་དབང་བའི་བདག་དང་གཞན་མེད་ཀྱང་ཐ་སྙད་དུ་ཕུང་བོ་ལ་བརྟེན་ནས་བཏགས་པའི་བདག་དང་གཞན་ཡོད་པར་བསྟན་པས་སོ། །དེ་དག་ནི་དབང་བསྒྱུར་བྱའི་སྡུག་བསྔལ་ལ་ དབང་སྒྱུར་བ་པོའི་བདག་པོ་གཅིག་མི་གཅིག་གི་ཁྱད་པར་ཡོད་པས་མཚུངས་པར་བསྲུང་མི་རིགས་སྙམ་པའི་གེགས་བསལ་བའོ། །དེ་དག་གིས་བདེ་སྡུག་ལ་ལོངས་སྤྱོད་པ་པོའི་བདག་གཞན་གཉིས་ངོ་བོས་གྲུབ་པ་མེད་པར་ཕན་ཚུན་ལྟོས་ནས་བཞག་པ་ ཙམ་ཡིན་པར་བསྟན་ལ། དེ་བཞིན་དུ། བསླབ་བཏུས་ལས་ཀྱང་། བདག་དང་གཞན་ཉིད་ལྟོས་པ་སྟེ། །ཕ་རོལ་ཚུ་རོལ་ཇི་བཞིན་བརྫུན། །ངོགས་ཏེ་རང་གི་ཕ་རོལ་མིན། །གང་ལ་ལྟོས་ནས་ཚུ་རོལ་འགྱུར། །བདག་ཉིད་རང་གིས་མ་གྲུབ་ན། །གང་ལ་ ལྟོས་ན་གཞན་དུ་འགྱུར། །ཞེས་གསུངས་ལ། འདིའི་དོན་ཡང་། རང་གཞན་གྱི་བདེ་སྡུག་གི་རྟེན་བདག་གཞན་གཉིས་ཕན་ཚུན་ལྟོས་མེད་ཀྱི་སྔོ་སེར་བཞིན་སོ་སོ་ཐ་དད་པར་རིས་སུ་བཅད་ནས་གྲུབ་པར་འཛིན་ཞིང་། དེ་ནས་བདག་གཞན་དག་ལ་བརྟེན་ པའི་བདེ་སྡུག་ལའང་འདི་ནི་ངའི་བདེ་སྡུག་ཡིན་པས་བསྒྲུབ་པའམ་བསལ་བར་བྱ་ལ་འདི་ནི་གཞན་གྱི་བདེ་སྡུག་ཡིན་པས་བསྒྲུབ་པའམ་བསལ་བར་མི་བྱའོ་སྙམ་ནས་ཡལ་བར་འདོར་བ་ནི་བདག་གཞན་མཉམ་བརྗེའི་བློ་སྤྱོང་བའི་གེགས་ཡིན་པས། དེའི་

Page: 835 ༄༅། །གཉེན་པོར་ནི་བདག་གཞན་གཉིས་ངོ་བོ་ཉིད་ཀྱིས་ཕན་ཚུན་ཐ་དད་དུ་རིས་སུ་ཆད་པ་མེད་དེ། ཕན་ཚུན་ལྟོས་ནས་གཞན་ལའང་རང་གི་བློ་སྐྱེ་ལ་རང་ལའང་གཞན་གྱི་བློ་སྐྱེ་བའི་ཕ་རི་དང་ཚུ་རི་བཞིན་ནོ། །དཔེར་ན་ཕ་རི་ལ་ཕྱོགས་འདི་ ངོས་ནས་ཕ་རིའོ་སྙམ་པའི་བློ་སྐྱེ་ཡང་ཕ་རི་ལ་ཕྱིན་ན་ཕྱོགས་དེ་ངོས་ལ་ཚུ་རིའོ་སྙམ་པའི་བློ་སྐྱེ་བ་བཞིན་ཡིན་ནོ། །དེས་ན་འདི་སྔོན་པོ་ཁ་དོག་སུ་ལ་ལྟོས་ཀྱང་སྔོན་པོ་ཉིད་ཀྱི་བློ་སྐྱེ་ཡི་གཞན་གྱི་བློ་མི་སྐྱེ་བ་དང་མི་འདྲའོ། །ཞེས་པའི་དོན་ཡིན་པར་གསུངས་པ་ ལྟར་ཏེ་འདི་ཡང་བློ་དེ་སྦྱོང་བའི་གེགས་བསལ་བའི་ཚུལ་གཅིག་སྟེ་སྔ་མ་དང་དོན་འདྲའོ། །དེ་དག་ནི་གཞན་གྱི་སྡུག་བསྔལ་བསལ་བྱར་མ་ངེས་པའི་ལོག་རྟོག་གི་གེགས་བསལ་བ་སྟེ། དེའང་གོང་དུ། བདག་གིས་གཞན་གྱི་སྡུག་བསྔལ་བསལ། སྡུག་ བསྔལ་ཡིན་ཕྱིར་ཞེས་པའི་ཁྱབ་པ་མ་ངེས་ལ། བདག་དང་ཁྱད་པར་ཅི་ཡོད་ན། ཞེས་པའི་རྟགས་མ་གྲུབ་པའི་ཕྱིར་སྡུག་བསྔལ་མཚུངས་པར་བསལ་མི་རིགས་སོ་སྙམ་པའི་དོགས་པ་བསལ་བ་ཡིན་ལ། དེ་ལྟའི་དོགས་པ་སྐྱེ་བའི་རྒྱུ་མཚན་དེ་ལའང་ གནོད་མི་གནོད་ཀྱི་ཁྱད་པར་དང༌། རྒྱུད་ཚོགས་གཅིག་མི་གཅིག་གི་ཁྱད་པར་དང༌། བདག་པོ་གཅིགམི་གཅིག་གི་ཁྱད་པར་ཏེ་ཁྱད་པར་གསུམ་ཡོད་པས་སོ་སྙམ་དུ་ལོག་པར་རྟོག་པ་ཡིན་ལ་དེ་ལྟ་བུའི་ལོག་རྟོག་གི་གེགས་གསུམ་པོ་རིམ་པར་བསལ་བའི་ ཚུལ་ལ་ཡང་གསུམ་ཡོད་པ་ལས། རྒྱུད་ཚོགས་གཅིག་མི་གཅིག་གི་ཁྱད་པར་ཡོད་པས་སྡུག་བསྔལ་མཚུངས་པར་བསལ་མི་རིགས་སྙམ་པའི་གེགས་སེལ་ནི་གོང་གི་གནོད་མི་གནོད་ཀྱི་ཁྱད་པར་ཡོད་པས་མཚུངས་པར་བསྲུང་མི་རིགས་སྙམ་པའི་གེགས་

Page: 836 སེལ་ལས་འཕྲོས་པ་ཡིན་པས་དེའི་ཁོངས་སུ་འདུ་བས་གེགས་བསལ་ཚུལ་གཉིས་སུ་འདུའོ། །སྡུག་བསྔལ་ཐམས་ཅད་བསལ་བྱར་བསྟན་ཏེ་དོན་བསྡུ་བ་ནི། དེས་ན་གཞན་གྱི་སྡུག་བསྔལ་ཡང་། སྡུག་བསྔལ་ཡིན་པའི་ཕྱིར་དེ་ཡང་བདག་གིས་བསལ་བར་བྱ་ རིགས་ཀྱི་རང་གི་སྡུག་བསྔལ་ནི་བསལ་བར་བྱ་ལ་གཞན་གྱི་སྡུག་བསྔལ་མི་བསལ་ཞེས་རང་དང་གཞན་རིས་སུ་གཅོད་པའི་སྒོ་ནས་ངེས་པ་བྱས་པས་འདིར་ནི་ཅི་ཞིག་བྱ་སྟེ་དེ་འདྲའི་ཁྱད་པར་དབྱེ་དོན་ཅུང་ཟད་ཀྱང་མེད་པས་སོ། །སྡུག་བསྔལ་མྱོང་མཁན་ གྱི་རང་དབང་བའི་བདག་མེད་ན་རྒྱུ་མཚན་ཅིའི་ཕྱིར་གཞན་སེམས་ཅན་ཀུན་གྱི་སྡུག་བསྔལ་ནི་བཟློག་པར་བྱ་ཞེས་སུས་ཀྱང་བདག་ལ་བརྩད་དུ་མེད་དེ། རང་དབང་བའི་བདག་མེད་ཀྱང་ཐ་སྙད་ཙམ་དུ་ཕན་ཚུན་ལྟོས་ནས་བཞག་པའི་བདག་དང་གཞན་དང་དེ་ དག་གི་སྡུག་བསྔལ་ཡང་ཡོད་པའི་ཕྱིར། དེས་ན་བདག་གི་སྡུག་བསྔལ་དེ་མི་འདོད་པས་གལ་ཏེ་བཟློག་པར་བྱ་རིགས་སོ་སྙམ་ན་གཞན་གྱི་སྡུག་བསྔལ་ཐམས་ཅད་ཀྱང་འདོད་བྱ་མ་ཡིན་པས་བཟློག་རིགས་པར་མཚུངས་ལ། གཞན་གྱི་སྡུག་བསྔལ་དེ་ བཟློག་པར་བྱ་བ་མིན་ན་བདག་གི་སྡུག་བསྔལ་དེ་དག་ཀྱང་སེམས་ཅན་གཞན་གྱི་སྡུག་བསྔལ་བཞིན་དུ་བཟློག་མི་རིགས་པར་མཚུངས་སོ། །དཔེ་འགའ་ཞིག་ཏུ་གལ་ཏེ་བཟློག་ནའང་ཞེས་འང་སྒྲ་ཡོད་ཀྱང་དཔེ་ཕལ་ཆེར་ལའང་སྒྲ་མེད་པས་དེ་ལྟར་བྱས་ན་འཆད་ བདེའོ། །ཡང་ན་ཅིའི་ཕྱིར་སེམས་ཅན་གཞན་ཀུན་གྱི་སྡུག་བསྔལ་གྱིས་ནི་བདག་ལ་མི་གནོད་པས་དེ་བཟློག་པར་བྱ་བའི་དོན་མེད་ཅེས་བདག་ལ་བརྩད་དུ་མེད་དེ། གོང་དུ་མ་འོངས་པ་ཡི་སྡུག་བསྔལ་ཡང་། །ཞེས་སོགས་ཀྱིས་ལན་བཏབ་ཟིན་པ་ལྟར།

Page: 837 ༄༅། །བདག་གི་སྡུག་བསྔལ་དེ་མི་འདོད་པས་གལ་ཏེ་བཟློག་པར་རིགས་སོ་སྙམ་ན་ཞེས་སོགས་སྔ་མ་ལྟར་སྦྱར་ནས་བཤད་ཀྱང་ཆོག་སྟེ་འདིས་དོན་བསྡུས་ཏེ་སྡུག་བསྔལ་ཐམས་ཅད་བསལ་བྱར་བསྟན་པས་སོ། །འོན་ཀྱང་སྔ་མ་ལྟར་བཤད་ན་ལེགས་ སྙམ། དེས་ན་རང་གཞན་གྱི་སྡུག་བསྔལ་ཐམས་ཅད་བསྲུང་དགོས་སུ་འདྲ་བར་ཤེས་པར་བྱའོ། །དག་གཞན་མཉམ་པ་ཇི་ལྟར་སྒོམ་པའི་སྐབས་འདིར་བླ་མ་རྗེའི་གསུང་རྒྱུན་ལས་རེས་འགའ་ས་པཎ་གྱི་གསུང་རབ་ལས་འབྱུང་བ་འདི་ལྟར་འཆད་དེ། དེའང་ མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་སོགས་ཀྱི་དོན་ལྟར་སེམས་ཅན་ཐམས་ཅད་ཉེ་དུར་ཐག་བཅད། རང་ལ་བདེ་བ་སྐྱེས་ན་སེམས་ཅན་རྣམས་ཀྱང་འདི་ལྟའི་བདེ་བ་རྒྱུར་བཅས་དང་ལྡན་པར་གྱུར་ཅིག་སྙམ་པ་དང་། སྡུག་བསྔལ་སྐྱེས་ན་བདག་གཞན་ཐམས་ཅད་ འདི་ལྟའི་སྡུག་བསྔལ་རྒྱུར་བཅས་དང་བྲལ་བར་གྱུར་ཅིག་སྙམ་དུ་ཞེ་ཐག་པས་བསྒོམ། འདི་སྒོམ་པ་ལ་གེགས་འདི་ལྟ་བུ་སྐྱེ་སྲིད་དེ་བདག་གི་སྡུག་བསྔལ་སེལ་བ་གཞན་ལ་མི་རེ་གཞན་གྱི་སྡུག་བསྔལ་བསལ་བ་བདག་གིས་མི་འགྲུབ་སྙམ་པའི་བློ་སྐྱེས་ན། འདིར། མ་འོངས་པ་ཡི་སྡུག་བསྔལ་ཡང་། །ཞེས་སོགས་གསུངས་པ་ལྟར་རང་ཉིད་ཀྱིས་ནངས་པར་ཕན་ཆད་ཀྱི་ནད་མེད་པ་དང༌། ཟས་གོས་སོགས་ཐོབ་པའི་འབད་པའང་ཅི་སྟེ་བྱེད། བདག་སྐད་ཅིག་གིས་འགགས་ནས་དེ་ཕན་ཆད་གཞན་དུ་འགྱུར་བའི་ ཕྱིར། དེ་ལ་འདི་སྙམ་དུ་མ་རིག་པའི་བག་ཆགས་ཀྱིས་ནངས་པར་ཕན་ཆད་ཀྱང་བདག་ཡིན་ནོ་སྙམ་ན་འཁྲུལ་བ་སྟེ། བདག་གིས་དེ་ནི་མྱོང་སྙམ་པའི། །སོགས་གསུངས་པ་ལྟར་རོ། །དཔེར་ན་བླུན་པོ་དག་འབབ་ཆུ་འདིས་ན་ནིང་ངའི་གོས་ཁྱེར་རོ་སྙམ་པ་དང་

Page: 838 ནང་པར་ཆུ་འདི་བརྒལ་ལོ་སྙམ་དུ་སེམས་མོད་ཀྱང༌། ན་ནིང་གོས་ཁྱེར་བའི་ཆུ་དེའང་གཞན་ཡིན་ལ་ནང་པར་བརྒལ་བའི་ཆུ་དེའང་གཞན་ཡིན་ནོ། །དེ་བཞིན་དུ་འདས་པའི་སེམས་ཀྱང་བདག་མིན་ལ་མ་འོངས་པའི་སེམས་ཀྱང་བདག་མ་ཡིན་པར་གཞན་ཡིན་ནོ། ། དེ་ལ་འདི་སྙམ་དུ། མ་འོངས་པའི་སེམས་ད་ལྟར་གྱི་བདག་མ་ཡིན་ཡང་བདག་གི་སེམས་ཀྱི་རྒྱུན་ཡིན་ནོ་སྙམ་པའི་སེམས་ཀྱིས་རང་དོན་སྒྲུབ་པོ་ཞེ་ན། སེམས་ཅན་གཞན་བདག་མ་ཡིན་ཡང་བདག་གི་སེམས་ཅན་ཡིན་ནོ་སྙམ་པའི་འདུ་ཤེས་ཀྱིས་གཞན་དོན་ལ་འཇུག་ པར་བྱའོ། །ཞེས་སོགས་གསུངས་ཤིང་། གལ་ཏེ་མགོ་གང་གི་ཁ་བ་སྤྲུག་སྙམ་པའི་ཚུལ་གྱིས་རང་རང་གི་དོན་ལ་འབད་ཀྱི་ཕན་ཚུན་གཅིག་གིས་གཅིག་གི་དོན་སྒྲུབ་མི་ནུས་སོ་སྙམ་ན། རྐང་པའི་སྡུག་བསྔལ་ལག་པས་མིན། །ཞེས་པ་ལྟར་རྐང་པར་ཚེར་མ་ཟུག་ པའང་ལག་པས་ཅི་སྟེ་འདོན། དེ་བཞིན་དུ་མིག་ཏུ་རྡུལ་སོང་བ་ལ་ལག་པ་དང་བུ་ཚའི་དོན་ཕ་མ་དང་ཁར་ཟན་འཛུད་པ་ལ་ལག་པ་ལ་སོགས་པའང་རང་རང་གི་དོན་བྱེད་དགོས་པར་འགྱུར་ཏེ་ཧ་ཅང་ཐལ་ལོ། །མདོར་ན་ཕན་ཚུན་གཅིག་གིས་གཅིག་གི་དོན་མ་བྱས་པར་ རང་རང་གི་དོན་བསྒྲུབ་དགོས་ན་འགྲུབ་པ་ཤིན་ཏུ་དཀའོ། །དེས་ན་དེ་ལྟར་ཤེས་པར་བྱ་ལ་སེམས་ཅན་གྱི་དོན་ལ་འཇུག་པར་བྱའོ། །ཞེས་འབྱུང་བ་ལྟར་ཤེས་པར་བྱ་དགོས་གསུངས་སོ། །གཉིས་པ་དེ་ལ་རྩོད་པ་སྤོང་པ་ནི། སྙིང་རྗེས་སྡུག་བསྔལ་སོགས་ཏེ། དེ་ ལྟར་རང་གཞན་གྱི་སྡུག་བསྔལ་ཐམས་ཅད་བསལ་བར་བྱ་བ་ཡིན་ན་བྱང་སེམས་ཀྱིས་སྙིང་རྗེ་སྒོམ་པའི་ཚེ་གཞན་གྱི་སྡུག་བསྔལ་ཐམས་ཅད་ཀྱང་རང་གི་སེམས་སྟེང་དུ་བླངས་ནས་དེ་ལ་མི་བཟོད་པའི་བློ་བསྐྱེད་ནས་སྒོམ་པར་བྱེད་པ་དེས་རང་རྒྱུད་ལ་སྡུག་བསྔལ་

Page: 839 ༄༅། །ཤིན་ཏུ་མང་པོ་སྐྱེ་བར་འགྱུར་བས་ཅིའི་ཕྱིར་སྡུག་བསྔལ་མི་བསལ་བར་རང་རྒྱུད་ལ་འབད་རྩོལ་དང་བཅས་པའི་སྒོ་ནས་ནན་ཏན་གྱིས་སྐྱེད་པར་བྱེད་ཅེ་ན། ཞེས་པ་སྟེ། འདི་ནི་སྙིང་རྗེ་ཆོས་ཅན། ཅིའི་ཕྱིར་ནན་གྱིས་བསྐྱེད་དེ་བསྐྱེད་བྱ་ མ་ཡིན་པར་ཐལ། དེས་རང་རྒྱུད་ལ་སྡུག་བསྔལ་མང་པོ་སྐྱེད་པའི་ཕྱིར། རྟགས་གྲུབ་ཅིང་ཁྱབ་པ་མེད་ན་སྡུག་བསྔལ་ཐམས་ཅད་བསལ་བྱར་ངེས་པ་ཉམས་སོ་ཞེ་ན། ཞེས་པའི་དོན་ཡིན་ལ། དེའི་ལན་ནི། དམྱལ་བ་ལ་སོགས་པའི་འགྲོ་བའི་སྡུག་བསྔལ་མང་པོ་ བསམ་པར་བྱས་ན་དེ་ལྟ་བུའི་སྡུག་བསྔལ་ལ་ལྟོས་ནས་ཇི་ལྟར་ན་སྙིང་རྗེ་སྒོམ་པ་སྡུག་བསྔལ་མང་སྟེ་མང་བར་འགྱུར་ཞེས་པའི་རྟགས་མ་གྲུབ་ལ། གལ་ཏེ་སྙིང་རྗེ་བསྒོམས་པ་ལ་བརྟེན་ནས་སྡུག་བསྔལ་ཅུང་ཟད་བྱུང་ཡང་སྙིང་རྗེ་ཅན་གྱིས་སྙིང་རྗེ་སྒོམ་ པའི་སྐབས་ཀྱི་སྡུག་བསྔལ་གཅིག་གིས་ནི་གཞན་སེམས་ཅན་དཔག་ཏུ་མེད་པའི་སྡུག་བསྔལ་མང་པོ་ཟད་ཅིང་མེད་པར་འགྱུར་བ་ཡིན་ན། དེ་ནི་སེམས་ཅན་ལ་ཕན་པའི་དོན་ཤིན་ཏུ་ཆེ་བས་བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པས་དེ་ལྟ་བུའི་སྡུག་བསྔལ་དེ་རང་དང་ གཞན་གྱི་རྒྱུད་ལ་འབད་རྩོལ་གྱི་སྒོ་ནས་བསྐྱེད་པར་བྱ་འོས་པ་ཉིད་ཡིན་ནོ། །ཞེས་པ་སྟེ། འདི་ནི་རང་གི་སྡུག་བསྔལ་ཐམས་ཅད་ཀྱང་བསལ་བྱར་མ་ངེས་སོ་སྙམ་པའི་ལོག་རྟོག་བསལ་བ་ཡིན་ལ། དེ་ཡང་སྔར་སྡུག་བསྔལ་ཐམས་ཅད་བསལ་བྱར་བསྟན་པ་ནི་ རང་གཞན་ལ་མི་ཕན་ཞིང་གནོད་པའི་སྡུག་བསྔལ་ལ་བྱ་ལ་འདིར་རང་གཞན་ལ་བསྐྱེད་བྱའི་སྡུག་བསྔལ་ནི་ཕན་ཞིང་དོན་ཆེ་བའི་དེ་ལ་བྱ་བས་སྔར་སྡུག་བསྔལ་ཐམས་ཅད་བསལ་བྱར་བསྟན་པ་ལ་ཁྱབ་པ་མ་ངེས་པའི་སྐྱོན་ཡང་མེད་དོ་ཞེས་ལན་བཏབ་པའོ། །

Page: 840 རྩོད་སྤོང་འདི་ནི། གསུང་རབ་རྣམས་སུ་སྙིང་རྗེ་ཅན་དག་ནི་གཞན་སྡུག་བསྔལ་བས་སྡུག་བསྔལ་བར་འགྱུར་བར་བཤད་པ་ལ་དོགས་པ་གཅོད་པའི་ཚུལ་ཡང་ཡིན་ནོ། །དེས་ན་སྙིང་རྗེ་སྒོམ་པ་ལ་སྡུག་བསྔལ་མེད་ལ་ཡོད་ཀྱང་དོནཤིན་ཏུ་ཆེ་བའི་ཚུལ་ཤེས་ པར་བྱའོ། །དེ་ལྟར་ཕན་པའིསྡུག་བསྔལ་བསྐྱེད་བྱར་ངེས་པའི་རྒྱུ་མཚན་དེས་ན་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ཞེས་བྱ་བ་ཉིད་ཀྱིས་ཀྱང་རང་གསོད་པར་འགྱུར་བའི་རྒྱལ་པོའི་གནོད་པ་འབྱུང་བར་ཤེས་ཀྱང་ནི་བདག་རང་གི་སྡུག་བསྔལ་དེ་མ་བསལ་ བར་དང་དུ་བླངས་ཏེ་གཞན་སྐྱེ་བོ་མང་པོའི་སྡུག་བསྔལ་ཟད་པར་འགྱུར་བར་བྱ་བའི་ཕྱིར་རྒྱལ་པོའི་ཕོ་བྲང་དུ་བྱོན་ནས་ཆོས་བསྟན་པ་བཞིན་ཡིན་ནོ། །ཡང་འགྲེལ་བ་འགར་མེ་ཏོག་ཟླ་མཛེས་ཀྱིས་རང་དང་རྒྱལ་པོ་ལ་གནོད་པ་འབྱུང་བ་ཤེས་ཀྱང་རང་གི་སྡུག་ བསྔལ་མ་བསལ། རང་རྒྱལ་པོས་བསད་པས་རྒྱལ་པོ་དམྱལ་བར་འགྲོ་བར་ཤེས་ཀྱང་དེའང་མ་བསལ་ཏེ། ཅིའི་ཕྱིར་ན། སྡུག་བསྔལ་ཅན་གྱི་སེམས་ཅན་མང་པོ་ཞིག་གི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ཞེས་འཆད་དོ། །དེའང་སྔོན་འདས་པའི་དུས་སུ་ དེ་བཞིན་གཤེགས་པ་རིན་པོ་ཆེའི་པད་མའི་ཟླ་བ་། རྣམ་པར་དག་པ་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་བྱུང་ལ་དེ་ཉིད་ཀྱི་བསྟན་པ་ནུབ་པ་ལ་ཉེ་བའི་ཚེ༑ཕོ་བྲང་འཁོར་རིན་ཆེན་ལྡན་ཞེས་པར་རྒྱལ་པོ་དཔའ་བས་བྱིན་ལ་སོགས་པ་མང་པོ་ལོག་པར་ ལྟ་བའི་དབང་དུ་གྱུར་ནས་བྱང་ཆུབ་སེམས་དཔའ་བདུན་སྟོང་ཡུལ་དེ་ནས་བསྐྲད་པ་ན་དེ་དག་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དང་ལྷན་ཅིག་ཏུ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ཅེས་བྱ་བར་གནས་ཏེ་ཆོས་སྨྲ་བ་དེས་འཁོར་རྣམས་ལ་ཆོས་བསྟན་ནས་བཞུགས་པ་

Page: 841 ༄༅། །ལས་རེ་ཞིག་གི་ཚེ་སེམས་དཔའ་ཆེན་པོ་དེས་རང་ཉིད་རྒྱལ་བོའི་ཕོ་བྲང་དུ་སོང་ནས་སྔོན་དགེ་རྩ་བསྐྱེད་པའི་གང་ཟག་མང་པོ་ལ་ཏིང་ངེ་འཛིན་རྒྱལ་པོ་བསྟན་ན་རྣམས་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་འགྱུར་བར་ལྷའི་མིག་གིས་ གཟིགས་ནས་འཁོར་རྣམས་ལ་ཚུལ་དེ་སྨྲས་ནས་ཕེབས་པར་ཆས་པ་ན་འཁོར་རྣམས་ཀྱིས་བཟློག་ཀྱང་མ་གསན་ཏེ་ཁོ་བོས་བདག་ཉིད་བསྲུང་ན་སངས་རྒྱས་རྣམས་ཀྱི་བསྟན་པ་བསྲུང་བར་མི་འགྱུར་རོ་གསུངས་ནས་རང་གི་སྲོག་གི་བར་ཆད་དུ་འགྱུར་བར་མཁྱེན་ བཞིན་དུ་དེར་བྱོན་ནས་ཉིན་བདུན་གྱི་བར་ཟས་མ་གསོལ་བར་མཚན་མོ་དེ་བཞིན་གཤེགས་པའི་སེན་མོའི་མཆོད་རྟེན་ལ་བསྐོར་ཉིན་མོ་ཕོ་བྲང་དུ་བྱོན་ནས་ཆོས་བསྟན་པས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མང་པོ་ཕྱིར་མི་ལྡོག་པ་ལ་བཀོད་པ་དང༌། རྒྱལ་པོ་དཔའ་བསུ་བྱིན་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་དེར་གཤེད་མ་དགའ་བྱེད་ཅེས་བྱ་བ་ཤིན་ཏུ་གཏུམ་པ་ཞིག་ཡོད་པ་དེ་ལ་དགེ་སློང་དེ་སོད་ཅིག་ཅེས་བསྒོས་པ་ན་དེས་དགེ་སློང་དེའི་ཕྱག་ཞབས་སོགས་བཅད་མིག་གཉིས་ཀྱང་ཕྱུང་སྟེ་སྐུ་ལུས་དུམ་བུར་ གཏུབས་པ་ལས་འོད་ཟེར་མང་པོ་བྱུང་ཞིང་འོ་མའི་རྒྱུན་དུ་མ་བྱུང་བ་སོགས་ངོ་མཚར་བའི་ཆོ་འཕྲུལ་མང་བོ་བྱུང་བ་མཐོང་ནས། རྒྱལ་པོ་འགྱོད་དེ་བཤགས་པ་བྱས་སྤུར་སྦྱངས་ཏེ་མཆོད་རྟེན་བྱས་ནས་གསོལ་བ་བཏབ་པར་ཏིང་འཛིན་རྒྱལ་པོ་ལས་གསུངས་ པ་ལྟར་ཏེ་རྒྱས་པར་མདོ་དེ་ཉིད་ལས་ཤེས་པར་བྱའོ། །འདི་ནི་ཕན་པའི་སྡུག་བསྔལ་དེ་བསྐྱེད་བྱར་ངེས་པ་མདོ་ལས་མ་བཤད་དོ་སྙམ་པའི་དོགས་པ་གཅོད་པའང་ཡིན་ནོ། །དེའི་དུས་ཀྱི་རྒྱལ་པོ་དཔའ་བས་སྦྱིན་ནི་སྟོན་པ་ཤཱཀྱའི་རྒྱལ་པོ་རང་ཉིད་ཡིན་པར་ཡང་

Page: 842 དེ་ཉིད་ལས་གསུངས་སོ། །གསུམ་པ་དེ་ལྟར་གོམས་པའི་ཕན་ཡོན་ནི། དེ་ལྟར་རྒྱུད་ནི་སོགས་ཏེ། གོང་དུ་བཤད་ཟིན་པ་དེ་ལྟར་བདག་གཞན་མཉམ་པ་སྒོམ་པ་ལ་རང་གི་སེམས་ཀྱི་རྒྱུད་ནི་ཆེས་ཆེར་གོམས་པར་གྱུར་པ་དེའི་ཚེ་འབད་མེད་ལྷུན་གྲུབ་ཀྱི་ཚུལ་དུ་ གཞན་སེམས་ཅན་ཀུན་གྱི་སྡུག་བསྔལ་མཐའ་དག་ཞི་བ་ལ་མཐའ་གཅིག་ཏུ་མངོན་པར་དགའ་བས་དེ་ཞི་བའི་ཐབས་སུ་འགྱུར་བ་མཐོང་ན། དཔེར་ན་མེ་ཏོག་པད་མའི་ཚོགས་ཀྱིས་ཡོངས་སུ་གང་བའི་ཆུ་མཚོ་ཡིད་དུ་འོང་བ་རུ་བྱ་ངང་པ་རྣམས་དགའ་ ཞིང་སྤྲོ་བའི་ཚུལ་གྱིས་འཇུག་པ་ལྟར་དུ་གཞན་སྡུག་བསྔལ་ལས་གདོན་པའི་ཕྱིར་རང་ལ་སྡུག་བསྔལ་ཆེན་པོ་བྱུང་བ་ལའང་བདེ་བར་སེམས་པའི་སྒོ་ནས་དམྱལ་བའི་ནང་ནས་ཀྱང་རབ་ཏུ་མི་བཟད་པའི་སྡུག་བསྔལ་དང་ལྡན་པའི་མནར་མེད་པར་ཡང་རང་གི་ངང་ གི་སྤྲོ་བཞིན་དུ་འཇུག་ནུས་པར་འགྱུར་ཏེ། སྙིང་རྗེའི་གཞན་དབང་དུ་གྱུར་པ་དག་གཅིག་ཏུ་གཞན་དོན་འབའ་ཞིག་ལ་གཞོལ་བས་ཡིད་ཀྱི་སྡུག་བསྔལ་ཅུང་ཟད་ཀྱང་མེད་ལ་གཞན་གྱི་སྡུག་བསྔལ་སེལ་བའི་དོན་དུ་སྡུག་བསྔལ་ཆེན་པོས་ཀྱང་གནོད་པར་མི་ འགྱུར་བའི་ཕྱིར། དེ་ལྟར་རྒྱན་ལས། གཞན་ངོན་བརྩོན་ལྡན་སྙིངརྗེའི་བདག་ཉིད་ནི། །གངཚེ་མནར་མེད་པ་ལ་དགར་འཛིན་པ། །དེ་འདྲ་བ་དག་སྲིད་ན་གཞན་རྟེན་ཕྱིར། །སྡུག་བསྔལ་འབྱུང་བ་རྣམས་ཀྱིས་ག་ལ་འཇིགས། །ཞེས་དང༌། བྱང་ཆུབ་ སེམས་དཔའ་སྡུག་བསྔལ་མེད། །བརྩེ་བས་སྡུག་བསྔལ་འགྱུར་བ་གང་། །དེ་ལ་དང་པོ་ཀུན་ཏུ་སྐྲག །རེག་ནས་ཤིན་ཏུ་མངོན་དགར་འགྱུར། །ཞེས་སོགས་དང༌། བྱང་ཆུབ་སེམས་འགྲེལ་ལས་ཀྱང་། གང་ཞིག་གོམས་པས་བརྟན་པ་ནི། །གཞན་གྱི་

Page: 843 ༄༅། །སྡུག་བསྔལ་གྱིས་བྱེད་རྣམས། །བསམ་གཏན་བདེ་བ་དོར་ནས་ཀྱང་། །མནར་མེད་པར་ཡང་འཇུག་པར་བྱེད། །འདི་ནི་ངོ་མཚར་འདི་བསྔགས་འོས། །འདི་ནི་དམ་པའི་ཚུལ་ལུགས་མཆོག །ཅེས་སོ། །དེ་ལྟ་བུའི་གཞན་དོན་ གྱི་དགའ་བ་ནི་བདེ་བ་མཆོག་ཏུ་གྱུར་པ་མིན་པས་དེ་ལ་ཅིའི་ཕྱིར་དགའ་བས་འཇུག་ཐར་པའི་བདེ་བ་ནི་མཆོག་ཡིན་པས་དེ་བདག་ཉིད་ཀྱིས་དོན་དུ་གཉེར་བྱ་ཡིན་ནོ་སྙམ་ན། རང་དོན་ཡལ་བར་དོར་ནས་སྙིངརྗེའི་དབང་གིས་གཞན་དོན་ཁོ་ན་བསྒྲུབས་པ་ ལས་སེམས་ཅན་རྣམས་ནི་རྒྱུ་ལས་ཉོན་གྱི་འཆིང་བ་དང་འབྲས་བུ་སྲིད་པའི་སྡུག་བསྔལ་ལས་རྣམ་པར་གྲོལ་བ་ན། སྙིང་རྗེའི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་དཔའ་དེ་རང་གི་འདོད་པའི་དོན་ལེགས་པར་གྲུབ་པས་ཐུགས་རྒྱུད་དགའ་བའི་རྒྱ་མཚོ་མཐའ་ ཡས་པས་ལེགས་པར་གང་བར་གྱུར་པ་གང་ཡིན་པ་དེ་ཉིད་ཀྱིས་ནི་ཆོག་པ་མིན་ནམ་སྟེ་གཞན་ལས་ཁྱད་པར་དུ་འཕགས་པའི་བདེ་དགའ་ཐུགས་རྒྱུད་ལ་སྐྱེས་པ་དེས་ངོམས་ཤིང་ཆོག་པ་ཡིན་གྱི་རང་གཅིག་པུས་ཞི་བདེ་ཙམ་ཐོབ་པ་ནི་བདེ་བའི་རོ་དང་བྲལ་བས་ དེ་ལྟ་བུའི་ཐར་པ་འདོད་པས་ཅི་ཞིག་བྱ་ཞེས་པ་སྟེ། རྒྱ་དཔེ་དང་འགྲེལ་ཆེན་སོགས་སུ། རོ་བྲལ་ཐར་པས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་བཤད་པའོ། །འདིས་གཞན་ལ་ཕན་བདེ་སྐྱེད་པའི་དགའ་བདེ་ནི་མཆོག་ཏུ་ཁྱད་པར་དུ་འཕགས་པ་ཡིན་ པས་དེ་ལ་ལྟོས་ན་རང་གཅིག་པུའི་ཞི་བདེ་ནི་བདེ་བ་མཆོག་གི་རོ་བཅུད་དང་བྲལ་བ་ཡིན་ཞེས་བསྟན་ཏོ། །གཞན་དོན་གྱི་དགའ་བོས་ཆོག་པའི་རྒྱུ་མཚན་ནི། སེམས་ཅན་རྣམས་ཀྱིས་ཕ་དང་མ་གྲངས་མེད་བྱས་ཤིང་དྲིན་ཆེན་པོས་ཡང་ཡང་བསྐྱངས་པའི་ལན་དུ་

Page: 844 རང་གིས་ཀྱང་ཕར་ལ་ཕན་བཏགས་ནས་ཕན་བདེ་ལ་འགོད་ནུས་ན་དྲིན་ལན་གཟོ་ཐུབ་པ་ཡིན་པས་དེས་ཚིམ་ཞིང་ཆོག་གི་རང་གཅིག་པུའི་ཞི་བདེ་གཉེར་བ་དང་དེ་ཐོབ་པ་ཙམ་ནི་ཐེག་ཆེན་ལམ་གྱིས་གོལ་སའམ་གེགས་བྱེད་ཆེས་ཆེ་བ་ཡིན་པས་དེས་ཅི་བྱ་ སྟེ་དགོས་པ་གཏན་ནས་མེད་པས་སོ། །གཞན་དོན་བྱས་པ་དེས་ཐར་པ་ཡང་ཞར་ལ་ཐོབ་པར་འགྱུར་ཏེ། འགྲོ་བ་མ་ལུས་རང་བཞིན་མངོན་སུམ་མཛད་གང་གི། །དེ་བཞིན་གཤེགས་པ་ཉིད་ནི་ཞར་ལ་འབྱུང་བ་སྟེ། །གཞན་དབང་གྱུར་པ་ཁྱོད་ཀྱི་ཡོན་ ཏན་རྣམས་ལས་ནི། །ཅུང་ཟད་ཙམ་ཞིག་ཚིག་གིས་བརྗོད་བྱེད་སྙན་ངག་མཁན། །ཞེས་སོ་ཞེས་འགྲེལ་ཆེན་དུ་གསུངས་པ་ལྟར་རོ། །རང་དོན་དུ་ཞི་བདེ་གཉེར་བ་ཐེག་ཆེན་ལམ་གྱི་གེགས་བྱེད་ཡིན་པའི་ཚུལ་ནི། མདོ་སྡེའི་རྒྱན་ལས། སེམས་ཅན་ ཆེད་དུ་དམྱལ་བའི་སྲིད་པར་གནས་པ་ཡི། །སྡུག་བསྔལ་མི་བཟད་ཅིས་ཀྱང་རྒྱལ་སྲས་གནོད་བྱེད་མིན། །ཞི་སྲིད་ཡོན་ཏན་སྐྱོན་གྱིས་ཐེག་པ་དམན་ཞུགས་པའི། །རྣམ་རྟོག་དགེ་བ་སྣ་ཚོགས་བློ་ལྡན་གནོད་བྱེད་ཡིན། །བློ་དང་ལྡན་པ་དམྱལ་བར་གནས་ པ་དུས་ཀུན་ཏུ། །བྱང་ཆུབ་དྲི་མེད་ཡངས་པའི་བར་དུ་གཅོད་བྱེད་མིན། །ཐེག་པ་གཞན་ལ་རབ་བསིལ་རྣམ་རྟོག་བདག་ཕན་པ། །རབ་ཏུ་བདེ་བར་གནས་ཀྱང་བར་དུ་གཅོད་པར་བྱེད། །ཅེས་གསུངས། དེ་ལྟར་རང་དོན་དུ་ཐར་བ་ལའང་རེ་ལྟོས་མེད་ཅིང་གཞན་ དོན་འབའ་ཞིག་ལ་ལྷག་པར་དགའ་བ་རྒྱུ་མཚན་དེ་ལྟ་བས་ན་གཞན་གྱི་དོན་བྱས་ཀྱང་ངས་གཞན་དོན་དུ་དཀའ་བ་སྤྱད་དོ་སྙམ་པ་དང་དྲིན་ཆེན་པོས་གཞན་བསྐྱངས་སོ་སྙམ་པའི་རློམ་༌༌སེམས་དང་ཌི་ངས་གཞན་གྱི་དོན་བྱེད་པ་ནི་ངོ་མཚར་རྨད་དུ་བྱུང་

Page: 845 ༄༅། །བའོ་སྙམ་དུ་འཛིན་པའང་མེད་ལ། མཐའ་གཅིག་ཏུ་གཞན་དོན་འབའ་ཞིག་སྒྲུབ་པ་ལ་མངོན་པར་དགའ་བས་ཞུགས་པ་ཡིན་ཕྱིར་གཞན་ལ་༌་ཕན་པ་བྱས་པའི་ལས་དེའི་རྣམ་སྨིན་གྱི་འབྲས་བུ་སྐྱེ་བ་ཕྱི་མར་རང་ལ་མངོན་མཐོ་ལྟ་བུ་འབྱུང་ བའི་རེ་བ་ཙམ་ཡང་མེད་དོ། །གསུམ་པ་དོན་བསྡུ་བ་ནི། དེ་བས་ཇི་ལྟར་སོགས་ཏེ། བདག་དང་གཞན་སྡུག་བསྔལ་མི་འདོད་པ་ལ། ཁྱད་པར་མེད་པས་བདག་གཞན་མཉམ་པར་སྒོམ་རིགས་པའི་རྒྱུ་མཚན་དེ་བས་ན་ཇི་ལྟར་ཏེ་དཔེར་ན་སྡུག་བསྔལ་གྱི་རྒྱུ་ ཆུང་ངུའམ་ཐ་ན་ཚིག་མི་སྙན་པ་ཅུང་ཟད་ཙམ་འབྱུང་བ་ལས་ཀྱང་བདག་ཉིད་བསྲུང་བར་བྱེད་པའམ་བསྲུངབ་དེ་བཞིན་དུ་གཞན་སེམས་ཅན་རྣམས་ལའང་གནོད་པའི་སྡུག་བསྔལ་ཆེན་པོ་ལྟ་ཅི་ཆུང་ངུའང་མི་འབྱུང་བར་བསྲུང་བར་བྱ་ལ་དངོས་སུ་སྲུང་བའི་ནུས་པ་ མེད་ཀྱང་མི་འདོད་པའི་རིགས་ཐམས་ཅད་ལ་བསྲུངའདོད་ཀྱི་སེམས་དང་ད་ལྟ་སྡུག་བསྔལ་གྱིས་མནར་བཞིན་པ་ལའང་དེ་དང་ཁྲལ་འདོད་ཀྱི་སྙིང་རྗེའི་སེམས་ནི་དེ་ལྟར་ཁྱད་པར་མེད་པར་བསྒོམ་པར་བྱའོ་ཞེས་གདམས་པའོ། །གཉིས་པ་བདག་གཞན་བརྗེ་ བ་སྒོམ་པ་ལ་གཉིས། རྒྱུ་མཚན་བརྗོད་པའི་སྒོ་ནས་མདོར་བསྟན་པ། དེ་སྒོམ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། གོམས་པ་ཡིས་ནི་སོགས་ཏེ། དེ་ལ། བརྗེ་ནུས་པའི་རྒྱུ་མཚན་ནི། བདག་གཞན་བརྗེ་བ་ལ་གཞན་གྱི་ལུས་ལ་རང་གི་ལུས་སྙམ་པ་ དང་རང་གི་ལུས་ལ་གཞན་གྱི་ལུས་སོ་སྙམ་པའི་བློ་སྐྱེ་བ་དགོས་ན་དེ་ལྟར་སྐྱེ་དཀའ་ལ། དེ་བཞིན་དུ་གཞན་ལ་རང་ལྟར་གཅེས་པར་འཛིན་ཞིང་རང་ལ་གཞན་ལྟར་ཡལ་བར་འདོར་བའི་བློ་སྐྱེད་པ་ཡིན་ན་དེ་འདྲའི་བློ་ནི་ནམ་ཡང་མི་སྐྱེ་བས་བདག་གཞན་

Page: 846 བརྗེ་བ་ལྟ་ཅི་བདག་གཞན་མཉམ་པའི་བློ་ཙམ་ཡང་སྐྱེ་དཀའོ་སྙམ་ན། མ་གོམས་ན་དེ་ལྟར་སྐྱེ་དཀའ་བ་བདེན་མོད། འོན་ཀྱང་ཡུན་རིང་དུ་གོམས་པར་བྱས་པ་ཡིས་ནི་རང་ལས་གཞན་ཕ་དང་མ་དག་གི་ཁུ་བ་དང་ཁྲག་གི་ཐིགས་པ་འདྲེས་ཤིང་སྨིན་པ་དེ་ ལ་བདག་གི་བའི་དངོས་པོ་ཉིད་དུ་གྲུབ་པ་མེད་པར་གྱུར་ཀྱང་། ནི་སྔར་བར་དོ་ནས་འོངས་པའི་ཤེས་པའི་རྒྱུན་དེས་བདག་གི་ལུས་སོ་སྙམ་དུ་འཛིན་པའི་བློ་ཉེ་བར་གོམས་པའི་སྟོབས་ལས་ཕྱིས་རང་གི་ངང་གིས་བདག་གོ་ཞེས་སམ་བདག་གི་ལུས་སོ་ཞེས་ནི་ཤེས་ ཤིང་འཛིན་པ་ལྟར། དེ་བཞིན་དུ་སེམས་ཅན་གཞན་གྱི་ལུས་ལ་ཡང་བདག་གི་ལུས་ཉིད་ཅེས་ཅི་ཡི་ཕྱིར་མི་གཟུངསྟེ་ཟུངས་ཤིག་དང་དེ་ལྟར་འཛིན་པའི་བློ་རིམ་གྱིས་གོམས་པར་བྱས་ན་རང་གི་ལུས་དང་འདྲ་བའི་བློ་སྐྱེ་བར་ནུས་ཀྱི་མི་ནུས་པ་མེད་དོ། ། དེ་ལྟར་ཚིག་རྐདྲུག་པོ་འདི་འགྲེལ་པ་ཕལ་ཆེར་དུ་བདག་གཞན་མཉམ་པ་ལ་ཡར་སྦྱར་ནས་འཆད་ལ། བི་བྷཱུ་ཏི་སོགས་བླ་མ་ཕལ་ཆེར་གྱིས་བདག་གཞན་བརྗེ་བར་སྦྱར་ནས་འཆད་དེ་འདིར་ཡང་དེ་ལྟར་རོ། །དངོས་པོ་མེད་པར་གྱུར་ཀྱང་ནི། །ཞེས་ པའི་ཚིག་རྐང་འདི་འགྱུར་ཁ་ཅིག་ཏུ་མེད་པར་ཡང་གསུངས་སོ། ་། དེས་ན་བདག་རང་གི་ལུས་འདི་ཉིད་ལ་ནི་གཅེས་འཛིན་དོར་ནས་རང་གི་བློས་གཞན་གྱི་ལུས་དག་ཏུ་བཞག་པར་བྱས་ན་རང་གི་ལུས་མིན་པའི་གཞན་གྱི་ཁུ་ཁྲག་ལྟ་བུ་ལའང་གོས་ ན་བདག་གི་ལུས་སོ་སྙམ་པའི་བློ་སྐྱེ་བ་དེ་ལྟར་རང་གི་ལུས་ལའང་གཞན་གྱི་ལུས་སོ་སྙམ་དུ་གོམས་ན་གཞན་ཕྱིར་བློ་སྐྱེ་བ་ལ་དཀའ་བའམ་མི་ནུས་པ་ཆེར་མེད་པས་བརྗེ་བར་ནུས་སོ། །ཚིག་རྐང་འདི་གཉིས་ཀྱང་འགྲེལ་ཆེན་དང་རྣམ་སྣང་མཉམ་

Page: 847 ༄༅། །པ་ལ་ཡར་སྦྱར་ལ། དགེ་ལྷ་དང་འགྲེལ་བ་ཕལ་ཆེར་དུ་བརྗེ་བ་ལ་མར་སྦྲེལ་ནས་འཆད་པར་གསུངས་སོ། ་། དེ་ཡང་ཇི་སྐད་དུ། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཞིག་ཏུ་བསྒོམས་པ་ལས། །བསྒོམས་པའི་སྟོབས་ནི་རྫོགས་ པ་ན། །དེ་བསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པ་ལྟར་རོ། །བདག་གཞན་བརྗེ་ཚུལ་ནི། དེ་ལྟར་གོམས་ན་བརྗེ་ནུས་པ་དེ་ཡི་ཕྱིར་སྔར་བདག་ཡོན་ཏན་ཅན་དུ་བལྟས་ནས་ཆགས་སེམས་ཀྱིས་གཅེས་པར་བཟུང་བ་དང་གཞན་སྐྱོན་ཅན་དུ་བཟུང་ བ་ནས་སྡང་སེམས་ཀྱིས་ཡལ་བར་དོར་བའི་གཉེན་པོར་བརྗེ་བ་སྒོམ་པའི་སྐབས་འདིར་ནི་བདག་རང་ཉིད་སྐྱོན་དང་བཅས་པ་ཉིད་དུ་ཤེས་པར་བྱ་ཞིང་ཞེས་སམ་བདག་ཉིད་གཅེས་བ་པར་འཛིན་པ་ནི་ཉེས་པ་ཐམས་ཅད་ཀྱི་གཞི་ཡིན་པས་དེ་ལྟར་འཛིན་པ་སྐྱོན་དང་ བཅས་པ་ཉིད་དུ་ཤེས་པར་བྱ་བ་དང༌། གཞན་དག་ལ་ཡང་ཡོན་ཏན་རྒྱ་མཚོར་ཤེས་པའམ་གཞན་དག་ལ་གཅེས་པར་འཛིན་པ་ཡང་ནི་ལེགས་ཚོགས་ཐམས་ཅད་ཀྱི་གཞི་ཡིན་པས་དེ་ལྟར་འཛིན་པ་ཡོན་ཏན་རྒྱ་མཚོ་དང་ལྡན་པར་ཤེས་པར་བྱས་ནས་ བདག་གཅེས་པར་འཛིན་པའི་བློ་ཡོངས་སུ་དོར་ནས་དེ་ལྟར་མི་འཛིན་པ་ལ་གོམས་པར་བྱ་བ་དང་གཞན་བདག་ཏུ་བླང་བའམ་བཟུང་བར་བྱས་ཏེ་དེ་ལ་གཅེས་པར་འཛིན་པའི་བློ་ནི་ལེགས་པར་མ་གོམས་ཀྱི་བར་དུ་བསྒོམ་པར་བྱའོ། །འདིས་བདག་གཞན་ བརྗེ་བའི་ཚུལ་དངོས་མདོར་བསྟན་གྱི་སྒོ་ནས་བསྟན་ལ། བདག་གཞན་བརྗེ་ཞེས་པའི་དོན་ནི། རང་གཅེས་པར་འཛིན་པ་དང་གཞན་ཡལ་བར་འདོར་བའི་བློ་གཉིས་གོ་ས་བརྗེས་ཏེ་གཞན་ལ་རང་ལྟར་གཅེས་པར་འཛིན་ཞིང་རང་ལ་གཞན་ལྟར་ཡལ་

Page: 848 བར་འདོར་བའི་བློ་སྐྱེད་པ་ཡིན་ལ། །དེའང་སྔར་རང་གཅེས་པར་བཟུང་ནས་རང་གི་བདེ་བ་ཆེད་དུ་སྒྲུབ་ཅིང་སྡུག་བསྔལ་ཆེད་དུ་སེལ་བ་དེ་ལས་ལྡོག་ནས་ཕྱིན་ཆད་རང་གཅེས་འཛིན་ལ་དགྲར་བལྟས་ནས་རང་གི་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བ་ ལ་ཆེད་ཆེར་བྱེད་པ་འགོག་པ་དང་། དེ་བཞིན་དུ་སྔར་གཞན་ཡལ་བར་དོར་ནས་དེའི་བདེ་བ་དེཆེད་དུ་སྒྲུབ་པར་མི་བྱེད་པ་དང་སྡུག་བསྔལ་ཆེད་དུ་སེལ་བར་མི་བྱེད་པ་དེ་ལས་ལྡོག་ནས་ཕྱིན་ཆད་གཞན་གཅེས་འཛིན་ལ་ཡོན་ཏན་དུ་བལྟས་ནས་དེའི་བདེ་བ་ སྒྲུབ་པ་དང་སྡུག་བསྔལ་སེལ་བ་ལ་ཆེད་ཆེར་བྱེད་པའི་སྒོ་ནས་བརྗེ་བ་ཡིན་ལ། མདོར་ན་རང་གི་བདེ་བ་ལ་མི་ལྟ་བར་གཞན་གྱི་སྡུག་བསྔལ་བསལ་བའི་དོན་དུ་འཇུག་པ་ཡིན་པར་གསུངས་སོ། །གཉིས་པ་དེ་སྒོམ་ཚུལ་རྒྱས་པར་བཤད་པ་ལ་གསུམ། བརྗེ་ཚུལ་སྤྱིར་བསྟན་པ། གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་སྒོམ་པ། བརྗེས་ནས་ཇི་ལྟར་སྒྲུབ་པའོ། །དང་པོ་ལ་བཞི། གཞན་དང་དུ་བླང་བ། བདག་གཅེས་འཛིན་དོར་བ། བདག་གཞན་གཙོ་བོར་བྱས་པའི་སྐྱོན་ཡོན། དེས་ན་ངེས་པར་བརྗེ་དགོས་ པར་བསྟན་པའོ། །དང་པོ་ནི། ཇི་ལྟར་ལག་པ་སོགས་ཏེ། དེ་ལ། གཞན་བདག་ཏུ་བླང་རིགས་ཤིང་བླང་བར་ནུས་པ་ནི། སེམས་ཅན་གཞན་ནི་མཐའ་ཡས་པས་དེ་རྣམས་བདག་གཅིག་ཏུ་གཟུང་བར་མི་རིགས་སོ་སྙམ་ན། ཇི་ལྟར་ཏེ་དཔེར་ན་ལག་ པ་དང་རྐང་བ་ལ་སོགས་པ་ལུས་ཀྱི་ཆ་ཐ་དད་པ་དུ་མ་ཡོད་ཀྱང་དེ་ཐམས་ཅད་རང་གི་ལུས་གཅིག་པོ་འདི་ཉིད་ཀྱི་ཡན་ལག་གམ་ཆ་ཤས་ཡིན་པའི་རྒྱུ་མཚན་གྱིས་རང་གི་ལུས་ཞེས་བསྲུང་བྱའི་ལུས་ཉིད་དུ་གཅིག་པར་འདོད་པ་ལྟར། དེ་བཞིན་དུ་སེམས་

Page: 849 ༄༅། །ཅན་ཐ་དད་པ་དུ་མ་ཡིན་ཡང་དེ་ཐམས་ཅད་འགྲོ་བའི་ཡན་ལག་གམ་ཆ་ཤས་དག་ཏུ་བཟུང་ནས་འགྲོ་བ་ཞེས་ཅི་ཕྱིར་ལུས་ཅན་རྣམས་བསྲུངབྱའི་འགྲོ་བར་གཅིག་ཏུ་མི་འདོད་དེ་འདོད་རིགས་པར་མཚུངས་ཏེ་དེ་རྣམས་ལའང་གཅེས་ འཛིན་གོམས་ན་རང་གི་ལུས་ལྟར་གཅེས་པར་འཛིན་པའི་བློ་འབྱུང་བའི་ཕྱིར་རོ་ཞེས་སེམས་ཅན་རྣམས་བདག་ཏུ་བླངས་རིགས་པར་བསྟན་ལ། དེ་ལྟར་འདོད་རིགས་ཀྱང་དེ་འདྲའི་བློ་གོམས་པར་མི་ནུས་སོ་སྙམ་ན། ཡུན་རིང་དུ་རིམ་གྱིས་གོམས་པར་བྱས་ན་དེ་ འདྲའི་བློ་འབྱུང་སྟེ། དཔེ་ཇི་ལྟར་ན་གང་ཟག་གི་བདག་མེད་པའི་ལུས་འདི་ལ་ཡང་བདག་གིར་འཛིན་པ་རིང་དུ་གོམས་པས་བདག་གི་ལུས་སོ་སྙམ་པའི་བློ་ངང་གིས་འབྱུང་བ་དེ་བཞིན་དུ་སེམས་ཅན་གཞན་གྱི་ལུས་ལ་ཡང་བདག་གིར་འཛིན་པ་རིང་དུ་གོམས་ པར་བྱས་པས་བདག་གི་ལུས་སོ་སྙམ་པའི་བློ་ཅིས་མི་སྐྱེ་སྟེ་རྒྱུ་མཚན་མཚུངས་པའི་ཕྱིར་ངེས་པར་སྐྱེ་བས་བདག་ཏུ་བླང་ནུས་སོ་ཞེས་གོམས་ན་སེམས་ཅན་རྣམས་བདག་ཏུ་བླང་ནུས་པར་བསྟན་ཏོ། །གཞན་བདག་ཏུ་བླངས་པའི་ཡོན་ཏན་ནི། སེམས་ཅན་ གཞན་ཀུན་ལ་བདག་ཏུ་བཟུང་བ་གོམས་པས་བདག་གི་བློ་སྐྱེ་ལ་དེ་ལྟ་ན་ནི་གཞན་གྱི་དོན་འབའ་ཞིག་བྱས་ཀྱང་དེ་ལ་ངོ་མཚར་དུ་བཟུང་ནས་ཡུས་ཆེ་བ་དང་སེམས་ཁེངས་པའི་རློམ་སེམས་གང་ཡང་མི་འབྱུང་སྟེ། དཔེར་ན་བདག་ཉིད་ཀྱིས་ནི་རང་གི་ལུས་གསོ་ བའི་ཆེད་དུ་ཟས་ཟོས་ནས་སམ་ཟས་ཟོས་པ་ན་དེའི་ལན་དང་རྣམ་སྨིན་ལ་རེ་བ་ཅུང་ཟད་ཀྱང་མི་འབྱུང་བ་བཞིན་ནོ། །རྣམ་སྨིན་ལ་མི་རེ་བ་ནི། སྦྱིན་པ་འདིས་བདག་གཞན་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་འབྲས་བུ་མི་འདོད་པ་བཞིན་ཡིན་པར་

Page: 850 གསུངས་སོ། །དེ་ནི་མདོ་རྒྱན་ལས། གཞན་དང་བདག་ཏུ་མཉམ་པའི་སེམས་ཉིད་དམ། །བདག་པས་གཞན་ཆེས་སྡུག་པ་རྙེད་ནས་ནི། །དེ་ལྟར་བདག་པས་གཞན་དོན་མཆོག་འདུ་ཤེས། །རང་གི་དོན་གང་གཞན་གྱི་དོན་གང་ཡིན། །ཞེས་དང༌། རྒྱལ་སྲས་ སེམས་ཅན་རྣམས་ལ་དགའ་བ་དང༌། །བྱམས་པ་གང་ཡིན་སྦྱོར་དང་མི་སྐྱོ་གང་། །དེ་ནི་སྲིད་པ་དག་ན་ངོ་མཚར་ཆེ། །སེམས་ཅན་བདག་དང་མཚུངས་ཕྱིར་དེ་ལྟའང་མིན། །ཞེས་གསུངས་པ་ལྟར་རོ། །དེས་ན་གཞན་ཕན་གྱི་བསམ་སྦྱོར་ལ་གོམས་དགོས་པ་ དཔེ་དང་བཅས་པ་ནི། གཞན་བདག་ཏུ་བླང་རིགས་ཤིངནུས་ལ་ཕན་ཡོན་ཡོད་པ་དེ་བས་ན་ཇི་ལྟར་མི་འདོད་པའི་སྡུག་བསྔལ་ཆུང་ངུའམ་ཐ་ན་ཚིག་ཅི་སྙན་པ་ཙམ་འབྱུང་བ་ལས་ཀྱང་བདག་ཉིད་སྲུང་བར་བྱེད་པའམ་བསྲུང་བ་དེ་བཞིན་དུ་ཞེས་པའམ། རྒྱ་ དཔེ་དང་འགྲེལ་ཆེན་དུ། དེ་བས་ཇི་ལྟར་ཉམ་ཐག་དང་། །མྱ་ངན་སོགས་ལས་བདག་སྲུང་འདོད། །ཅེས་ཏེ། ལུས་གདུངབས་ཉམ་ཐག་པ་དང་སེམས་ཀྱི་མྱ་ངན་སོགས་ཅུང་ཟད་ལའང་བདག་སྲུང་བར་འདོད་པ་དེ་བཞིན་དུ་འགྲོ་བ་རྣམས་ལའང་སྡུག་ བསྔལ་འབྱུང་བ་ལ་བསྲུང་སེམས་དང་བྱུང་བ་ལ་དེ་དང་འབྲལ་འདོད་ཀྱི་སྙིངརྗེའི་སེམས་ནི་གོམས་པར་བྱ་བའམ་ཡང་ན་ཚེ་འདིའི་གནོད་པ་ལ་བསྲུང་སེམས་དང་ཕྱི་མའི་སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང་རྗེའི་སེམས་ནི་གོམས་པར་བྱ་དགོས་སོ་ཞེས་ གདམས་པར་མཛད་དོ། །རྣམ་བཤད་ལས། སྙིང་རྗེ་ནི་བསྲུངསེམས་དང་ཟློས་པས་བྱམས་པའི་སེམས་ནི་གོམས་ཞེས་པ་ཡིན་ནོ་ཞེས་བཤད་དོ། །གཞན་གྱི་སྡུག་བསྔལ་ཆུང་ངུའང་བསྲུང་དགོས་པའི་རྒྱུ་མཚན་དེ་བས་ན་མགོན་པོ་སྤྱན་རས་གཟིགས་

Page: 851 ༄༅། །གང་གི་མིང་ཐོས་ཞེས་པ་ནི་འདྲེ་ལ་སོགས་པའོ། །ཞེས་སོ། །ནུས་པ་དང་ཆེ་བ་བརྗོད་དེ་དེ་སྒོམ་པར་གདམས་པས་དོན་བསྡུ་བ་ནི། དཀའ་ཡང་ཕྱིར་མི་ལྡོག་པར་བྱས་ནས་གོམས་ན་མྱུར་དུ་སྐྱེ་ཞིང་སྐྱེས་ན་རང་གཞན་གྱི་དོན་གཉིས་འགྲུབ་ པའི་རྒྱུ་མཚན་དེ་དག་གི་ཕྱིར་ན་སྐྱེས་བུ་ཆེན་པོ་གང་ཞིག་བདག་རང་ཉིད་དང་སེམས་ཅན་གཞན་རྣམས་ནི་མྱུར་བ་ཉིད་དུ་སྲིད་ཞིའི་འཇིགས་པ་དང་སྡུག་བསྔལ་གཞན་མཐའ་དག་ལས་བསྐྱབ་པར་འདོད་པ་དེས་ནི་བདག་གཅེས་འཛིན་དང་གཞན་ཡལ་བར་ འདོར་བའི་བློ་གཉིས་ཕན་ཚུན་གོ་ས་བརྗེ་བར་བྱས་ནས་གཞན་ལ་རང་ལྟར་གཅེས་པར་འཛིན་ཞིང་རང་ལ་གཞན་ལྟར་ཡལ་བར་འདོར་བའི་བློ་སྐྱེད་པའི་སྒོ་ནས་བདག་དང་གཞན་དུ་བརྗེ་བར་བྱ་བ་འདི་བསྒོམ་པར་བྱ་དགོས་ཏེ། འདི་ལ་སྲིད་ཞིའི་རྒུད་པ་ལས་ སྐྱོབ་པའི་ནུས་མཐུ་ཡོད་ཀྱི་གཞན་ལ་མེད་པས་སོ། །འོ་ན་ད་ཁྱད་ཆོས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། དེ་ནི་ཐེག་ཆེན་གྱི་རིགས་ཅན་མ་ཡིན་པ་རྣམས་སྐྲག་པའི་རྒྱུ་དང་མ་དད་པའི་རྒྱུར་འགྱུར་བའི་མན་ངག་ཟབ་མོ་ཐེག་ཆེན་གྱི་ལམ་གནད་མཐར་ཐུག་པ་ ཐེག་དམན་ལྟ་བུའི་སྣོད་མིན་ལ་གསང་བར་བྱ་བའི་དམ་པ་མཆོག་ཏུ་གྱུར་པ་ཡིན་ལ་དེས་ན་འདི་ལ་གདམས་ངག་གི་མཆོག་ཏུ་བཟུང་སྟེ་གསང་ཞིང་མི་མངོན་པའི་ཚུལ་གྱིས་དུས་རྟག་ཏུ་ཉམས་སུ་བླངས་ནས་སྤྱད་པར་བྱ་རིགས་ཀྱི་གཞན་དུ་ན་དེ་སྤངས་པས་ངན་ སོང་དུ་འགྲོ་བར་འགྱུར་བས་སོ། །དེ་དག་ནི་གཞན་བདག་ཏུ་བླངས་ནས་གཅེས་པར་འཛིན་དགོས་པར་བསྟན་པའོ། །གཉིས་པ་བདག་གཅེས་འཛིན་དོར་བ་ནི། བདག་ལུས་གང་ལ་སོགས་ཏེ། གོང་དུ། །བདག་ཉིད་སྐྱོན་བཅས་གཞན་ལ་ཡང་། །ཡོན་

Page: 852 ཏན་རྒྱ་མཚོར་ཤེས་བྱས་ནས། །ཞེས་གསུངས་པའི་དོན་རྒྱས་པར་སྟོན་པ་ལ། ཚེ་འདིའི་འཇིགས་པ་སྐྱེད་པའི་རྒྱུ་ཡིན་པས་རང་གཅེས་འཛིན་དོར་བ་ནི། བདག་གཞན་བརྗེ་མ་ནུས་པར་རང་ལ་ཆགས་པའི་དབང་གིས་གཅེས་པར་བཟུང་ནས་བདག་གི་ལུས་ གང་ལ་མངོན་པར་ཆགས་ཤིང་ཞེན་པར་བྱས་པ་ཡིས་ནི་ཚེ་འདིར་ཡང་འཇིགས་པའི་གནས་ཆུང་དུ་སྲོག་ཆགས་སྦྲུལ་དང་སྡིག་པ་ཚེར་མ་དང་མེ་སྟག་སོགས་ལའང་འཇིགས་པ་སྐྱེ་བ་དང་དེར་མ་ཟད་ཐ་ན་རང་གི་གྲིབ་མ་ལ་ཤ་ཟར་མཐོང་བ་ལྟ་བུས་ ཀྱང་འཇིགས་སྐྲག་ཆེན་པོ་སྐྱེ་བར་འགྱུར་བ་ཡིན་ན་འཇིགས་པའི་གནས་ཆེན་པོ་ལ་བརྟེན་ནས་འཇིགས་སྐྲག་མི་བཟད་པ་སྐྱེ་བ་ལྟ་ཅི་སྨོས། དེ་ལྟར་ཕྱི་མར་མ་ཟད་ཚེ་འདི་ལའང་འཇིགས་པ་དུ་མ་སྐྱེ་བའི་གནས་སུ་གྱུར་པའི་རང་གི་ལུས་དེ་ལ་རྣམ་དཔྱོད་ དང་ལྡན་པའི་མཁས་པ་སུ་ཞིག་རང་ལ་གནོད་བྱེད་ཀྱི་དགྲ་བོ་བཞིན་དུ་སྣང་བར་མི་བྱེད་དེ་སྡང་ཞུགས་ཀྱིས་འདོར་བར་བྱེད་རིགས་ཀྱི་ཆགས་ཤིང་ཞེན་པའི་སྒོ་ནས་གཅེས་པར་འཛིན་མི་རིགས་སོ་ཞེས་པ་སྟེ་རང་གཅེས་པར་མ་བཟུང་ན་འཇིགས་པ་བ། ང་ཡང་སྐྱེ་ དོན་མེད་པས་དེ་སྐད་བསྟན་ཏོ། །ཕྱི་མའི་སྡུག་བསྔལ་སྐྱེད་པར་རྒྱུ་ཡིན་པས་རང་གཅེས་འཛིན་དོར་བ་ནི། རང་ལ་གཅེས་པར་བཟུང་ནས་ལུས་གང་ཞིག་བཀྲེས་པ་དང་སྐོམ་པ་དང་ཚ་ཞིང་གྲང་བ་སོགས་ཀྱི་ནད་རྣམས་ཞེས་སམ། ཡང་ན་བཀྲེས་སྐོམ་སོགས་ དང་འབྱུང་འཁྲུགས་ཀྱི་ནད་རྣམས་གསོ་བའི་ཆོ་ག་བྱེད་པར་འདོད་པས་ཟས་གོས་དང་ལ་སྨན་དཔྱད་ལ་སོགས་པའི་ཕྱིར་དུ་བྱ་དང་ཉ་དང་རི་དྭགས་དང་གནག་ཕྱུགས་དག་གསོད་པར་བྱེད་ཅིང༌། འགྲོན་པོ་ལམ་དུ་འགྲོ་བ་རྣམས་འཇོམས་སླ་བའི་ལ་ཆུ་འཕྲང་

Page: 853 ༄༅། །གསུམ་གྱི་ལམ་འགག་བགྲོད་དཀའ་བ་དག་ཏུ་སྒུག་པར་བྱེད་ཅིང་དེ་དག་གི་ནོར་རྫས་རྣམས་འཕྲོག་པར་བྱེད་པ་དང༌། ལས་འབྲས་ལ་རྨོངས་པའི་གང་ཟག་གང་ཞིག་རང་ཉིད་ཀྱིས་ཁེ་སྟེ་རྙེད་པ་དང་རིམ་གྲོ་སྟེ་བཀུར་སྟི་ ཐོབ་པར་བྱ་བའི་ཕྱིར་དུ་འདི་དག་མ་བསད་ན་བདག་ལ་རྙེད་བཀུར་འོང་བའི་གེགས་བྱེད་དོ་སྙམ་ནས་དྲིན་ཆེན་པོས་བསྐྱངས་པའི་ཕན་འདོགས་ཀྱི་ཞིང་ཁྱད་པར་ཅན་རང་གི་ཕ་དང་མ་ཡང་གསོད་པའི་མཚམས་མེད་ཀྱི་ལས་གསོག་པར་བྱེད་ཅིང་ཞེས་སམ། ཡང་ ན་ལུས་གང་ཞིག་ཁེ་དང་རིམ་གྲོའི་ཕྱིར་ཞེས་སྦྱར། གཞན་ཡང་ཡོན་ཏན་གྱི་ཞིང་ས་ཁྱད་པར་ཅན་དཀོན་མཆོག་གསུམ་གྱི་དཀོར་ནོར་དག་ཀྱང་བརྐུས་སམ་འཕྲོག་ནས་ལས་ངན་ཚབས་ཆེན་གསོག་པར་བྱེད་ལ་ལས་ངན་པ་དེ་དང་དེས་ནི་ཕྱི་མར་དམྱལ་བ་ མནར་མེད་ཀྱི་མེས་སྲེག་པ་༌་སོགས་ངན་སོང་གི་སྡུག་བསྔལ་ཆེན་པོ་སྐྱེད་པ་དང༌། དེ་བཞིན་དུ་དཀོན་མཆོག་གི་དཀོར་བརྐུས་ན་རབ་ཏུ་ཚ་བའི་དམྱལ་བར་སྐྱེ་བར་ཡང་གསུངས་པས་དེ་ལྟ་བུའི་ཕྱི་མའི་སྡུག་བསྔལ་ཆེན་པོ་འབྱུང་བའི་རྒྱུར་འགྱུར་ན། སྡིག་ པའི་ཉེས་དམིགས་ཤེས་པའི་མཁས་པ་སུ་ཞིག་ཉེས་པའི་འབྱུང་གནས་སུ་གྱུར་པའི་ལུས་དེ་ལ་ཆགས་ཤིང་དགའ་བས་འདོད་ཅིང་གཅེས་སྤྲས་ཀྱིས་བསྲུང་ཞིང་སྐྱོང་བ་དང་དཀོན་མཆོག་གི་དཀོར་སོགས་ཟས་གོས་ཀྱི་རྙེད་པས་མཆོད་པར་བྱེད་དེ་དེ་ལྟར་བྱེད་ མི་རིགས་ཀྱི། ཉེས་པའི་རྒྱུ་དང་སྤྱི་བའི་གནས་སུ་གྱུར་པའི་རང་གི་ལུས་འདི་ལ་དེའི་རང་བཞིན་སྐྱོན་ཅན་དུ་ཤེས་པའི་རིག་པ་དང་ལྡན་པའི་མཁས་པ་སུ་ཞིག་དགྲ་བཞིན་དུ་ལྟ་བར་མི་བྱེད་དེ་དགྲ་བཞིན་དུ་ལྟ་རིགས་ལ་དེ་བཞིན་དུ་སུ་ཞིག་བརྙས་པར་མི་བྱེད་

Page: 854 དེ་ཁྱད་དུ་བསད་དེ་བརྙས་པར་བྱས་ནས་ལྟོས་མེད་དུ་འདོར་རིགས་ཀྱི་གཅེས་པར་འཛིན་པ་ནི་རྣམ་པ་ཐམས་ཅད་དུ་མི་རིགས་སོ་ཞེས་པ་སྟེ། དེ་དག་ནི་རང་གི་ལུས་སྲོག་ལ་ཆགས་ནས་དེ་གཅེས་པར་བཟུང་ནས་འདི་ཕྱི་ཀུན་ཏུ་ཕུང་བར་འགྱུར་ཚུལ་གྱི་ སྐྱོན་གཙོ་བོར་བརྗོད་དེ་དེ་སྤངས་ནས་བདག་གཞན་བརྗེ་དགོས་པར་བསྟན་པའོ། །གསུམ་པ་བདག་གཞན་གཙོ་བོར་བྱས་པའི་སྐྱོན་ཡོན་ནི། གལ་ཏེ་བྱིན་ན་སོགས་ཏེ། དེ་ལྟ་བུའི་སྐྱོན་ཡོན་གྱི་ཁྱད་པར་སྤེལ་ཏེ་རྒྱས་པར་སྟོན་པ་ལ། སྤྱད་པ་དང་བྱིན་ པའི་སྐྱོན་ཡོན་ནི། ཡོ་བྱད་འགའ་ཞིག་གསར་དུ་རྙེད་པའམ་སྔ་ནས་རང་ལ་ཡོད་པའང་རུང་སྟེ་སློང་མོ་བ་ལྟ་བུ་དང་འཕྲད་པའམ་དེ་མིན་ཀྱང་ཡོ་བྱད་ལ་གཞན་ལ་བྱིན་ནམ་རང་གི་ལོངས་སྤྱོད་པར་བྱ་སྙམ་དུ་སེམས་པ་ན། གལ་ཏེ་སེར་སྣའི་དབང་གིས་ ཡོ་བྱད་འདི་གཞན་ལ་བྱིན་པར་བྱས་ན་བདག་རང་གིས་ཅི་ཞིག་ལ་ལོངས་སྤྱོད་ཅེས་གཞན་ལྟོས་མེད་དུ་ཡལ་བར་བོར་ནས་བདག་བདེ་བའི་དོན་འབའ་ཞིག་གཙོ་བོར་སེམས་པ་ནི་འདྲེ་ཡི་ཚུལ་སྟེ་ཡི༌དྭགས་ཀྱི་སྤྱོད་ཚུལ་ཡིན་པས་དེས་འཇིགས་པ་སྐྱེད་པར་བྱེད་དེ་ སེར་སྣའི་དབང་གིས་ཕྱི་མར་ཤ་ཟའམ་ཡི་དྭགས་སུ་འགྱུར་ལ། གལ་ཏེ་ནོར་རྫས་འདི་བདག་རང་གིས་ལོངས་སྤྱོད་པར་བྱས་ན་གཞན་ལ་ཅི་ཞིག་སྦྱིན་པར་བྱ་ཞེས་རང་ལྟོས་མེད་དུ་བོར་ནས་གཞན་བདེ་བའི་དོན་ཁོ་ན་གཙོ་བོར་སེམས་པ་ནི་ལྷ་ཡི་ཆོས་ ཚུལ་ཡིན་པས་དེས་ཕུན་སུམ་ཚོགས་པའི་བདེ་བ་སྐྱེད་པར་བྱེད་དེ་གཏོང་སེམས་དེས་ཕྱི་མར་ལྷའི་རྒྱལ་པོ་ཚངས་དབང་སོགས་ཀྱི་དབང་ཕྱུག་ཐོབ་པའི་རྒྱུ་བྱེད་པས་སོ། །ཡང་ན་འདྲེ་ཡི་ཚུལ་ཞེས་པ་དམན་པའི་སྤྱོད་པའམ་སྤྱོད་ཚུལ་ངན་པ་དང་ལྷ་ཡི་

Page: 855 ༄༅། །ཆོས་ཞེས་པ་ཁྱད་པར་གྱི་སྤྱོད་པའམ་ཆོས་ལུགས་བཟང་པོ་ཙམ་ལ་བྱའོ། །གཞན་དང་རང་ལ་གནོད་པ་བྱས་པའི་སྐྱོན་ཡོན་ནི། བདག་ཉིད་བདེ་བའི་ཕྱིར་དུ་སེམས་ཅན་གྱི་སྲོག་གཅོད་པ་དང་དེའི་ཡོ་བྱད་རྐུ་བ་སོགས་ གཞན་གྱི་ལུས་སྲོག་ལོངས་སྤྱོད་ལ་གནོད་པ་བྱས་ན་རང་ཉིད་དམྱལ་བ་ལ་སོགས་པར་སྐྱེས་ནས་སྡུག་བསྔལ་དྲག་པོས་གདུང་བར་འགྱུར་ལ། གཞན་བདེ་བའི་ཕྱིར་དུ་བདག་རང་གི་ལུས་སྲོག་ལོངས་སྤྱོད་ལ་གནོད་པ་བྱས་ཏེ་དེ་དག་གི་ཆེད་དུ་ ཕངས་མེད་དུ་བཏང་ན་རང་གིས་འདི་ཕྱིའི་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་རོ། །འདི་ལ་ལུས་ངག་གིས་གནོད་པ་བྱེད་པ་ཞེས་འགྲེལ་ཆེན་དུའོ། །རང་དང་གཞན་མཐོ་འདོད་ཀྱི་སྐྱོན་ཡོན་ནི། བདག་ཉིད་ཁོ་ན་རིགས་གཟུགས་འཁོར་ ནོར་རྙེད་བཀུར་བསྟོད་གྲགས་སོགས་ཀྱི་སྒོ་ནས་གཞན་ལས་མཐོ་བར་འདོད་པའི་བསམ་པ་དེས་ནི་ཕྱི་མར་ངན་འགྲོ་རྣམས་སུ་སྐྱེ་བ་དང་མི་སྐྱེས་ནའང་རིགས་གཟུགས་ངན་པ་དང་བླང་དོར་ཅིའང་མི་ཤེས་པའི་གླེན་པ་སོགས་སུ་སྐྱེ་བར་འགྱུར་ལ། །རང་ཉིད་ མཐོ་བར་འདོད་པའི་བསམ་པ་དེ་ཉིད་གཞན་སེམས་ཅན་རྣམས་ལ་སྤྲོ་བར་བྱས་ནས་རང་ལས་གཞན་སྒོ་ཐམས་ཅད་ནས་མཐོ་བར་འདོད་ན་ཕྱི་མར་བདེ་འགྲོར་སྐྱེ་བ་དང་དེར་ཡང་གཞན་གྱིས་དམ་པར་བྱེད་པ་དང་ཕུ་དུད་དུ་བྱེད་པའི་བཀུར་སྟིའམ་རིམ་གྲོ་ཕུན་ སུམ་ཚོགས་པ་ཐོབ་པར་འགྱུར་རོ། །འདིས་ལུས་ངག་གིས་ཕན་གནོད་དུ་མ་ཟད་སེམས་ཙམ་གྱིས་དེ་ལྟར་འདོད་པའང་སྐྱོན་ཡོན་ཆེ་བར་བསྟན་ཞེས་བ་སྔ་མར་རོ། །རང་གཞན་གྱི་ཆེད་དུ་ལས་ལ་བཀོལ་བའི་སྐྱོན་ཡོན་ནི། བདག་གི་ལས་བྱ་བའི་

Page: 856 དོན་དུ་གཞན་ཕ་རོལ་པོ་བྲན་དང་གཡོག་ཏུ་བཀོལ་བར་བྱས་ན་ཕྱི་མར་རང་ཉིད་གཞན་གྱིས་དབང་མེད་དུ་ལས་ལ་བཀོལ་བའི་བྲན་གཡོག་དང་གཞན་གྱི་གླ་མི་དང་རིགས་ངན་དང་གཟུགས་མི་སྡུག་པ་ལ་སོགས་པ་སྐྱེས་ནས་སྡུག་བསྔལ་མྱོང་བར་ འགྱུར་ལ། གཞན་གྱི་ལས་བྱ་བའི་དོན་དུ་བདག་ཉིད་བཀོལ་ཞིང་སྤྱད་ན་ཕྱི་མར་བདག་ཉིད་རྗེ་དཔོན་ཉིད་དང་རིགས་མཐོ་བ་དང་གཟུགས་བཟང་བ་སོགས་ཀྱི་བདེ་བ་མྱོང་བར་འགྱུར་རོ། །འདི་ལ་ངག་ཙམ་གྱིས་བསྐུལ་བའི་སྐྱོན་ཡོན་ཞེས་ ཀྱང་ངོ༌། །དེ་དག་ནི་བདག་གཅེས་འཛིན་དང་གཞན་གཅེས་འཛིན་གྱི་སྐྱོན་ཡོན་སྤེལ་ཏེ་རྒྱས་པར་བསྟན་པའོ། །བསམ་པའི་ཁྱད་པར་ལས་ལེགས་ཉེས་ཐམས་ཅད་འབྱུང་ཚུལ་བསྟན་པས་དོན་བསྡུ་བ་ནི། མདོར་ན་འཇིག་རྟེན་ན་བདེ་བ་དང་ལེགས་ པའི་ཡོན་ཏན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཀུན་ནི་གཞན་རྣམས་གཅེས་པར་བཟུང་ནས་དེ་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཕན་བདེ་ལ་སྦྱོར་བར་འདོད་པའི་བསམ་པ་བཟང་བོ་ལས་བྱུང་བས་ན་གཞན་གཅེས་འཛིན་ནི་ཕུན་སུམ་ ཚོགས་པ་ཐམས་ཅད་ཀྱི་གནས་ཡིན་ལ། འཇིག་རྟེན་ན་སྡུག་བསྔལ་དང་ཉེས་པའི་སྐྱོན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཀུན་ནི་རང་གཅེས་པར་བཟུང་ནས་བདག་ཉིད་འབའ་ཞིག་དུས་ཀུན་ཏུ་བདེ་བའི་ཐབས་སུ་བྱ་མིན་ལ་འཇུག་པར་འདོད་པའི་བསམ་པ་དམན་པ་ལས་བྱུང་ བ་ཡིན་པས་ན་རང་གཅེས་པར་འཛིན་པ་ནི་རྒུད་པ་ཀུན་གྱི་སྒོར་ཤེས་པར་བྱས་ནས་གཞན་གཅེས་འཛིན་གྱི་བསམ་པ་སྐྱེད་ཅིང་འཕེལ་བ་དང་རང་གཅེས་འཛིན་གྱི་བསམ་པ་མི་སྐྱེ་བ་དང་དགག་པའི་ཐབས་ལ་ཅི་ནས་ཀྱང་འབད་པར་བྱའོ། །རང་དོན་དང་གཞན་དོན་ལ་ཞུགས་པའི་སྐྱོན་ཡོན་བསྡུས་ཏེ་

Page: 857 ༄༅། །དཔེས་བསྟན་པ་ནི། བཤད་མ་ཐག་པ་འདིའི་རྒྱུ་མཚན་མང་དུ་རྒྱས་པར་བཤད་ལྟ་ཅི་ཞིག་དགོས་ཏེ་བྱིས་པ་དམན་པ་མི་མཁས་པ་རྣམས་ཀྱིས་ཐོག་མེད་ནས་གཞན་ཡལ་བར་བོར་རང་གཅེས་པར་བཟུང་ནས་རང་གི་དོན་ཁོ་ན་བྱེད་ པ་ལ་ཞུགས་ནའང་རང་གི་དོན་ཅིའང་མ་འགྲུབ་པར་སྲིད་པའི་གནས་སུ་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པ་དང་། ཐུབ་པ་སྐྱེས་མཆོག་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་རྣམས་ཀྱིས་རང་དོན་ཡལ་བར་བོར་གཞན་གཅེས་པར་བཟུང་ནས་སེམས་ཅན་ གྱི་དོན་ཁོ་ན་བྱེད་པ་ལ་ཞུགས་པས་རང་གཞན་གཉིས་ཀའི་དོན་མཐར་ཕྱིན་༌་པར་གྱུར་ཏེ་ཞི་བའི་གནས་སུ་ཟག་མེད་ཀྱི་བདེ་བ་དམ་པ་ལ་སྤྱོད་པ་འདི་གཉིས་ཀྱི་ནི་སྐྱོན་ཡོན་གྱི་ཁྱད་པར་ལྟོས་ལ་བདག་གཞན་བརྗེས་པའི་ཕན་ཡོན་དང་མ་བརྗེས་པའི་ཉེས་ དམིགས་ལ་ཡིད་ཆེས་པར་གྱིས་ལ་སྙིང་ཐག་པ་ནས་སྤྲོ་ཤུགས་བསྐྱེད་དེ་བདག་གཞན་བརྗེ་བ་སྒོམ་པ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་གྱིས་ཤིགདེ་ལྟར་མདོ་སྡེའི་རྒྱན་ལས། སྐྱེ་བོ་རྨོངས་པ་རང་གི་བདེ་དོན་བརྩོན། །རྟག་ཏུ་དེ་མ་ཐོབ་ པར་སྡུག་བསྔལ་འགྱུར། །བརྟན་པ་རྟག་ཏུ་གཞན་དོན་བརྩོན་ལྡན་པས། །གཉིས་ཀའི་དོན་བྱས་མྱ་ངན་འདའ་བར་གྱུར། །ཞེས་དང་། རིན་ཕྲེངལས་ཀྱང་། དེ་བས་དེ་ལྟར་ལས་འབྲས་བདག །མཐུན་པར་མཁྱེན་མཛོད་དོན་དུ་ནི། །འགྲོ་ལ་ ཕན་པ་རྟག་ཏུ་མཛོད། །དེ་ཉིད་ཁྱོད་ལ་ཕན་པ་ལགས། །ཞེས་པ་ལྟར་རོ། །རང་གཙོ་བོར་བྱས་ནས་གཅེས་པར་བཟུང་སྟེ་བདག་གཞན་མ་བརྗེས་པའི་ཉེས་དམིགས་ལ། མ་མཐོང་བ་ཕྱི་མའི་ཉེས་དམིགས་ནི། བདག་གཅེས་འཛིན་ལ་དགྲུར་བལྟས་

Page: 858 ནས་བདག་གི་བདེ་བ་ལ་ཆེད་ཆེར་བྱེད་པ་འགོག་ཅིང་གཞན་གཅེས་འཛིན་ལ་ཡོན་ཏན་དུ་བལྟས་ནས་གཞན་གྱི་སྡུག་བསྔལ་ཡལ་བར་འདོར་བ་བཀག་ནས་དེ་སེལ་བ་ལ་ཆེད་ཆེར་བྱེད་པའི་སྒོ་ནས་བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་དག་ཡང་དག་ པར་བརྗེ་བར་མ་བྱས་པར་བདག་གཅེས་པར་བཟུང་ན་རང་ཉིད་རྫོགས་པའི་སངས་རྒྱས་ཉིད་དུ་ནམ་ཡང་མི་འགྲུབ་ཅིང་སྟེ་འགྲུབ་མི་སྲིད་ལ། ་དེ་མ་གྲུབ་ཀྱང་སྲིད་པའི་བདེ་བ་ལ་སྤྱད་ནས་བསྡད་པས་ཆོག་མོད་སྙམ་ན་འཁོར་བ་ན་ཡང་ཕུན་སུམ་ཚོགས་པའི་ བདེ་བ་ཡོད་ཡེ་མེད་དེ་སྲིད་པའི་རང་བཞིན་སྡུག་བསྔལ་ལས་མ་འདས་པས་སོ་ཞེས་འཆད་དགོས་ལ། ཡང་བདག་གི་བདེ་བ་རྒྱུར་བཅས་གཞན་ལ་ཕར་གཏོང་ཞིང་གཞན་གྱི་སྡུག་བསྔལ་རྒྱུར་བཅས་རང་ལ་ཚུར་ལེན་པའི་ཚུལ་གྱིས་ཡང་དག་པར་བརྗེ་ བར་མ་བྱས་ན་སངས་རྒྱས་ཉིད་དུ་མི་འགྲུབ་ཅེས་བཤད་ཀྱང་ཆོག་མོད། འོན་ཀྱང་བདེ་སྡུག་བརྗེ་ཚུལ་དངོས་ནི་སྔ་མ་ལྟར་ཡིན་ལ་གོང་དུ་ཡང་བཤད་ཟིན་དོ། །ཡང་བདག་གཞན་བརྗེ་བར་མ་བྱས་ན་མཐར་ཐུག་སངས་རྒྱས་ཉིད་དུ་མི་འགྲུབ་པར་མ་ཟད་ གནས་སྐབས་འཁོར་བ་ན་ཡང་ལྷ་མིའི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐོབ་པའང་མེད་ཅེས་བཤད་ཀྱང་ཆོག་ལ་དེ་ལྟར་འཆད་པ་ནི་བདག་གཞན་མ་བརྗེས་ན་གཞན་དོན་དུ་སངས་རྒྱས་མི་འགྲུབ་པར་མ་ཟད་རང་དོན་དུ་མཐོ་རིས་ཀྱི་བདེ་བ་རྒྱ་ཆེ་ཞིང་རྒྱུན་ མི་འཆད་པའང་མི་འཐོབ་ཅེས་པའི་དོན་ཏེ་དེ་ནི་སངས་རྒྱས་འགྲུབ་པ་ལ་བདག་གཞན་བརྗེ་བ་འདི་དགོས་ཀྱང་མཐོ་རིས་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཁྱད་པར་ཅན་སྒྲུབ་པ་ལ་དེ་མི་དགོས་སྙམ་པའི་དོགས་པ་གཅོད་པའང་ཡིན་པར་གསུངས་སོ། །བདག་གཞན་བརྗེ་བའི་

Page: 859 ༄༅། །སྒོ་ནས་བྱང་ཆུབ་ཀྱི་སེམས་མ་བཟུང་ན་སངས་རྒྱས་མི་འཐོབ་པ་ནི། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བཟུང་བར། །སངས་རྒྱས་ནམ་ཡང་མི་མཐོང་ཞིང་། །འཁོར་བར་བདག་གཞན་དོན་སྒྲུབ་པའི། ། ཐབས་ནི་གཞན་དག་ཡོད་མ་ཡིན། །ཞེས་སོ། །མཐོང་བ་ཚེ་འདིའི་ཉེས་དམིགས་ནི། དེ་ལྟར་རང་གཅེས་པར་བཟུང་གཞན་ཡལ་བར་བོར་བས་མ་མཐོང་བ་འཇིག་རྟེན་ཕ་རོལ་གྱི་གནས་སྐབས་དང་མཐར་ཐུག་གི་བདེ་འབྲས་མི་འཐོབ་པའི་ཉེས་ དམིགས་ཕར་ཞོག་གི་མཐོང་བའི་ཆོས་སུ་གྱུར་པའི་ཚེ་འདིའི་དོན་ཡང་མི་འགྲུབ་སྟེ། འདི་ལྟར་བྲན་གཡོག་དག་གིས་རང་ལ་གཅེས་སྤྲས་བྱས་ཏེ་རྗེ་དཔོན་གྱི་དོན་ཡལ་བར་བོར་ནས་ལས་སུ་བསྐོས་པའི་བྱ་བ་ཞིང་ལས་སོགས་མི་བྱེད་པ་དང་རྗེ་ དཔོན་ཡང་རང་གཅེས་པར་བཟུངབྲན་གཡོག་གི་དོན་ཡལ་བར་བོར་ནས་དེ་ལ་ལས་སྒྲུབ་ཏུ་བཅུག་སྟེ་ཟས་གོས་དང་གླ་རྔན། སྟེར་འོས་པ་མི་སྟེར་བས་ནི་གཉིས་ཀའི་ཚེ་འདིའི་དོན་ཙམ་ཡང་འགྲུབ་པར་མི་འགྱུར་ཏེ་བྲན་གཡོག་གིས་ལས་མ་ བྱས་པས་གླ་རྔན་མི་ཐོབ་ལ་རྗེ་དཔོན་གྱིས་གླ་རྔན་མ་བྱིན་པས་ལས་མི་འགྲུབ་པས་སོ། །ཡང་གི་སྒྲས་མ་མཐོང་བ་ཕྱི་མའི་བདེ་འབྲས་མི་འགྲུབ་པ་ལྟ་ཅི་སྨོས་ཞེས་བསྟན་ཏོ། །ཉེས་དམིགས་དེ་དག་འབྱུང་བའི་རྒྱུ་བསྟན་པ་ནི། རང་གཅེས་ འཛིན་གྱི་དབང་གིས་མཐོང་བ་ཚེ་འདི་དང་མ་མཐོང་བ་ཚེ་ཕྱི་མའི་བདེ་སྐྱིད་རྒྱ་ཆེན་པོ་འགྲུབ་པའི་རྒྱུ་བདག་གཞན་བརྗེ་བ་སྤངས་པས་ཚེ་འདི་ཕྱིའི་ཕུན་སུམ་ཚོགས་པའི་བདེ་སྐྱིད་ཐམས་ཅད་ཡོངས་སུ་བོར་ཞིང་། རང་གཅེས་འཛིན་དོར་ནས་གཞན་

Page: 860 དོན་ཆེད་ཆེར་མ་བྱས་པར་ཆགས་པའི་དབང་གིས་བདག་གཅེས་པར་བཟུང་ནས་གཞན་ལ་གནོད་པའི་སྡུག་བསྔལ་འབའ་ཞིག་བྱས་པའི་རྒྱུས་བདེ་སྡུག་གི་ཐབས་ཀྱི་བླང་དོར་ལ་རྨོངས་པ་རྣམས་ཞེས་སམ་བླང་དོར་ལ་རྨོངས་པའི་བྱིས་པ་ རྣམས་མཐོང་བ་དང་མ་མཐོང་བའི་སྡུག་བསྔལ་མི་བཟད་པ་རང་རྒྱུད་ལ་ལེན་པར་འགྱུར་རོ་ཞེས་རང་གཅེས་འཛིན་ཉིད་ཉེས་དམིགས་ཀྱི་རྩ་བར་བསྟན་ཏོ། །རྒྱ་དཔེ་སོགས་སུ། ཕན་ཚུན་བདེ་སྐྱིད་ཡོངས་བོར་ནས། ཞེས་ཡོད་དེ། དོན་ནི་ བདག་གཞན་བརྗེས་ནས་ཕན་ཚུན་གཅིག་གི་གཅིག་ལ་བདེ་བ་སྐྱེད་པར་ཤེས་བཞིན་དུ་དེ་ཡོངས་སུ་བོར་ནས་ཞེས་པ་ཡིན་ལ། དེ་བཞིན་དུ་ཕན་ཚུན་སྡུག་བསྔལ་བྱས་པའི་རྒྱུས་ཞེས་ཀྱང་ཡོད་པར་མངོན་ལ་དེའི་དོན་ཡང་ཕན་ཚུན་མི་འདོད་པ་ བསྒྲུབས་ཏེ་སྡུག་བསྔལ་བྱས་པའི་རྒྱུས་ཞེས་པའོ། །ཡང་བདག་གཅེས་འཛིན་གྱི་དབང་གིས་བདེ་སྡུག་གི་རྒྱུའི་བླང་དོར་ལ་རྨོངས་ནས་ཕྱིན་ཅི་ལོག་ཏུ་ཞུགས་པས་སྡུག་བསྔལ་མི་བཟད་པ་ལེན་ཞེས་རྒྱུ་མཚན་དུ་སྦྱར་ནས་རྨོངས་པ་སྡུག་ བསྔལ་གྱི་རྒྱུར་བསྟན་པ་ལ་སྦྱར་ཀྱང་ཆོག་ལ། སྔ་མ་ནི་རྨོངས་པ་ཞེས་པ་སྨད་པའི་དོན་དུ་བྱས་པའོ། །དེ་དག་གིས་ནི་བདག་གཅེས་འཛིན་གྱིས་འདི་ཕྱི་ཐམས་ཅད་དུ་ཕུང་བར་བསྟན་ཏོ། །བཞི་པ་དེས་ན་ངེས་པར་བརྗེ་དགོས་པར་བསྟན་པ་ནི། འཇིག་རྟེན་དག་ན་སོགས་ཏེ། དེ་ལ། །རང་གཅེས་འཛིན་འདོར་རིགས་པའི་རྒྱུ་མཚན་ནི། སྲིད་པ་འཁོར་བའི་འཇིག་རྟེན་དག་ན་ཡིད་མི་བདེ་བ་སྐྱེད་པའི་རྒྱུ་མི་དང་མི་མིན་གྱི་གནོད་པ་སོགས་ཕྱིནང་གི་གནོད་འཚེའམ་ཉེ་བར་འཚེ་བའི་རིགས་གང་ཡོད་པ་དང༌།

Page: 861 སྡུག་བསྔལ་གྱི་རྒྱུར་གྱུར་པའི་འཇིགས་པ་དང་དེའི་འབྲས་བུ་སྡུག་བསྔལ་གྱི་རིགས་ཇི་སྙེད་ཅིག་ཡོད་པར་གྱུར་པ་ཞེས་སམ། དགྲ་དང་གཅན་གཟན་སོགས་ཀྱི་འཇིགས་པ་དང་སྐྱེ་རྒ་སོགས་ཀྱི་སྡུག་བསྔལ་ཞེས་པའམ། སེམས་ཀྱི་འཇིགས་ པ་དང་ལུས་ཀྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པར་གྱུར་པ་དེ་དག་ཀུན་ནི་བདག་ཏུ་འཛིན་པའི་རྒྱུ་ཅན་གྱི་བདག་གཅེས་པར་འཛིན་པ་ལས་བྱུང་བས་ན་གནོད་པ་དང་མི་འདོད་པ་ཐམས་ཅད་སྐྱེད་བྱེད་ཀྱི་རྒྱུ་དང་རྩ་བར་གྱུར་པའི་བདག་གཅེས་འཛིན་གྱི་འདྲེ་ཆེན་པོ་དེས་ཀོ་སྟེ་ དེས་ནི་བདག་ལ་ཅི་ཞིག་བྱ་སྟེ་དགོས་པ་ཅུང་ཟད་ཀྱང་མེད་པས་དེ་སྤོང་བ་ལ་ནན་ཏན་བསྐྱེད་ནས་འབད་པར་གྱིས་ཤིག་ཅེས་རང་གཅེས་འཛིན་འདོར་རིགས་པའི་རྒྱུ་མཚན་བསྟན་ཏེ་དེ་སྤོང་བར་གདམས་པའོ། །དེ་ལྟར་ཉེས་པའི་རྩ་བ་ངོས་བཟུང་ནས་དེ་ལ་ དགྲར་བལྟས་ཏེ་རྒྱུ་བདག་ཉིད་གཅེས་པར་འཛིན་པའམ་བདག་གཅེས་འཛིན་ཉིད་ཡོངས་སུ་མ་བཏང་ཞིང་མ་སྤངས་ན་འབྲས་བུ་རང་གཞན་གྱི་སྡུག་བསྔལ་ཅུང་ཟད་ཀྱང་སྤོང་བར་མི་ནུས་ཏེ་རྒྱུ་མ་སྤངས་པའི་ཕྱིར། ཇི་ལྟར་ཏེ་དཔེར་ན་སྲེག་བྱེད་ཀྱི་མེ་ ནི་ལག་ཏུ་བཟུང་ནས་མ་བཏང་ན་དེས་སྲེག་པའི་སྡུག་བསྔལ་སྤོང་བར་མི་ནུས་པ་བཞིན་ནོ། །འདིར་བདག་ཏུ་འཛིན་པ་ཞེས་པ་ཕལ་ཆེར་དུ་བདག་འཛིན་ཉིད་ལ་ངོས་གཟུང་ནས་བཤད་པ་ལྟར་བྱས་ཀྱང་ཆོག་མོད། འོན་ཀྱང་གོང་དུ་རང་གཅེས་པར་བཟུང་བས་ བདག་གཞན་བརྗེ་མ་ནུས་ཤིང་མ་བརྗེས་པས་འདི་ཕྱིའི་ཉེས་པ་ཐམས་ཅད་འབྱུང་བར་གསུངས་ནས་རང་གཅེས་འཛིན་ཉེས་པའི་རྩ་བར་བསྟན་ཞིང་འོག་༌ཏུའང་དེ་བཞིན་དུ་འཆད་པར་འགྱུར་བ་ལྟར་འདིར་ཡང་ཉེས་པའི་དངོས་རྒྱུའི་དབང་དུ་བྱས་ནས་བདག་གཅེས་

Page: 862 འཛིན་ཉིད་ལ་གཟུང་བར་བྱ་དགོས་ལ་བརྒྱུད་རྒྱུ་ལྟ་བུའི་དབང་དུ་བྱས་ན་བདག་འཛིན་ཉིད་ལ་༌༌བཤད་ཀྱང་མི་འགལ་སྙམ་མོ། །འདི་དག་གིས་ནི་རང་གཅེས་འཛིན་ཉེས་པའི་རྩ་བ་ཡིན་པའི་རྒྱུ་མཚན་དེས་ན་དེ་ལ་དགྲར་བལྟས་ཏེ་ཕྱིན་ཆད་གཞན་གཅེས་པར་ བཟུང་ནས་ངེས་པར་བརྗེ་དགོས་པར་བསྟ་ཏོ༑༑ བསམ་པས་བརྗེ་ཚུལ་དང་བརྗེས་ནས་འཇུག་ཚུལ་ནི། དེ་ལྟར་རང་གཅེས་འཛིན་ནི་རང་གཞན་གྱི་མི་འདོད་པ་ཐམས་ཅད་ཀྱི་རྩ་བ་ཡིན་པ་དེ་ལྟ་བས་ན་བདག་ཉིད་ཀྱི་གནོད་པའི་སྡུག་བསྔལ་ཐོམས་ ཅད་ཞི་བར་བྱ་བའི་ཆེད་དང་དེར་མ་ཟད་གཞན་གྱི་མི་འདོད་པའི་སྡུག་བསྔལ་ཐམས་ཅད་ཀྱང་ཞི་བར་བྱ་བའི་ཕྱིར་དུ་བདག་གཅེས་འཛིན་གྱི་བློ་སྤངས་ཏེ་རང་དོན་ལ་ལྟོས་པ་མེད་པར་བདག་ཉིད་གཞན་ལ་ཕན་པའི་ཆེད་དུ་གཏང་བར་བྱ་བ་དང་གཞན་སེམས་ཅན་ རྣམས་ལ་བདག་ཉིད་བཞིན་དུ་གཅེས་པར་བཟུང་༌ནས་བརྗེ་བར་བྱ་བ་ཡིན་ལ། དེའང་སྔར་གཞན་ཡལ་བར་དོར་བ་བཞིན་དུ་ཕྱིས་རང་ཡལ་བར་འདོར་བ་དང་སྔར་རང་གཅེས་པར་བཟུངནས་ཕན་བདེ་སྒྲུབ་པ་བཞིན་དུ་ཕྱིས་གཞན་ལ་དེ་ལྟར་བྱ་བར་འདོད་པའི་སྒོ་ནས་ བརྗེ་བ་ཡིན་ནོ། །དེས་ནི་བསམ་པའི་སྒོ་ནས་བརྗེ་ཚུལ་དངོས་དེ་ལྟར་དགོས་ཞེས་བསྟན་པ་ལ་བཡིན་ལ། བརྗེས་ནས་བསམ་པས་འཇུག་ཚུལ་ཡང་འདི་ལྟར་བྱ་སྟེ་བདག་ཉིད་དམ་བདག་ཉིད་ནི་དེང་ཕྱིན་ཆད་སེམས་ཅན་གཞན་རྣམས་ཀྱི་དབང་དུ་གྱུར་པ་ཡིན་གྱི་སྔར་ བཞིན་བདག་ཉིད་དབང་བ་མ་ཡིན་ནོ་ཞེས་ཀ་ཡེ་ཡིད་ཁྱོད་ཉིད་ཀྱིས་ངེས་པར་ཤེས་པར་གྱིས་ལ་དེང་ནས་བརྩམས་ཏེ་རང་གི་ཁ་མི་འཛིན་ཕྱོགས་མི་སྐྱོང་བར་གཞན་ཕན་གྱི་བསམ་པ་འབའ་ཞིག་གིས་ལུས་ལོངས་སྤྱོད་དགེ་རྩ་རྣམས་ལྟོས་མེད་དུ་སེམས་

Page: 863 ༄༅། །ལ་གཏོང་བའི་བློ་ཡང་ཡང་སྦྱངས་ནས་གཞན་ཀུན་གྱི་དགོས་པའི་དོན་སྒྲུབ་སྙམ་པ་མ་གཏོགས་པར་ད་ཕན་ཆད་ནི་ཁྱོད་ཀྱིས་རང་གི་དོན་ཁོ་ན་སྒྲུབ་དགོས་སྙམ་པ་སོགས་གཞན་ཅི་ཡང་མི་བསམ་མོ་ཞེས་རང་དོན་འབའ་ཞིག་དོན་གཉེར་གྱི་བསམ་པ་སྐྱེད་མི་རིགས་པར་བསྟན་ཏོ། །འོ་ན་ སྔར་བདག་མེད་ལ་བདག་ཏུ་འཛིན་པ་འཁྲུལ་བ་ཡིན་པ་བཞིན་ཏུ་གཞན་ལ་བདག་ཏུ་འཛིན་པའང་འཁྲུལ་བས་ན་བརྗེས་ཀྱང་འབྲས་བུ་ལ་ཁྱད་པར་མེད་དོ་སྙམ་ན། འཁྲུལ་བར་ཁྱད་པར་མེད་ཀྱང་འབྲས་བུ་ལ་ཁྱད་པར་ཡོད་པ་མི་འགལ་ཏེ། ཇི་སྐད་དུ། མར་མེ་ནོར་བུའི་འོད་དག་ལས། ནོར་ བུའི་བློ་ཡིས་ཡོངས་ཏུག་པ། ལོག་པར་ཤེས་པར་ཁྱད་མེད་པར། ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། ཅེས་མར་མེ་དང་ནོར་བུའི་འོད་དག་ལ་ནོར་བུའོ་སྙམ་དུ་འཛིན་པའི་བློ་དེ་གཉིས་འཁྲུལ་བར་ཁྱད་མེད་ཀྱང་འབྲས་བུར་ཁྱད་པར་ཡོད་དེ་མར་མེའི་འོད་ལ་ནོར་བུར་ཞེན་པས་དེར་ཕྱིན་པ་ནོར་ བུ་དང་ཕྲད་པ་མེད་ལ། ནོར་བུའི་འོད་ལ་ནོར་བུ་མཐོང་ངོ་སྙམ་ནས་དེར་ཕྱིན་པ་ནོར་བུ་དང་ཕྲད་པ་ཡོད་པ་བཞིན་ཡིན་པར་འགྲེལ་ཆེན་དུ་གསུངས་ལ། ཐོ་ཡོར་ལ་དགྲར་ཤེས་པའི་འཇིགས་སྐྲག་དེ་ཉིད་གཉེན་དུ་ཤེས་པས་སེལ་ནུས་པ་བཞིན་པར་ཡང་གསུངས་སོ། །བརྗེས་ནས་སྦྱོར་བས་ འཇུག་ཚུལ་ཇི་ལྟར་བྱ་བ་ནི། བསམ་པའི་སྒོ་ནས་བདག་གཞན་བརྗེས་ནས་བཟུང་རང་གི་མིག་རྣ་སོགས་ཀྱང་གཞན་ལ་བཏང་ཟིན་པས་རང་མི་དབང་གཞན་རྣམས་ལ་དབང་བ་ཡིན་པས་དེ་ལྟའི་མིག་རྣ་ལ་སོགས་པ་ཡིས་སྦྱོར་བ་རང་དོན་དུ་གཟུགས་ལ་བལྟ་བ་དང་སྒྲ་ལ་ཉན་པ་སོགས་ བྱ་བ་དང་ལག་པ་སོགས་ཀྱིས་སྲོག་གཅོད་ལྟ་བུ་བྱས་ནས་སྔར་བཞིན་རང་དོན་སྒྲུབ་པར་བྱེད་པ་ནི་རྣམ་པ་ཀུན་ཏུ་རིགས་པ་མ་ཡིན་ཞེས་སྦྱོར་བ་རང་དོན་སྒྲུབ་པ་འགོག་ཚུལ་དང་། བསམ་པའི་སྒོ་ནས་སེམས་ཅན་གཞན་གང་དེའི་དོན་དུ་བཏང་ཟིན་ཅིང་དེ་རྣམས་

Page: 864 ལ་དབང་བའི་མིག་དང་རྐང་ལག་ལ་སོགས་པ་ཡིས་སྦྱོར་བ་སེམས་ཅན་དེ་དག་ལ་སྡང་མིག་ལྟ་བ་ཁུ་ཚུར་བརྡེག་པ་སོགས་ཀྱི་སྒོ་ནས་ལོག་པར་བྱ་བ་ནམ་ཡང་མི་རིགས་ཚ་ཞེས་སྦྱོར་བ་ལོག་པར་སྒྲུབ་པ་འགོག་ཚུལ་ལོ། །རང་དོན་སྒྲུབ་སོགས་ རྐང་བ་གཅིག་ལོ། རྒྱ་དཔེར། རང་དོན་ལྟ་སོགས་རིགས་མ་ཡིན། ཞེས་ཡོད་པས་གོ་སླ་ལ། དེའི་དོན་མིག་སོགས་རྐང་པ་གཉིས་ལ། རྒྱ་དཔེར་སོགས་སུ། གཞན་དབང་ལག་པ་སོགས་རྣམས་ཀྱིས། རང་གི་དོན་ནི་གཡོ་མི་རིགས། ཞེས་ཡོད་ལ་ དོན་ནི། གཞན་ལ་དབང་བའི་ལག་སོགས་ཀྱིས་རང་དོན་དུ་ཡོ་བའི་བྱ་བ་བྱེད་པ་མི་རིགས་ཞེས་པ་ཡིན་པར་བཤད་དོ། །དར་ཊཱིཀ་ཏུ་རང་སེམས་ཅན་གྱི་དོན་དུ་བསྔོས་ན་གང་གི་བྲན་ཡིན་པ་དེ་ལ་རང་གི་མིག་སོགས་ཀྱིས་ལོག་པར་སྒྲུབ་པ་མི་རིགས་པས་ ཞེས་དང༌། །སྒོ་གསུམ་གྱིས་ལོག་པར་སྒྲུབ་པ་མཐོང་ན་ཉེས་དམིགས་བསམ་ནས་ཡང་ཡང་སྡོམ་སེམས་བྱ་དགོས་ཞེས་གསུངས་སོ། །དེ་ལྟར་གཞན་ལ་དབང་བའི་མིག་སོགས་ཀྱིས་རང་དོན་སྒྲུབ་པ་དང་གཞན་ལ་གནོད་པའི་ལོག་སྦྱོར་བྱ་བ་གངཡང་མི་རིགས་ ཤིང་སེམས་ཅན་ལ་ཕན་བདེ་སྐྱེད་པའི་དོན་སྒྲུབ་དགོས་པའི་རྒྱུ་མཚན་དེས་ན་དེང་ནས་རང་གཙོ་བོར་མི་བྱ་བ་སེམས་ཅན་གཞན་ཁོ་ནའི་དགོས་པའི་དོན་སྒྲུབ་པ་གཙོ་བོར་བྱས་ནས་བདག་རང་གི་ལུས་ལ་ཉེ་བར་མཁོ་བའི་ཟས་གོས་སོགས་ཡོ་བྱད་ཅི་དང་ཅི་ མཐོང་བ་དེ་དང་དེ་དག་ནི་རང་གི་ཡིད་ཀྱིས་རང་ལ་ཕྲོགས་པའམ་རང་གིར་འཛིན་པ་བཅད་ནས་ཀྱང་སེམས་ཅན་གཞན་བདག་ཏུ་བྱས་པ་དེ་དག་ལ་ནི་ཕན་བདེ་བསྒྲུབ་པར་བྱ་བའི་ཆེད་དུ་ལེགས་པར་སྤྱོད་ཅིག་ཅེས་ཏེ་སྦྱོར་ཅིག་ཅེས་པའི་དོན་ཡིན་ལ་དེ་ནི་སྦྱོར་བ་ཕྱིན་ཅི་མ་ལོག་པ་སྒྲུབ་པའོ། །

Page: 865 ༄༅། །དེ་དག་གིས་ནི་བདག་གཞན་བརྗེ་ཚུལ་དང་བརྗེས་ནས་བསམ་སྦྱོར་གྱིས་འཇུག་ཚུལ་དག་བཤད་མ་ཐག་པ་དེ་ལྟར་བྱ་དགོས་ཞེས་གདམས་པའི་སྒོ་ནས་བསྟན་པ་ཡིན་ལ། བརྗེས་ནས་བསམ་སྦྱོར་གྱིས་ཇི་ལྟར་སྒྲུབ་ཚུལ་ནི་དེ་མ་ ཐག་འཆད་པར་འགྱུར་བ་ལྟར་རོ། །གཉིས་པ་གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་སྒོམ་པ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དམན་སོགས་བདག་ཏུ་ཞེས་སོགས་ཏེ། དེའང་སྔར་བདག་གཞན་མ་བརྗེས་པའི་དུས་སུ་བྱིས་པ་ རྣམས་ནི་གོང་དུ། མཐོ་ལ་ཕྲག་དོག་མཉམ་ལ་འགྲན། །ཞེས་སོགས་བཤད་པ་ལྟར་རང་པས་མཐོ་བ་ལ་ཕྲག་དོག་མཉམ་པ་ལ་འགྲན་སེམས་དམའ་བ་ལ་ང་རྒྱལ་བྱེད་པའི་ཉེས་པ་གསུམ་ཡོད་པ་དེ་དག་སྤོང་བྱེད་ཀྱི་གཉེན་པོར། བརྗེ་བ་སྒོམ་པའི་བྱང་ སེམས་དེས་རང་བས་དམན་པ་དང་སོགས་ཞེས་པས་བསྟན་པ་རང་དང་མཉམ་པ་དང་རང་ལས་མཐོ་བའི་ཡུལ་གསུམ་པོ་དེ་དག་དང་བདག་ཉིད་བརྗེས་ནས་དེ་རྣམས་ནི་བརྗེས་ཟིན་པ་ཕྱིན་ཆད་ཀྱི་བྱང་སེམས་བདག་ཏུ་བྱས་ནས་རང་ཡིན་པའི་འདུ་ ཤེས་འཇོག་པ་དང་། སེམས་ཅན་གཞན་རང་བས་དམན་པ་དང་རང་དང་མཉམ་པ་དང་རང་ལས་མཐོ་བ་གསུམ་པོ་ཉིད་དུ་ནི་སྔར་མ་བརྗེས་གོངགི་བྱང་སེམས་བདག་ཉིད་ཡིན་པའི་འདུ་ཤེས་བཞག་པར་བྱས་ནས། དེ་ལྟར་གཞན་བདག་ཏུ་མོས་པ་དང་ བདག་ཉིད་གཞན་དུ་མོས་ནས་ཡོད་པ་དེ་ལ་དེ་དང་དེ་ཡིན་ནམ་མིན་སྙམ་པའི་ཐེ་ཚོམ་གྱི་རྣམ་རྟོག་མེད་པར་དེ་དང་དེ་ངེས་པར་ཡིན་སྙམ་པའི་ངེས་ཤེས་འདྲོངས་པའི་སེམས་ཀྱིས་སུ་རང་ལས་མཐོ་བ་ལ་ཕྲག་དོག་དང་རང་དང་མཉམ་པ་ལ་འགྲན་སེམས་

Page: 866 དང་རང་ལས་དམའ་བ་ལ་ང་རྒྱལ་བསྒོམ་པར་བྱ་བ་ཡིན་ནོ། །འདི་ནི་བདག་གཞན་བརྗེས་ནས་གཉེན་པོའི་བསམ་པས་ཇི་ལྟར་སྒྲུབ་ཚུལ་མདོར་བསྟན་པ་ཡིན་ལ། དེ་ཡང་བརྗེ་བ་སྒོམ་པ་པོའི་བྱང་སེམས་རང་ལྷས་བྱིན་ཞེས་བྱ་བ་ཡིན་ན་རང་བས་ དམའ་བའི་སེམས་ཅན་གཞན་རང་ཡིན་པར་བསམ་ནས་རང་བས་མཐོ་བའི་ལྷ་༌བྱིན་དེ་ལ་ཕྲག་དོག་སྒོམ་པ་དང༌། རང་དང་མཉམ་པའི་སེམས་ཅན་གཞན་རང་ཡིན་པར་བསམ་ནས་རང་མཉམ་གྱི་ལྷས་བྱིན་དེ་ལ་འགྲན་སེམས་སྒོམ་པ་དང་རང་བས་མཐོ་ བའི་སེམས་ཅན་གཞན་རང་ཡིན་པར་བསམ་ནས་རང་བས་དམན་པའི་ལྷས་བྱིན་ལ་ང་རྒྱལ་བསྒོམ་པར་བྱ་བ་ཡིན་ལ། འདི་ལྟར་ན་རྩ་ཚིག་ཏུ་འདི་ཞེས་ཡོད་པ་རྣམས་ལྷས་བྱིན་ལ་གོ་བར་བྱ་ཞིང་བདག་ཅེས་པ་རྣམས་སེམས་ཅན་གཞན་ལ་བདག་ཏུ་བྱས་ ཡོད་པ་དེ་ལ་གོ་བར་བྱ་དགོས་ལ། ཡང་འགྲེལ་པ་འགར་སྔར་མ་བརྗེས་གོང་གི་བྱང་སེམས་རང་ལ་བདག་རྙིང་པ་ཞེས་དང་བརྗེས་ཕྱིན་ཆད་ཀྱི་བྱང་སེམས་རང་ལ་བདག་གསར་པ་ཞེས་ཐ་༌སྙད་བྱས་ནས། རྩ་ཚིག་གི་འདི་ཞེས་པ་རྣམས་བདག་རྙིང་པ་དང་ བདག་ཅེས་པ་རྣམས་བདག་གསར་པ་ལ་གོ་དགོས་པར་གསུངས་པ་ལྟར་བྱས་ཀྱང་ཆོག་གོ། གཉིས་པ་རྒྱས་པར་བཤད་པ་ལ་གསུམ། དམན་པ་དང་བརྗེས་ནས་ཕྲག་དོག་སྒོམ་པ། མཉམ་པ་དང་བརྗེས་ནས་འགྲན་སེམས་སྒོམ་པ། ལྷག་པ་དང་ བརྗེས་ནས་ང་རྒྱལ་སྒོམ་པའོ། །དང་པོ་ནི། འདི་ནི་བཀུར་བྱས་སོགས་ཏེ། དེ་ལ། འཇིག་རྟེན་གྱི་ཆོས་ལ་ཕྲག་དོག་བྱ་བ་ནི། བརྗེ་བ་སྒོམ་པ་པོ་བྱང་སེམས་རང་ལྷས་བྱིན་ཞེས་བྱ་བ་ཡིན་ན་བྱང་སེམས་ལྷས་བྱིན་འདི་ནི་སྐྱེ་བོ་དུ་མས་མཆོག་ཏུ་བཟུང་ནས་

Page: 867 ༄༅། །བཀུར་ཞིང་བསྟི་སྟང་བྱས་ལ། སེམས་ཅན་གཞན་ལ་བདག་ཉིད་ཡིན་པའི་བློ་བཞག་ནས་བདག་ཅག་སེམས་ཅན་ནི་ཀུན་གྱིས་དམན་པར་བལྟས་ནས་བཀུར་སྟི་བྱས་པ་མིན་ནོ། །བྱང་སེམལྷས་བྱིན་འདིས་རྙེད་པ་མང་པོ་ཐོབ་པ་བཞིན་དུ་སེམས་ ཅན་བདག་ཅག་གིས་བདེ་བའི་ཡོ་བྱད་མ་རྙེད་ཅིལྷས་བྱིན་འདི་ལ་ནི་གཞན་མང་པོས་ཡོན་ཏན་བརྗོད་ནས་བསྟོད་པར་བྱས་ལ་སེམས་ཅན་བདག་ལ་སྐྱོན་བརྗོད་ནང་སྨོད་པར་བྱེད་ཅིང་ལྷས་བྱིན་འདི་བདེ་སྐྱིད་དང་ལྡན་ཞིང་སེམས་ཅན་བདག་ནི་སྡུག་བསྔལ་ཅན་དུ་ གྱུར་ལ། སེམས་ཅན་བདག་ཅག་ནི་ཁུར་ཆེན་པོ་འཁུར་དགོས་པ་སོགས་དམན་པའི་ལས་རྣམས་བྱེད་པ་དང་ལྷས་བྱིན་འདི་ནི་བྱ་བའི་ལས་དང་སེམས་ཁྲལ་ཅི་ཡང་མེད་པར་བདེ་ཞིང་དལ་བ་ཉིད་དུ་གནས་པས་ཆོག་པ་འདི་ལྟ་བུ་ནི་ཆེས་མི་འཐད་དོ་སྙམ་དུ་སེམས་ ཅན་བདག་ཏུ་བྱས་པ་དེས་རི་ལདམའ་བར་མཐོངལྷས་བྱིན་རང་གཞན་དུ་བྱས་པ་དེ་མཐོ་བར་མཐོང་ནས་དེ་ལ་ཕྲག་དོག་བྱ་བའོ། །ཡོན་ཏན་གྱི་ཆོས་ལ་ཕྲག་དོག་བྱ་བ་ནི། བྱང་སེམས་ལྷས་བྱིན་འདི་ནི་མང་དུ་ཐོས་པ་དང་ཚུལ་ཁྲིམས་དང་ལྡན་པ་སོགས་ཡོན་ ཏན་གྱི་སྒོ་ནས་འཇིག་རྟེན་ལ་ཆེ་ཞིང་མཐོ་བར་གྲགས་པ་དང་བདག་ཅག་སེམས་ཅན་ནི་རིགས་དང་བསོད་ནམས་སོགས་ཀྱིས་དམན་ཞིང་ཡོན་ཏན་མེད་པར་འཇིག་རྟེན་ན་གྲགས་སོ༑༑ དེ་ལྟ་ནའངལྷས་བྱིན་གྱིས་འབད་རྩོལ་གྱི་སྒོ་ནས་ཡོན་ཏན་རྣམས་གསར་དུ་ བསྒྲུབ་པ་ཡིན་གྱི་དང་པོ་ནས་ཡོན་ཏན་དང་ལྡན་པ་མིན་མོད། བདག་ཅག་སེམས་ཅན་དག་ཀྱང་ཡོན་ཏན་མེད་པར་སོས་དལ་དུ་བསྡད་པས་ཅི་ཞིག་བྱ་སྟེ་ཅི་ཞིག་ཕན། དེས་ན་བདག་ཅག་སེམས་ཅན་ཀུན་ཀྱང་མང་ཐོས་ཚུལ་ལྡན་སོགས་ལ་འབད་པས་སྤྱངས་

Page: 868 ཏེ་དེ་ལ་གོམས་པར་བྱས་ནས་ཡོན་ཏན་དང་ལྡན་པ་ཉིད་དུ་བྱ་ཆོག་གོ། ཡང་བདག་ལ་ཡོན་ཏན་མེད་པས་ཁྱོད་ལ་ཅི་ཞིག་བྱ་སྟེ་ཅི་ཞིག་གོད་ཁྱོད་རང་ཡོན་ཏན་ལྡན་པས་ཆོག་མོད་ཅེས་རྣམ་སྣངགསུང་ལ། ཡང་འགའ་ཞིག་ཏུ། བདག་ཅག་ཀུན་ཀྱང་སྦྱང་ནས་ཡོན་ཏན་ སྒྲུབ་ཅིང་རང་བཞིན་གྱི་ཡོན་ཏན་བདེ་གཤེགས་སྙིང་བོ་ལྡན་པས་གཏན་ནས་ཡོན་ཏན་མེད་པའང་མིན་པས་བདག་ཅག་ལ་བརྙས་པར་མི་རིགས་ཞེས་དང་༌། ཡོན་ཏན་ཆ་ཙམ་མེད་པར་ཡང་མ་གྲུབ་སྟེ་ཡོན་ཏན་ཡེ་མེད་པའི་སེམས་ཅན་མི་སྲིད་པའི་ཕྱིར་ན་བདག་ ཀུན་ཡོན་ཏན་ལྡན་པ་ཉིད་དེ་རང་བཞིན་གྱི་ཡོན་ཏན་དང་ལྡན་པས་སོ་ཞེས་ཀྱང་གསུང་ངོ༌། །ལྷས་བྱིན་ཡོན་ཏན་ཆེ་ཞིང་མཐོ་ལ་བདག་ཅག་དམན་ཞེས་པའང་ལྟོས་ས་ལ་ལྟོས་ནས་བཞག་པ་ཙམ་ལས་མཐའ་གཅིག་ཏུ་མ་ངེས་པས་ཡོན་ཏན་གྱིས་ཆེས་མཐོ་བའི་ བྱང་སེམས་གོང་མ་གང་བས་ལྷས་བྱིན་འདི་དམན་པ་དེ་ཡང་ཡོད་པས་ལྷས་བྱིན་འདི་མཐའ་གཅིག་ཏུ་ཡོན་ཏན་ཡོད་ཅིངམཐོ་བའང་མིན་ལ། བདག་ཅག་ལས་ཆེས་དམན་པའི་གང་ཟག་འགོ་མ་གང་བས་བདག་ཅག་སེམས་ཅན་མཆོག་ཏུ་ གྱུར་པ་དེ་ཡང་ཡོད་པས་བདག་ཅག་མཐའ་གཅིག་ཏུ་ཀུན་ལས་དམན་པར་ཡང་མ་གྲུབ་པས་བདག་ཅག་ཞུམ་པར་བྱ་མི་དགོས་སྙམ་དུ་བསམ་པའམ་བདག་ཅག་ལ་བརྙས་པར་མི་རིགས་སྙམ་དུ་བསམ་པར་བྱའོ། །གལ་ཏེ་ ཁྱེད་ཅག་ཚུལ་ཁྲིམས་དང་ལྟ་བ་འཚོ་བ་དང་སྤྱོད་པ་ཉམས་ཤིང་རྒུད་པ་སོགས་ཀྱིས་བྱང་སེམས་ལྷས་བྱིན་ལས་དམན་ནོ་ཞེ་ན། ཚུལ་ཁྲིམས་སོགས་ཉམས་པ་དེ་ནི་ཉོན་མོངས་པ་གཞན་གྱི་སྟོབས་ཀྱིས་བྱས་ཉོན་མོངས་

Page: 869 ༄༅། །པའི་སྐྱོན་ཡིན་གྱི་བདག་ཅག་རང་དབང་གིས་འདོད་ནས་བྱས་པའི་སྐྱོན་མིན་པས་ཚུལ་ཁྲིམས་ཉམས་པ་སོགས་ཀྱི་ཆ་ནས་བདག་ཅག་ལ་བརྙས་པར་བྱ་མི་རིགས་ཏེ་བདག་ཅག་ལ་ཉེས་པ་མེད་པས་སོ། །ཕྲག་དོག་བྱ་ཡུལ་དེའང་ དམན་པར་སྒྲུབ་པ་ནི། བྱང་སེམས་ལྷས་བྱིན་འདིས་ཅི་ནུས་ཀྱིས་བདག་ཅག་ཉོན་མོངས་པའི་ནད་ཀྱིས་ཐེབས་ཤིང་དེའི་དབང་གིས་ཚུལ་ཁྲིམས་དང་ལྟ་བ་ཉམས་པ་དང་རྙེད་བཀུར་སོགས་ཀྱིས་ཕོངས་ཤིང་ཉམ་ཐག་པར་གྱུར་པ་དེ་ལྟ་བུའི་རྒུད་པ་ཐམས་ ཅད་ལས་ནི་གསོ་བར་བྱ་དགོས་ཏེ་ཁོ་རང་སྙིང་རྗེ་དང་ཕན་སེམས་སོགས་ཀྱི་ཡོན་ཏན་ལྡན་པར་རློམ་པའི་ཕྱིར། གལ་ཏེ་ནད་ཕལ་པ་གསོ་བ་ལའང་མེ་བཙའ་དང་གཏར་ག་སོགས་དགོས་ན་ཉོན་མོངས་པའི་ནད་སོགས་གསོ་བ་ལ་དེ་བས་ཀྱང་ཆེས་གནོད་ལ་བཟོད་ དཀའ་བའི་དཀའ་སྤྱད་དགོས་པས་ཁྱེད་ཅག་གིས་མི་བཟོད་དོ་ཞེ་ན། རྒུད་པ་ལས་གསོ་ཞིང་ཕན་འདོགས་པར་བྱེད་ན་དཀའ་སྤྱད་ཀྱི་གནོད་པའང་བདག་ཅག་གིས་དད་དུ་བླང་ནས་ཅི་ནུས་སུ་བསྲན་ནས་བཟོད་པར་བྱ་རིགས་སོ། །ཁྱེད་ཅག་སྐྱོན་ཅན་ ཡིན་པས་གསོ་མི་རུང་ངོ་ཞེ་ན། འོན་ཏེ་བདག་ཅག་ལྷས་བྱིན་འདིའི་གསོ་བྱ་མིན་ཞིང་གསོ་མི་རུང་བས་ཕན་མི་འདོགས་ན་ཁོ་ལྷག་སྙམ་ནས་ཅིའི་ཕྱིར་བདག་ཅག་ལ་བརྙས་པའམ་རྔན་ཅན་བྱེད་དེ་བྱེད་དོན་མེད་པས་སོ། །ཡོན་ཏན་གྱིས་མཐོ་བས་བརྙས་ པ་ལོས་བྱེད་སྙམ་ན། བདག་ཅག་ལ་ཕན་མི་འདོགས་ན་ལྷས་བྱིན་དེ་ཡི་ཡོན་ཏན་གྱིས་ཅི་ཞིག་བྱ་སྟེ་ལྷས་བྱིན་འདི་བདག་རང་ཉིད་ཡོན་ཏན་ཅན་ཡིན་ཡང་ཁོ་རང་ལ་ཕན་པ་མ་གཏོགས་བདག་ཅག་ལ་ཕན་པ་མེད་པས་སོ། །ཞེས་སམ།

Page: 870 བདག་ཅག་ལ་དེ་ཡི་ཡོན་ཏན་གྱིས་ཅི་བྱ་འདིར་བདག་ཅག་ཀྱང་རང་བཞིན་གྱིས་དེས་པ་སོགས་ཡོན་ཏན་ཅན་ཡིན་པས་སོ་ཞེས་འཆད་པའང་ཡོད་དོ། །བྱང་སེམས་ལྷས་བྱིན་འདི་སྙིང་རྗེ་ལྡན་པས་གཞན་ལ་ཕན་གདགས་སོ་སྙམ་ན། དེ་ལྟ་ན་སྡིག་པ་བྱས་ཤིང་ཚུལ་ ཁྲིམས་འཆལ་བ་སོགས་ཀྱི་ཉེས་པས་ངན་སོང་དུ་འགྲོ་བར་ངེས་པ་དག་ངན་འགྲོ་གཅན་གཟན་གདུག་པའམ་སྦྲུལ་གདུག་པའི་ཁར་གནས་པ་དང་འདྲ་བའི་འགྲོ་བ་སྡིག་སྡུག་ཅན་རྣམས་ལ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དེ་དག་དང་བྲལ་འདོད་ཀྱི་སྙིང་ རྗེ་བསྐྱེད་ནས་རྗེས་སུ་བཟུང་ནས་ཕན་འདོགས་བྱེད་དགོས་པ་ལ་སྙིང་རྗེ་སོགས་ཀྱི་ཡོན་ཏན་མེད་པས་ཕན་གདགས་པར་མི་བྱེད་པར་མ་ཟད་ལྷས་བྱིན་འདི་ཕྱིར་ལ་རང་ཡོན་ཏན་དང་ལྡན་པ་ཡིན་ནོ་སྙམ་དུ་རློམ་པར་བྱེད་པ་ཡིས་བདག་ཅག་སེམས་ཅན་ གྱི་ནང་ནས་སྐྱེ་བོ་མཁས་པ་ཡོན་ཏན་ཅན་དག་ལ་ཡང་འགྲན་ནས་དེ་དག་ལས་རང་ལྷག་ཅིང་རྒྱལ་བར་འདོད་པས་བསྔོ་བར་འདོད་པ་འདི་ཤིན་ཏུ་མི་རིགས་སོ། །ཡང་ངན་འགྲོའི་ཁར་གནས་པའམ་གདུག་པ་སྦྲུལ་དང་གཅན་གཟན་གྱི་ཁར་བཅས་ པའི་འགྲོ་བ་ཞེས་འཆད་པ་དང༌། འགྲེལ་ཆེན་ལྟར་ན་ངན་འགྲོ་སྟེ་དམན་པའམ་མཁོ་བའི་ཡོ་བྱད་དང་བྲལ་བའི་འགྲོ་བ་ཞེས་སོ། །དེ་བས་ན་ལྷས་བྱིན་འདི་ལ་ཡོན་ཏན་མེད་ཅིང་སྐྱོན་ཡོད་བཞིན་དུ་ཡོན་ཏན་ཅན་དུ་རློམ་པར་བྱེད་པ་འདི་ཉེས་པ་ཆེའོ་སྙམ་དུ་ སེམས་ཅན་གཞན་ལ་བདག་ཏུ་བྱས་པ་དེས་བྱང་སེམས་ལྷས་བྱིན་རང་ཉིད་གཞན་དུ་བྱས་པ་དེ་ལ་ཕྲག་དོག་བསྒོམ་པར་བྱའོ། །གཉིས་པ་མཉམ་པ་དང་བརྗེས་ནས་འགྲན་སེམས་སྒོམ་པ་ནི། བདག་དང་མཉམ་ལ་སོགས་ཏེ། དེ་ལ། རྙེད་བཀུར་སོགས་

Page: 871 ༄༅། །ལ་འགྲན་པ་ནི། རིགས་གཟུགས་འབྱོར་བ་རྙེད་བཀུར་སོགས་ཀྱི་ཡོན་ཏན་སེམས་ཅན་བདག་ཅག་དང་མཉམ་པའི་བྱང་སེམས་ལྷས་བྱིན་ལ་ལྟོས་ནས་ནི་རིགས་གཟུགས་སོགས་ཡོད་ཏན་གང་གིས་ཀྱང་སེམས་ཅན་རང་ཅག་ཉིདདེ་ལས་ ལྷག་པར་བྱ་བའི་ཕྱིར་དུ་སེམས་ཅན་བདག་ཅག་གི་རྙེད་པ་དང་བཀུར་སྟི་སོགས་ནི་ཐབས་སྣ་ཚོགས་ཀྱིས་སྒྲུབ་ཅིང་རྩོད་པ་སོགས་མི་དགོས་པས་དེ་དག་ཅི་བདེར་རྙེད་ན་ལགས་ཀྱི་མ་རྙེད་ན་ལྷས་བྱིན་འདི་ལ་འཕྲོག་པར་བྱེད་པ་སོགས་འཐབ་མོ་དང་རྩོད་པ་ ཡིས་ཀྱང་རྙེད་སོགས་ངེས་པར་བསྒྲུབ་པར་བྱའོ་སྙམ་དུ་འགྲན་སེམས་བསྒོམ་པར་བྱའོ། །རྩ་འགྲེལ་ཕལ་ཆེར་དུ༑བདག་དང་མཉམ་ལ་བལྟས་ནས་ནི། །ཞེས་ཡོད་དོ། །ཅི་ནས་ཀྱང་སེམས་ཅན་བདག་ཅག་གི་ཡོན་ཏན་རྣམས་ནི་འཇིག་རྟེན་ཀུན་ལ་ གསལ་བ་ཞེས་སམ་ཀུན་ལའང་མངོན་སུམ་དུ་གསལ་བ་ཉིད་དུ་གྱུར་ནས་ཡོན་ཏན་ཅན་དུ་གྲགས་པ་དང༌། གཞན་ཡང་ལྷས་བྱིན་འདི་ཡི་ཡོན་ཏན་གྱི་རིགས་གང་ཡོད་པ་རྣམས་ནི་སྐྱེ་བོ་སུས་ཀྱང་མཐོང་ཞིང་ཐོས་པར་མི་འགྱུར་བར་བྱ་བའི་ཕྱིར་གསང་ ཞིང་སྦེད་པར་བྱ་ལ་འདི་ཡི་སྐྱོན་གྱི་ཆ་ཐམས་ཅད་ཀྱང་གཞན་ལ་ཅི་ནུས་སུ་བསྒྲགས་པར་བྱའོ། །སེམས་ཅན་བདག་ཅག་གི་སྐྱོན་གང་ཡིན་པ་དེ་ཡང་སུས་ཀྱང་མི་ཤེས་པར་བྱ་བའི་ཕྱིར་གསང་ནས་སྦ་བར་བྱ་ཞིང་སྐྱེ་བོ་མང་བོས་ཀྱང་ལྷས་བྱིན་འདི་ཡོན་ ཏན་མེད་པའི་སྐྱོན་ཅན་དང་བདག་ཅག་སེམས་ཅན་དག་སྐྱོན་མེད་ཡོན་ཏན་ཅན་དུ་ཤེས་ནས་བདག་ཅག་ལ་ནི་གཞན་ཀུན་གྱིས་རྙེད་བཀུར་སོགས་ཀྱིས་མཆོད་པར་འགྱུར་ཞིང་ལྷས་བྱིན་འདི་ལ་སུས་ཀྱང་མཆོད་པར་འགྱུར་བ་མིན་པ་དང༌། དེ་བཞིན་

Page: 872 དུ་སེམས་ཅན་བདག་ཅག་རྣམས་དེང་ནས་ཟས་གོས་ལ་སོགས་པའི་རྙེད་པ་མང་པོ་ལེགས་པར་རྙེད་པར་གྱུར་ཅིང་ལྷས་བྱིན་འདིས་ཅིའང་མི་རྙེད་པ་དང༌། སེམས་ཅན་བདག་ཅག་ལ་ནི་གཞན་མང་པོས་དད་ཅིང་གུས་པས་བཀུར་སྟི་དང་རིམ་གྲོ་བྱེད་པར་ འགྱུར་ཞིང་ལྷས་བྱིན་འདི་ལ་ནི་བཀུར་སྟི་འབྱུང་བར་འགྱུར་བ་མིན་པ་དེ་ལྟར་བྱའོ་སྙམ་དུ་འགྲན་སེམས་བསྒོམ་པར་བྱའོ། །ཉམས་ཤིང་བརླག་པར་གྱུར་པ་ལ་དགའ་བ་སྐྱེད་པ་ནི། བྱང་སེམས་ལྷས་བྱིན་འདི་ནི་རྙེད་བཀུར་སོགས་ཉམས་ཤིང་བརླག་པས་ཉམ་ ཐག་ཅིང་སྡུག་བསྔལ་བས་མ་རུངས་པར་བྱས་པའམ་ཚུལ་ཁྲིམས་སོགས་སཉམས་ཤིང་བརླག་པས་མ་རུངས་པར་བྱས་པ་ལ་ཡུན་རིང་པོའི་བར་དུ་སེམས་ཅན་བདག་ཅག་རྣམས་ནི་༌ཡིད་དགའ་བས་བལྟ་བར་བྱ་ཞིང༌། ལྷས་བྱིན་དེ་ལྟར་གྱུར་པ་ལ་འགྲོ་བ་གཞན་ཀུན་ གྱིས་ཀྱང་དེའི་ཉེས་པ་ཤེས་ནས་དེ་ལ་ཞེ་ཁྲེལ་ཏེ་བཞད་གད་ཀྱི་གནས་སུ་བྱེད་པ་དང་སྐྱེ་བོ་མང་པོ་འདུས་ནས་ཕན་ཚུན་དུ་དེའི་སྐྱོན་བརྗོད་དེ་སྨོད་པ་དང་མཚང་འདྲུ་བ་དག་ཏུ་ཡང་བྱ་ལ་དེ་ལྟར་གྱུར་པ་ལ་བདག་ཅག་སེམས་ཅན་རྣམས་དགའ་བ་སྐྱེད་པར་བྱའོ་ ཞེས་བྱང་སེམས་ལྷས་བྱིན་ལ་འགྲན་སེམས་བསྒོམ་པར་བྱའོ། །གསུམ་པ་ལྷག་པ་དང་བརྗེས་ནས་ང་རྒྱལ་སྒོམ་པ་ནི། ཉོན་མོངས་འདི་ཡང་སོགས་ཏེ། དེ་ལ། འགྲན་དུ་མེད་པའི་ང་རྒྱལ་སྒོམ་པ་ནི། རང་ལས་ལྷག་ཅིང་མཐོ་བའི་བྱང་སེམས་སམ་ སེམས་ཅན་ལ་བདག་ཏུ་བཟུང་ནས་ང་རྒྱལ་བསྒོམ་པར་བྱ་སྟེ། བྱང་སེམས་ལྷས་བྱིན་དམན་ཞིང་ཉམ་ཐག་པས་ཉོན་མོངས་པར་གྱུར་པ་འདི་ཡང་བདག་ཅག་སེམས་ཅན་མཐོན་པོ་དག་དང་ནི་ལྷན་ཅིག་ཏུ་སྟེ་མཉམ་པར་སེམས་ནས་ནི་འགྲན་པར་བྱེད་དོ་ཞེས་

Page: 873 ༄༅། །གྲག་ན་ཡང་དམན་པ་ལྷས་བྱིན་འདི་དང་སེམས་ཅན་བདག་ཅག་ཐོས་པ་དང་ཤེས་རབ་བམ་གཟུགས་དང་རིགས་དང་ནོར་གྱིས་མཉམ་མམ་ཅི། ཐོས་པ་དང་ཤེས་རབ་སོགས་ཡོན་ཏན་གང་གི་སྒོ་ནས་ཀྱང་མི་མཉམ་སྟེ་བདག་ ཅག་ཆེས་ལྷག་པས་སོ། །དེ་ལྟར་སེམས་ཅན་བདག་ཅག་ཐོས་པ་མང་བ་ཤེས་རབ་ཆེ་བ་སོགས་ཀྱི་སྒོ་ནས་ལྷས་བྱིན་དམན་པ་འདི་དང་མི་མཉམ་པར་འཇིག་རྟེན་ཀུན་ལ་གསལ་བར་གྲགས་པ་ཡི་སྒོ་ནས་སེམས་ཅན་བདག་ཅག་གི་ཡོན་ཏན་གྱི་ཁྱད་པར་རྒྱ་ ཆེ་བ་རྣམས་སྐྱེ་བོ་ཀུན་གྱིས་ཕྱོགས་ཐམས་ཅད་དུ་སྙན་པར་བསྒྲགས་པ་ཐོས་ནས་ནི་ལུས་ཀྱི་བ་སྤུ་ལྡངཞིང་༌་སེམས་ལ་དགའ་བ་སྐྱེ་བར་འགྱུར་བའི་བདེ་སྐྱིད་ཀྱི་དགའ་སྟོན་ལ་ནི་བྱང་སེམས་ལྷས་བྱིན་ཁྱོད་ཀྱིས་ཡོངས་སུ་སྤྱོད་ཅིག་ཅེས་སམ། དེ་ལྟ་བུའི་ བདེ་སྐྱིད་ཀྱི་དགའ་སྟོན་ལ་ནི་འགྲོ་བ་ཀུན་གྱིས་ཡོངས་སུ་སྤྱོད་ཅིག་ཅེས་པའོ། །འགྲན་མི་ནུས་ཕྱིར་རྙེད་པ་ཕྲོགས་པ་རྒྱུ་མཚན་དང་བཅས་པ་ནི། བདག་ཅག་ལ་འགྲན་མི་ནུས་པའི་ཕྱིར་ལྷས་བྱིན་འདི་ཟིལ་གྱིས་མནན་ནས་རྙེད་པ་བཅད་ཀྱང་ཅི་སྟེ་ ད་དུང་འདི་ལ་ཟས་ནོར་སོགས་ཀྱི་རྙེད་པ་ཅུང་ཟད་ཡོད་ཀྱང་གལ་ཏེ་ང་རྒྱལ་མེད་པར་སེམས་ཅན་ང་ཡི་སྟེ་ངེད་རྣམས་ཀྱི་བྱ་དགོས་པའི་ལས་རྣམས་བསྒོ་བ་བཞིན་དུ་བྱེད་ན་དེའི་གླ་རྔན་དུ་བྱང་སེམས་ལྷས་བྱིན་འདི་ལ་སྲོག་འཚོ་བར་ནུས་པའི་འཚོ་བ་ཙམ་མམ་ཚེ་ ཕྱིད་ཙམ་གྱི་ཟས་གོས་སོགས་ངན་ངོན་ཅུང་ཟད་ཅིག་བྱིན་ནས་རྙེད་པ་ལྷག་མ་གང་ཡོད་རྣམས་སེམས་ཅན་བདག་ཅག་སྟོབས་ཀྱིས་བཙན་ཐབས་སུ་ཕྲོགས་ནས་དེ་དག་བླང་བར་བྱ་ཡི་ལྷས་བྱིན་ཁོ་ལ་ལོངས་སྤྱོད་དུ་མི་དབང་ངོ༌། །གལ་ཏེ་བདག་ཅག་གིས་

Page: 874 བསྒོ་བའི་ལས་མི་བྱེད་ན་ནི་འདིའི་སྐྱེ་རྡོག་པས་མནན་ནས་རྙེད་པ་གང་ཡོད་ཐམས་ཅད་བདག་གི་སྟོབས་ཀྱིས་ཕྲོག་ཅིང་བླང་བར་བྱ་ཡི་ཁོ་ལ་ཅུང་ཟད་ཀྱང་སྤྱོད་དུ་མི་དབངངོ་ཞེས་བཤད་པ་འགྲེལ་ཆེན་ལྟར་རོ། །གཞན་ཡང་ལྷས་བྱིན་འདི་ནི་བདེ་བའི་ལོངས་ སྤྱོད་ཐམས་ཅད་ལས་ཉམས་པར་བྱ་ཞིང་དེར་མ་ཟད་སེམས་ཅན་བདག་ཅག་གིས་རང་གི་མི་འདོད་པའི་སྡུག་བསྔལ་གྱི་ཁུར་ཐམས་ཅད་ལྷས་བྱིན་འདིའི་སྟེང་དུ་སྤོས་ནས་གནོད་པའི་སྡུག་བསྔལ་རྣམས་དང་རྟག་ཏུ་སྦྱར་བར་བྱའོ། །ལྷས་བྱིན་འདི་ལ་ ཁྱོད་དེ་ཙམ་ཅིའི་ཕྱིར་སྡང་དེ་ལྟར་བྱེད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། བྱང་སེམས་ལྷས་བྱིན་འདི་ཡིས་སྔར་ལན་བརྒྱ་ཕྲག་ཐམས་ཅད་དུའམ་ཡུལ་དུས་བརྒྱ་ཕྲག་ཐམས་ཅད་དུ་འཁོར་འཁོར་བའི་ཚེ་བདག་ཅག་སེམས་ཅན་ རྣམས་ལ་བསྲེགས་ཤིང་བཅད་པ་དང་བརྡེག་ཅིང་གསད་པ་ལ་སོགས་པའི་གནོད་པ་མི་བཟད་པ་དུ་མ་བྱས་པའི་ཕྱིར་རོ། །འདི་ཡིས་བརྒྱ་ཕྲག་སོགས་ཚིག་རྐང་གཉིས་པོ་འདི་དོན་ཚན་འོག་མ་ལ་མར་སྦྲེལ་བའང་སྣང་ངོ༌། །དེ་ལྟར་བདག་གཞན་ བརྗེས་ནས་ཕྲག་དོག་སྒོམ་པ་སོགས་ཀྱི་དོན་ནི་འདི་ལྟར་ངེས་པར་བྱ་སྟེ། སྔར་གཞན་ཡལ་བར་དོར་ནས་དེ་ལ་བདེ་བ་སྒྲུབ་པ་སོགས་ལྟ་ཅི། མི་འདོད་པ་དང་གནོད་པའི་སྡུག་བསྔལ་ཐམས་ཅད་དེ་དག་ལ་ཕར་བསྒྱུར་ནས་རང་ལ་མི་འོང་པའི་ཐབས་བྱས། དེ་དག་ཕྲག་དོག་དང་འགྲན་སེམས་སོགས་སྒོམ་པའི་ཡུལ་དུ་བྱས་ནས་ལས་ངན་དཔག་མེད་བསགས། རང་ལ་གཅེས་པར་བཟུངནས་བདེ་བ་སྒྲུབ་པ་དང་སྡུག་བསྔལ་བསལ་ཐབས་བྱས། རང་ལ་ཕུན་སུམ་ཚོགས་པའི་ཡོན་ཏན་ཇི་ཙམ་བྱུང་ཡང་དེ་ལ་

Page: 875 ༄༅། །ཕྲག་དོག་དང་མི་བཟོད་པ་སོགས་བྱེད་པ་ལྟ་ཅི། དེ་ཉིད་རྒྱུ་མཚན་དུ་བྱས་ནས་གཞན་ལ་ཕྲག་དོག་སོགས་བསྒོམས་ནས་ཉེས་པ་བསགས། ད་ལྟ་རང་གཅེས་འཛིན་སོགས་ཀྱི་ཉེས་དམིགས་ཤེས་ནས་བདག་གཞན་བརྗེ་བ་སྒོམ་ པའི་སྐབས་འདིར་སྔར་རང་ཉིད་བཞིན་དུ་གཞན་ལ་གཅེས་པར་བཟུང་ནས་བདེ་བ་སྒྲུབ་པ་དང་སྡུག་བསྔལ་བསལ་བའི་ཐབས་སོགས་ལ་ཞུགས། སྔར་གཞན་བཞིན་དུ་རང་ཡལ་བར་དོར་ནས་བདེ་བ་སྒྲུབ་པ་སོགས་ལྟ་ཅི་རང་ལ་གཅེས་འཛིན་བཅད་ནས་ བདེ་སྐྱིད་སོགས་བྱུང་ན་བདག་ཉིད་ལ་ཕྲག་དོག་སྒོམ་པ་དང་དེ་བཞིན་དུ་འགྲན་སེམས་དང་ང་རྒྱལ་སོགས་སྒོམ་པའི་ཡུལ་དུ་བྱས་ནས་བློ་སྦྱོང་བ་འདི་ནི་རང་གཅེས་འཛིན་ལ་དགྲར་བལྟས་ན་འདི་རྩད་ནས་གཅོད་པ་དང་གཞན་གཅེས་འཛིན་ལ་ཡོན་ཏན་དུ་བལྟས་ ནས་དེར་རང་རྒྱུད་ལ་སྐྱེས་པའི་ཐབས་བླ་ན་མེད་པ་ཡིན་ཚུལ་ལ་ངེས་པ་བསྐྱེད་དེ་བསྒོམ་པར་བྱ་དགོས་ལ། ཕྲག་དོག་སྒོམ་པ་ང་རྒྱལ་སྒོམ་པ་ཞེས་ཉོན་མོངས་པའི་མིང་གིས་བཏགས་ནས་བསྟན་ཡང་རང་གཅེས་འཛིན་གྱི་གཉེན་པོ་ཁྱད་པར་ཅན་ཡིན་གྱི་ སྤང་བྱའི་ཕྱོགས་སུ་༌གཏོགས་པ་ནི་མ་ཡིན་ནོ། །བརྗེ་བ་སྒོམ་པའི་སྐབས་འདིར་ཡང་བླ་མ་རྗེའི་གསུང་རྒྱུན་ལས་རེས་འགའ་འདི་ལྟར་འབྱུང་སྟེ། དམན་སོགས་བདག་ཏུ་བྱས་པ་དང་ཞེས་སོགས་ཀྱི་དོན་ནི། རང་བས་དམའ་བའི་གནས་སུ་དགྲ་བཞག་དགྲ འམ་གཞན་མཐོན་པོའི་གནས་སུ་རང་གཞག་ལ་རང་མཐོ་བ་དེ་ལ་དགྲ་དམའ་བ་དེ་ཕྲག་དོག་སྒོམ་དུ་གཞུགབསྒོམ་དེ་གྲོལ་བ་ན་དེ་ལྟར་བསྒོམས་པའི་འབྲས་བུ་འདི་འབྱུང་སྟེ། རང་མཐོན་པོར་བསྒོམ་གཞན་དམའ་བར་བསྒོམ་པ་དེས་རང་ལ་ཕྲག་

Page: 876 དོག་བྱས་པར་བསམས་པ་ལའང་འདི་ལྟའི་སྡུག་བསྔལ་འབྱུང་ན་གཞན་ལ་ཕྲག་དོག་བྱེད་པ་ག་ལ་རིགས་ཞེས་བསམ་པས་ཕྲག་དོག་རང་ཞིར་འགྱུར། དེ་བཞིན་དུ་འགྲན་སེམས་སྒོམ་པ་ཡང་། རང་དང་མཉམ་པའི་དགྲའི་གནས་སུ་རང་ཉིད་བཞག་རང་གི་གནས་ སུ་དགྲ་དེ་བཞག་ལ་དགྲ་དེས་རང་ལ་ཕྱོགས་ཐམས་ཅད་ནས་འགྲན་པར་བསྒོམ། དེ་གྲོལ་བ་ན་དེ་ལྟར་བསྒོམ་པ་ལའང་རང་ལ་སྡུག་བསྔལ་འབྱུང་ན་གཞན་ལ་འགྲན་སེམས་བྱ་ག་ལ་རུང་བསམ་པས་འགྲན་སེམས་རང་ཞིར་འགྱུར། ང་རྒྱལ་སྒོམ་པ་ཡང་། རང་ བས་དམའ་བའི་གནས་སུ་བདག་ཉིད་བཞག་རང་གི་གནས་སུ་རང་བས་དམའ་བ་དེ་བཞག་ལ་གཞན་མཐོ་བ་དེས་རང་དམའ་བ་དེ་ལ་རིགས་དང་༌༌་ཡོན་ཏན་སོགས་ཀྱི་སྒོ་ནས་ང་རྒྱལ་བྱེད་དུ་གཞུགབསྒོམ་དེ་ཚར་བ་ན་དེ་ལྟར་བསྒོམས་པ་ལའང་འདི་ལྟའི་སྡུག་ བསྔལ་འབྱུང་ན་གཞན་ལ་ང་རྒྱལ་བྱ་ག་ལ་རིགས་བསམ་པས་ང་རྒྱལ་རང་ཞིར་འགྱུར་རོ། །འདི་དག་ཞིབ་རྒྱས་སྤྱོད་འཇུག་ལྟར་དང༌། བསྡུས་ཏེ་སྒོམ་པར་འདོད་ན། བདག་ལ་དེ་དག་སྡིག་སྨིན་ཅིང༌། །ཞེས་སོགས་རིན་ཕྲེང་ལས་གསུངས་པ་དང༌། འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །ཞེས་སོགས་ཀྱི་དོན་ལྟར་བསྒོམ་ཞིང་ངག་ཏུའང་བརྗོད་པར་བྱའོ། སྒོམ་ཚུལ་འདི་འཇམ་དབྱངས་ས་པཎ་གྱི་གསུང་ཐུབ་པ་དགོངས་གསལ་ལས་འབྱུང་བ་ལྟར་ཡིན་ལ། སྤྱོད་འཇུག་འགྲེལ་པ་རྣམས་སུ་འདི་དང་ སྒོམ་ཚུལ་ཅུང་མི་འདྲ་ཙམ་སྣང་ཡང་རང་གི་བློ་ལ་གང་བདེ་བསྒོམས་པས་ཆོག་ཅེས་གསུང་ངོ༌། །གསུམ་པ་བརྗེས་ནས་ཇི་ལྟར་སྒྲུབ་པ་ལ་གཉིས། འཇམ་པོའི་སྒོནས་གདམས་པ། རྩུབ་མོའི་སྒོ་ནས་ཚར་བཅད་པའོ། །དང་པོ་ནི་ཡིད་ཁྱོད་རང་དོན་སོགས་

Page: 877 ༄༅། །ཏེ། དེ་ཡང་བརྗེས་ནས་ཇི་ལྟར་སྒྲུབ་ཚུལ་ལ་སྤྱིར་བསམ་པས་སྒྲུབ་ཚུལ་དང་སྦྱོར་བས་སྒྲུབ་ཚུལ་གཉིས་ཡོད་ལ། དེའི་དང་པོ་ནི། གོང་དུ། དམན་སོགས་བདག་ཏུ་བྱས་པ་དང༌། །ཞེས་སོགས་ཀྱི་སྐབས་ནས་བཟུང་བསྟན་པ་ཡིན་ མོད། དེ་ལྟར་ནའང་ས་བཅད་འདིར་ནི་དེ་དག་ལ་གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་སྒོམ་པ་ཞེས་བསྟན་ལ། དེའང་བརྗེས་ནས་གཉེན་པོའི་བསམ་པ་ཁྱད་པར་ཅན་གྱི་སྒོ་ནས་རྗེས་སུ་སྒྲུབ་ཚུལ་བསྟན་པའི་དོན་ཡིན་གྱི་དེ་ལས་གཞན་དུ་བསྟན་པ་མིན་ཏེ། འགྲེལ་ པ་རྣམས་ལས་དེ་དག་གིས་བསམ་པས་སྒྲུབ་ཚུལ་བསྟན་པར་གསུངས་པ་གང་ཞིག་དེ་དག་གང་དང་ཡང་མི་མཐུན་པ་ཞིག་འཆད་པར་མི་མཛད་པས་སོ། །སྦྱོར་བས་རྗེས་སུ་སྒྲུབ་ཚུལ་ནི། འོག་ཏུ། བ་ཞན་གྱི་རྟོག་ཆེན་བྱས་ནས་སོགས་ཀྱིས་བསྟན་ པར་འགྲེལ་པ་རྣམས་ལས་མཐུན་པར་གསུངས་སོ། འོན་ཀྱང་ས་བཅད་འདིའི་དངོས་བསྟན་གྱི་དབང་དུ་བྱས་པའི་བརྗེས་ནས་ཇི་ལྟར་སྒྲུབ་པ་འདི་ནས་བརྩམས་ཏེ་འཆད་ལ། དེ་ལའང་འཇམ་པོའི་སྒོ་ནས་གདམས་པ་དང་རྩུབ་མོའི་སྒོ་ནས་ཚར་བཅད་ པ་གཉིས་ཀྱི་དང་པོ་ལ། སྔར་རང་གཅེས་པར་བཟུང་བའི་ཉེས་པ་ལ་སྨད་པ་ནི། ལྷས་བྱིན་རང་གི་ཡིད་རྨོངས་པ་ཁྱོད་ཀྱིས་ཐོག་མ་མེད་པ་ནས་རང་གི་དོན་ཁོ་ན་ཕུན་སུམ་ཚོགས་པ་ཞིག་བྱེད་པར་འདོད་ནའང་དེའི་ཐབས་ལ་རྨོངས་པར་གྱུར་ནས་གཞན་ཡལ་ བར་དོར་རང་ཉིད་ལ་ཆགས་པས་གཅེས་པར་བཟུང་ནས་ཐབས་མ་ཡིན་པ་ལ་ཞུགས་པས་བསྐལ་པ་གྲངས་མེད་པ་དུ་མ་འདས་པར་གྱུར་ཀྱང་གཞན་དོན་ལྟ་ཅི་རང་དོན་ཙམ་ཡང་མ་གྲུབ་པར་དཀའ་ལ་དོན་མེད་པའི་ངལ་བ་ཆེན་པོ་འབའ་ཞིག་ཉམས་སུ་མྱོང་བར་གྱུར་ལ།

Page: 878 དོན་མ་གྲུབ་པ་ཙམ་དུ་མ་ཟད་འབད་རྩོལ་ཆེན་པོ་དེ་ལྟ་བུས་ལྷས་བྱིན་ཁྱོད་ཀྱིས་བདག་ཉིད་ལ་ཡུན་རིང་པོར་མྱོང་དགོས་པའི་འཁོར་བའི་སྡུག་བསྔལ་མི་བཟད་པ་འབའ་ཞིག་བསྒྲུབས་པར་ཟད་ཀྱི་དེ་ལས་གཞན་དུ་དགོས་པའི་དོན་ཅི་ཡང་མ་གྲུབ་པ་འདི་ནི་འགྱོད་ པ་མི་བཟད་པའི་གནས་སོ་ཞེས་ལྷས་བྱིན་རང་གིས་རང་ལ་ཁྲེལ་བདས་བྱས་པའམ་རྔན་བགྲང་བྱས་ཏེ་འཇམ་པོའི་སྒོ་ནས་གདམས་ཏེ་དེའི་དོན་ཡང་ཡང་སེམས་པར་བྱེད་པ་སྟེ་འདི་ནས་བཟུང་སྟེ་བདག་དང་གཞན་ཞེས་པ་རྣམས་དེ་དང་དེའི་སྒྲ་དྲང་པོར་བཟུང་ པར་བྱའོ། །དེ་ལྟར་བདག་གཅེས་པར་བཟུང་བའི་ཉེས་དམིགས་འདི་དང་སྔར་ཡང་ལན་མང་དུ་བཤད་པ་རྣམས་ཡང་ཡང་བསམས་ནས་ཕྱིན་ཆད་དེའི་གཉེན་པོར་དྲན་ཤེས་བསྟེན་ནས་དགྲའི་མཆོག་རང་གཅེས་འཛིན་འདི་མ་སྐྱེས་པ་མི་སྐྱེ་བ་དང་སྐྱེས་པ་རྒྱུན་ འཐུད་དུ་མི་གཞུག་གོ་སྙམ་པའི་ངེས་པ་བརྟན་པོ་ཡང་ཡང་བསྐྱེད་དེ་གོམས་པར་བྱས་ནས་འབད་པ་དུ་མས་དེ་འགོག་པའི་ཐབས་ལ་བརྩོན་པར་བྱའོ། །གཞན་གཅེས་འཛིནགྱི་བསམ་པ་ལ་ཡོན་ཏན་འབྱུང་བས་བསྔགས་པ་ནི། སྔར་དེ་ལྟར་བྱས་ པ་ཀུན་འདས་ཟིན་མོད། །ད་ཕྱིན་ཆད་ཇི་ལྟར་བྱ་སྙམ་ན། རང་གཅེས་པར་བཟུང་ན་སྡུག་བསྔལ་འབའ་ཞིག་ལ་སྤྱོད་དགོས་པའི་ཚུལ་དེ་ལྟར་ཤེས་པར་བྱས་ནས་ཕྱིན་ཆད་གཞན་གཅེས་པར་བཟུང་ནས་ངེས་པར་སེམས་ཅན་གཞན་དག་གི་དོན་ཁོ་ན་སྒྲུབ་པ་ ལ་རབ་ཏུ་སྤྲོ་བའི་སྒོ་ནས་འཇུག་པར་གྱིས་ཤིག་དང་ཐུབ་པ་ཐམས་ཅད་མཁྱེན་པའི་བཀའ་ལ་ནི་བརྫུན་མི་མངའ་ཞིང་ཚད་མ་ཡིན་ཕྱིར་བསྟན་བྱའི་དོན་ལ་ནམ་ཡང་མི་བསླུ་བས་ན་རང་ཡལ་བར་དོར་གཞན་གཅེས་པར་བཟུང་ནས་བདག་གཞན་བརྗེ་བར་བྱས་པ་

Page: 879 ༄༅། །དེ་ཡི་༌་ཡོན་ཏན་ནམ་ཕན་ཡོན་ནི་ཕྱིས་ལམ་ལྔ་ས་བཅུའི་སྐབས་སུ་རིམ་གྱིས་མཐོང་བའམ་སངས་རྒྱས་པའི་དུས་སུ་མཐོང་བར་འགྱུར་ཏེ་གཞན་དོན་བྱས་པས་རང་དོན་མཐར་ཕྱིན་པར་འགྱུར་བ་འདི་རྟེན་འབྲེལ་གྱི་ཆེ་བ་ཡིན་པས་སོ། །དེ་ལྟར་སོགས་སྐང་བ་དང་པོ་ གཉིས་ལ། རྒྱ་དཔེ་དང་འགྲེལ་ཆེན་དུ། དེ་ལྟར་བདག་གིས་གསོལ་འདེབས་པས། །འདི་ལའང་མ་དཔྱད་འཇུག་པར་གྱིས། །ཞེས་ཡོད་པ་ནི། སྔར་རང་དོན་ལ་འཇུག་པ་དེ་ལྟར་དེང་ནས་གཞན་དག་གི་དོན་སྒྲུབ་པ་འདི་ལ་མ་དཔྱད་པར་རབ་ཏུ་ འཇུག་པར་གྱིས་ཞེས་བདག་གིས་གསོལ་བ་འདེབས་ཞེས་པའི་དོན་ཡིན་པར་བཤད་དོ། །གལ་ཏེ་རང་གི་ཡིད་ཁྱོད་ཀྱིས་བདག་གཞན་བརྗེ་བ་འདི་འཕྱིས་པ་ཡིན་གྱི་ཚེ་རབས་ཆེས་སྔ་མ་ཞིག་གི་དུས་སུ་རང་གཅེས་འཛིན་གྱི་བསམ་པ་དེ་བ། ཞན་ལ་སྤོས་ནས་ བདག་གཞན་བརྗེ་བའི་ལས་འདི་བྱས་པར་གྱུར་ན་ནི་ཆེས་སྔ་བ་ཞིག་ཏུ་སངས་རྒྱས་ཟིན་ནས་རང་དང་གཞན་གྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པ་གྲུབ་པར་གྱུར་པའི་བདེ་བ་ཁོ་ན་ལ་སྤྱོད་པར་འགྱུར་བ་གདོན་མི་ཟ་ཡི། དེ་ལྟར་མིན་པར་སྡུག་བསྔལ་ཁོ་ན་ མྱོང་དགོས་པ་ད་ལྟར་གྱི་གནས་སྐབས་ངན་པ་འདི་འདྲར་འགྱུར་མི་སྲིད་ངེས་པས་ན་སྔར་དེ་ལྟར་མ་བྱས་པས་དོན་མེད་ཀྱི་བྱ་བས་དུས་འདས་ཤིང་སྡུག་བསྔལ་མཐའ་ཡས་པ་མྱོང་བ་ལ་བསམ་ནས་འགྱོད་པ་སྐྱེད་༌ཅིང་དེང་ནས་བདག་གཞན་བརྗེ་བ་བསྒོམ་པ་ ལ་འབད་པར་བྱའོ། །དེ་ལྟར་གཞན་གཅེས་པར་བཟུང་བའི་ཕན་ཡོན་འདི་དང་སྔར་ཡང་མང་དུ་བཤད་པ་རྣམས་ཡང་ཡང་བསམས་ནས་སྙིང་ཐག་པ་ནས་སྤྲོ་ཤུགས་དྲག་པོ་བསྐྱེད་དེ། ཕྱིན་ཆད་གཞན་ཡལ་བར་འདོར་བའི་བློ་མ་སྐྱེས་པ་མི་བསྐྱེད་པ་

Page: 880 དང་སྐྱེས་པ་རྒྱུན་འཐུད་དུ་མི་གཞུག་ཅིང་སྔར་རང་ལ་གཅེས་པར་འཛིན་པ་བཞིན་དུ་གཞན་ལའང་གཅེས་པར་འཛིན་པའི་བློ་བསྐྱེད་ནས་དེ་ལ་ཕངས་པ་དང་སྡུག་པ་དང་ཡིད་དུ་འོང་བའི་བློ་ཅི་སྐྱེའི་ཐབས་ལ་འབད་པར་བྱའོ། །དེས་ན་གཞན་གཅེས་འཛིན་གྱི་ བསམ་པ་བསྐྱེད་པར་གདམས་པ་ནི། བདག་གཞན་བརྗེ་བ་བསྒོམས་ཀྱང་གཞན་ལ་རང་དང་འདྲ་བའི་བློ་ཇི་ལྟར་སྐྱེ་སྙམ་ན། གཞན་གཅེས་པར་བཟུང་ནས་གོམས་པར་བྱས་ན་དེ་ལྟའི་བློ་སྐྱེ་བར་ངེས་པ་དེ་ལྟ་བས་ན་འདི་ལྟར་གོམས་པར་བྱ་སྟེ་གཞན་ ཕ་དང་མ་དག་གི་ཁུ་བ་དང་ཁྲག་གི་ཐིགས་པ་འདྲེས་པ་ཉེ་བར་སྨིན་པ་ལས་གྲུབ་པའི་ལུས་འདི་གཞན་གྱི་ལུས་ཀྱི་ཆ་ཤས་ལས་གྲུབ་པ་༌་ཡིན་ཡང་སྔོན་གོམས་པའི་དབང་གིས་དེ་ལ་ཡིད་ཁྱོད་ཀྱིས་བདག་གི་ལུས་སོ་ཞེས་ངར་འཛིན་བྱས་པ་ལྟར། དེ་བཞིན་ དུ་སེམས་ཅན་གཞན་ལའང་བདག་ཏུ་བཟུང་ནས་རང་ཉིད་བཞིན་དུ་གཅེས་པར་འཛིན་པ་རིང་དུ་འབད་ནས་གོམས་པར་གྱིས་ཤིག་དང་གོམས་པ་མཐར་ཕྱིན་ནས་བདག་གཞན་བརྗེ་བ་ལ་དཀའ་ཚེགས་མེད་པ་སངས་རྒྱས་བྱང་སེམས་རྣམས་བཞིན་དུ་ འགྱུར་བར་ངེས་སོ་ཞེས་པའོ། །དེའང་དང་པོ་བློ་མ་སྦྱངས་པའི་སྐབས་བྱང་སེམས་ཀྱི་སྤྱོད་པ་རླབས་པོ་ཆེ་ཤིན་ཏུ་བྱ་དཀའ་བ་ཐོས་ན་གདུང་བ་སྐྱེད་པ་རྣམས་ནི་ལས་དང་པོ་བ་དག་ལྟ་ཅི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་དང་པོ་ནས་སྐུ་ཉམས་སུ་བཞེས་པར་ མི་ནུས་པའི་ཚུལ་ཤེས་པར་བྱས་ནས་སྨོན་པའི་ཡུལ་ཚུན་ཆད་དུ་ཡང་ཡང་གོམས་པར་བྱས་ན། མ་གོམས་པའི་སྐབས་སུ་ཆེས་དཀའ་བ་ལྟར་སྣང་ཡང་བློ་གོམས་པའི་རྗེས་སུ་བྱེད་པས་ཕྱིས་ནམ་ཞིག་གི་ཚེ་བྱང་སེམས་ཆེན་པོ་གཞན་རྣམས་ལྟར་འབད་

Page: 881 ༄༅། །རྩོལ་ལ་མི་ལྟོས་པར་དེ་ལ་ངང་གིས་འཇུག་པ་འོང་བས་དང་པོ་ནས་གོམས་པར་བྱ་བ་གལ་ཆེ་ཡི། དེ་ལྟ་བུ་ལ་ད་ལྟ་དངོས་སུ་འཇུག་མི་ནུས་པར་མཐོང་ནས་དེ་ལ་བློ་སྦྱོང་བའི་གོམས་པ་ཙམ་ཡང་དོར་ན་དེ་ལྟའི་ལམ་རྣམ་པར་དག་པ་ ལས་ཀྱང་ཆེས་འགྱང་བར་གསུངས་ཏེ། ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། གང་ཞིག་ཐོས་པར་གྱུར་ནའང་འཇིག་རྟེན་འདི་ལ་གནོད་པ་སྐྱེ་འགྱུར་དང༌། །གང་ཡང་ཁྱོད་ཉིད་ཀྱིས་ཀྱང་ཡུན་རིང་སྐུ་ཉམས་བཞེས་པར་མི་སྤྱོད་པའི། །སྤྱོད་པ་དེ་ དག་ཁྱོད་ལ་གོམས་པའི་དུས་སུ་རང་གི་ངང་ཉིད་འགྱུར། །དེ་སླད་ཡོན་ཏན་དག་ནི་ཡོངས་གོམས་མ་བགྱིས་སྤེལ་བར་དཀའ་བ་ལགས། །ཞེས་གསུངས། དེས་ན་དངོས་སུ་ཇི་ལྟ་བ་བཞིན་ཉན་ས་སུ་ལེན་མི་ཐུབ་པ་རྣམས་ལའང་ཚིག་དོན་ལ་བཤགས་ སྡོམ་བྱས་ཏེ་སྨོན་ལམ་གྱི་ཡུལ་ཚུན་ཆད་དུ་བྱས་ན་ས་དེའི་ཕྱོགས་ལ་བློ་སྦྱོང་བ་ལ་གོམས་པར་བྱ་བ་ཤིན་ཏུ་གལ་ཆེ་བར་གསུངས་པ་ལ་དེ་ལྟར་ཤེས་པར་བྱའོ། །དེ་ཡན་ཆད་ཀྱིས་བདག་གཞན་བརྗེས་ནས་བསམ་པས་སྒྲུབ་ཚུལ་རྒྱས་པར་བསྟན་ལ། དེ་ནས་ སྦྱོར་བས་རྗེས་སུ་སྒྲུབ་ཚུལ་འཆད་པའི་སྐབས་འདིར་སྒྲུབ་ཚུལ་དངོས་རྒྱས་པར་སྟོན་པ་ལ། རང་གི་ལེགས་ཚོགས་གཞན་ལ་གཏོར་བ་ནི། དེ་ལྟར་གཞན་ཕན་གྱི་བསམ་པ་སྦྱངས་པ་སྔོན་དུ་བཏང་སྟེ་དེ་ནས་སྦྱོར་བས་སེམས་ཅན་གཞན་གང་ལ་འདོད་ པའི་དངོས་པོ་ཅི་ཞིག་གིས་ཕན་སྙམ་དུ་སེམས་ཅན་གཞན་གྱི་༌དོན་འབའ་ཞིག་ལ་རྟོག་ཆེན་ཏེ་ལྐོག་ཏུ་ལྟ་རྟོག་བྱེད་མཁན་གྱི་ཤུལ་མ་འམ་བྱ་ར་བ་ལྟ་བུ་བྱས་ནས་ནི་བདག་གི་ལུས་ལ་ཉེར་མཁོའི་ཡོ་བྱད་ཟས་གོས་སོགས་གཞན་ལ་ཕན་པ་སྒྲུབ་པའི་ཆ་རྐྱེན་

Page: 882 དུ་རུང་བ་ཅི་དང་ཅི་སྣང་བ་དེ་དང་དེ་ཉིད་རང་གི་བློས་རང་ལ་ཕྲོགས་ཏེ་ང་ཡིར་འཛིན་པ་གཅད་པར་བྱས་ནས་ཡིད་ཁྱོད་ཀྱིས་སེམས་ཅན་གཞན་ལ་གང་ཕན་པར་བྱ་བ་དང་བདེ་བར་བྱ་བའི་དོན་ཉིད་དུ་སྤྱོད་ཅིག་ཅེས་འཇམ་པོའི་སྒོ་ནས་རང་ལ་གྲོས་འདེབས་པའོ། །གཞན་ ཡང་སྐབས་སྐབས་སུ་རང་ལ་ཕྲག་དོག་བསྐྱེད་ནས་རང་གི་བདེ་སྐྱིད་སོགས་གཞན་ལ་གཏོང་བར་བྱ་སྟེ་འདི་ལྟར་བྱང་སེམས་བདག་ནི་ཡོ་བྱད་སོགས་ཕུན་སུམ་ཚོགས་པའི་བདེ་སྐྱིད་དང་ལྡན་ཞིང་སེམས་ཅན་གཞན་ནི་སྡུག་བསྔལ་ལ་སྤྱོད་པས་དེ་ལྟར་མི་ སྐྱིད་ལ། བདག་ནི་རིགས་གཟུགས་སྟོབས་འབྱོར་མངའ་ཐང་ལ་སོགས་པའི་ཡོན་ཏན་གྱིས་ཕྱུག་པས་མཐོ་ལ་གཞན་ནི་དེ་ལས་ལྡོག་པས་དམའ་བ་དང༌། བདག་ལ་ནི་ཕན་འདོགས་བྱེད་མཁན་མང་ལ་གཞན་ལ་དེ་ལྟར་བྱེད་པ་མིན་ནོ་ཞེས་སམ་ཡང་ན་ བདག་ནི་རང་ལ་ཕན་པའི་དགེ་བའི་ལས་བྱེད་པས་བདེ་ལ་གཞན་ནི་དེ་ལྟར་མི་བྱེད་པས་བདེ་བ་མིན་པས་ན་དེ་ལྟར་བདག་སྐྱིད་ཅིང་མཐོ་དྲགས་པ་དང་གཞན་སྡུག་ཅིང་དམའ་དྲགས་པ་སོགས་འདི་ལྟ་བུ་ནི་ཆེས་མི་འོས་པས་བདག་གི་བདེ་སྐྱིད་སོགས་ལེགས་ པའི་ཆ་ཐམས་ཅད་ཀྱང་གཞན་ལ་གཏོང་རིགས་སོ་ཞེས་བདག་རང་གིས་རང་ལ་ཕྲག་དོག་ཅིས་མི་བྱེད་དེ་བྱེད་རིགས་སོ་ཞེས་པ་སྟེ་འདི་དོན་ཚན་ཟུར་པ་མ་བྱས་པར་དེ་ལྟར་ལེགས་པ་གཞན་ལ་གཏོང་བའི་ཁོངས་སུ་བསྡུས་ནས་བཤད་ཀྱང་ཆོག་ལ། འགའ་ ཞིག་ཏུ་འདི་རང་ལ་ཕྲག་དོག་བྱེད་པ་ཞེས་དོན་ཚན་ཟུར་པ་བྱས་ནས་འཆད་པ་ལྟར་བྱས་ཀྱང་ཆོག་གོ། རང་བདེ་བ་དང་དབྲལ་ནས་སྡུག་བསྔལ་ལ་སྦྱར་བ་ནི། བྱང་སེམས་བདག་ནི་ཟས་གོས་སོགས་འདོད་ཡོན་ལ་སྤྱོད་པའི་བདེ་བ་དང་བྲལ་བའམ་ཕྲལ་བར་

Page: 883 ༄༅། །གྱིས་ཏེ་སེམས་ཅན་གཞན་ལ་ཕར་ཐོངས་ལ་སེམས་ཅན་གཞན་གྱི་སྡུག་བསྔལ་གྱི་ཁུར་གང་ཡོད་ཐམས་ཅད་ཚུར་བླངས་ནས་བདག་ལ་སྦྱོར་བར་གྱིས་ཤིགབདེ་དང་ཞེས་པའི་དང་སྒྲས་བསྡུས་པ་བདེ་བའི་རྒྱུ་དགེ་བ་དང་ཡང་བྲལ་བར་ གྱིས་ལ་གཞན་ལ་ཐོངས་ཞེས་བཤད་པའང་ཡོད་དེ་ལེགས་སོ། །དེ་ནི་མདོ་ལས། ང་ལས་ཡོ་བྱད་དག་ལོངས་ལ་སྦྱིན་པ་བྱིན་ཅིག་ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །གནས་སྐབས་གང་གི་ཚེ་འདི་ནི་ཅི་བྱེད་ཅེས་བྱང་སེམས་རང་གིས་ཀྱང་སེམས་ཅན་ལ་གནོད་པ་ སོགས་ཀྱི་ཉེས་པ་ཅི་བྱེད་ལ་བྱ་ར་བྱས་ནས་བོདག་རང་གི་སྒོ་གསུམ་གྱི་སྐྱོན་གྱི་ཆ་ཐམས་ཅད་ལ་བརྟག་ཅིང་དཔྱད་པར་གྱིས་ལ་སྤྱོད་པ་ཕྱིན་ཅི་ལོག་བྱེད་པར་སྣང་ན་སྔར་དེ་ཙམ་གྱི་སྡུག་བསྔལ་མྱོང་བ་ལ་མི་འཇིགས་པར་ད་དུང་ཡང་རང་སྡུག་བསྔལ་ལ་སྦྱོར་རམ་ཞེས་རང་ ལ་ཁྲེལ་བདས་ནས་རང་གི་སྐྱོན་རྣམས་ངོས་བཟུང་ནས་སྤོངས་ཤིགའགྲེལ་ཆེན་དུ་གང་ཚེ་འདི་ནི་ཅི་བྱེད་ཅེས་རང་དོན་ནམ་གཞན་དོན་ནམ་དམ་པའི་ལས་སམ་དམ་པ་མ་ཡིན་པའི་ལས་སམ་ཐ་མལ་པའི་ལས་ཅི་བྱེད་ཅིང་གནས་ཞེས་བདག་གི་སྐྱོན་ལ་བརྟག་ཅེས་སོ། ། གཞན་གྱིས་རང་ལ་གནོད་འཚེ་སོགས་ཀྱི་ཉེས་པ་བྱས་པ་ན་ཡང་རང་གིས་ལས་ངན་བསགས་པའི་དབང་གིས་བྱས་པ་ཡིན་པར་ཤེས་ནས། འདིས་མ་ལན་རང་གིས་ལན་ནོ་ཞེས་བྱང་སེམས་རང་གི་སྐྱོན་དུ་སྒྱུར་བར་བྱས་ལ་དེའི་འབྲས་བུ་མི་འདོད་པ་དེའང་རང་གིས་མྱོང་ བར་གྱུར་ཅིག་སྙམ་དུ་རང་ལ་ལེན་པ་སྟེ། འགྲེལ་ཆེན་ལྟར་ན་རང་གི་མགོ་ལ་བསྒྱུར་བར་བྱོས་ཤིག་ཅེས་སོ། །བདག་གིས་གཞན་ལ་ཉེས་པ་ཆེན་པོ་བྱས་པ་ལྟ་ཞོག་ཉེས་པ་ཆུང་ངུ་རེ་བྱས་པ་དག་ཀྱང་མི་འཆབ་པར་སྐྱེ་བོ་མང་པོ་ལ་རབ་ཏུ་ཤོགས་ཞེས་ཏེ་བདག་གིས་ཉེས་

Page: 884 པ་འདི་ལྟ་བུ་ཞིག་བྱས་སོ་ཞེས་ཁས་བླངས་ནས་འགྱོད་པས་བཤགས་པར་གྱིས་ལ་ཕྱིས་མི་བྱེད་པའི་སྡོམ་སེམས་བསྟེན་ཅིགརྒྱ་དཔེ་སོགས་ལྟར་ན་ཐུབ་པ་ཆེན་པོར་རབ་ཏུ་ཤོགས་ཞེས་ཡོད་པ་ཐུབ་པའི་སྤྱན་སྔར་བཤགས་པ་གྱིས་ཞེས་པའི་དོན་ཡིན་པར་བཤད་ དོ། །རང་དམན་པའི་གནས་སུ་འཇོག་པ་ནི། སྐྱེ་བོ་གཞན་གྱིས་གཞན་གྱི་ཡོན་ཏན་གྱི་གྲགས་པ་བརྗོད་པ་ཐོས་པ་ནས་རང་གིས་ཀྱང་དེ་དག་གི་སྙན་པ་དང་གྲགས་པ་ལྷག་པར་བརྗོད་པར་བྱས་པས་རང་གི་གྲགས་པ་དང་སྙན་པ་ཟིལ་གྱིས་ནོན་ནས་མི་མངོན་པར་གྱིས་ ཞེས་པ་སྟེ་ང་རྒྱལ་མི་བྱ་བར་རང་སྙན་གྲགས་དང་མི་ལྡན་པའི་དམན་པའི་གནས་སུ་འཇོག་པ་དང༌། ཡང་རང་ལ་བསྟོད་གྲགས་བྱུང་ན་ང་བས་ཀྱང་ལྷག་པ་གཞན་འདི་ལྟ་བུ་ཡོད་ཅེས་རང་གིས་གཞན་གྱི་གྲགས་པ་དེ་བས་ཀྱང་ལྷག་པ་བརྗོད་པས་རང་གི་གྲགས་པ་དེ་ ཟིལ་གྱིས་ནོན་ཅིག་ཅེས་བཤད་ཀྱང་ཆོག་གོ། དེ་བཞིན་དུ་བདག་ནི་བྲན་གྱི་ནང་ནས་ཀྱང་ལྷག་པར་དམན་པའི་ལས་བྱེད་དགོས་པའི་ཐ་མ་ལྟར་ང་རྒྱལ་མེད་པར་དམན་ས་བཟུང་ནས་སེམས་ཅན་གཞན་ལ་རྗེ་བོ་ལྟ་བུའི་འདུ་ཤེས་བཞག་ནས་དེ་དག་གི་བྱ་དགོས་པའི་ དོན་རྣམས་ཀུན་བྱེད་པ་ལ་རང་ཉིད་བཀོལ་བར་གྱིས་ཤིག རེས་འགའ་རང་ལ་ཐོས་པ་དང་ཚུལ་ཁྲིམས་སོགས་ཡོན་ཏན་གྱི་ཆ་ཅུང་ཟད་རེ་མཐོང་ཡང་བདག་འདི་ནི་རྟག་ཏུ་སྐྱོན་མང་པོ་ཅན་གྱི་རང་བཞིན་དུ་འདུག་པར་ཤེས་ཏེ་གློ་བུར་དུ་བྱུང་བ་བའི་ཡོན་ཏན་གྱི་རྣམ་པ་ ཅུང་ཟད་རེ་མཐོང་བའི་ཆས་རང་ལ་ནམ་ཡང་མི་བསྟོད་པར་བྱང་སེམས་བདག་ཉིད་འདི་ཡི་ཡོན་ཏན་གྱི་ཆ་མི་བརྟན་པ་གློ་བུར་བ་དེ་ཅི་ནས་ཀྱང་སྐྱེ་བོ་འགས་ཀྱང་མི་ཤེས་པའི་ཐབས་སུ་སྦ་ཞིང་གསང་བ་ལ་འབད་པ་དེ་ལྟར་གྱིས་ཤིག་ཅེས་ཏེ་ང་རྒྱལ་བཅག་ནས་རང་གི་

Page: 885 ༄༅། །ཡོན་ཏན་མི་བསྒྲགས་པར་དམན་པའི་གནས་སུ་འཇོག་པ་སྟེ་བསྟོད་ན་ཁེངས་སེམས་སྐྱེ་ལ་དེས་རང་ཉམས་པར་འགྱུར་བའི་ཕྱིར་དེ་སྐད་ངརྗོད་པའོ། །དེ་ལྟར་བདག་གི་ཉེས་པ་བསྒྲགས་ཏེ་འཆགས་དགོས་པ་དང་གཞན་གྱི་སྐྱོན་མི་ཚོལ་ ཞིང་ཕ་རོལ་གྱི་ཉེས་པ་བྱས་པའང་རང་གི་སྐྱོན་དུ་སྒྱུར་བ་དང༌། བདག་གི་ཡོན་ཏན་གྱི་ཆ་མི་བསྒྲགས་ཤིང་སྦས་ནས་དམན་ས་འཛིན་པ་དང་གཞན་གྱི་ཡོན་ཏན་བསྒྲགས་ནས་གྲགས་པ་ལྡན་པར་བྱ་དགོས་པའི་ཚུལ་ནི། ཇོ་བོ་རྗེས། བདག་གིས་ཉེས་པ་བསྒྲགས་ བྱ་ཞིང་། །གཞན་གྱི་འཁྲུལ་བ་བཙལ་མི་བྱ། །བདག་གི་ཡོན་ཏན་སྦ་བྱ་ཞིང་། །གཞན་གྱི་ཡོན་ཏན་བསྒྲགས་པར་བྱ། །ཞེས་དང༌། མཐོ་ལ་ཕུན་ཚོགས་ཕྲག་དོག་མེད། །གྲོགས་དང་དམན་ལ་བརྙས་ཐབས་དང་། ཁྱད་དུ་གསད་པ་ཉིད་མི་བྱ། །རང་སྐྱོན་གཞན་ གྱི་ཡོན་ཏན་བསྒྲགས། །གཞན་སྐྱོན་མི་གླེང་རང་མི་བསྟོད། །ཅེས་སོ། །སྦྱོར་བས་སྒྲུབ་ཚུལ་བསྡུས་ཏེ་བསྟན་པ་ནི། མདོར་ན། སྔར་ཐོག་མ་མེད་པ་ནས་རང་ལ་གཅེས་པར་བཟུངསྟེ་བདག་འབའ་ཞིག་གི་བདེ་བ་སྒྲུབ་པའི་དོན་གྱི་ཕྱིར་དུ་ཡིད་ཁྱོད་ཀྱིས་སེམས་ ཅན་གཞན་རྣམས་ལ་གནོད་པའི་རྣམ་གྲངས་ཇི་སྙེད་ཅིག་བྱས་པ་གང་དང་གང་ཡིན་པའི་གནོད་པའི་སྡུག་བསྔལ་དེ་༌་དང་དེ་ཐམས་ཅད་ནི་ཕྱིན་ཆད་སེམས་ཅན་གཞན་རྣམས་ཀྱི་ཕན་བདེ་སྒྲུབ་པའི་དོན་གྱི་ཕྱིར་དུ་བདག་ཉིད་ལ་ནི་ཕྱིར་འབབ་པར་གྱིས་ཤིག་སྙམ་དུ་བསམ་ པར་བྱའོ། །དེ་ལྟ་བུའི་གཞན་གྱི་སྡུག་བསྔལ་གྱི་ཁུར་དེ་བདག་གིས་འཁུར་མི་ནུས་སོ་སྙམ་ན། བྱང་སེམས་བདག་འདི་ནི་གཉའ་དྲག་སྟེ་ཐོད་རྒྱལ་དུ་ཡོད་ཁམས་ཆེ་བའམ་ཁོང་ཤེད་ཆེ་བར་འགྱུར་བའི་ཚུལ་དུ་ཤེད་སྐྱེད་པར་བྱས་ནས་ནི་གནས་པར་མི་བྱ་སྟེ། དཔེར་

Page: 886 ན་བག་མ་གསར་བའི་སྤྱོད་ཚུལ་བཞིན་དུ་རང་གཅེས་འཛིན་གྱིས་རང་དོན་སྒྲུབ་པ་སོགས་བྱ་བར་མི་འོས་པ་ལ་འཇུག་པ་ལ་འཛེམ་བག་བྱ་བའི་ངོ་ཚ་བ་དང་དེ་༌ལྟའི་བྱ་མི་འོས་པའི་ཉེས་པ་བྱས་ན་གཞན་གྱིས་སྨད་དུ་དོགས་པའི་འཇིགས་པ་སྟེ་ཁྲེལ་ཡོད་པའམ་ ཉེས་པའི་རྣམ་སྨིན་ལ་འཇིགས་པ་དང་ཉེས་པ་ལ་མི་འཇུག་པའི་ཕྱིར་དུ་བག་ཡོད་པར་བྱས་ནས་དབང་བོའི་སྒོ་བསྡམས་པའམ་སྤྱོད་ལམ་ཐམས་ཅད་བསྣམས་ཏེ་ཉེ་བར་བཞག་པར་བྱའོ་ཞེས་ཏེ་གཞན་གྱི་གནོད་པའི་༌༌སྡུག་བསྔལ་ཐམས་ཅད་རང་གིས་བླངས་ ནས་ཁེངས་དྲེགས་མེད་པར་ཉམས་ཆུང་བྱས་ནས་དམན་པའི་༌་༌་གནས་ལྷུར་བླངས་ཏེ་གནས་དགོས་ཞེས་པའོ། །གཉའ་དྲག་ལ་རྒྱ་དཔེ་དང་འགྲེལ་བར་ངག་རྩུབ་འགྱུར་ཚུལ་ཞེས་ཡོད་པའི་དོན་སྔ་མ་ལྟར་དང༌། འགའ་ཞིག་ཏུ། གཉའ་ཐག་ཅེས་ཡོད་ པར་ཡང་བཤད་དོ། །གཞན་ཡང་སྔར་བཤད་པ་ལྟར་གྱི་གཞན་དོན་གྱི་བསམ་པ་དེ་བྱ་ལ་སྦྱོར་བས་ཀྱང་དེ་ལྟར་དུ་གནས་པར་བྱ་ཞིང་བསམ་སྦྱོར་གཉིས་ཀ་གཞན་དོན་ལ་བཀོལ་དུ་རུང་བར་བྱ་ལ། དེ་ལས་གཞན་དུ་ལྕགས་ཀྱུ་མེད་པའི་གླང་པོ་ལྟར་རང་འདོད་ ཀྱི་བསམ་སྦྱོར་གཉིས་པོའི་དབང་དུ་གྱུར་ནས་རང་དོན་ཁོ་ན་ལས་གཞན་དོན་ལ་མི་འཇུག་པ་དེ་ལྟར་སེམས་ཁྱོད་ཀྱིས་ནམ་ཡང་མི་བྱ་བ་སྟེ་བྱ་མི་འོས་པ་ཡིན་ནོ་ཞེས་དེ་ལྟར་རང་གི་སེམས་འདི་ནི་གཉེན་པོ་དྲན་ཤེས་སོགས་ཀྱིས་ལས་སུ་རུང་བར་བྱས་ཏེ་ རྟ་ཏུལ་བ་བཞིན་དུ་དབང་དུ་བྱ་སྟེ་གལ་ཏེ་འཇུག་ལྡོག་གི་ཚུལ་དེ་ལས་འདས་ནས་དབང་དུ་མ་གྱུར་པར་གཞན་དུ་གྱུར་ན་སེམས་ཁྱོད་གཉེན་པོའི་སྟོབས་ཀྱིས་ཚར་གཅད་པར་བྱའོ། །་ཡང་གཞན་དོན་སྒྲུབ་པ་སོགས་བྱ་འོས་པ་དེ་བྱ་ཞིང་དེ་ལྟར་བྱ་བ་ལ་རྟག་

Page: 887 ༄༅། །ཏུ་གནས་པར་བྱ་ཞིང་རང་དོན་སྒྲུབ་པ་ལྟ་བུ་དེ་ལྟར་བྱ་མི་འོས་པ་སེམས་ཁྱོད་ཀྱིས་མི་བྱ་བ་ཡིན་ནོ་ཞེས་དེ་ལྟར་སེམས་འདི་ནི་དབང་དུ་བྱ་སྟེ་ཞེས་བཤད་ཀྱང་ཆོག་གོ། དེ་བྱ་དེ་ལྟར་སོགས་ཀྱི་ཚིགས་བཅད་གཅིག་པོ་འདི་འོག་མའི་མདོར་པ་ བསྟན་དུ་བྱས་ནས་མར་ལ་སྦྱར་ནས་འཆད་པ་ཡོད་ལ་དེ་ལྟར་བྱས་ན་ལེགས་པར་སྣང་ངོ་། །གཉིས་པ་རྩུབ་མོའི་སྒོ་ནས་ཚར་གཅོད་པ་ལ་གཉིས། ཡིད་ཚར་གཅོད་པ། ལུས་ཚར་གཅོད་པའོ། །དང་པོ་ནི། འོན་ཏེ་དེ་ལྟར་སོགས་ཏེ། དེ་ཡང་འདི་ཡན་ཆད་ ནི་བདག་གཞན་བརྗེས་ནས་སྦྱོར་བས་རྗེས་སུ་སྒྲུབ་ཚུལ་དངོས་ཡིན་ལ་དེ་ལྟར་སྦྱོར་བས་ཉམས་སུ་ལེན་པའི་དུས་སུ་སེམས་དབང་དུ་མ་གྱུར་ན་ཚར་བཅད་ནས་སེམས་དབང་དུ་བྱ་ཚུལ་ལ། རང་དོན་སྒྲུབ་ན་ཚར་གཅོད་པ་ནི། འོན་ཏེ་བཤད་མ་ཐག་པ་དེ་ལྟར་ རང་གིས་རང་ལ་འཇམ་པོའི་སྒོ་ནས་བསྒོས་ཏེ་གདམས་ཀྱང་ནི་རང་གི་སེམས་ཁྱོད་ཀྱིས་དེ་ལྟར་ཚུལ་བཞིན་དུ་ཉམས་སུ་ལེན་པར་མི་བྱེད་པར་ཉོན་མོངས་པས་དབང་མེད་དུ་བྱས་པ་སོགས་ལ་སྙད་བཏགས་ནས་རང་དོན་སྒྲུབ་པ་ལ་འཇུག་གཞན་དོན་སྒྲུབ་ པ་ལ་མི་འཇུག་པ་དེ་ལྟ་བུའི་ཚུལ་གྱིས་བླང་དོར་ཕྱིན་ཅི་ལོག་ལ་ཞུགས་པར་གྱུར་ན་ལུས་བེམ་པོ་ཡིན་པས་ཉེས་པ་མེད་ཀྱི་རང་གཅེས་འཛིན་གྱི་སེམས་ཉོན་མོངས་པ་ཅན་ཁྱོད་ལ་འདི་ཕྱིའི་ཉེས་པ་དང་སྐྱོན་གྱི་རིགས་ཡོད་དོ་ཅོག་ཀུན་བསྟེན་པས་ན་སྤང་བྱར་ གྱུར་པའི་ཉོན་མོངས་ཅན་གྱི་སེམས་ཁྱོད་ཉིད་ཁོ་ན་གཉེན་པོའི་སྟོབས་ཀྱིས་ཚར་གཅད་པར་བྱ་བ་བཟང་དེ་ཉེས་པའི་རྩ་བ་ཁྱོད་ལས་གཞན་མེད་པས་སོ་ཞེས་རང་གི་སེམས་རང་ལས་ཐ་དད་པ་བཞིན་དུ་བརྟགས་ནས་གདམས་པ་བཞིན་མི་བྱེད་ན་ཚར་གཅོད་

Page: 888 འོས་པར་བསྟན་པའོ། །ཚར་གཅོད་མི་ནུས་སོ་སྙམ་ན། རང་ཁོ་ན་གཅེས་པར་འཛིན་པའི་ཉོན་མོངས་པ་ཅན་གྱི་སེམས་ཁྱོད་ཀྱིས་རྒྱུ་ལས་ངན་མང་དུ་བསགས་ནས་འབྲས་བུ་ངན་སོང་གསུམ་སོགས་ལོག་པར་ལྟུང་བའི་གནས་སུ་ཁྲིད་དེ་སྡུག་བསྔལ་མི་བཟད་པ་དུ་ མ་ལ་སྦྱར་ནས་ཁོ་བོ་གནས་སྐབས་གང་དུའམ་གར་བརླག་པར་བྱས་པའི་སྔོན་གྱི་དུས་དེ་ནི་ཁྱོད་ཀྱི་རང་བཞིན་མ་མཐོང་བས་ཉེས་པའི་རྩ་བར་མ་ཤེས་པའི་དུས་གཞན་ཡིན་ལ། དེའི་དུས་སུ་ཁྱོད་སྟོབས་དང་ལྡན་པས་ཁོ་བོ་ལ་གནོད་པའི་གླགས་རྙེད་ནའང་ད་ནི་ སྔར་དང་མི་མཚུངས་ཏེ་ངས་ཁྱོད་ཀྱི་རང་བཞིན་མཐོང་ནས་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཁྱོད་ཁོ་ན་ཡིན་པར་ཤེས་ནས་ངེས་ཟིན་པས་ད་ནི་ཁྱོད་ལས་ངན་བསགས་པའི་ཕྱིར་དུ་ལོག་པའི་ལམ་གང་དུ་འགྲོ་སྟེ་གང་དུ་ཡང་འགྲོ་དབང་མེད་ལ་འགྲོས་པར་ཡང་མི་ ནུས་པས་ཁྱོད་ཀྱིས་གླགས་ཅུང་ཟད་ཀྱང་མི་རྙེད་ལ། ཁོ་བོས་ཁྱོད་ཀྱི་རང་བཞིན་ཤེས་ནས་སྟོབས་དང་ལྡན་པར་གྱུར་པས་ན་རང་གཅེས་པར་བཟུང་ནས་བདག་དོན་འབའ་ཞིག་བྱེད་པའི་ཉོན་མོངས་པ་ཅན་གྱི་སེམས་ངན་པ་ཁྱོད་ཀྱི་དྲེགས་པའམ་ཁེངས་ཤེད་ དང་ང་རྒྱལ་ཀུན་གཉེན་པོའི་སྟོབས་ཀྱིས་རྩ་བ་ནས་གཞོམ་པར་བྱའོ། །དེས་ན་རང་གཅེས་འཛིན་ཁྱོད་ཀྱིས་ད་དུང་དུ་ཡང་ངན་པ་ལང་ཤོར་ལ་སོང་བའི་དབང་གིས་སྔར་བཞིན་མ་། དུ་བདག་ལ་རང་གི་དོན་འབའ་ཞིག་བྱར་ཡོད་སྙམ་པ་དང་བྱེད་དབང་ཡོད་སྙམ་ དུ་སེམས་པའི་བསམ་པ་༌དམན་པ་ཐ་ཆད་པ་དེ་དོར་ཅིག་ད་ནི་རང་དོན་འབའ་ཞིག་པ་ཅུང་ཟད་ཀྱང་བྱར་མེད་ལ་བྱེད་དུ་ཡང་མི་གཞུག་གོ་ཞེས་ཚར་གཅོད་ནུས་པས་བཀའ་ཉན་པར་བསྐུལ་བའོ། །གཞན་དོན་སྒྲུབ་པ་ལ་སྦྱར་བ་ནི། རང་དོན་སྒྲུབ་རྒྱུ་མེད་

Page: 889 པ་ཅིའི་ཕྱིར་སྙམ་ན། བདག་གཞན་ཕན་ཚུན་བརྗེས་པའི་སྒོ་ནས་བདག་གིས་སེམས་ཅན་གཞན་རྣམས་ལ་ཁྱོད་བཙོངས་ཟིན་གྱིས་སམ་བཙོང་གིས་ད་ནི་རང་ལ་མི་དབང་བར་གཞན་ཁོ་ན་ལ་དབང་བ་ཡིན་པས་སེམས་ཁྱོད་ཀྱིས་ ཀྱང་དེ་ལྟར་ཤེས་པར་གྱིས་ལ་ཕྱིན་ཆད་གཞན་དོན་སྒྲུབ་པ་ལ་ནམ་ཡང་སྐྱོ་བར་མ་སེམས་པར་སེམས་ཅན་གཞན་གྱི་བྱ་བའི་ཁུར་༌འཁྱེར་བའམ་ཅི་དགོས་པའི་དོན་བྱེད་པ་ལ་ཞོ་ཤ་ཕུལ་བའམ་དྲིན་བྱིན་ནས་གུས་པ་དང་བཅས་པས་གཞན་གྱི་བྱ་བ་རྣམས་སྒྲུབ་པ་ ལ་ཞུགས་ཤིག ངས་ཉེས་པ་དེ་ཙམ་མ་བྱས་པས་གཞན་ལ་བཙོང་ཅི་དགོས་སྙམ་ན། གལ་ཏེ་བདག་གཅེས་པར་བཟུང་ནས་རང་དོན་འབའ་ཞིག་ཆེད་ཆེར་བྱས་ནས་སྔར་བཞིན་བག་མེད་པར་གྱུར་ནས་ཁྱོད་སེམས་ཅན་རྣམས་ལ་མ་བཙོངས་ཤིང་མ་ བྱིན་པར་བདག་གིར་བྱས་ན་རང་གཅེས་འཛིན་ཁྱོད་ཀྱིས་སྔར་བཞིན་སྡིག་པའི་ལས་བྱས་ནས་སླར་ཡང་ཁོ་བོ་དམྱལ་བ་ཡི་སྲུང་མའི་མ་ཆད་པ་གཅོད་མཁན་གྱི་གཤིན་རྗེའི་སྐྱེས་བུ་རྣམས་ལ་སྦྱིན་ནས་སྡུག་བསྔལ་མི་བཟད་པ་ལ་སྦྱོར་དུ་ངེས་པ་སྟེ་ ཐེ་ཚོམ་མེད་དོ་སྙམ་ནས་ཁྱོད་གཞན་ལ་བཙོངས་པ་ཡིན་ནོ། །ངས་ཁྱོད་ལ་དེ་འདྲའི་གཅོད་པ་ནམ་བྱས་སྙམ་ན། སྔར་ཡང་དེ་ལྟར་བདག་གཅེས་འཛིན་ཁྱོད་རང་གི་རྗེས་སུ་ཞུགས་ནས་མཐུན་པར་སྤྱད་པས་ཁྱོད་ཀྱིས་རེ་ལྟ་ཞིག་སྟེ་ལན་གྲངས་དུ་མར་ཁོ་བོ་ དམྱལ་བའི་སྲུང་མ་རྣམས་ལ་བྱིན་པས་ཡུན་རིང་པོར་མཐའ་མེད་པའི་བ་སྡུག་བསྔལ་གྱི་གནོད་པ་ལ་སྦྱར་བར་བྱས་ལ་ད་དུང་ཡང་ཁྱོད་ཀྱི་དབང་དུ་གྱུང་ན་ཕན་པའི་ཟོལ་གྱིས་བསླུས་ནས་དགྲ་མ་རུངས་པ་བཞིན་དུ་སྡུག་བསྔལ་མི་བཟད་པ་དུ་མ་ལ་སྦྱར་བར་ངེས་སོ་

Page: 890 སྙམ་དུ་ད་ནི་སྔར་གནོད་པ་མང་པོ་བྱས་པའི་འཁོན་རྣམས་དྲན་པར་བྱས་ཏེ་གཉེན་པོ་བསྟེན་ནས་རང་གཅེས་འཛིན་༌་ཁྱོད་ཀྱིས་རང་དོན་འབའ་ཞིག་སྒྲུབ་པར་སེམས་པའི་བསམ་པ་ཐ་ཆད་དེ་ཉིད་རྩ་བ་ནས་གཞོམ་པར་བྱའོ་ཞེས་རང་གི་སེམས་ལ་དྲག་ཏུ་བསྣུན་ ནས་གཉེན་པོས་ཚར་བཅད་པའོ། །དོན་དེ་དག་བསྡུ་ས་ཏེ་བསྟན་པ་ནི། གལ་ཏེའམ་དེ་སྟེ་བདག་ནི་དུས་གཏན་དུ་དགའ་ཞིང་བདེ་བ་གྱ་ནོམ་པ་ཐོབ་པར་འདོད་ན་རང་ལ་བདག་གི་བར་ཆགས་ཤིང་ཞེན་པའི་དབང་གིས་གཅེས་པར་བཟུང་ནས་དགའ་ཞིང་ཞེན་ པར་མི་བྱ་ལ། དེ་སྟེ་བདག་ནི་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་ལས་དུས་གཏན་དུ་བསྲུང་བར་འདོད་ན་གཞན་སེམས་ཅན་དག་དུས་རྟག་ཏུ་གཅེས་པར་བཟུང་སྟེ་རྣམ་པ་ཀུན་ནས་སྲུང་ཞིང་བསྐྱང་བར་བྱའོ། །འགྲེལ་ཆེན་དུ་འདི་སླར་ཡང་འཇམ་ཞིང་ ཞི་བའི་སྒོ་ནས་གདམས་པ་ཡིན་ཞེས་གསུང་ངོ༌། །གཉིས་པ་ལུས་ཚར་གཅོད་པ་ནི། །ཇི་ལྟ་ཇི་ལྟར་སོགས་ཏེ། །དེའང་སྦྱོར་བས་ཉམས་སུ་ལེན་པ་དུས་སུ་ལུས་དབང་དུ་བྱ་བ་ལ། ལུས་སོགས་ལ་ཆགས་ཤིང་ཞེན་པའི་ཉེས་དམིགས་ནི། རང་དོན་དུ་ མ་ཟད་གཞན་དོན་སྒྲུབ་པ་སོགས་ལའང་མཁོ་བས་ན་ལུས་འདི་ལ་སྲེད་ཞེན་གྱིས་གཅེས་སྤྲས་བྱས་ནས་༌་བསྐྱང་རིགས་སོ་སྙམ་ན། མི་རིགས་ཏེ། ཇི་ལྟ་ཇི་ལྟར་རང་བཞིན་ཕྱིན་ཅི་ལོག་ཏུ་གྱུར་པའི་ལུས་འདི་ཉིད་ལ་ནི་ཆགས་ཤིང་ཞེན་ནས་ཟས་ གོས་སོགས་བདེ་བའི་ཡོ་བྱད་ཅི་དང་ཅི་དགོས་པ་ཐམས་ཅད་བསྒྲུབས་ནས་གཅེས་སྤྲས་ཀྱིས་ཡོངས་སུ་སྐྱོང་བར་བྱེད་པར་གྱུར་པ་དེ་ལྟ་དེ་ལྟར་སྔར་བས་ཀྱང་ཤིན་ཏུ་ནི་བཟེ་རེ་ཅན་ཏེ་འདོད་པའི་དངོས་པོ་ཆུང་ངུ་ཙམ་མ་གྲུབ་ནའང་

Page: 891 ༄༅། །སྡུག་བསྔལ་ཆེན་པོ་འབྱུང་ལ་སྡུག་བསྔལ་ཆུང་ངུ་ཙམ་ཡང་བསྲན་མི་ནུས་པའི་བཟོད་བསྲན་ཆུང་བར་གྱུར་པ་ཉིད་དུ་ལྷུང་བར་གྱུར་ནས་ཅིས་ཀྱང་སྐྱོང་མི་ནུས་པས་ཤིན་ཏུ་གསོ་དཀའ་བ་དང་དགང་དཀའ་བར་འགྱུར་བའི་ཕྱིར་ རོ། །དེ་ལྟར་གྱུར་ནའང་འདོད་པ་ཐམས་ཅད་བསྒྲུབས་པས་ཆོག་གོ་སྙམ་ན། དེ་ལྟར་བཟེ་རེ་ཅན་དུ་ལྷུང་བར་གྱུར་པས་སླར་ཡང་སྲིད་པ་ཇེ་ཆེར་འཕེལ་ནས་འདོད་པ་ཆེ་ཞིང་ཆོག་མི་ཤེས་པར་གྱུར་པ་དེ་ཡི་ཡང་འདོད་པའི་རེ་བ་ནི་འཛམ་བུའི་གླིང་ལ་ སོགས་པའི་ས་སྟེང་འདི་ཐམས་ཅད་ཡོངས་སུ་གང་བའི་ལོངས་སྤྱོད་ཀྱིས་ཀྱང་ཡོངས་སུ་སྐོང་ཞིང་རྫོགས་པར་ནུས་པ་ནམ་ཡང་ཡོད་པ་མིན་ན་འདོད་ཆེན་དེ་ཡི་འདོད་པ་ཐམས་ཅད་སུས་རྫོགས་པར་སྒྲུབ་པར་བྱེད་ནུས་ཏེ་སུས་ཀྱང་མི་ནུས་སོ། །དེ་ཡང་ དཔེར་ན་རྒྱལ་པོ་ང་ལས་ནུ་དང་རྒྱལ་པོ་གྲགས་པ་མཐའ་ཡས་གླིང་བཞིའི་བདག་པོར་གྱུར་པས་མ་ངོམས་ཤིང་སླར་ཡང་ལྷའི་ཟབ་དབང་པོ་བརྒྱ་བྱིན་གྱི་སྟན་བྱེད་ཐོབ་ནས་བརྒྱ་བྱིན་སུམ་ཅུ་རྩ་དྲུག་རེའི་རིང་ལ་དེར་བསྡད་ནས་སུམ་ཅུ་རྩ་གསུམ་ མན་ཆད་ཀྱི་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་དབང་བྱས་ནས་སྤྱད་ཀྱང་ད་དུང་དེས་ཀྱང་མ་ངོམས་མ་ཆོག་པར་མཐར་འཛམ་བུའི་གླིང་གི་སྟེང་དུ་ལྷུང་ནས་ཤི་བའི་དུས་བྱས་པར་གསུངས་པ་ལྟར་རོ། ༈། དེ་ལྟར་འདོད་པས་མི་ངོམས་པ་ནི། ཚོམས་ལས། ཀར་ཤ་པ་ཎའི་ཆར་བབས་ཀྱང༌། །འདོད་པ་རྣམས་ཀྱིས་ངོམས་མི་འགྱུར། །འདོད་པ་མནོག་ཆུང་ཉེས་མང་བར། །མཁས་པ་རྣམས་ཀྱིས་ཁོང་དུ་ཆུད། །གངས་ཅན་དང་ནི་མཉམ་པ་ཡི། །གསེར་གྱི་རི་བོ་ཡོད་གྱུར་ཀྱང་། །

Page: 892 ནོར་དེས་གཅིག་ཀྱང་། མི་ཚིམ་པར། །རྟོགས་པར་གྱིས་ལ་ལེགས་པར་སྤྱོད། །ཅེས་དང༌། ཡབ་སྲས་མཇལ་བ་ལས་ཀྱང་། ཆུ་བོ་རྣམས་ཀྱིས་ནམ་དུ་ཡང་། །རྒྱ་མཚོ་ངོམས་པར་མི་འགྱུར་ཏེ། །དེ་བཞིན་འདོད་པ་བསྟེན་བྱས་ན། །གཞེར་ཡང་ངོམས་པར་ མི་འགྱུར་རོ། །ཤིང་དང་རྩ་དག་རབ་བསྲེགས་ཀྱང་། །མེ་ནི་ངོམས་པར་མི་འགྱུར་རོ། །དེ་བཞིན་འདོད་པ་བསྟེན་བྱས་ན། །འདོད་པའི་ལོངས་སྤྱོད་ངོམས་མི་མྱོང་། །ཞེས་སོགས་དཔེ་དུ་མས་བསྟན་ལ། །གཞན་ཡང་ས་སྟེང་འབྲུ་རྣམས་ཐམས་ཅད་ དང༌། །གསེར་དང་ཕྱུགས་དང་ནད་མེད་རྣམས། །དེ་དག་ཀུན་གྱིས་གཅིག་མི་ངོམས། །ད་ལྟར་ཤེས་པ་ཞི་བར་གྱིས། །ཞེས་སོ། །དེ་ལྟར་འདོད་པའི་རེ་བ་རྫོགས་པར་བྱེད་པའི་ནུས་པ་མེད་བཞིན་དུ་འདོད་ཡོན་ལ་ཧ་ཅང་རེ་བ་ཆེ་བས་ནི་འདོད་ ཆགས་ཤས་ཆེར་སྐྱེད་ཅིང་འདོད་པའི་གེགས་བྱེད་པ་ལ་སེམས་ཁོང་ནས་འཁྲུགས་པའི་ཞེ་སྡང་བར་འགྱུར་བ་སོགས་ཉོན་མོངས་སྐྱེ་བ་དང༌། དེ་ལ་བརྟེན་ནས་དགེ་བའི་བསམ་པ་སྤྱི་དང་ཁྱད་པར་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ཉམས་པ་ དང་དེ་ནས་གཞན་གནོད་ཀྱི་བསམ་པ་ངན་པའང་སྐྱེ་བར་འགྱུར་ཞིང་སྦྱོར་བ་གཞན་ལ་གནོད་པ་བྱེད་པའང་འབྱུང་བར་འགྱུར་ལ་དེ་ལ་བརྟེན་ནས་མི་འདོད་པའི་སྡུག་བསྔལ་དུ་མའང་འབྱུང་བར་འགྱུར་རོ། །ཡང་འདོད་པ་ལ་མངོན་པར་ཞེན་པས་ངལ་ ཞིང་དུབ་པས་ཉོན་མོངས་པར་གྱུར་ནས་སྡུག་བསྔལ་སྐྱེ་བ་དང་འདོད་པ་མ་གྲུབ་པས་བསམ་པ་ཉམས་པ་ཡིད་མི་བདེ་བའང་སྐྱེ་བར་འགྱུར་ཞེས་ཀྱང་གསུངས་སོ། །དང་པོ་འདོད་པའི་ཡུལ་ཆུང་ངུ་འདོད་ཀྱང་གོང་འཕེལ་དུ་གྱུར་ནས་ཆོག་མི་ཤེས་

Page: 893 ༄༅། །པར་འགྱུར་བ་ཉེར་དགའ་མར་ཁུ་ལ་ཆགས་པ་བཞིན་ཡིན་པར་བུ་སྟོན་གསུང་ངོ༌། །ཆགས་ཞེན་བསྐྱུངས་པའི་ཕན་ཡོན་ནི། སྐྱེས་བུ་གང་ཞིག་ལུས་དང་འདོད་པའི་ཡོན་ཏན་དུ་གྱུར་པའི་ལོངས་སྤྱོད་ཀུན་ལ་ཆགས་ཞེན་གྱིས་རེ་ལྟོས་མེད་པར་འདོད་ཆུང་ཆོག་ཤེས་དང་ ལྡན་པ་དེ་ཡི་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ནི་ཟད་མི་ཤེས་པས་དེ་ལ་ཡོ་བྱད་ཀྱིས་ཕོངས་ཤིང་བྲེལ་བ་ནི་ནམ་ཡང་འབྱུང་མི་སྲིད་དོ། །དེ་ལྟར་འདོད་ཆུང་ཆོག་ཤེས་དང་ལྡན་པ་ནི་ནོར་རྫས་སོགས་མེད་ཀྱང་འབྱོར་བའི་ལོངས་སྤྱོད་ཆེན་པོ་དང་ལྡན་པ་ཡིན་ལ། འདོད་པ་ཆེ་ཞིང་ཆོག་ཤེས་ མེད་ན་འབྱོར་བའི་ལོངས་སྤྱོད་ཇི་ཙམ་མང་བ་དེ་ཙམ་གྱིས་ཡིད་ལ་གདུང་བ་སྐྱེད་པར་བྱེད་པ་ཡིན་ཏེ། དེས་པས་ཞུས་པ་ལས། བྱེ་བ་སྟོང་ཕྲག་གཏེར་ཡོད་ཀྱང༌། །གང་དག་ལ་ནི་གཏོང་མེད་པ། །དེ་དག་འཇིག་རྟེན་འདིར་དབུལ་ཞེས། །ཐོས་མང་རྣམས་ཀྱིས་དེ་སྐད་བཤད། །གང་ལ་ ཟན་གཅིག་མེད་བཞིན་དུ། །དེ་ནི་གཏོང་ལ་རབ་གནས་པ། །དེ་ནི་འཇིག་རྟེན་ནོར་ཆེ་ཞེས། །ཡང་དག་གཟིགས་པ་རྣམས་ཀྱིས་བཤད། །ཅེས་དང༌། བཤེས་སྤྲིང་ལས་ཀྱང༌། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། ། ཀུན་ཏུ་ཆོག་ཤེས་མཛོད་ཅིག་མཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་བ་ལགས། །དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟ་མ་ལགས་ཏེ། །ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། ། ཞེས་གསུངས། ངོམས་ཤིང་ཚིམ་པ་མེད་པའི་རྒྱུ་མཚན་དེ་ལྟ་བས་ན་ལུས་ཀྱི་འདོད་པ་སྟེ་ལུས་གསོ་ཞིང་སྐྱོང་བའི་ཆེད་དུ་ཉེ་བར་མཁོ་བའི་ཟས་གོས་ཡོ་བྱད་སོགས་ཀྱི་དངོས་པོ་བཟང་པོ་ལ་ཞེན་ཅིང་ཆགས་པའི་འདོད་པ་ལ་ནི་གཉེན་པོ་བསྟེན་

Page: 894 ནས་ཚོད་མ་བཟུང་ན་ནམ་ཡང་ངོམས་པ་དང་ཆོག་པ་མེད་པར་གོང་འཕེལ་དུ་འགྱུར་བའི་ཕྱིར་དང་པོ་ནས་འདོད་ཡོན་ལ་ཆགས་པ་སྐྱེ་བའི་སྐབས་དབྱེ་བར་མི་བྱ་སྟེ་བྱས་ན་འདོད་པའི་ཡུལ་ཡོད་དོ་ཅོག་ལ་ཆགས་སྲེད་གོང་འཕེལ་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་ ནའང་ཉེར་མཁོའི་ཡོ་བྱད་ངན་ངོན་ལས་ཡོ་བྱད་ཀྱི་དངོས་པོ་བཟང་པོ་ལ་ཆགས་ཞེན་འགོག་མི་ནུས་སོ་སྙམ་ན། ཡོ་བྱད་གང་ཞིག་གཏོང་བའི་སེམས་མི་སྐྱེ་ལ་སེམས་ཆགས་པས་གཞིར་གྱུར་པའི་ཡིད་དུ་འོང་བའི་ཡོ་བྱད་ཀྱི་དངོས་པོ་ལ་ནི་དེ་བས་ཀྱང་ཆགས་ ཞེན་འགོག་དགོས་པས་དེ་ལྟ་བུའི་ཡོ་བྱད་ནི་དང་པོ་ནས་གང་ཡང་མི་བསྲེལ་ཞིང་མི་འཛིན་པར་ངན་ངོན་ཙམ་གྱིས་ཆོག་པར་བྱ་བ་དེ་ནི་ནོར་དང་ལོངས་སྤྱོད་ཀྱི་ནང་ནས་མཆོག་ཏུ་གྱུར་པའི་དངོས་པོ་བཟང་པོ་ཡིན་ཏེ་དེ་འདྲ་བའི་ཡོ་བྱད་ནི་དང་པོ་སྒྲུབ་སླ་ལ་བར་དུ་ ཞེན་ཆགས་ཆུང་བ་དང་མཐར་བརླག་པའི་སྡུག་བསྔལ་ཆེན་པོ་མི་སྐྱེད་པས་སོ། །སྲེད་མེད་ཀྱི་བུས་ཞུས་པར། དངོས་པོ་གང་ལ་དེ་གཏོང་བའི་སེམས་མི་སྐྱེ་བ་དེ་དང་གཏོང་བའི་བློ་མི་འཇུག་པའི་དངོས་པོ་དེ་བསྲེལ་བར་མི་བྱའོ། །ཡོངས་སུ་འཛིན་པ་ གང་ལ་སྤོང་བའི་སེམས་མི་སྐྱེ་བའི་ཡོངས་སུ་འཛིན་པ་དེ་ཡོངས་སུ་གཟུང་བར་མི་བྱའོ། །ཞེས་སོགས་གསུངས། ་ ལུས་ལ་ཡང་ཆགས་ཤིང་ཞེན་མི་རིགས་པའི་རྒྱུ་མཚན་ལ། བོང་བ་དང་སྡོང་རུལ་སོགས་དང་ཁྱད་མེད་པས་ཆགས་མི་རིགས་པ་ནི། ཡོ་ བྱད་བཟང་པོ་ལ་ཆགས་མི་རིགས་ཀྱང་རང་གི་ལུས་ལ་ཞེན་པ་ལ་ཉེས་པ་མེད་དོ་སྙམ་ན། ད་ལྟ་ལུས་འདི་གཅེས་སྤྲས་བྱས་ནས་ཟས་གོས་ཀྱིས་བསྐྱངས་ཀྱང་ཐ་མར་ཤི་བའི་ཚེ་མེར་བསྲེགས་ནས་ཐོལ་བའི་མཐར་གཏུགས་པའམ་དེ་མིན་ཀྱང་མཐར་

Page: 895 ༄༅། །རྡུལ་ཕྲན་དུ་དེངས་ནས་ཐལ་བའི་མཐར་གཏུགས་ཤིང་དེར་ཟད་པར་འགྱུར་ཞིང་ད་ལྟ་གསོན་པའི་དུས་སུ་ཡང་ལུས་རང་ཉིད་ཤིང་དང་བོང་བ་ལྟར་མི་གཡོ་ཞིང་རླུང་སེམས་གཞན་གྱི་སྟོབས་ཀྱིས་སྒུལ་བསྐྱོད་བྱས་ནས་འགྲོ་འདུག་ ཉལ་འཆག་ལ་སོགས་པའི་བྱ་བ་བྱེད་དགོས་པ་དང༌། མི་གཙང་བ་ཤ་ཁྲག་སོགས་ཀྱི་རང་བཞིན་ལས་གྲུབ་པའི་གཟུགས་ཀྱི་ཕུང་པོ་ནི་འཇིགས་པ་མི་བཟད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་ན་དེ་ལྟ་བུའི་ལུས་དམན་པ་སྙིང་པོ་ཅི་ཡང་མེད་པ་འདི་ལ་ སེམས་ཁྱོད་ཀྱིས་ཅིའི་ཕྱིར་བདག་ཏུ་འཛིན་ཏེ་བདག་ཏུ་འཛིན་པའི་རྒྱུ་མཚན་ཅིའང་མེད་པས་འདི་ལའང་བདག་ཏུ་འཛིན་མི་རིགས་སོ། །དེ་ལྟར་བཤེས་སྤྲིང་ལས། ལུས་མཐའ་ཐལ་བ་མཐར་སྐམ་མཐར་འདྲུལ་ཞིང༌། །ཐ་མར་མི་གཙང་སྙིང་ པོ་མ་མཆིས་པ། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །ཅེས་གསུངས་ལ། དེ་བཞིན་དུ་མདོ་ལས་ཀྱང་། དགེ་སློང་དག་ཤི་ཞིང་དུས་ལས་འདས་པའི་ལུས་ཉེ་དུ་རྣམས་ཀྱིས་མེར་ བསྲེགས་པའམ་ཆུར་བསྐྱུར་བའམ་ས་འོག་ཏུ་འཇུག་པར་བྱེད་ཅིང་ཡང་ན་རླུང་དང་ཉི་མ་དག་གིས་སྐེམ་པར་འགྱུར་རོ། །ཡང་ན་ནི་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སྣ་ཚོགས་ཀྱིས་ཟ་བར་འགྱུར་རོ་ཞེས་གསུངས་པ་ལྟར་རོ། ། ཤི་ནས་དགོས་པ་མེད་ཀྱང་གསོན་པའི་ལུས་འདི་བཟུང་བར་རིགས་སོ་སྙམ་ན། ཆོས་ལ་བཀོལ་བའི་ཆེད་ཡིན་ན་མ་གཏོགས་གསོན་ནམ་ཡང་ན་མཐར་ཤི་ཡང་བླའི་རྨོངས་པའི་སེམས་པ་དག་ལ་ལུས་མི་གཙང་བའི་ཕུང་པོ་འཁྲུལ་འཁོར་ལྟར་

Page: 896 གཞན་སྟོབས་ཀྱི་གཡོ་འགུལ་བྱེད་པའི་བེམ་པོ་འདིས་ཅི་ཞིག་བྱ་སྟེ་དགོས་པ་མེད་ལ། གཡོ་བ་མེད་པའི་བོང་བ་དང་སྡོང་དུམ་ལ་སོགས་པ་དང་ལུས་བེམ་པོ་འདི་ལ་ཁྱད་པར་ཅི་ཞིག་ཡོད་ན་སྟེ་ཅི་ཡང་མེད་དོ། །འོན་ཏེ་བདག་ཏུ་འཛིན་པའི་ གཞི་ཡིན་པ་ཉིད་ཀྱིས་ཁྱད་ཡོད་དོ་སྙམ་དུ་སེམས་ན། རང་ལ་རྗེས་སུ་བརྩེ་བས་ཀྱི་ཧུད་སེམས་རྨོངས་པ་ཁྱོད་ཀྱིས་ཅིའི་ཕྱིར་འདི་ལ་བདག་གི་ལུས་སོ་སྙམ་དུ་འཛིན་པའི་ང་རྒྱལ་ཅིའི་ཕྱིར་སེལ་བར་མི་བྱེད་དེ་གཉེན་པོའི་སྟོབས་ཀྱིས་ལུས་ལ་བདག་ གམ་བདག་གིར་འཛིན་པ་བསལ་ནས་རྒྱུན་གཅོད་པར་རིགས་སོ་ཞེས་འདོམས་པའོ། །བདག་གི་ལུས་སོ་སྙམ་དུ་ཞེན་པ་བསལ་དགོས་པ་ཅིའི་ཕྱིར་སྙམ་ན། བདག་གི་ལུས་སོ་ཞེས་འདི་གཅེས་པར་བཟུང་ནས་ཡིད་ཁྱོད་ཀྱིས་ཆགས་ཤིང་ཞེན་པས་ སྨན་དང་ཟས་གོས་སོགས་བསྟབས་ནས་ལུས་ཀྱི་རིམ་གྲོ་དང་ཁ་ཏ་བྱས་ཏེ་གཅེས་པར་བསྐྱངས་པ་ཡིས་དགོས་པའི་དོན་ཅིའང་མེད་པའི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མང་པོ་ཉེ་བར་བསགས་ནས་འདི་ལ་ཕན་འདོགས་བྱེད་པ་ལ་རྗེས་སུ་ཆགས་ པ་དང་གནོད་འཚེ་བྱེད་པ་ལ་ཁོང་ཁྲོ་བ་དང་བཅས་པའི་སྒོ་ནས་ཤིང་འགལ་དུམ་དང་མཚུངས་པའི་ལུས་འདི་ལ་ཆགས་ཞེན་གྱིས་གཅེས་པར་བཟུང་སྟེ་བསྐྱངས་པས་ཅི་ཞིག་བྱ་སྟེ་རང་ལ་དྲིན་ལན་གཟོ་བ་དང་ཕན་བདེ་སྐྱེད་པ་སོགས་ཀྱི་དགོས་པ་ཅིའང་ མེད་པས་ན་དེའི་དོན་དུ་ཆགས་སྡང་བྱེད་པ་ནི་མི་རིགས་སོ། །ཕན་གནོད་དང་བསྟོད་སྨད་སོགས་མི་ཤེས་པས་ཆགས་མི་རིགས་པ་ནི། དེ་ལྟར་ལུས་ཀྱི་དོན་དུ་ཆགས་སྡང་བྱེད་མི་རིགས་པའི་རྒྱུ་མཚན་ཡང་ད་ལྟ་གསོན་པའི་དུས་སུ་བདག་གིས་འདི་ལྟར་

Page: 897 ༄༅། །ཟས་གོས་སོགས་སྦྱར་ནས་གཅེས་པར་བསྐྱངས་པའམ་མཐར་ཤི་བའི་དུས་སུ་བྱ་རྒོད་དང་ཅེ་སྤྱང་སོགས་ཀྱིས་ཟོས་ཨཔར་གྱུར་ཀྱང་རུང་སྟེ་ལུས་བེམ་པོ་ཁོ་རང་གི་ངོས་ནས་ཕན་བཏགས་པ་ལ་རྗེས་སུ་ཆགས་པ་མེད་ཅིང་གནོད་འཚེ་བྱེད་པ་ ལ་ཞེ་སྣང་བའང་ཡོད་པ་མིན་ན་རྒྱུ་མཚན་ཅི་སྟེའམ་ཅིའི་ཕྱིར་ཕན་གནོད་སོགས་གང་ཡང་མི་ཤེས་པའི་བེམ་པོ་དེ་ལ་བདག་ཉིད་ཆགས་པར་བྱེད་ཆགས་པར་བྱེད་མི་རིགས་སོ། །གཞན་ཡང་གང་ཟག་གང་ཞིག་གིས་ལུས་ལ་སྐྱོན་བརྗོད་དེ་སྨོད་པར་བྱས་པས་ ཁྲོ་ཞིང་མི་དགའ་བར་འགྱུར་བ་དང་གཞན་གང་ཞིག་གིས་ལུས་འདིའི་ཡོན་ཏན་བརྗོད་ནས་མཆོད་ཅིང་བསྟོད་པ་བྱས་པས་ཀྱང་མགུ་ཞིང་དགའ་བར་འགྱུར་བ་མེད་ལ། དེར་མ་ཟད་གལ་ཏེ་ལུས་རང་ཉིད་ཀྱིས་ནི་བསྟོད་སྨད་བྱས་པ་དེ་ཉིད་ཙམ་ཡང་ཤེས་པ་ མེད་ན་དེ་ལ་ཁྲོ་ཞིང་མི་དགའ་བ་དང་མགུ་ཞིང་དགའ་བ་སྐྱེ་བ་ལྟ་ག་ལ་ཡོད། ཡང་ན་ལུས་གང་ཞིག་སྨོད་དང་ལུས་གང་ཞིག་བསྟོད་སོགས་ཞེས་སྦྱར་ཡང་འདྲའོ། །དེས་ན་ཡིད་བདག་གིས་ལུས་གང་གི་དོན་དུ་བསྟོད་སྨད་བྱས་པ་ལ་ཆགས་སྡང་དང་ དགའ་མི་དགའི་སྒོ་ནས་ངལ་བ་བྱས་པ་ལ་དོན་ཅི་ཡང་མེད་པས་དེ་ལྟར་བྱེད་པ་མི་རིགས་སོ། །གལ་ཏེ་ལུས་རང་གིས་ཕན་གནོད་དང་བསྟོད་སྨད་སོགས་མི་ཤེས་མོད་ཀྱང་གང་ཟག་གང་ཞིག་བདག་གི་ལུས་འདི་འདོད་ཅིང་ཡིད་དུ་འོང་བར་གྱུར་པའམ་དེ་ལ་ ཕན་བདེ་སྒྲུབ་པར་འདོད་པ་དེ་དང་བདག་བཤེས་གྲོགས་ཡིན་པས་དེ་ལ་བདག་དགའ་བ་ཡིན་ནོ་ཞེ་ན། འོ་ན་སེམས་ཅན་ཐམས་ཅད་ཀྱང་བདག་རང་རང་གི་ལུས་དེ་ཉིད་འདོད་ཅིང་དགའ་བ་ཡིན་པས་གང་ཟག་གཞན་དེ་ལའང་བདག་ཀོའམ་བདག་ནི་ཅིའི་མི་དགའ་སྟེ་

Page: 898 རིགས་པ་མཚུངས་པས་དགའ་བས་ཕན་གདགས་རིགས་སོ། །དེས་ན་རང་གི་ལུས་ལ་ཆགས་ཤིང་དགའ་བ་དང་གཞན་གྱི་ལུས་ལ་སྡང་ཞིང་མི་དགའ་བ་བྱེད་པ་མི་འཐད་དོ། །ཡང་ན། ཡིད་གང་ཞིག་ལུས་འདི་བདེ་བར་འདོད་པ་ལ་ཡུན་རིང་དུ་གོམས་པར་གྱུར་པས་ ལུས་དེ་དང་ཡིད་བདག་གཉིས་བཤེས་སུ་འགྲོགས་པས་དགའ་བ་ཡིན་ནོ་ཞེ་ན། སེམས་ཅན་ཐམས་ཅད་ཀྱང་། རང་གི་ལུས་བདེ་བར་འདོད་པ་ཤ་སྟག་ཡིན་པས་སེམས་ཅན་དེ་དག་ལའང་བདག་ཀོ་ཅིས་མི་དགའ་སྟེ་དགའ་རིགས་སོ། །ཞེས་བཤད་ཀྱང་འདྲ་སྙམ་སྟེ་དེ་ནི་ ས་བཟང་ལྟར་ཡིན་ལ། ཡང་ཐམས་ཅད་རང་གི་ལུས་འདོད་པས་གཞན་གྱི་ལུས་དེ་ལ་ཡང་བདག་ཀོ་ཅིས་མི་དགའ། དེས་ན་རང་ལུས་ལ་ཆགས་པ་དང་གཞན་ལུས་ལ་སྡང་བ་མི་རིགས་ཞེས་གསུངས་པའང་སྣང་སྟེ་ཁྱད་པར་ཆེར་མེད་དོ། །ལུས་གཞན་དོན་དུ་གཏོང་ཞིང་དེའི་ ཆེད་དུ་གཟུང་བ་ནི། རང་དོན་དུ་ལུས་ལ་བདག་གིར་བཟུང་ནས་ཆགས་ཤིང་ཞེན་པ་ལ་སེམས་ཅན་གྱི་དོན་མི་འབྱུང་བ་སོགས་ཉེས་པ་མང་པོ་ཡོད་པས་ཆགས་མི་རིགས་རྒྱུབོ་དེ་བས་ན་ཡིད་བདག་གིས་རང་གི་ལུས་ལ་ཆགས་ཤིང་ལྟོས་པ་མེད་པར་འགྲོ་བ་གཞན་རྣམས་ལ་ཕན་བདེ་སྒྲུབ་ པའི་ཕྱིར་དུ་ལུས་འདི་དེ་རྣམས་ཀྱི་ཉེར་འཚོའི་རྒྱུའམ་བྲན་དུ་བསྔོས་ནས་གཏང་བར་བྱའོ། །ལུས་ལ་བརྟེན་ནས་གཞན་གྱི་ཕན་བདེའི་དོན་སྒྲུབ་ནུས་པ་དེས་ན་འདི་ལ་ཆགས་ན་ཉེས་དམིགས་མང་༌་ཡང་མགར་བ་དང་ཤིང་མཁན་སོགས་ལས་བྱེད་པ་རྣམས་ཀྱི་ལག་ཆའམ་སྤྱད་པ་བཞིན་དུ་གཞན་དོན་ སྒྲུབ་པའི་དོན་དུ་ཉེ་བར་མཁོ་བས་ན་ལུས་འདི་གཟུང་ཞིང་བསྲུང་བར་བྱ་བའི་ཐབས་ལ་མཁས་པར་བྱའོ། །འཇིག་རྟེན་པ་རྣམས་ཁུར་གྱི་དོན་དུ་ཤིང་རྟ་འཛིན་པའི་ལས་ཀྱི་སྤྱད་བཞིན་ཞེས་འཆད་པ་ནི་བསླབ་བཏུས་ལྟར་རོ། །དེ་ལྟར་མི་གཙང་ཞིང་སྙིང་པོ་མེད་པའི་ལུས་ལ་སྲེད་ཅིང་ཞེན་པས་གཅེས་པར་འཛིན་པ་

Page: 899 ༄༅། །ཉེས་པ་དུ་མའི་གཞི་ཡིན་ཡང་གཞན་ལ་བཏང་ནས་བསྲུང་ཞིང་ཆོས་ལ་བཀོལ་བར་བྱས་ན་སྙིང་པོ་ལེན་པའི་ཐབས་དམ་པར་འགྱུར་ཏེ། བཞི་བརྒྱ་པར། ལུས་འདི་དགྲ་ལྟར་མཐོང་མོད་ཀྱང༌། །དེ་ལྟ་ན་ཡང་དེ་བསྲུང་བྱ། །ཞེས་སོགས ལྟར་རོ། །གསུམ་པ་ཏིང་འཛིན་འགྲུབ་པའི་ཐབས་ལ་གདམས་པ་ནི། དེ་བས་བྱིས་པའི་སོགས་ཏེ། དེ་ལ། ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་བཟློག་པ་ནི། སེམས་མཉམ་པར་མ་བཞག་ན་ཉོན་མོངས་པ་སྤོང་མི་ནུས་པའི་རྒྱུ་མཚན་དེ་བས་ན་ཕྱི་ནང་གི་ འཇིག་རྟེན་གཉིས་ལ་མངོན་པར་ཞེན་པ་སོགས་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ལ་སེམས་མངོན་པར་གཞོལ་ཏེ་བླང་དོར་ཕྱིན་ཅི་ལོག་འབའ་ཞིག་ལ་ཅི་དགར་འཇུག་པའི་བྱིས་པ་ཐ་མལ་པའི་སྤྱོད་པའམ་འཇིག་རྟེན་པའི་སྤྱོད་པ་དམན་པ་དག་ནི་སྔོན་ཐོག་ མ་མེད་པ་ནས་ལོ་གྲངས་དཔག་ཏུ་མེད་པ་སྤྱད་པས་ད་ནི་དེ་ཙམ་གྱིས་ཆོག་སྟེ་དེ་དག་ལ་ནི་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ལས་དགོས་པའི་དོན་དང་ཕན་པའི་སྙིང་པོ་ཅི་ཡང་མེད་པས་སོ། །རྒྱུ་མཚན་དེས་ན་དེང་ནས་བརྩམས་ཏེ་བདག་གིས་སངས་རྒྱས་ བྱང་སེམས་སོགས་འཇུག་ལྡོག་གི་གནས་ལ་མཁས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་བསྙེགས་ཏེ་དེ་དག་གི་བསམ་སྤྱོད་ལ་ཅི་ནུས་སུ་སློབ་པར་བྱ་རིགས་ལ། ཇི་ལྟར་སློབ་ཚུལ་ཡང་ལུས་སེམས་རྣམ་པར་གཡེང་བའི་བག་མེད་སྤོང་བའི་ཆེད་དུ་ སྔར་བཤད་པའི་ལེའུ་བཞི་བ་དང་བདུན་པ་བསླབ་བཏུསོ་དང་མདོ་བཏུས་སོགས་ལས་འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་བྱེད་པའི་བག་ཡོད་པར་བྱ་བའི་གཏམ་ཇི་སྐད་བཤད་པ་རྣམས་ནི་བློ་ལ་དྲན་པར་བྱས་ཏེ་རང་གི་ཡིད་ལ་ལེགས་པར་བརྟགས་

Page: 900 ནས་ཏིང་ངེ་འཛིན་གྱི་གེགས་བྱེད་པའི་གཉིད་དང་རྨུགས་པ་སོགས་སྒྲིབ་པ་རྣམ་པ་ལྔ་དང་ཉོན་མོངས་པའི་རྣམ་པར་རྟོག་པ་གཞན་རྣམས་ཀྱང་རང་རང་གི་གཉེན་པོས་བཟློག་ཅིང་སྤོང་བ་ལ་འབད་པར་བྱ་དགོས་སོ། །དེ་ལྟར་རྐང་བ་དང་པོས་བསྟན་པ་ལྟར་ འཇིག་རྟེན་ཐ་མལ་བའི་སྤྱོད་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་ལས་ཕན་པའི་དོན་དང་སྙིང་པོ་མེད་པའི་ཚུལ། ཇོ་བོས། འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམ་ཀྱང་ཕན་པར་མི་ འགྱུར་བས། །རང་གི་ཡིད་ལ་ལྟ་བ་གོམས་པར་གྱིས། །ཞེས་སོ། །དེས་ནི་འཇིག་རྟེན་སྤང་བ་གཙོ་བོར་བསྟན་ལ། སྒྲིབ་པ་ལྔ་ནི། །བཤེས་སྤྲིང་ལས། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང༌། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། ། སྒྲིབ་པ་ལྔ་བོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད། །ཅེས་པ་ལྟར་འདོད་པའི་འདོད་ཆགས། གནོད་སེམས། རྒོད་འགྱོད། གཉིད་རྨུགས། ཐེ་ཚོམ་སྟེ་ལྔ་ཡིན་ལ་འདི་དག་གི་ངོས་འཛིན་དང་སྤོང་ཚུལ་ སོགས་རྒྱས་པར་གཞན་དུ་ཤེས་པར་བྱའོ། །དེ་ལྟར་འདོད་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་རྣམ་རྟོག་རྣམས་བཟློག་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་ལ་འབད་པར་བྱ་དགོས་པའང༌། མདོ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། ། འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་རྣམ་རྟོག་དོར་དགོས་པར་བསྟན་པ་སྟེ། དེ་དག་ནི་སྔར་བདག་གཞན་མཉམ་པ་དང་བརྗེ་བའི་སེམས་རང་གི་དམིགས་པ་ལ་རྩེ་གཅིག་པའི་

Page: 901 ༄༅། །ཏིང་ངེ་འཛིན་གྱི་ངོ་བོར་སྒྲུབ་པ་ལ་དེའི་མི་མཐུན་ཕྱོགས་རྣམ་གཡེང་སྤང་དགོས་པ་དང་དེ་སྤོང་བ་ལ་ལུས་དང་སེམས་དབེན་པ་དགོས་པ་དང་ལུས་དབེན་པའི་ཐབས་ལ་འཇིག་རྟེན་པའི་འདུ་འཛི་སྤང་༌དགོས་པ་དང་སེམས་དབེན་པའི་ཐབས་ སུ་འདོད་པ་ལ་འདུན་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤང་དགོས་པར་བསྟན་པའི་དོན་བསྡུ་བའང་ཡིན་ལ། འདི་ནི་བསམ་པ་གཞན་ནི་ཀུན་བཏང་སྟེ། །ཞེས་སོགས་ཀྱི་དོན་བསྡུ་ཡིན་པར་འགྲེལ་ཆེན་དུ་བཤད་དེ་དོན་ལ་སྔ་མ་དང་ཁྱད་པར་མེད་དོ། ། མཐུན་ཕྱོགས་གཉེན་པོ་བསྟེན་པ་ནི། རྒྱལ་བའི་སྲས་པོ་ཐུགས་རྗེ་ཆེ་ལ་ཚད་མེད་པ་མངའ་བ་རྣམས་ཀྱི་མཛད་སྤྱོད་ལྟར་ཆགས་སོགས་ཉེས་པ་བྱུང་བ་རྣམས་རེ་རེ་ནས་བཟློག་པར་བྱ་ཞིང་ཕྱིས་མི་འབྱུང་བར་ཝ་བྱ་བའི་ཕྱིར་རིགས་ཤིང་འོས་པའི་གཉེན་པོའི་སྟོབས་ བསྐྱེད་ནས་བསྲན་ནི་བརྟན་པོར་གཟུགས་པར་བྱ་སྟེ། དེ་ཡང་སྤང་གཉེན་གྱི་བླང་དོར་ལ་ཉིན་མཚན་ཕྱེད་བར་ཏེ་ཉིན་མཚན་ཁོར་ཡུག་ཏུ་མ་འབད་ན་མཐའ་མེད་པའི་བདག་གི་སྲིད་པའི་སྡུག་བསྔལ་ནམ་ཞིག་མཐར་ཕྱིན་ནས་ཟད་པར་འགྱུར་ཏེ་མི་འགྱུར་བའི་ ཚུལ་ལ་བསམ་ནས་གཉེན་པོ་བསྟེན་ཏེ་ཞི་བ་མྱ་ངན་ལས་འདས་པ་འཐོབ་པའི་ཐབས་སུ་ཐོག་མར་ཞི་གནས་༌་སྒོམ་པ་ལ་འབད་པར་བྱའོ། །ཚིགས་བཅད་འདི་རྒྱ་དཔེ་དང་རྒྱ་འགྲེལ་དག་ན་མེད་པར་བཤད་དོ། །དགེ་བའི་དམིགས་པ་ལ་མཉམ་པར་བཞག་ ཐབས་བསྟན་པས་དོན་བསྡུ་བ་ནི། གཉེན་པོ་ལ་བརྟེན་ནས་མི་མཐུན་ཕྱོགས་སྤོང་དགོས་པའི་རྒྱུ་མཚན་དེ་ལྟ་བས་ན་སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་༌པ་མཐའ་དག་བསལ་བའི་ཕྱིར་དུ་གཉེན་པོ་ཁྱད་པར་ཅན་བདག་མེད་རྟོགས་པའི་ལྷག་མཐོང་

Page: 902 བསྐྱེད་དགོས་ལ་དེའི་སྔོན་དུ་ཡང་ཞི་གནས་མཚན་ཉིད་པ་ཐོབ་དགོས་ཤིང་དེ་ཐོབ་པ་ལའང་དེའི་མི་མཐུན་ཕྱོགས་སུ་གྱུར་པའི་ལོག་པའི་ལམ་སྔར་བཤད་པའི་འདོད་པའི་རྣམ་རྟོག་ལ་སོགས་པའི་སྒྲིབ་པ་ལྔའམ། ལེ་ལོ༑གདམས་ངག་བརྗེད་པ། བྱིང་རྒོད། བྱིང་རྒོད་བྱུང་བའི་ཚེ་གཉེན་པོ་འདུ་མི་བྱེད་ལ། བྱིང་རྒོད་ཞི་ནས་སེམས་རྣལ་དུ་གནས་པའི་ཚེ་འདུ་བྱེད་པ་སྟེ་ཉེས་པ་ལྔའི་གཉེན་པོར། འདུན་པ་རྩོལ་བ་དད་པ་ཤིན་ཏུ་སྦྱངས་པ། དྲན་པ། ཤེས་བཞིན། སེམས་པ། འདུ་བྱེད་བཏང་སྙོམས་ཏེ་སྤོང་བའི་ འདུ་བྱེད་བརྒྱད་བསྟེན་པ་དང༌། གཞན་ཡང་སེམས་གནས་པའི་ཐབས་དགུ་སོགས་ཏིང་ངེ་འཛིན་འགྲུབ་པའི་ཐབས་རྣམས་ལ་བརྟེན་ནས་ལོག་པའི་ལམ་དེ་དག་ལས་སེམས་ཕྱིར་བསླན་པའམ་བླན་པ་སྟེ་ཕྱིར་བཟློག་པར་བྱས་ཏེ་ཚུལ་བཞིན་ཡིད་ལ་བྱེད་ པས་ཞགས་པས་དྲང་ཞིང་དྲན་པའི་ཐག་པས་ཀུན་ནས་དམ་པོར་བཏགས་ལ་ཡང་དག་པ་དགེ་བའི་དམིགས་པ་ལ་དུས་རྟག་པར་ཡང་བདག་གིས་སེམས་ནི་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་མཉམ་པར་གཞག་པར་བྱའོ། །ཕར་བསྡུས་སུ། མཚན་མའི་ རྣམ་པ་ཤེས་བྱས་ཤིང༌། །ཡིད་ནི་མཉམ་པར་བཞག་པའི་ཕྱིར། །དམིགས་ལས་བསམ་པ་ཉམས་གྱུར་ན། །དྲན་པས་ཕྱིར་ཡང་བསྡུ་བར་བྱ། །སྒྲིབ་པ་རྣམས་ལས་རང་གི་ཡིད། །གླང་བོ་རང་དབང་ཐོབ་གྱུར་ན། །ལྕགས་ཀྱུས་བཟློག་པར་བྱ་བ་བཞིན། ། ལོག་པའི་ཕྱོགས་ལས་བཟློག་པར་བྱ། །ཞེས་སོ། །དེ་ཡང་ཞི་གནས་ཐུན་མོང་བ་སྒྲུབ་ཚུལ་ཉན་སར་གསུངས་ཤིང་ཐུན་མོང་མ་ཡིན་པའི་སྒྲུབ་ཚུལ་རྒྱུས་པར་སློབ་དཔོན་ཀ་མ་ལ་ཤྲཱི་ལའི་སྒོམ་རིམ་ལྟར་ཡིན་པར་འགྲེལ་ཆེན་དུ་བཤད་ལ། གཞུང་འདི་

Page: 903 ༄༅། །ཡང་བདག་གཞན་མཉམ་པ་དང་བརྗེ་བའི་དམིགས་རྣམས་ལ་སེམས་བཟུང་ནས་དེ་ཉིད་ཏིང་ངེ་འཛིན་གྱི་ངོ་བོར་སྒྲུབ་པའི་ཞི་གནས་ཐུན་མོང་མ་ཡིན་པའི་སྒོམ་ཐབས་བསྟན་པ་ཡིན་གྱི་རྡེའུ་ཤིང་དང་ལྷ་སྐུ་སོགས་ལ་དམིགས་ རྟེན་བྱས་ནས་ཞི་གནས་བསྒྲུབ་ཚུལ་བསྟན་པ་མིན་ནོ། །དེ་ཡང་གཞུང་འདིའི་བསམ་གཏན་གྱི་སྐབས་སུ་བདག་གཞན་མཉམ་བརྗེ་སྒོམ་ཚུལ་བསྟན་ཞིང་བསླབ་བཏུས་སུ་ཤེས་རབ་ཀྱི་སྐབས་སུ་མཉམ་བརྗེ་སྒོམ་ཚུལ་བསྟན་ལ། དེའི་རྒྱུ་མཚན་ཡང་ ཐོག་མར་སེམས་བསྐྱེད་ནས་དེ་ལ་བློ་སྦྱངས་ཏེ་སྟོང་ཉིད་སྒོམ་པ་ལ་འཇུག་པ་ཡོད་ལ་དེའི་དབང་དུ་བྱས་ནས་སྤྱོད་འཇུག་གཞུངའདིར་བསམ་ལེའི་སྐབས་སུ་བདག་གཞན་མཉམ་བརྗེ་སྒོམ་ཚུལ་རྒྱས་པར་བསྟན། དེ་ནས་ཤེར་ལེའི་སྐབས་སུ་རིགས་པའི་ རྣམ་གྲངས་མཐའ་ཡས་པས་སྟོང་ཉིད་གཏན་ལ་ཕབ་ནས་དེ་སྒོམ་ཚུལ་བསྟན་ལ། ཡང་དང་པོ་ནས་སྟོང་ཉིད་རྟོགས་པའི་ལྟ་བ་གཏན་ལ་ཕབ་སྟེ་དེ་ནས་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་འཇུག་པ་ཡོད་༌་ལ་དེའི་དབང་དུ་བྱས་ ནས་བསླབ་བཏུས་སུ་ཤེར་ལེའི་སྐབས་སྟོང་ཉིད་སྒོམ་ཚུལ་རྒྱས་པར་བསྟན་ནས་དེའི་མཇུག་ཏུ་བདག་གཞན་མཉམ་བརྗེ་སྒོམ་ཚུལ་བསྟན་པ་ཡིན་ནམ་སྙམ་སྟེ། མདོར་ན་བྱང་ཆུབ་ཀྱི་སེམས་དང་སྟོངཉིད་རྟོགས་པའི་ཤེས་རབ་གཉིས་རྒྱུད་ལ་སྐྱེད་ཚུལ་ གྱི་རིམ་པ་གཉིས་ཡོད་པ་དེའི་དབང་དུ་བྱས་པ་འདྲའོ། །གཞན་ཡང་ཞི་གནས་སྒོམ་དགོས་པའི་རྒྱུ་མཚན་དེ་མ་བསྒོམས་པའི་ཉེས་དམིགས་བསྒོམ་པའི་ཕན་ཡོན་ཇི་ལྟར་སྒོམ་པའི་ཚུལ་སོགས་རྒྱས་པར་གཞན་ལས་གསུངས་པ་ལྟར་ཤེས་པར་བྱའོ། །

Page: 904 འདི་ནི་ཏིང་ངེ་འཛིན་འགྲུབ་པའི་ཐབས་ལ་གདམས་པའང་ཡིན་ལ། སྔར་བསམ་གཏན་ལ་མཉམ་པར་འཇོག་དགོས་པའི་རྒྱུ་མཚན་བརྗོད་དེ་མདོར་བསྟན་མཛད་པ་དེ་ཉིད་རྒྱས་པར་བཤད་ཟིན་པའི་དོན་བསྡུ་བའང་ཡིན་ནོ། །

ལེའུ་བཅུ་པ། བསྔོ་བའི་ལེའུ།

[edit]

བདག་ གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་ རྒྱ་མཚོ་ཐོབ་པར་ཤོག །དེ་དག་འཁོར་བ་ཇི་སྲིད་དུ། །ནམ་ཡང་བདེ་ལས་ཉམས་མ་གྱུར། །འགྲོ་བས་བྱང་ཆུབ་སེམས་དཔའ་ཡི། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག །འཇིག་རྟེན་ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག །གྲང་བས་ཉམ་ཐག་དྲོ་ཐོབ་ཤོག །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་བར་ཤོག །རལ་གྲི་ལོ་མའི་ནགས་ཚལ་ཡང་། །དེ་ལ་དགལ་ ཚལ་སྡུག་གུར་ཤོག །ཤལ་མ་རི་ཡི་སྡོང་པོ་ཡང་། །དཔག་བསམ་ཤིང་དུ་འཁྲུངས་པར་ཤོག །འཐིང་རིལ་ངུར་པ་དག་དང་ངང་པ་དང་། །བཞད་སོགས་སྐད་སྙན་འབྱིན་པས་མཛེས་གྱུར་ཅིག །པདྨ་དྲི་བསུང་ཆེ་ལྡན་མཚོ་དག་གིས། །དམྱལ་བའི་ས་ ཕྱོགས་དག་ནི་ཉམས་དགར་ཤོག །སོལ་ཕུང་དེ་དག་རིན་ཆེན་ཕུང་པོར་གྱུར། །ས་བསྲེགས་ཤེལ་གྱི་ས་གཞི་བསྟར་བར་ཤོག །བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི། །གཞལ་མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག །མདག་མ་རྡོ་བསྲེགས་

Page: 905 ༄༅། །མཚོན་གྱི་ཆར་པ་དག །དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། །ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི། །དེང་ནས་རྩེ་ཕྱིར་མེ་ཏོག་འཕེན་པར་ཤོག །ཆུ་བོ་རབ་མེད་མེ་དོང་འདྲ་ནང་བྱིང་བ་དག །ཤ་ཀུན་ཞིག་གྱུར་རུས་གོང་མེ་ ཏོག་ཀུནྡའི་མདོག །བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས། །ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཤོག །ཅི་ཕྱིར་འདིར་ནི་གཤིན་རྗེའི་མི་དང་ཁྲ་དང་བྱ་རྒོད་མི་བཟད་རྣམས་སྐྲག་བྱེད། །ཀུན་ནས་མུན་བསལ་བདེ་དགའ་ བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་མཐུ་སྙམ་སྟེ། །གྱེན་དུ་བལྟས་ན་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས། །རབ་ཏུ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་དེ་དང་ལྷན་ཅིག་འགྲོ་བར་ཤོག །མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་ བབས་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པར་མཐོང་གྱུར་ནས། །གློ་བུར་བདེ་བས་ཚིམ་པ་འདི་ཅི་བསམ་པ་དང་། །སེམས་དམྱལ་རྣམས་ཀྱིས་ཕྱག་ན་པདྨ་མཐོང་བར་ཤོག །གྲོགས་དག་འཇིགས་པ་བོར་ལ་རིངས་པར་ཚུར་ཤོག་འུ་བུའི་ཐད་ དུ་ནི། །གང་གི་མཐུ་ཡིས་སྡུག་བསྔལ་ཀུན་བྲལ་དགའ་བའི་ཤུགས་ཕྱིན་ལ། །འགྲོ་བ་ཀུན་ནས་ཡོངས་སྐྱོབ་བྱང་ཆུབ་སེམས་དང་བརྩེ་བ་སྐྱེས་གྱུར་པ། །གཞོན་ནུ་ཟུར་ཕུད་ཅན་འབར་འཇིགས་པ་མེད་པར་བྱེད་པ་ཅི་ཞིག་ཕྱིན། །ཁྱོད་ཀྱི་ལྷ་བརྒྱའི་ཅོད་པན་དག་ གིས་ཞབས་ཀྱི་པདྨ་ལ་མཆོད་ཅིང་། །ཐུགས་རྗེའི་རླན་སྤྱན་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱིས་ཆར་འབབ་པ། །ཁང་བརྩེགས་ཡིད་འོང་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོགས་ལྡན་འདི་ལྟོས་ཞེས། །འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་ཅ་ཅོ་འདོན་

Page: 906 པར་ཤོག །དེ་ལྟར་བདག་གི་དགེ་རྩས་ཀུན་དུ་བཟང་ལ་སོགས། །བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་སྤྲིན་བདེ་བ་དང་། །བསིལ་ཞིང་དྲི་ཞིམ་དང་ལྡན་ཆར་པ་འབེབས་མཐོང་ནས། །སེམས་ཅན་དམྱལ་བ་དེ་དག་མངོན་པར་དགའ་གྱུར་ཅིག །དུད་འགྲོ་རྣམས་ནི་གཅིག་ལ་ གཅིག །ཟ་བའི་འཇིགས་དང་བྲལ་བར་ཤོག །སྒྲ་མི་སྙན་པའི་མི་བཞིན་དུ། །ཡི་དགས་རྣམས་ནི་བདེ་བར་གྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི། ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དགས་རྣམས་ནི་ཚིམ་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་ བསིལ་བར་ཤོག །ལོང་བ་རྣམས་ཀྱིས་མིག་མཐོང་ཞིང་། །འོན་པས་རྟག་ཏུ་སྒྲ་ཐོས་ཤོག །ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ། །སྦྲུམ་མའང་གནོད་མེད་བཙའ་བར་ཤོག །གཅེར་བུ་རྣམས་ཀྱིས་གོས་དག་དང་། །བཀྲེས་པ་རྣམས་ཀྱིས་ཟས་དང་ནི། །སྐོམ་པ་ རྣམས་ཀྱིས་ཆུ་དག་དང་། །བཏུང་བ་ཞིམ་པོ་ཐོབ་པར་ཤོག །བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག །ཡི་ཆད་རྣམས་ཀྱང་ཡིད་སོས་ཤིང་། །བརྟན་པ་ཕུན་སུམ་ཚོགས་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། ། མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྐྲག་པ་རྣམས་ནི་འཇིགས་མེད་ཤོག །བཅིངས་པ་རྣམས་ནི་གྲོལ་བར་འགྱུར། །མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་། །སེམས་ནི་ཕན་ཚུན་མཉེན་གྱུར་ ཅིག །འདྲོན་པ་དག་ནི་ཐམས་ཅད་ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །གང་གི་དོན་དུ་འགྲོ་བྱེད་པ། །དེ་འབད་མི་དགོས་གྲུབ་གྱུར་ཅིག །གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམ་པ་གྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་བདེར་ཕྱིན་

Page: 907 ༄༅། །ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག །མྱ་ངན་ལམ་གོལ་འཁྱམས་པ་རྣམས། །འདྲོན་པ་དག་དང་ཕྲད་གྱུར་ནས། །ཆོམ་རྐུན་སྟག་སོགས་འཇིགས་མེད་པར། །མི་ངལ་བདེ་བླག་འདོང་བར་ཤོག །དགོན་སོགས་ལམ་མེད་ཉམ་ང་བར། ། བྱིས་པ་རྒན་པོ་མགོན་མེད་པ། །གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས། །ལྷ་དག་སྲུང་བར་བྱེད་པར་ཤོག །མི་ངལ་ཀུན་ལས་ཐར་བ་དང་། །དད་དང་ཤེས་རབ་བརྩེ་ལྡན་ཞིང་། །ཟས་དང་སྤྱོད་པ་ཕུན་ཚོགས་ནས། །རྟག་ཏུ་ཚེ་རབས་དྲན་གྱུར་ཅིག །ཐམས་ཅད་ ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །སེམས་ཅན་གཟི་བརྗིད་ཆུང་ངུ་གང་། །དེ་དག་གཟི་བརྗིད་ཆེན་པོར་ཤོག །དཀའ་ཐུབ་ཅན་གང་གཟུགས་ངན་པ། །གཟུགས་ བཟང་ཕུན་སུམ་ཚོགས་གྱུར་ཅིག །འཇིག་རྟེན་བུད་མེད་ཇི་སྙེད་པ། །དེ་དག་སྐྱེས་པ་ཉིད་གྱུར་ཅིག །མ་རབས་རྣམས་ནི་མཐོ་ཐོབ་ཅིང་། །ང་རྒྱལ་དག་ཀྱང་བཅོམ་པར་ཤོག །བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་མ་ལུས་པ། །སྡིག་ པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་བ་བྱེད་པར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་གཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤང་བར་ཤོག །སེམས་ཅན་དེ་དག་ཐམས་ཅད་ ནི། །ཚེ་ཡང་དཔག་མེད་རིང་བར་ཤོག །རྟག་ཏུ་བདེ་བར་འཚོ་འགྱུར་ཞིང་། །འཆི་བའི་སྒྲ་ཡང་གྲག་མ་གྱུར། །དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སངས་རྒྱས་དང་ནི་སངས་རྒྱས་སྲས། །ཆོས་སྙན་སྒྲོགས་པས་གང་བ་ཡིས། །ཕྱོགས་རྣམས་

Page: 908 ཐམས་ཅད་གང་བར་ཤོག །ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་མཉམ་པ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་པར་གྱུར། །འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང་། །བྱང་ཆུབ་སེམས་དཔའ་མང་པོ་དག ། རང་གི་ལེགས་པས་ས་སྟེངས་དག །བརྒྱན་པར་མཛད་པས་བཞུགས་གྱུར་ཅིག །ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །དེ་དག་རྟག་ཏུ་སངས་རྒྱས་དང་། །སངས་ རྒྱས་སྲས་དང་ཕྲད་གྱུར་ཅིག །མཆོད་པའི་སྤྲིན་ནི་མཐའ་ཡས་པས། །འགྲོ་བའི་བླ་མ་མཆོད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་ རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་གྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །སེམས་ཅན་འགའ་ཡང་སྡུག་མ་གྱུར། །འཇིགས་དང་བརྙས་པར་མི་འགྱུར་ཞིང་། །འགའ་ཡང་ཡིད་མི་བདེ་ མ་གྱུར། །གཙུག་ལག་ཁང་རྣམས་ཀློག་པ་དང་། །ཁ་ཐོན་གྱིས་བརྒྱན་ལེགས་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་གྲུབ་པར་ཤོག །བསླབ་པ་འདོད་པའི་དགེ་སློང་དག །དབེན་པ་དག་ཀྱང་ཐོབ་པར་ཤོག །གཡེང་བ་ཐམས་ ཅད་སྤངས་ནས་ནི། །སེམས་ནི་ལས་རུང་སྒོམ་གྱུར་ཅིག །དགེ་སློང་མ་རྣམས་རྙེད་ལྡན་ཞིང་། །འཐབ་དང་གནོད་པ་སྤང་བར་ཤོག །དེ་བཞིན་རབ་ཏུ་བྱུང་བ་ཀུན། །ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིག །ཚུལ་ཁྲིམས་འཆལ་པས་ཡིད་བྱུང་ནས། །རྟག་ཏུ་སྡིག་

Page: 909 ༄༅། །པ་ཟད་བྱེད་ཤོག །བདེ་འགྲོ་དག་ཀྱང་ཐོབ་གྱུར་ནས། །དེར་ཡང་བརྟུལ་ཞུགས་མི་ཉམས་ཤོག །མཁས་པ་རྣམས་ནི་བཀུར་བ་དང་། །བསོད་སྙོམས་དག་ཀྱང་རྙེད་པར་ཤོག །རྒྱུད་ནི་ཡོངས་སུ་དག་པ་དང་། །ཕྱོགས་རྣམས་ཀུན་ཏུ་གྲགས་ པར་ཤོག །ངན་སོང་སྡུག་བསྔལ་མ་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་དག་སངས་རྒྱས་མྱུར་འགྲུབ་ཤོག །སེམས་ཅན་ཀུན་གྱིས་ལན་མང་དུ། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །སངས་རྒྱས་བདེ་བ་བསམ་ ཡས་ཀྱིས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །དེ་བཞིན་རང་སངས་རྒྱས་རྣམས་དང་། །ཉན་ཐོས་ རྣམས་ཀྱང་བདེ་གྱུར་ཅིག །བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་པར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང་། །རབ་ཏུ་བྱུང་བ་ཐོབ་པར་ཤོག །བདག་ནི་ཁ་ཟས་གྱི་ནས་ཀྱང་། །ཉམས་དང་ལྡན་ཞིང་འཚོ་བར་ཤོག །ཚེ་རབས་ཀུན་དུ་དབེན་གནས་ པར། །ཕུན་སུམ་ལྡན་པ་ཐོབ་པར་ཤོག །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུའི་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་ པའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །འགྲོ་བའི་སྡུག་བསྔལ་གང་ཅི

Page: 910 འང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག ། གང་གི་དྲིན་གྱིས་དགེ་བློ་འབྱུང་། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདག་དར་བ། །དགེ་བའི་བཤེས་ལའང་བདག་ཕྱག་འཚལ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བསྔོ་བ་ཞེས་བྱ་བ་སྟེ་ལེའུ་བཅུ་པའོ། ། སླར་སྨྲས་པ། སྲིད་པ་ཀུན་ཏུ་རྙེད་པར་དཀའ་བའི་ནོར་གྱི་མཆོག །ཐེག་ཆེན་རིན་ཆེན་རིན་ཐང་མེད་པ་འདི་ཁོ་ན། །དེ་ཡི་སྙིང་པོ་བྱང་ཆུབ་སེམས་མཆོག་དབང་གི་རྒྱལ། །འཇིག་རྟེན་འཇིག་རྟེན་ལས་འདས་སྤྱི་ནོར་དམ་པར་འགྱུར། །གང་གི་ས་བོན་རང་བཞིན་རྣམ་དག་ཞིང་ ལྟོ་རུ། །ཡོན་ཏན་རྗེས་དྲན་ཆུ་ལུད་བྲན་བཞིན་ལེགས་སྦྲུམ་པ། །འགལ་རྐྱེན་སྦྱོང་དང་མཐུན་རྐྱེན་འཚོགས་པའི་དྲོད་གཤེར་འཛོམས། །རྒྱལ་བའི་མྱུ་གུ་ཐོག་མར་བསྐྲུན་པའི་ཚུལ་གསུམ་མོ། །དེ་ཉིད་བག་མེད་འགོང་པོས་རློམ་ན་དབྱེ་བ་དང༌། །ཤེས་བཞིན་མ་ཡིན་ གདོན་གྱིས་ཐམས་ན་བཟློག་པ་དང༌། །མི་བཟོད་བགེགས་ཀྱིས་བརྐུས་ལ་བསྐྲད་པའི་ཆོ་ག་བརྩམས། །བར་དུ་མི་ཉམས་སྲུང་བའི་རིག་པ་གསུམ་ཡིན་ནོ། །བརྩོན་འགྲུས་ནམ་ཟླའི་བགྲོད་པ་གོང་ནས་གོང་དུ་རྫོགས། བསམ་གཏན་བསིལ་བཅུད་འཐུང་བས་ལམ་ བརྒྱའི་སྡོང་བུར་བསྲིངས། །ཤེས་རབ་དྲོད་བཅུད་བསྟེན་པས་ས་ཡི་སྟེ་མར་རྒྱས། །ཐ་མར་ཡོངས་སུ་སྨིན་པའི་སྒོ་ནི་གསུམ་ཞེས་བྱ། ༑གང་ཕྱིར་སྲིད་དང་སྲིད་མིན་བཀྲེས་པ་ཀུན་སེལ་བ། །རྒྱལ་བའི་ལོ་ཏོག་ཕུན་ཚོགས་དེ་ལ་རག་ལས་ཤིང་། །དེ་ཡང་རྒྱལ་སྲས་རྣམས་

Page: 911 ༄༅། །ཀྱི་སོ་ནམ་འདིར་ལྟོས་པ། །ཇི་ལྟར་བྱ་བའི་ཐབས་ཚུལ་འདི་ཀོ་ཅིས་མི་སློབ། །ཨེ་མ་དགེ་བའི་བཤེས་གཉེན་ལེགས་གསུང་ཟེགས་མ་རེ་རེར་ཡང་། ་། དད་བློའི་ལྕི་ཡིས་མྱོང་བས་འཆི་བ་མེད་པའི་བཅུད་དུ་དངར། །བྱང་ཆུབ་མཆོག་གི་སྲོག་ཟུངས་བརྟན་པའི་ གསོས་སུ་ཡང་ཡང་འཐུང་། །གཞན་ལ་ཕན་ཕྱིར་སྐྱུགས་པས་ཡི་གེའི་གཟུགས་ཅན་མ་གྱུར་ཏམ། །དེ་ལས་བྱུང་བའི་དགེ་ཚོགས་འཛམ་བུའི་སྙེ་མ་གང་། །རྒྱལ་སྲས་ཐུ་བོའི་རྗེས་སུ་སློབ་པའི་མ་དྲོས་མཚོར། །བདེན་ཚིག་འབུམ་ཕྲག་གྲངས་མེད་བཅུ་ཡི་སྒྲ་སྒྲོགས་བཞིན། ། སྐུ་གསུམ་ཀླུ་དབང་དཔལ་དུ་ཡོངས་སུ་སྨིན་པར་གྱུར། །དེ་མཐུས་ལྷ་བཅས་སྐྱེ་རྒུ་ཀུན་དགའི་དལ་འཚོའི་གནས། །རྣམ་པ་ཐམས་ཅད་མཁྱེན་པའི་གསེར་བཟང་ལས་གྲུབ་ཅིང༌། །བདུད་བཞིའི་དཔུང་ལས་རྣམ་པར་རྒྱལ་པའི་རྒྱལ་མཚན་ཆེ། །ཕན་བདེའི་ཁང་བཟང་རྩེ་མོར་དགྱེས་ པར་རོལ་གྱུར་ཅིག །ཐེག་མཆོག་ལམ་སྟོན་བཤེས་གཉེན་སྒྲོན་མེས་སྲིད་གསུམ་གསལ། །བདུད་རྩིའི་སྒོ་མོ་གྲངས་མེད་བྱེ་བས་དུག་གསུམ་ཞི། །བདུད་དང་མུ་སྟེགས་མུན་པའི་ཁུང་བུར་སྒོ་གསུམ་བཅིང༌། །བསྟན་ལ་དགའ་རྣམས་འཛུམ་དཀར་གསར་བ་རྒྱས་གྱུར་ཅིག ། བཀྲ་ཤིས་གང་ཞིག་ཕྱོགས་བཅུའི་ནམ་མཁའི་མཐར་ཐུག་པ། །མི་ཟད་རྒྱན་གྱི་སྤྲིན་ཕུང་སྟུག་པོ་བཀོད་པ་ལས། །ཕུན་ཚོགས་ནོར་བུའི་གྲུ་ཆར་རྒྱུན་འཆད་མེད་པར་འཇོ། །བདེན་པ་དེས་ནི་དགེ་ལེགས་ཉི་མ་འབར་གྱུར་ཅིག །བདུད་རྩི་གང་ཞིག་འཆི་བདག་འཇོམས་ པའི་སྨན་གྱི་ཕུལ། །ལེགས་བྲིས་དབང་དང་གདེངས་ཅན་བདག་པོས་མ་མྱོང་བའི། །ཟག་མེད་རོ་མཆོག་ཀུན་ཏུ་རྒྱས་པའི་དཔལ་ཡོན་ཅན། །བཀྲ་ཤིས་དེས་ཀྱང་དུས་གསུམ་བདེ་ལེགས་བྱིན་གྱུར་ཅིག །དཔལ་ལྡན་གང་ཞིག་རིགས་དང་གྲོལ་བའི་ལང་ཚོས་སྒེག །འཇིག་

Page: 912 རྟེན་གསུམ་ན་གཙུག་ཕུད་རྩེ་མོས་ཕྱག་བྱས་ཤིང༌། །རྒྱལ་བའི་རིང་ལུགས་དབང་གི་རྒྱལ་བོའི་ཅོད་པན་འཛིན། །བཀྲ་ཤིས་དེས་ཀྱང་སྲིད་གསུམ་དབུགས་དབྱུང་སྟེར་གྱུར་ཅིག །དེ་ལྟར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ གཞུང་བཟང་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཉིད། མདོ་དོན་མན་ངག་གིས་བཀྲལ་བའི་རྗེས་སུ་འབྲང་སྟེ། བཀའ་དྲིན་གཞལ་བར་དཀའ་བའི་དགེ་བའི་བཤེས་གཉེན་ཐུགུས་རྗེ་ཆེན་པོ་དང་ལྡན་པ་མཆོག་གི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ པ་དང༌། ཐེག་པ་མཆོག་གི་རིགས་ཅན་རྣམས་ཀྱི་བློ་གྲོས་ཀྱི་པད་མོ་ཁ་བྱེ་བའི་མཐུན་རྐྱེན་དང༌། བརྩེ་ལྡན་སྐྱོ་བ་མེད་པའི་ཆོས་སྨྲ་བ་རྣམས་ཀྱི་འཆད་སྤེལ་བསྙེལ་བ་མི་མངའ་བའི་གསལ་འདེབས་སུ། སྡེ་སྣོད་སྨྲ་བའི་ཉི་མ། ཕྱིར་མི་ལྡོག་པའི་ རྒྱལ་སྲས་སེམས་དཔའ་ཆེན་པོ། །ཐུབ་བསྟན་ཆོས་ཀྱི་གྲགས་པ་ཞེས་ཚད་མེད་པའི་བཀའ་དྲིན་དང་ཐུགས་རྗེའི་བདག་ཉིད་ཅན་དེས། ་གཞུང་ལེའུ་དགུ་ཐེག་པ་ཆེན་པོའིའདུལ་བ་ལ་སྣང་ཞིང༌། མདོ་སྡེ་ལ་འཇུག་པ། མངོན་པ་དང་མཐུན་པའི་ལུང་རིག་ མན་ངག་གི་ལེགསབཤད་རིན་པོ་ཆེའི་ཕྲེང་བ་བསྟར་ལ་བརྒྱུས་པ་དག་གིས་ཐུབ་བསྟན་ཡོངས་རྫོགས་ཀྱི་རྩེ་མོ་ཐེག་ཆེན་བ་ཚགསེར་གྱི་བུམ་བཟང་མཛེས་པར་བྱས་པ་འདི་ནི་ཐུབ་པའི་རྗེས་སྐྱེས་རྣམས་ཀྱི་ཡོན་ཏན་ཟད་མི་ཤེས་པ་༌་འཇོ་བའི་གཏེར་ཆེན་པོ་ཉིད་དུ་གྱུར་ ཏོ། །ཚུལ་དེ་ལ་གཟིགས་ཏེ། རྩོམ་པ་པོའི་ཐུགས་སྲས། སྙིགས་དུས་བསྟན་འགྲོའི་དཔལ་མགོན་དམ་པ། ངོར་ཨེ་ཝཾ་པའི་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོ་དཔལ་བཟང་པོའི་ཞལ་སྔ་ནས་། གཅིག་ལས་དུ་མ་འབྱུང་བའི་

Page: 913 ཕྱག་རྒྱ། སྤར་གྱི་ཕྱི་མོར་བསྐྲུན་པའི་མཐུན་རྐྱེན་གནང་བ་དང༌། ཉེ་བར་གནས་པ་ཨ་དཔལ་ནས་སྒོ་གསུམ་ལོངས་སྤྱོད་དང་བཅས་པས་སྲི་ཞུ་བགྱིས་པ་འདི་ཉིད་ཐར་པའི་ལམ་མཁན་ཡོངས་འཛིན་དམ་པ་རྣམས་ཀྱི་འདུན་སར་ཐུགས་ དགྱེས་པའི་བཟང་མཆོད་སྤྲིན་བཟང་པོ་གྱུར་ཏེ་དགོངས་པའི་མཛོད་ཁང་ཡོངས་སུ་འགེངས་པ་སྨོན་ན། དེ་དེ་བཞིན་འགྲུབ་པ་བླ་མ་རྒྱལ་བ་སྲས་དང་བཅས་པས་དབྱངས་གཅིག་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་སྭ་སྟི་སི་དྡྷཾ། །རྨད་བྱུང་ ཐུགས་བསྐྱེད་རྩ་བ་རབ་བརླིང་ཞིང་། །རྒྱ་ཆེན་ཚོགས་གཉིས་བྱེ་བའི་ཡལ་འདབ་རྒྱས། །ཕན་བདེའི་གྲིབ་བསིལ་ལུས་ཅན་ཉེར་འཚོའི་གཞི། །ཐུབ་དབང་དབག་བསམ་ལྗོན་པས་འགྲོ་འདི་སྲུངས། །ཐུབ་པ་མཆོག་དེའི་བསྟན་པ་རིན་ཆེན་འདིར། །མཁས་ཚུལ་གསུམ་གྱི་བྱིན་ བརླབ་བསྒྲུབས་པ་ན། །ཆོས་ཀྱི་གྲགས་པས་ས་ཆེན་དགེ་བྱས་པའི། །བཤེས་གཉེན་དེ་ཡི་ཞབས་རྡུལ་གཙུག་གིས་ལེན། །གང་གི་རྣམ་དཔྱོད་རི་དབང་མནྡཱ་རས། །སྡེ་སྣོད་རྒྱ་མཚོ་བསྲུབས་པའི་སྙིང་པོ་མཆོག །ལེགས་བཤད་ཟླ་བ་བདུད་རྩིའི་བང་མཛོད་ནི། །ངོ་མཚར་ ཕྲིན་ལས་འོད་ཀྱི་རླབས་ཕྲེང་གཡོ། །དེས་ནི་རྒྱལ་བསྟན་ཀུ་མུད་ལེགས་ཕྱེས་ཏེ། །དེས་ཀྱང་འགྲོ་ལ་ཕན་བདེའི་དཔལ་སྦྱིན་པ། །འདི་གཅིག་ཉི་མའི་གཉེན་གྱི་རིང་ལུགས་ལ། །མ་སྨད་བྱ་བའི་ཕུལ་ཏེ་སུ་ཡིས་བསྐྲུན། །དེ་ཕྱིར་གཅིག་ལས་དུ་མར་སྤྲུལ་པའི་བཟོ། ། སྲས་བཅས་རྒྱལ་བའི་ཕྲིན་ལས་གཟུགས་ཅན་དུ། །ཤར་བ་སྤར་ཞེས་གྲགས་པའི་སྤྲིང་ཡིག་གསར། །ལུང་རྟོགས་བསྟན་པའི་གསོས་སྨན་བླ་ན་མེད། །གཞི་དེར་ལེགས་གསུང་འདི་དག་འདུ་བྱེད་མཁན། །རྒྱུ་རྐྱེན་མཆོག་དང་ཕལ་དུ་སྣང་རྣམས་ཏེ། །དེ་ཀུན་ཡང་དག་

Page: 914 བཤེས་མཆོག་དེའི་གསུང་བཅས། །ཚད་མར་མཐོང་བའི་དྲི་མེད་མི་གིས་སོ། །གཙོ་བོར་ཉེ་གནས་མཁས་པ་ཨ་དཔལ་ཞེས། །བསླབ་གསུམ་ལྡན་དེའི་ལྷག་བློས་མཚམས་སྦྱར་ནས། །གང་བྱུང་རྣམ་དཀར་འདི་ཡི་ཕྱོགས་ཁོ་ནར། །སྨིན་པའི་དད་བརྩོན་དགེ་བས་གཞི་ བཏིང་སྟེ། །རྗེ་བཙུན་བླ་མ་དམ་པའི་ལེགས་གསུང་གི། །བདུད་རྩིས་བློ་གྲོས་ལུས་སྟོབས་ན་ད་བའི། །ཡོངས་རྫོགས་བསྟན་དང་རྒྱུད་སྡེ་རྒྱ་མཚོ་ཡི། །དེད་དཔོན་ཨེ་ཝཾ་ཐར་རྩེའི་པཎྜི་ཏ། །རྡོ་རྗེ་འཛིན་དག་བློ་གཏེར་དབང་བོ་དེས། །རབ་གུས་དང་པ་ཆེན་པོས་ཟང་ཟིང་གི་། མཐུན་པའི་རྐྱེན་དུ་འགྱུར་བར་ངེས་པ་ཡི། །དངོས་པོའི་གཏོང་བ་གྲོལ་བའི་ཆ་ཤས་དང༌། །བསླབ་ལྡན་ལྷག་པའི་བློ་མངའ་དགེ་བའི་བཤེས། །དགེ་འདུན་རྒྱ་མཚོར་གྲོགས་དེའི་མཐུན་རྐྱེན་གྱི། །སྐྱ་རེངས་གསར་བས་དྲངས་པའི་ལེགས་བྱས་ཉི། །བདེ་ཆེན་ལྷུན་གྲུབ་སྟེང་གི་ ཆོས་གྲྭར་ཤར། །དེ་བྱུང་དགེ་ཚོགས་ཟླ་བ་ཀུན་དའི་དཔལ། །མོག་པོར་བགྱིད་པའི་བསོད་ནམས་མཆོག་དེ་ཡིས། །ཇི་ལྟར་སྨག་ལ་ཉིན་བྱེད་སྒྲོན་མེ་བཞིན། །ལེགས་ཚོགས་གོང་འཕེལ་ཟློག་ཟླ་ཉོས་སྨད་ཤོག །ཁྱད་པར་བླ་མའི་ཐུགས་སྲས་ཐུ་བོ་རུ། །བཞེངས་པའི་ འདྲེན་མཆོག་བློ་གྲོས་གཏེར་གྱུར་པའི། །ཟབ་དགོངས་ལྷག་མ་ཆོས་ཀྱི་དབྱིངས་སུ་རྫོགས། །ཕྲིན་ལས་དུས་མཐར་ནུབ་མེད་གསལ་གྱུར་ཅིག །འདི་ལ་འབྲེལ་ཐོགས་དགེ་འདུན་རྒྱ་མཚོ་དང་། །ཨ་དཔལ་དེ་ཡི་ལུས་སྐྱེད་གུ་རུ་སྐྱིད། །གཞན་ཡང་ཉེ་དང་རིང་བར་ གནས་པའི་འགྲོ། །དགྲ་གཉེན་བར་མས་བསྡུས་པ་མ་ལུས་ལ། །ཆགས་དང་སྡང་དང་གཏི་མུག་བློས་མིན་པར། །ཚེ་འདིའི་མ་རྒན་བཞིན་དུ་མཉམ་པའི་བློས། །ཀུན་ཀྱང་ཐེག་མཆོག་དམ་པའི་མགོན་གྱིས་ཟིན། །གསུང་བཞིན་སྤྱོད་པས་རྣམ་གྲོལ་དབུགས་དབྱུང་

Page: 915 ༄༅། །ཤོག །རྒྱལ་བསྟན་ལུང་དང་རྟོགས་པའི་བདག་ཉིད་ཅན། །བཤད་དང་སྒྲུབ་པས་བཟུང་ལ་འགྲན་བྲལ་བ། །མཚུངས་མེད་བླ་མའི་རྣམ་ཐོར་ཡིད་བཞིན་ནོར་། །བདག་གཞན་ཡོངས་ཀྱི་རྒྱན་དུ་མཛེས་གྱུར་ཅིག༡༥། ཅེས་པའི་སྤར་བྱང་ སྨོན་ཚིག་འདི་བཞིན་དགེ་བའི་བཤེས་གཉེན་དམ་པ་ཨ་དཔལ་ནས་གསུང་བསྐུལ་ངོར། ཐར་ལམ་བླ་མ་ལ་རེ་ཞིང་འདུན་པའི་དགེ་སྦྱོང་བྱ་བྲལ་བ་ཀརྨ་བཀྲ་ཤིས་ཆོས་འཕེལ་ཞེས་བགྱི་བས་ཤར་མར་བྲིས་པའོ། །