སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། སྟོད་ཆ།
Page: 1 ༄། །བོ དྷི སཏཱ ཙ དྱཱ བ ཏ ར སྱ ཊཱི ཀཱ ཇ ཡ པུ ཏྲ སཱ གར གུ ཎ རཏྣ དཱ སུ དྷེ ནུ གྷ ཊ བྷ དྲ ནཱ མཱ སྟི། །
༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་བཤད་རྒྱལ་སྲས་རྒྱ་མཚོའི་ཡོན་ཏན་རིན་པོ་ཆེ་མི་ཟད་འཇོ་བའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །
Page: 2 ༄༅། །ཞལ་གྱི་བདུད་རྩི་ལན་གཅིག་མྱོང་བའི་ལས་བཟང་ཅན། །སྡུག་བསྔལ་གསུམ་ལ་ཕྱིར་མི་ལྡོག་པའི་དཔལ་སྟེར་ནས། །སྔ་ན་མེད་པའི་ཀུན་དགའ་གསར་པ་རྒྱས་ མཛད་པ། །བྱང་ཆུབ་སེམས་ཀྱི་མངའ་བདག་དེ་ལ་ཕྱག་འཚལ་ལོ། །བསྐལ་བཟང་རྣམ་འདྲེན་ལྷ་ཡི་མེ་ཏོག་རྒྱས་པའི་ཚལ། །ངོ་མཚར་རྨད་ཀྱི་འདབ་སྟོང་བཞད་པའི་གེ་སར་ལ། ། ཕུལ་བྱུང་ཐུགས་སྟོབས་རྣམ་དཀར་ལང་ཚོ་ཀུན་ནས་དར། །དོན་ཀུན་གྲུབ་པའི་ཨུ་དུམ་ཝཱ་ར་རྟག་ཏུ་དྲན། །ཉེས་སྐྱོན་ཀུན་གྱི་ས་བོན་མི་སྐྱེའི་ཆོས་ཅན་མཛད། །ཕུན་ཚོགས་ཡོན་ཏན་མ་ ལུས་བསྐྱེད་པའི་རྩ་བ་འཛུགས། །འཇིག་རྟེན་སྒྲོན་མེ་མཐའ་དག་སྦར་བའི་གཉེན་གཅིག་པུ། །འཇམ་དཔལ་གཞོན་ནུ་ཞེས་བྱའི་ལྷ་ཁྱོད་སྙིང་དབུས་རོལ། །རྒྱན་གྱི་འཁོར་ལོ་ཉི་མ་
Page: 3 ༄༅། །འབུམ་ཕྲག་གྲངས་མེད་པ། །བ་སྤུའི་ཁུང་བུ་རེ་རེའི་གོ་ནས་འཆར་བཟོད་པ། །ཐུགས་རྗེའི་སྒྱུ་འཕྲུལ་ཆེན་པོ་འཆང་བས་དེ་ལྟར་གྲགས། །མནར་མེད་མེ་ཡང་མཚན་གྱིས་ བསིལ་མཛད་ཁྱོད་ཀྱིས་སྐྱོང་། །རྒྱལ་བའི་མྱུ་གུ་དུས་གསུམ་ཀུན་ཏུ་གཤེགས་རྣམས་ལ། །མཐའ་གཉིས་བྲལ་བའི་ལམ་བཟང་འགོག་པའི་བདུད་འདུལ་བྱེད། །ཡེ་ཤེས་རྡོ་རྗེ་ཕྱག་ན་ཐོགས་ཏེ་ ཕྱིར་བཞིན་འབྲང༌། །གསང་བའི་མཛོད་འཆང་མཐུ་ཆེན་བདག་པོས་སྐྱོབ་ཏུ་གསོལ། །ལྷ་ཀླུ་མི་དང་བྱང་ཆུབ་སེམས་དཔའ་མཆོག་གི་ནོར། །དཔལ་དང་གཡང་དང་ཆོས་ཀྱི་ཕུན་ཚོགས་སྤེལ་ བྱེད་ཀུན། །བསྐལ་པ་རྒྱ་མཚོར་བསྟན་ལས་ཡུད་ཙམ་དྲན་པ་མཆོག །རྒྱལ་བས་རབ་བསྔགས་ས་ཡི་སྙིང་པོས་དགེ་ལེགས་སྩོལ། །སྙིང་གི་སྣོད་ཆག་སེམས་མཆོག་བཅུད་བཟང་ཕྱིར་འབོ་བས། །
Page: 4 ལྟུང་བའི་རྡུལ་གྱིས་རྙོག་པར་གྱུར་ལ་དག་བྱེད་གཏེར། །རྣམ་མང་ཐབས་ཀྱི་སྒོ་མོ་བརྒྱ་སྟོང་འབྱེད་པ་པོ། །སངས་རྒྱས་ཀུན་གྱིས་དབང་བསྐུར་ནམ་མཁའི་སྙིང་པོས་སྐྱོངས། །སྡིག་སྒྲིབ་མུན་འཐིབས་དམ་ཆོས་སྣང་བ་དང་བྲལ་བས། །ངན་སོང་གཡང་སར་རིངས་པར་ ཆས་རྣམས་མཚན་གྱི་ཟེར། །ཕོག་པ་ཙམ་གྱིས་སེལ་ལ་ཉིན་བྱེད་སྟོང་འགོངས་པའི། །དཔལ་ལྡན་ཁྱོད་ཀྱིས་སྒྲིབ་པའི་གོས་འདིར་བསལ་དུ་གསོལ། །ཕྱོགས་བཅུ་དུས་གསུམ་ཞིང་ཁམས་རྒྱ་མཚོར་རྒྱལ་ཚབ་ཆེ། །མངོན་པར་སྣང་ཞིང་ཐབས་མཁས་ འཇུག་བདེའི་ལམ་ཁོ་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པའི་ཁུར་ཆེན་བཞེས། །བྱམས་ཆེན་རང་བཞིན་དཔག་ཏུ་མེད་པས་རྗེས་སུ་ཟུངས། །མཆོད་སྤྲིན་རྒྱ་མཚོ་སངས་རྒྱས་རྒྱ་མཚོའི་མདུན་དུ་བདར། །སྤྱོད་པ་རྒྱ་མཚོས་སེམས་ཅན་རྒྱ་མཚོ་ ཡོངས་སུ་སྨིན། །སྨོན་ལམ་རྒྱ་མཚོས་ཡོན་ཏན་རྒྱ་མཚོ་ཡོངས་སུ་སྦྱོང༌། །རྣམ་ཐར་རྒྱ་མཚོ་ཀུན་ཏུ་བཟང་པོར་ཀུན་ནས་འདུད། །སྐད་ཅིག་རེ་རེར་སྲིད་ལས་སྒྲོལ་བའི་དེད་དཔོན་དང༌། །སྐྱེ་མེད་ཆོས་ལ་བཟོད་པའི་ནོར་བུ་སྦྱིན་པའི་བདག །ལྷན་ཅིག་མཛད་པས་ སྒྲོལ་མ་མྱུར་མ་དཔལ་མོ་ཞེས། །རྗོད་བྱེད་རེ་རེས་འདོད་རྒུའི་མཆོག་སྦྱིན་མ་དེར་འདུད། །འཇམ་དབྱངས་ཞལ་གྱི་བུམ་བཟང་ལས་འོངས་པའི། །ལེགས་བཤད་བདུད་རྩིའི་རྒྱུན་བཟང་ངོམས་མེད་དུ། །འཐུང་བས་མཁྱེན་རབ་ལང་ཚོ་རབ་རྫོགས་པའི། །རྒྱལ་སྲས་ ཞི་བའི་ལྷ་ལ་གུས་ཕྱག་འཚལ། །སྲིད་བདེ་དུག་ལྟར་སྤངས་ཤིང་རང་གཅིག་པུའི། །ཞི་བདེའང་མི་གཙང་བ་ལྟར་རྒྱང་བསྲིངས་ནས། །ཐེག་པ་མཆོག་ལ་འཇུག་པའི་གོ་བགོས་ཏེ། བྱ་དཀའི་ལམ་ལ་ཕྱོགས་ཤིང་གཞོལ་བ་ན། །ཐུགས་རྒྱུད་སྙིང་རྗེ་ཆེན་པོས་དབང་
Page: 5 ༄༅། །མེད་དུ། །བསྐུལ་ནས་འགྲོ་དོན་འབའ་ཞིག་ཁུར་འཁྱེར་བའི། །ལྷག་བསམ་སྟོབས་ལས་རྫོགས་བྱང་དབང་བྱེད་པའི། །རྨད་བྱུང་བྱང་ཆུབ་སེམས་མཆོག་ལེགས་འབྱོངས་ནས། །རྒྱལ་སྲས་སྤྱོད་པའི་གྲུ་ཆེན་སྙིང་སྟོབས་ཆེ། །ཡོངས་བཟུང་ རླབས་ཆེན་མཛད་པས་འགྲོ་བ་ཀུན། །སྲིད་མཚོར་བསྒྲལ་ནས་བླ་མེད་ཐར་གླིང་དུ། །འཁྲིད་ལ་དབང་འབྱོར་སྔོན་མེད་དེད་དཔོན་མཆོག །འཇིགས་མེད་ཆོས་ཀྱི་དབང་པོར་སྙིང་ནས་འདུད། །དེའི་ལྟའི་བསྔགས་འོས་མཆོག་རྣམས་དང་། །ཕྱག་བྱར་འོས་པ་ གཞན་ཀུན་ལའང་། །སྒོ་གསུམ་གུས་པས་རབ་བཏུད་ནས། །ཕྱག་འཚལ་མཆོད་ཅིང་བསྟོད་བགྱིས་ཏེ། །གཞན་གྱི་དོན་དུ་བྱང་ཆུབ་མཆོག །སྒྲུབ་ལ་སེམས་སྟོབས་ཆེས་དཔའ་བའི། །དཔའ་ཆེན་རྒྱལ་བའི་སྲས་རྣམས་ཀྱི། །ངོ་མཚར་སྤྱོད་པ་རྒྱ་མཚོའི་སྒོ། ། ཀུན་ལ་མ་ནོར་ཚུལ་བཞིན་དུ། །འཇུག་པའི་ཐབས་ཚུལ་ལེགས་སྟོན་པའི། །བསྟན་བཅོས་ཆེན་པོའི་དགོངས་པའི་དོན། །ཟབ་ཅིང་རྒྱ་ཆེ་དཔག་དཀའ་བ། །བྱིས་བློས་གཞལ་བར་མི་སྤྱོད་ཀྱང་། །སྔོན་བྱོན་དམ་པའི་ལེགས་བཤད་དང༌། །རྗེ་བཙུན་བླ་མའི་ཞལ་ ལུང་གི ། བདུད་རྩིའི་ཟེགས་མ་ཤས་ཙམ་ཞིག །ཡིད་ལ་ཆགས་པ་ལ་བརྟེན་ནས། །བདག་བློ་ཡང་དག་ལམ་བཟང་ལ། །གཞོལ་ཞིང་གོམས་བརྟན་ཁྱད་པར་དུ། །འགྲོ་བའི་ཕྱིར་དང་བླ་མ་རྗེའི། །ཚད་མེད་བཀའ་དྲིན་གཟོ་བ་དང་། །སྐལ་མཉམ་འགའ་ ལའང་ཕན་སླད་དུ། །རྒྱ་ཆེའི་སྤྲོས་པ་བསྐྱུང་ནས་ནི། །ཚིག་གི་དོན་རྣམས་དགྲོལ་བར་བྱ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་འདི་འཆད་པ་ལ་གཉིས། བསྟན་བཅོས་ཀྱི་མཚན། །མཚན་དེ་ལྡན་གྱི་བསྟན་བཅོས་དངོས་སོ། །དང་པོ་ལ་གཉིས།
Page: 6 མཚན་དངོས། ཞར་བྱུང་འགྱུར་ཕྱག་གོ། །དང་པོ་ལ། མཚན་བསྒྱུར་བ་ནི། རྒྱ་གར་འཕགས་པའི་ཡུལ་ན་ཡོངས་གྲགས་ཀྱི་སྐད་རིགས་ཆེན་པོ་བཞི་ཡོད་པའི་ནང་ནས་གཙོ་བོར་གྱུར་པ་ལེགས་སྦྱར་གྱི་སྐད་དུ། བསྟན་བཅོས་འདིའི་མཚན། བྷོ་དྷི་སཏྭ་ཙརྱ་ཨ་བ་ ཏཱ་ར་ཞེས་བྱ་ལ། དེ་བོད་སྐད་དུ་བསྒྱུར་ན་བོ་དྷི་ནི་བྱང་ཆུབ། སཏྭ་ནི་སེམས་དཔའ། ཙརྱ་ནི་སྤྱོད་པ། ཨ་པ་ཏཱ་ར་ནི་འཇུག་པའོ། །དེའི་དོན་བཤད་པ་ནི། ཐོབ་བྱ་མཐར་ཐུག་གི་འབྲས་བུ་སྤངས་རྟོགས་མཐར་ཕྱིན་པའི་བྱང་ཆུབ་ཆེན་པོ་དེ་སྒྲུབ་པའི་ཐབས་དམ་པ་བྱ་ དཀའ་བ་ལ་སློབ་པ་ལ་སེམས་དཔའ་ཞིང་སྙིང་སྟོབས་དང་ལྡན་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་གིས་བསྡུས་པའི་ལམ་ཉམས་སུ་ལེན་པ་ལ་འཇུག་པའི་ཚུལ་ཞེས་པའོ། །མཚན་འདོགས་ཚུལ་ལ་དཔེ་དང་རྗོད་བྱེད་ཀྱི་གཞུང་ཚད་དང་ཞུ་བ་པོ་ དང་གནས་ལས་བཏགས་པ་སོགས་མང་ཡང་འདིར་བརྗོད་བྱའི་ངོས་ནས་བཏགས་པ་སྟེ་བྱང་སེམས་ཀྱི་སྤྱོད་པ་ཕྱིན་དྲུག་ལ་འཇུག་ཚུལ་ནི་འདིའི་བརྗོད་བྱ་རྗོད་བྱེད་ཀྱི་གཞུང་ལའང་དེ་སྐད་བརྗོད་པའོ། །མཚན་གྱི་དགོས་པ་ལ། སྤྱིར་མིང་བཏགས་པ་ཐམས་ཅད་ ཀྱི་དགོས་པ་ནི། གདགས་གཞིའི་ཆོས་གང་ཡིན་པ་དེའི་དོན་དེ་བདེ་བླག་ཏུ་གོ་བའི་ཆེད་དེ། ལང་གཤེགས་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་ པར་མཛད། །ཅེས་པ་ལྟར་ཡིན་ལ། འདིར་བརྗོད་བྱ་དང་བསྟུན་ནས་བཏགས་པའི་དགོས་པ་ནི་མིང་ཙམ་ལ་བརྟེན་ནས་ཀྱང་བསྟན་བཅོས་ཀྱི་དོན་རགས་པ་ཙམ་གོ་བའམ་དབང་པོའི་ཁྱད་པར་གྱིས་བརྗོད་དོན་ཅི་རིགས་རྟོགས་ནུས་པ་དང་། རྒྱ་སྐད་དུ་སྨོས་པས་ནི་ཆོས་
Page: 7 ༄༅། །ཁུངས་བཙུན་པར་ཤེས་ཤིང་ལེགས་སྦྱར་ལ་བག་ཆགས་འཇོག་པ་དང༌། བོད་སྐད་དུ་ཡང་སྨོས་པས་ནི་ལོ་ཙཱ་བའི་དྲིན་དྲན་པ་དང་། ཀླད་དུ་སྨོས་པས་ནི་གཞུང་གང་ཡིན་ངོས་འཛིན་སླ་བ་སོགས་ཀྱི་དགོས་པ་ཡོད་དོ། །གཉིས་པ་ཞར་བྱུང་འགྱུར་ ཕྱག་ནི། གང་ལ་ཕྱག་འཚལ་བའི་ཡུལ་བླ་ན་མེད་པ་སངས་རྒྱས་ཏེ་མི་གཉིད་འཐུག་པོ་སངས་པ་བཞིན་སྒྲིབ་གཉིས་བག་ཆགས་དང་བཅས་པའི་མུན་སྟུག་མཐའ་དག་སངས་ཤིང་། པདྨ་ཁ་ཕྱེ་ཞིང་རྒྱས་པ་ལྟར་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་མཐའ་དག་མངོན་སུམ་དུ་ མཁྱེན་པ་ལ་ཆགས་ཐོགས་དང་བྲལ་བའི་བློ་གྲོས་ཀྱི་སྣང་བ་རབ་ཏུ་རྒྱས་པས་ན་དེ་སྐད་ཅེས་བརྗོད་དེ། སྐྱབས་འགྲོ་བདུན་ཅུ་པར། ཤེས་བྱ་ལ་ནི་བློ་རྣམས་རྒྱས། །རྨོངས་པའི་མུན་པ་བཅོམ་པས་ན། །སངས་རྒྱས་པད་མ་ལྟར་རྣམ་རྒྱས། །ཞེས་དང༌། མ་རིག་གཉིད་ནི་རྒྱུན་བཅད་ ཅིང༌། །ཡང་དག་ཡེ་ཤེས་ངེས་འབྱུང་བའི། །གང་ཞིག་རྣམ་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སངས་ཇི་བཞིན་ནོ། །ཞེས་སོ། །དེའང་བུད་དྷའི་སྒྲ་གཉིད་སད་པ་དང་པད་འདབ་རྒྱས་པ་གཉིས་ཀ་ལ་འཇུག་པ་སྔོན་གྱི་ལོ་ཙཱ་བས་སྒྲ་སྦྱོར་བམ་གཉིས་སུ་བཤད་པ་ལྟར་སངས་རྒྱས་ ལ་དེ་གཉིས་ཀའི་སྒྲ་དོན་བཤད་དུ་༌ཡོད་པ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཞེས་བསྡོམས་ནས་བསྒྱུར་རོ། །དེས་ན་སངས་པ་དང་རྒྱས་པ་གཉིས་ཀྱིས་རིམ་པར་སྤངས་པ་དང་རྟོགས་པའི་ཡོན་ཏན་གཉིས་བསྟན་ལ། དེ་ལྟ་བུའི་ཡོན་ཏན་ཡོངས་སུ་རྫོགས་པའི་སངས་རྒྱས་དང་། བྱང་ ཆུབ་ཆེན་པོ་འཐོབ་པའི་ཕྱིར་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པ་ལ་སྙིང་སྟོབས་དང་ལྡན་པའི་སེམས་དཔའ་ཆེན་པོ་ཐམས་ཅད་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་ལོ་ཙཱ་བས་འགྱུར་ཕྱག་མཛད་པའོ། །དེ་ཡང་དམ་པ་རྣམས་བྱ་བ་གང་ལ་འཇུག་ཀྱང་དོན་དེ་
Page: 8 བདེ་བླག་ཏུ་འགྲུབ་ཕྱིར་ཡུལ་མཆོག་ལ་འདུད་པ་སྔོན་དུ་གཏོང་བ་ལྟར་འདིར་ཡང་བསྟན་བཅོས་བསྒྱུར་བའི་བར་ཆད་ཞི་ཞིང་འགྱུར་མཐར་ཕྱིན་པ་སོགས་དགོས་པ་ཁྱད་པར་ཅན་གྱི་ཕྱིར་འགྱུར་ཕྱག་མཛད་པ་ཡིན་ལ། སངས་རྒྱས་བྱང་སེམས་ལ་ཕྱག་མཛད་པ་ཡང་འདི་ ཉིད་སྤྱིར་ཐེག་པ་ཆེན་པོའི་སྡེ་སྣོད་མཐའ་དག་གི་དགོངས་འགྲེལ་ཡིན་ཡང་གཙོ་བོར་ཐེག་ཆེན་མདོ་སྡེའི་དགོངས་འགྲེལ་དུ་ཤེས་པར་བྱ་བའི་ཕྱིར་རོ། །དེ་ནི་སྡེ་སྣོད་ངོས་འཛིན་གྱི་ཕྱག་གམ་ཆོས་རྒྱལ་བཀས་བཅད་ཀྱི་ཕྱག་སྟེ། སྔོན་ཆོས་རྒྱལ་རྣམས་ཀྱི་བཀའ་བཞིན་དུ་ལོ་ཙཱ་ བདག་གིས་འདུལ་བའི་སྡེ་སྣོད་དུ་གཏོགས་པ་ཡིན་ན་ཐམས་ཅད་མཁྱེན་པ་ལ་ཞེས་དང་། མདོ་སྡེར་གཏོགས་པ་ལ་སངས་རྒྱས་བྱང་སེམས་ལ་དང་། མངོན་པའི་ཕྱོགས་ལ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འགྱུར་ཕྱག་མཛད་པ་ཡིན་པར་བཤད་པ་ལྟར་རོ། །འོན་ ཀྱང་ཕྱི་ནས་ལོ་ཙཱ་བ་རྣམས་ཀྱིས་གཞུང་རང་རང་གི་བརྗོད་བྱ་དང་མཐུན་པའི་ལྷ་འམ་རང་གང་ལ་དད་པའི་ལྷག་ལྷ་ལྟ་བུ་ལ་ཕྱག་མཛད་པས་མ་ངེས་པར་བཤད་དོ། །
བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ།
[edit]གཉིས་པ་མཚན་དེ་ལྡན་གྱི་བསྟན་བཅོས་དངོས་བཤད་པ་ལ་གསུམ། བསྟན་བཅོས་རྩོམ་པ་ལ་འཇུག་ པའི་རྒྱུ། བརྩམས་པའི་བསྟན་བཅོས་ལུས་ཀྱི་རང་བཞིན་དངོས། མཇུག་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་བཞི་ལས། དང་པོ་མཆོད་པར་བརྗོད་པ་ནི། བདེ་གཤེགས་ཆོས་ཀྱི་སོགས་ཏེ། དེ་ལའང་། དགོས་དོན། བསྡུས་དོན། ཚིག་དོན་གསུམ་ལས། དང་པོ་ལ་རང་དོན་གྱི་དགོས་པ་ནི། འཇིག་རྟེན་ན་སྐྱེས་བུ་དམ་པ་དག་བྱ་བ་ཁྱད་པར་ཅན་ལ་འཇུག་པ་ན་ཐོག་མར་རང་གང་ལ་དད་པའི་ལྷ་ལ་ཕྱག་བྱས་ནས་བྱ་བ་དེ་ལ་འཇུག་པ་བཞིན་དུ། སློབ་དཔོན་ཉིད་ཀྱིས་ཀྱང་གཞུང་རྩོམ་པའི་དང་པོར་ཡུལ་ཁྱད་པར་ཅན་མཆོག་གསུམ་
Page: 9 ༄༅། །གྱི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་ཅིང་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས་བསྟན་བཅོས་རྩོམ་པ་ལ་ཞུགས་པ་ཡིན་ལ་དེས་ནི་རང་ཉིད་ཀྱི་སྤྱོད་པ་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་དང་མཐུན་པར་སྟོན་ལ། དེ་ལྟར་བསྟན་པ་ལས་ཉན་པ་པོ་དག་གིས་ ཀྱང་གང་ཟག་དམ་པར་ཤེས་ཤིང་དེའི་བྱ་བ་ནི་དོན་ཡོད་པའོ་སྙམ་དུ་གཞུང་རྩོམ་པ་པོ་དང་དེས་བརྩམས་པའི་གཞུང་ལ་གུས་པ་སྐྱེ་བ་དང༌། དེ་བཞིན་དུ་ཡུལ་དམ་པ་ལ་ཕྱག་འཚལ་པས་སྔར་བྱས་ཀྱི་སྡིག་པ་འཛད་ཅིང་བསོད་ནམས་ཆེན་པོ་འབྱུང་ལ་དེའི་སྟོབས་ཀྱིས་བསྟན་ བཅོས་རྩོམ་པའི་བར་ཆད་ཞི་ནས་རྩོམ་པ་མཐར་ཕྱིན་པ་སོགས་འདོད་པའི་དོན་ཐམས་ཅད་འགྲུབ་པ་དང༌། དེར་མ་ཟད་གནས་སྐབས་མངོན་མཐོ་དང་མཐར་ངེས་ལེགས་ཞི་བ་དམ་པའི་གོ་འཕང་མཆོག་འཐོབ་པ་སོགས་ཀྱི་དགོས་པ་ཁྱད་པར་ཅན་འབྱུང་སྟེ། སངས་རྒྱས་ ཀྱི་ཡོན་ཏན་བསྔགས་པའི་མདོར། །གང་དག་སྟོན་པ་བདེ་གཤེགས་ལ། །མཆོད་པ་ཆུང་ངུ་བྱེད་པ་ཡང་། །ལྷ་མིའི་བདེ་བ་ཀུན་བགྲོད་ནས། །འཆི་མེད་དམ་པ་ཐོབ་པར་འགྱུར། །ཞེས་དང་། རྒྱ་ཆེར་རོལ་པ་ལས་ཀྱང་། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་ བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །ཞེས་སོགས་དང༌། འདུལ་བ་ལུང་གཞིར་ཡང་། བསོད་ནམས་རྣམ་སྨིན་བདེ་བ་དང༌། །བསམ་པ་ཡང་ནི་འགྲུབ་པར་ འགྱུར། །མྱུར་དུ་ཞི་བ་དམ་པ་ཡི། །མྱ་ངན་འདས་པ་རྟོགས་པར་འགྱུར། །ཞེས་དང་། ལྷ་དང་བདུད་ཀྱི་རིགས་དག་གིས། །བསོད་ནམས་ཁོ་ན་བྱེད་པ་ན། །བར་ཆད་བྱ་བར་མི་ནུས་སོ། །ཞེས་སོ། །ན་གཞན་དོན་གྱི་དགོས་པ་ནི། གདུལ་བྱ་གཞན་དག་ཀྱང་དེ་ལྟར་
Page: 10 མཆོག་གསུམ་གྱི་ཡོན་ཏན་ལ་བསྔགས་པ་མཐོང་ཞིང་ཐོས་པ་ལས་དང་བ་སྐྱེ་ལ། དེ་ལས་དཀོན་མཆོག་ལ་གུས་པ་དང་དེ་ལས་གོ་འཕད་དམ་པ་ཐོབ་བྱེད་ཀྱི་རྒྱུ་གསུང་རབ་སྤྱི་དང་ཁྱད་པར་གཞུང་འདི་ཉིད་ལའང་གུས་པ་སྐྱེས་ནས་རིམ་གྱིས་ཐོ༌་བསམ་སྒོམ་པ་སོགས་ལ་གཞོལ་བའི་ ཡིད་ཀྱིས་ཞུགས་པ་ལ་བརྟེན་ནས་མཐར་ལེགས་པ་དམ་པའི་མཆོག་བྱང་ཆུབ་ཆེན་པོ་འཐོབ་པའི་རྒྱུར་འགྱུར་བའོ། །གཉིས་པ་ནི། ཚིག་རྐང་གཉིས་པོ་འདིས་སྐྱབས་འོས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་ཕྱག་འོས་གཞན་ཀུན་ལའང་ཕྱག་བྱ་བའི་ཚུལ་བསྟན་ཏོ། ། གསུམ་པ་ནི། ཡུལ་གང་ལ་ཕྱག་འཚལ་ན། བདེ་གཤེགས་ནི་སུ་ག་ཏ་སྟེ། སུ་ནི་བདེ་བའམ་ལེགས་པའི་དོན་ཡིན་ལ་དེ་ཡང་འདིར་མཛེས་པ་དང་སླར་མི་ལྡོག་པ་དང་མ་ལུས་པའི་དོན་གསུམ་ལ་འཇུགཔའི་དབང་དུ་བྱ་ལ། ག་ཏ་ནི་གཤེགས་པའི་དོན་ནོ། །དེའང་སྤངས་རྟོགས་ གཉིས་ལ་བཤད་དུ་ཡོད་ལ། སྤངས་པ་ཕུན་ཚོགས་ཀྱི་ཡོན་ཏན་དང་སྦྱར་ན། གཤེགས་པ་ནི་སོང་བའི་དོན་ཏེ་འཁོར་བའི་སྡུག་བསྔལ་གྱི་རྒྱུ་སྤངས་ནས་དེའི་ཕ་རོལ་དུ་སོང་བའོ། །དེ་མཛེས་པ་སོགས་གསུམ་དང་སྦྱར་ཏེ་རིམ་པར་བཤད་ན། ཚད་མས་གནོད་པའི་མི་མཛེས་ པ་སྲིད་པའི་རྩ་བ་བདག་འཛིན་དང་དེས་བསྐྱེད་པའི་སྡུག་བསྔལ་ཏེ་དེ་དག་སྤངས་ནས་རིགས་ཤིང་འཐད་པའི་མཛེས་པ་བདག་མེད་ཀྱི་དོན་མཐོང་བའི་ཕྱིར་ལེགས་པའམ་མཛེས་པར་གཤེགས་པ་སྟེ་གཞོན་ནུ་མ་གཟུགས་ལེགས་ཤིང་མཛེས་པ་བཞིན། འདིས་སྲིད་རྩེའི་བར་ ལ་ཆགས་བྲལ་བྱས་པའི་ཕྱི་རོལ་པའི་སྟོན་པ་དག་ལས་ཁྱད་པར་དུ་འཕགས་པ་བསྟན་ཏེ་དེ་དག་གིས་མི་མཛེས་པ་སྲིད་པའི་སྡུག་བསྔལ་གྱི་རྒྱུབདག་ཏུ་ལྟ་བའི་མངོན་ཞེན་ཅུང་ཟད་ཀྱང་མ་སྤངས་ཤིང་འབྲས་བུ་སྡུག་བསྔལ་ཡང་མ་སྤངས་པས་སོ། །བདག་འཛིན་དང་དེས་
Page: 11 ༄༅། །བསྐྱེད་པའི་ཉོན་མོངས་པའི་ས་བོན་གཉེན་པོའི་སྟོབས་ཀྱིས་རྩད་ནས་ཕྱུངས་ཏེ་སྤངས་པའི་ཕྱིར་འཁོར་བའི་གནས་སུ་སླར་མི་ལྡོག་པར་གཤེགས་པ་སྟེ་རིམས་ནད་ལེགས་པར་བྱང་བ་བཞིན། འདིས་སློབ་པ་འཕགས་པ་རྒྱུན་ཞུགས་སོགས་ལས་ ཁྱད་པར་དུ་འཕགས་པ་བསྟན་ཏེ་དེ་དག་གིས་ད་དུང་རྒྱུ་བདག་ལྟའི་ས་བོན་མ་ཟད་པས་དེས་བསྐྱེད་པའི་ཉོན་མོངས་དང་དེས་ཀུན་ནས་བསླངས་པའི་ལས་ཀྱི་དབང་གིས་འཁོར་བའི་གནས་སུ་སྐྱེ་བ་ལེན་པའི་སྒོ་ནས་སླར་ལྡོག་པ་ཡོད་པས་སོ། །ཐབས་ཤེས་ཟུང་འབྲེལ་གྱི་ལམ་ལ་ ཡུན་རིང་པོར་གོམས་པར་བྱས་པའི་སྟོབས་ཀྱིས་སྒོ་གསུམ་གྱི་གནས་ངན་ལེན་དང་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་བག་ཆགས་དང་བཅས་པ་ཅུང་ཟད་ཀྱང་ལུས་པ་མེད་པར་ཟད་པར་སྤངས་ནས་མཐར་ཐུག་གི་གནས་སུ་བགྲོད་པའི་ཕྱིར་མ་ལུས་པར་གཤེགས་པ་སྟེ་ བུམ་པ་ལེགས་པར་གང་བ་བཞིན་ནོ། །འདིས་འཕགས་པ་མི་སློབ་པ་ཉན་རང་དགྲ་བཅོམ་དག་ལས་ཁྱད་པར་དུ་འཕགས་པ་བསྟན་ཏེ་དེ་དག་གིས་ལུས་ཀྱི་མཆོང་རྒྱུག་སོགས་སྒོ་གསུམ་གྱི་གནས་ངན་ལེན་དང་རང་གིས་རྟོགས་པའི་ལམ་གཞན་ལ་སྟོན་པ་ལ་བློ་མི་གསལ་ བའི་རྨོངས་པ་ཉིད་ད་དུང་ལུས་ཤིང་ཟད་པར་མ་སྤངས་པས་མཐར་ཐུག་པའི་གནས་སུ་མ་བགྲོད་པའི་ཕྱིར། དེ་དག་ནི་རྣམ་འགྲེལ་ལས། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཉིད་ཡིན་སྡུག་བསྔལ་རྟེན་མིན་ཕྱིར། །ཞེས་སོགས་གསུངས་པ་དང་། འགྲེལ་པར་ཡང་། ལེགས་པར་མ་སོང་མུ་སྟེགས་རྣམས། །སློབ་པ་རྣམས་ནི་ཡང་ཡང་འཁོར། །མི་སློབ་བགྲོད་བྱ་ཀུན་བགྲོད་མིན། །བདེ་གཤེགས་གསུམ་ལས་ཁྱད་པར་འཕགས། །ཞེས་དྲང་བའི་དོན་བསྡུས་ཏེ་བཤད་པའོ། །དེ་ལྟར་སྤངས་པ་ཆོས་གསུམ་གྱིས་སྤངས་པ་མཐར་ཐུག་གི་འགོག་
Page: 12 བདེན་བསྟན་ཏོ། །རྟོགས་པ་ཕུན་ཚོགས་ཀྱི་དབང་དུ་བྱས་ན། གཤེགས་པ་ནི་རྟོགས་པའི་དོན་ཏེ་མཁྱེན་པའི་ཡེ་ཤེས་ཡིན་ལ། དེ་ལེགས་པའི་སྒྲ་མཛེས་པ་སོགས་གསུམ་དང་སྦྱར་ནས་བཤད་ན། དེ་ཁོ་ན་ཉིད་མཁྱེན་པ་ནི། མཛེས་པར་རྟོགས་པ་སྟེ་ཚད་མས་མི་བསླུ་ བའི་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པའོ། །འདིས་ཕྱི་རོལ་པ་ལས་ལྷག་པར་བསྟན་ཏེ་དེ་དག་གིས་བདག་མེད་པའི་དོན་ལ་ཚད་མས་ངེས་པ་མ་རྙེད་པས་སོ། །མཁྱེན་པ་བརྟན་པ་ནི། སླར་མི་ལྡོག་པར་རྟོགས་པ་སྟེ་སྲིད་རྩའི་ས་བོན་རྩད་ནས་འབྱིན་ བྱེད་ཀྱི་ལམ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་ལ་ངེས་པ་བརྟན་པོ་ཐོབ་པའི་རྟོགས་པ་དེ་ལས་ནམ་ཡང་འགྱུར་བ་མེད་པའོ། །འདིས་སློབ་པ་འཕགས་པ་རྒྱུན་ཞུགས་སོགས་ལས་ལྷག་པར་བསྟན་ཏེ་དེ་དག་གིས་འཇིག་ལྟ་ལྷན་སྐྱེས་ཀྱི་ས་བོན་ཟད་པར་མ་སྤུངས་པའི་ཕྱིར་དེ་ལྟ་བུའི་ རྟོགས་པ་མ་ཐོབ་པས་སོ། །མ་ལུས་པ་མཁྱེན་པ་ནི། མ་ལུས་པར་རྟོགས་པ་སྟེ་ཐེག་གསུམ་གྱི་ལམ་མ་ལུས་པ་རྫོགས་པར་རྟོགས་ནས་རིགས་ཅན་གསུམ་ལ་སྟོན་ནུས་པའོ། །འདིས་མི་སློབ་པ་ཉན་རང་དགྲ་བཅོམ་ལས་ལྷག་པར་བསྟན་ཏེ་དེ་དག་གིས་ལམ་མཐའ་དག་ཇི་ལྟ་བ་ བཞིན་དུ་གསལ་བར་སྟོན་མི་ནུས་པས་སོ། །དེ་དག་ནི། རྣམ་འགྲེལ་ལས། སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དང་སློབ། །མི་སློབ་ལས་ལྷག་དེ་ཡི་ཕྱིར། །ཞེས་པ་ལྟར་རོ། །དེ་ ལྟར་རྟོགས་པ་ཆོས་གསུམ་ལྡན་གྱིས་རྟོགས་པ་མཐར་ཐུག་གི་ཡེ་ཤེས་ལམ་བདེན་བསྟན་ཏོ། །དེས་ན་མཛེས་པར་གཤེགས་པ་སོགས་ཀྱི་ཕྱིར་བདེ་གཤེགས་ཏེ་སྤངས་པའི་དབང་དུ་བྱས་པ་དང་། དེ་ཁོ་ན་ཉིད་མངོན་སུམ་དུ་མཁྱེན་པ་སོགས་ཀྱི་ཕྱིར་བདེ་གཤེགས་ཏེ་རྟོགས་
Page: 13 ༄༅། །པའི་དབང་དུ་བྱས་པའོ། །ཡང་སྡུག་བསྔལ་མ་ལུས་པ་སྤངས་ཤིང་ཟག་པ་མེད་པའི་བདེ་བ་ཆེན་པོ་རྟོགས་པའི་ངང་དུ་གཤེགས་པས་བདེ་གཤེགས་ཞེས་ས་བཟང་བའི་འགྲེལ་བར་བཤད་དོ། །མདོར་ན་ལམ་བདེ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ བརྟེན་ནས་འབྲས་བུ་བདེ་བ་རྫོགས་པའི་སངས་རྒྱུས་ཀྱི་གོ་འཕང་མཐོན་པོར་གཤེགས་པས་ན་བདེ་གཤེགས་ཞེས་ཏེ་དེ་ནི་བླ་མ་དམ་པའི་ཞལ་རྒྱུན་ལས་བྱུང་བའི་མན་ངག་གིས་འཆད་ཚུལ་ཏེ། བདེ་ནས་བདེ་བར་འགྲོ་བ་ལ། །ཞེས་སོགས་འཆད་འགྱུར་ལྟར་རོ། །དེ་དག་གིས་ སྤངས་རྟོགས་རྫོགས་པར་བརྙེས་པའི་སྟོབས་ཀྱིས་དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་མངའ་བའི་སངས་རྒྱས་དཀོན་མཆོག་ལ་བསྟོད་པ་བསྟན་ཏེ། རྒྱུད་བླ་མར། དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་དབྱིངས་རང་བཞིན་གྱིས་ རྣམ་པར་དག་པ་ལ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་ཆོས་ཀྱི་སྐུ་ནི་སངས་རྒྱས་དཀོན་མཆོག་ཡིན་པར་མ་ཟད་ཆོས་དཀོན་མཆོག་ཀྱང་ཡིན་ལ་དེ་གང་ལ་མངའ་ན་བདེ་བར་གཤེགས་པ་ལའོ། །འདིའི་ཆོས་སྐུ་ནི་དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་སྐུ་སྟེ་དེའང་སངས་རྒྱས་ཀྱི་ སའི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་བདེན་གྲུབ་ཀྱི་མཚན་མ་ཐམས་ཅད་དང་བྲལ་བ་ནི་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་དང་དགག་བྱ་གློ་བུར་གྱི་དྲི་མ་སྒྲིབ་གཉིས་ཕྲ་མོ་དང་བྲལ་བ་ནི་གློ་བུར་དྲི་བྲལ་གྱི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཡིན་ལ། དེའི་ཕྱི་མ་ནི་གང་ ཞིག་འདོད་ཆགས་དང་བྲལ་བ་འགོག་པའི་བདེན་པ་ཡིན་ཞིང་། དེ་ལྟ་བུའི་དག་པ་གཉིས་ལྡན་གྱི་ཆོས་ཉིད་དེའི་ཆོས་ཅན་དུ་གྱུར་པ་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བྱང་ཕྱོགས་སོ་བདུན་ནས་རྣམ་མཁྱེན་བར་གྱི་སྡེ་ཚན་ཉེར་གཅིག་གི་ཡོན་ཏན་རྣམས་ནི་ཡེ་ཤེས་ཆོས་སྐུ་སྟེ། བསྡུ་
Page: 14 ན་ཡེ་ཤེས་ལྔའམ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་ཏེ་དེ་ལྟ་བུའི་མཁྱེན་པའི་ཡེ་ཤེས་རྣམས་ནི་གང་གིས་འདོད་ཆགས་དང་བྲལ་བྱེད་ལམ་གྱི་བདེན་པའི་རིགས་སུ་གནས་པ་ཡིན་ལ། དེ་ལྟ་བུའི་འགོག་ལམ་གཉིས་ནི་ཆོས་དཀོན་མཆོག་སྟེ། རྒྱུད་བླར། གང་ཞིག་ གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་ཏེ་ཆོས། །ཞེས་སོ། །ཆོས་ཀྱི་སྐུ་མངའ་ཞེས་པ་ནི་ཆོས་ཀྱི་སྐུ་དང་ལྡན་པའི་སྒོ་ནས་སངས་རྒྱས་ཀྱི་ཡོན་ཏན་བརྗོད་པ་ཡིན་ལ་ལྡན་ཆོས་ཀྱི་ཆ་ནས་ཆོས་དཀོན་མཆོག་གཙོ་བོར་བསྟན་ཏེ། དེའི་ཕྱིར་སངས་རྒྱས་ལ་སྐུ་ གསུམ་མངའ་ཡང་འདིར་ཆོས་དཀོན་མཆོག་ངོས་གཟུང་བའི་ཕྱིར་དེ་གཙོ་བོར་སྨོས་ལ་དེའི་ཤུགས་ཀྱིས་གཟུགས་སྐུ་གཉིས་ཀྱང་མངའ་བར་བསྟན་ལ། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་འགོག་ལམ་བསྟན་པ་འདིས་བྱང་འཕགས་སོགས་ཀྱི་རྒྱུད་ཀྱི་འགོག་ལམ་ཡང་ བསྡུས་སོ་ཡང་འགྲེལ་པ་འགའ་ཞིག་ཏུ། །ཆོས་སྐུ་ལ། རྒྱུད་བླར། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཞེས་སོགས་ལྟར་རྟོགས་པ་ཆོས་སྐུ་དང་བསྟན་པ་ཆོས་སྐུ་གཉིས་དང་དེའི་ཕྱི་མ་ལའང་ཟབ་མོ་དང་སྣ་ཚོགས་པའི་ཚུལ་སྟོན་པ་གཉིས་ཡོད་ལ་དེ་དག་ཆོས་དཀོན་མཆོག་ ཡིན་ཞིང་དེ་བདེ་བར་གཤེགས་པ་ལ་ལྡན་པས་མངའ་ཞེས་བྱ་ལ། དེ་ལྟར་བསྟན་པ་ཆོས་སྐུ་གཉིས་པོ་མངའ་བར་གསུངས་པ་འདིས་ཟབ་མོ་སྟོན་པ་བོའི་ལོངས་སྐུ་དང་སྣ་ཚོགས་པའི་ཚུལ་སྟོན་པའི་སྤྲུལ་པའི་སྐུ་གཉིས་ཀྱང་མངའ་བར་མཚོན་པའོ་ཞེས་འཆད་དོ། །དེ་དག་གིས་སངས་ རྒྱས་དཀོན་མཆོག་དང་ཐེག་ཆེན་གྱི་ཆོས་དཀོན་མཆོག་མཐའ་དག་ཕྱག་གི་ཡུལ་དུ་བསྟན་ཏོ། །སྲས་ཞེས་པ་ནི་བྱང་འཕགས་རྣམས་ཏེ་འདིས་དགེ་འདུན་དཀོན་མཆོག་བསྟན་ལ་དེ་རྣམས་ནི་སངས་རྒྱས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ཡིན་ལ། སྲས་ཞེས་པའི་དོན་ནི་ཐེག་
Page: 15 ༄༅། །ཆེན་མཐོང་ལམ་ཐོབ་པའི་ཚེ་སངས་རྒྱས་རྣམས་ཀྱི་རིགས་སུ་སྐྱེས་པ་དང་མཐར་སངས་རྒྱས་པ་ན་སངས་རྒྱས་ཀྱི་གདུང་འཚོབ་པ་དང་དེའི་ཚེ་ཆོས་འཁོར་སྐོར་བ་སོགས་སངས་རྒྱས་ཀྱི་བྱ་བ་བྱེད་པའི་རྒྱུ་མཚན་གྱིས་ཡིན་ལ། རིགས་སུ་སྐྱེ་ཚུལ་ཡང་ རྒྱུད་བླ་མར། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་ནི་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་ཐེག་ཆེན་གྱི་ཆོས་ལ་མོས་པ་ས་བོན་སྟོང་ཉིད་རྟོགས་པའི་ཤེས་རབ་ ནི་མ་བསམ་གཏན་གྱི་བདེ་བ་མངལ་སྙིང་རྗེ་ཆེན་པོ་ནི་སྐྱོང་བའི་མ་མ་སྟེ་བཞི་ལས་སངས་རྒྱས་ཀྱི་རིགས་སུ་སྐྱེས་པར་གསུངས་པ་ལྟར་རོ། །འདིར་ཐེག་ཆེན་མཐོང་ལམ་ཐོབ་ཚེ་སངས་རྒྱས་རྣམས་ཀྱི་རིགས་སུ་སྐྱེས་པར་འཇོག་པ་ནི། དབུ་མ་ལ་འཇུག་པ་ལས། འདི་ནི་དེ་ བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་སྟེ། །ཞེས་གསུངས་པ་ལྟར་ཏེ་དོན་དམ་སེམས་བསྐྱེད་སྐྱེས་པའི་དབང་དུ་བྱས་པའི་སངས་རྒྱས་ཀྱི་རིགས་སུ་སྐྱེས་པའི་ཚུལ་ལོ། །དེ་ལྟར་སྲས་བྱང་འཕགས་རྣམས་དང་བཅས་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ནི་ ཐེག་ཆེན་གྱི་སྐྱབས་འགྲོའི་ཡུལ་བླ་ན་མེད་པ་ཡིན་ལ། དཀོན་མཆོག་རིན་ཆེན་ཞེས་པའི་དོན་ཡང་སྔ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །ཞེས་སོགས་གསུངས་པ་ལྟར་རོ། །སྐྱབས་གསུམ་གྱི་ཡོན་ཏན་རྒྱས་པར་ནི་རྒྱུད་བླ་མ་སོགས་ལས་གསུངས་པ་ལྟར་ཤེས་ པར་བྱའོ། །རྒྱ་དཔེ་ལྟར་ན། བདེ་གཤེགས་སྲས་བཅས་ཆོས་ཀྱི་སྐུ་མངའ་ཞེས་འབྱུང་ལ་དེ་ནི་ཚིགས་སུ་བཅད་པ་སྦྱར་བའི་ངོར་བྱས་པ་དང་བྱང་སེམས་ལའང་རྟོགས་པའི་ཆོས་སྐུ་མངའ་བར་བསྟན་པའི་ཆེད་ཡིན་པར་བཤད་དོ། །ག་ཞན་ཡང་ཐེག་ཆེན་ཐུན་མོང་མ་ཡིན་
Page: 16 པའི་སྐྱབས་གནས་སུ་འོས་པ་མ་ཡིན་ཡང་ཡོན་ཏན་དང་ལྡན་ཞིང་ཕན་འདོགས་ཆེ་བའི་སྒོ་ནས་ཕྱག་འོས་སུ་གྱུར་པ་བྱང་སེམས་སོ་སྐྱེ། ཉན་རང་སློབ་མི་སློབ་ཐམས་ཅད། སོ་སྐྱེའི་མཁན་སློབ། སྐུ་གཟུགས་དང་གླེགས་བམ། མཆོད་རྟེན་སོགས་ཀུན་ལའང་ཕྱག་ འཚལ་ཞེས་པའོ། །འོ་ན་སྐྱབས་འགྲོ་བདུན་ཅུ་པར། ཐུབ་དབང་དག་གི་སྐུ་གསུམ་དང་། །མྱ་ངན་འདས་དང་གང་ཟག་བརྒྱད། །ཅེས་ཐེག་དམན་འཕགས་པ་རྣམས་སྐྱབས་གནས་སུ་གསུངས་ལ། ཤར་རིའི་ལུང་ལས་ཀྱང་དེ་ལྟར་གསུངས་པ་དང་འགལ་ཞེ་ན། མི་འགལ་ ཏེ། དེ་དག་ནི་སྐྱབས་གནས་སྤྱིའི་དབང་དུ་བྱས་ལ་འདིར་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་གནས་ཀྱི་དབང་དུ་བྱས་པས་སོ། །ཡང་བྱང་སེམས་ཀྱིས་ཉན་ཐོས་ལ་ཕྱག་འཚལ་བ་བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་བཀག་པས་མི་རིགས་སོ་སྙམ་ན། དེ་ནི་དགོངས་པ་ ཅན་ཏེ་ཕྱིས་དེ་ཉིད་ཀྱིས་ཀྱང་ཕྱག་བཙལ་བའི་ཕྱིར་ཞེས་བུ་ཊིཀ་ཏུ་བཤད་དོ། །ཚུལ་ཇི་ལྟར་ཕྱག་འཚལ་ན། གུས་པར་ཏེ་ལུས་གུས་པས་མང་པོར་སྤྲུལ་ནས་འདུད་པ། ངག་གུས་པས་བསྟོད་བསྔགས་བརྗོད་པ། ཡིད་གུས་པས་ཡོན་ཏན་རྗེས་སུ་དྲན་པ་སྟེ་སྒོ་གསུམ་ གུས་པའི་སྒོ་ནས་ཕྱག་འཚལ་བའོ། །གང་ཟག་གང་གིས་ཕྱག་འཚལ་ན། རྒྱལ་སྲས་ཞི་བའི་ལྷས་སོ། །དུས་ནམ་གྱི་ཚེ་ཕྱག་འཚལ་ན། བསྟན་བཅོས་རྩོམ་པའི་ཐོག་མར་རོ། །ཕྱག་འཚལ་ནས་ཅི་བྱེད་ན། ཏེ་ཞེས་པ་ཁྲུས་བྱས་ཏེ་ཟས་ཟ་ཞེས་པ་ལྟར་ཕྱག་འཚལ་ ནས་བསྟན་བཅོས་རྩོམ་པ་ལ་འཇུག་ཅེས་ཚིག་འོག་མ་འདྲེན་པ་སྟེ་ལྷག་བཅས་ཀྱི་ཚིག་གོ། །ཅུལ་བར་དམ་བཅའ་བ། གཉིས་པ་རྩོམ་པར་དམ་བཅའ་བ་ནིབདེ་གཤེགས་སྲས་ཀྱི་སོགས་ཏེ། དེ་ལ་ཡང་དགོས་དོན། བསྡུས་དོན། ཚིག་དོན་གསུམ་ལས། དང་པོ་ནི། རྩོམ་པར་དམ་
Page: 17 ༄༅། །བཅའི་ཚིག་སྔོན་དུ་སྨོས་པས་ནི་དམ་པ་རྣམས་ཁས་བླངས་པའི་ཁུར་ནམ་ཡང་མི་འདོར་ཞིང་དེ་ལས་ནམ་ཡང་ལྡོག་པ་མི་སྲིད་པས་རྩོམ་པ་མཐར་ཕྱིན་པར་འགྱུར་བ་སྟེ། ཤེས་རབ་སྡོང་བུ་ལས། དམ་པ་མང་བོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་ དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་དང༌། བརྒྱད་སྟོང་འགྲེལ་པར་ཡང་། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ལྕི་ ཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་སོ། །གཉིས་པ་ནི། ཚིག་རྐང་གཉིས་པོ་འདིས་བརྗོད་བྱའི་དོན་བསྟན་ཏེ་རང་བཟོ་དང་ཟློས་པ་སྤངས་པའི་སྒོ་ནས་རྩོམ་པར་ཁས་བླངས་པའོ། །གསུམ་པ་ནི། བདེ་བར་གཤེགས་པའི་སྲས་བྱང་ ཆུབ་སེམས་དཔའ་རྣམས་ཀྱིས་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་སྤྱོད་པ་ཕྱིན་དྲུག་ལ་བསླབ་སྟེ་མཐར་སངས་རྒྱས་པའི་བར་གྱི་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་མཐའ་དག་གི་གནད་འདུས་པའི་ཉམས་ལེན་གྱི་སྡོམ་ཆེན་པོ་ལ་འཇུག་པ་ནི་འདིར་བརྗོད་ ཅེས་བརྗོད་བྱ་ངོས་གཟུང་བ་ཡིན་ལ། དེ་ཡང་སེམས་བསྐྱེད་པ་འཇུག་པའི་སྤྱོད་པ། ཕྱིན་དྲུག་གི་ཉམས་ལེན་སྒྲུབ་པ་སྒྲུབ་པའི་སྤྱོད་པ། ཆོས་སྐུ་ཕྲིན་ལས་དང་བཅས་པ་གྲུབ་པའི་སྤྱོད་པ་སྟེ་སྤྱོད་པ་གསུམ་གྱིས་བསྡུས་པའོ། །དེ་ལྟར་སྤྱོད་པ་གསུམ་ལས་གཞུང་ འདིས་སྔ་མ་གཉིས་རྒྱས་པར་བསྟན་ཅིང་ཕྱི་མ་མདོར་བསྡུས་ཏེ་བསྟན་ཏོ། །ཡང་ན་སྡོམ་ཞེས་པ་བྱང་སེམས་ཀྱི་རྒྱུར་གྱུར་པའི་བསླབ་པ་སྟེ། དེ་ལ་བསམ་པ་སེམས་བསྐྱེད་དང་སྦྱོར་བ་བསླབ་པ་སྒྲུབ་པ་གཉིས་ལས། སྔ་མ་ལ་སྨོན་པ་དང་འཇུག་པ་གཉིས། ཕྱི་མ་
Page: 18 ལ་ལྡོག་པའི་ཚུལ་ཁྲིམས་ཉེས་སྤྱོད་ལས་ལྡོག་པ་དང་འཇུག་པའི་ཚུལ་ཁྲིམས་ཕྱིན་དྲུག་ལ་སློབ་པ་སྟེ་གཉིས་སམ། ཡང་ན་སྡོམ་པའི་ཚུལ་ཁྲིམས་སོགས་ཚུལ་ཁྲིམས་གསུམ་ཡོད་ལ། དེ་དག་ལ་སློབ་པའི་སྐབས་སུ་ཤེས་པར་བྱ་བ་ཤེས་བྱ་ཐམས་ཅད་ སྤང་བར་བྱ་བ་བདག་གཞན་གྱི་ཉེས་སྐྱོན་ཐམས་ཅད་བསྒྲུབ་པར་བྱ་བ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཡིན་པས་ན་ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་ཐེག་ཆེན་གྱི་ཉམས་ལེན་མཐའ་དག་བསྡུས་པའོ། །དེ་ལྟར་འགྲེལ་ཆེན་དུ། སྡོམ་པ་སྟེ་བྱང་ཆུབ་ཀྱི་ སེམས་བཟུང་བ་སྔོན་དུ་སོང་བའི་བྱང་ཆུབ་སེམས་དཔའི་བསླབ་པ་ཡང་དག་པར་བླངས་པ་ཡིན་ལ། ཞེས་གསུངས་ལ། ཡང་སྡོམ་པ་ནི་མི་དགེ་བ་སྤོང་བ་དགེ་བ་ལ་འཇུག་པ་སེམས་ཅན་གྱི་དོན་བྱ་བའོ་ཞེས་འཆད་པའང་འདུག་སྟེ་རྒྱ་ཆེའོ། །དེས་ན་སྒོམ་ཞེས་པ་ ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཙམ་ལ་འཆད་པ་ནི་ཁྱབ་ཆུང་བའོ། །འཇུག་པ་ཞེས་པ་ནི། རྗོད་བྱེད་ཀྱི་གཞུང་འདི་ལ་བརྟེན་ནས་བརྗོད་བྱའི་དོན་གྱི་སྡོམ་ཆེན་པོ་ལ་སྤང་བླང་སོ་སོར་མ་ནོར་བར་ངེས་པའི་སྒོ་ནས་ཉམས་སུ་ལེན་པ་ལ་ཇི་ལྟར་འཇུག་པའི་ ཐབས་བསྟན་པ་སྟེ། དལ་འབྱོར་རྙེད་དཀའ་ནས་བསྔོ་བའི་བར་གྱི་ལེའུ་བཅུའི་དོན་ལ་འཇུག་ཚུལ་གསལ་བར་བསྟན་པ་དེའོ། །འོ་ན་འདི་རང་བཟོར་བྱས་ནས་བརྗོད་དམ་ཞེ་ན། མ་ཡིན་ཏེ། བརྗོད་བྱའི་དོན་ཟབ་ཅིང་རྒྱ་ཆེ་བ་རྣམས་ཕལ་བའི་སྤྱོད་ཡུལ་དུ་མ་ གྱུར་པས་ཡིད་ཆེས་ཀྱི་ལུང་ལ་མ་བསྟེན་པར་རང་སྟོབས་ཀྱིས་འཆད་མི་ནུས་པས་སྟོན་པ་སངས་རྒྱས་ཉིད་ཀྱིས་གསུངས་པའི་ལུང་ཐེག་པ་ཆེན་པོའི་གསུང་རབ་ཚད་མར་གྱུར་པ་ལས་འབྱུང་བ་ཇི་ལྟ་བ་བཞིན་དུའམ་ལུང་གི་དགོངས་པ་ལས་མ་འདས་པར་བརྗོད་
Page: 19 ༄༅། །ཅེས་པ་སྟེ་གཙོ་བོར་རང་བཟོའི་ཉེས་པ་སྤོང་བ་བསྟན་ནས་ཞར་ལ་ལུང་གི་དགོངས་པ་ཐུགས་སུ་ཆུད་པའང་བསྟན་ཏེ་དེ་ནི་རང་དགར་རྩོམ་པའི་ཉེས་པ་སྤང་བའོ། །འོ་ན་ལུང་ཉིད་ཀྱིས་ཆོག་པས་འདི་བརྩམས་པས་ཅི་བྱ། དགོས་པ་མེད་ཅིང་ཟློས་པར་ ཡང་མི་འགྱུར་རམ་ཞེ་ན། གསུང་རབ་དག་ལས་གདུལ་བྱའི་བློའི་དབང་གིས་སྣ་ཚོགས་སུ་བསྟན་པ་རྣམས་བློ་དམན་ཞིང་བརྩོན་འགྲུས་ཞན་པའི་གང་ཟག་རྣམས་ཀྱིས་དེ་དག་གི་དགོངས་པ་ཇི་ལྟ་བ་བཞིན་གཟུང་བར་མི་ནུས་པས་ན་འདིར་དོན་གྱི་གནད་ཚང་ལ་མ་ནོར་ བ་ཚིག་མདོར་བསྡུས་པའི་སྒོ་ནས་ནི་འཆད་པས་ལུང་དང་ཟློས་པའི་སྐྱོན་མེད་པར་མ་ཟད་གཞུང་ཉུང་ངུས་ལུང་དོན་རྒྱ་ཆེན་པོ་བདེ་བླག་ཏུ་རྟོགས་པའི་དགོས་པ་དང་བཅས་པ་ཡིན་ནོ་ཞེས་པ་སྟེ་འདིས་ཟློས་པའི་ཉེས་པ་སྤང་བ་དང་དགོས་པ་ཡོད་པའང་བསྟན་ཏོ། །བརྗོད་ པར་བྱ་ཞེས་པ་ནི་རྩོམ་པར་དམ་བཅའ་བ་དངོས་སོ། །འགྲེལ་པ་རྣམས་སུ་ཕྱག་འཚལ་ཞེས་དྲངས་ཞེས་དང་། བརྗོད་པར་བྱ་ཞེས་བཤད་པའི་གཞིར་དྲངས་ཞེས་པ་ལྟ་བུ་བཤད་གཞི་སྔོན་དུ་ཡར་དྲངས་ནས་འཆད་པར་མཛད་ནའང་འདིར་གཞུང་ན་ཡོད་པ་ལྟར་ རིམ་པར་བཤད་དེ་འོག་མ་རྣམས་ལའང་དེ་བཞིན་ནོ། །གོང་དུ་མཆོད་བརྗོད་དང་རྩོམ་པར་དམ་བཅའི་དགོས་པ་བཤད་པའི་སྐབས་སུ་བསྟན་བཅོས་རྩོམ་པའི་བར་ཆད་ཞི་བའི་ཆེད་དང་བསྟན་བཅོས་རྩོམ་པ་ལས་མི་ལྡོག་པའི་ཆེད་ཡིན་པར་གསུངས་པའང་རྗེས་འཇུག་ ལ་སློབ་པའི་ཆེད་དུ་དེ་ལྟར་བསྟན་པ་ཡིན་གྱི་སློབ་དཔོན་མཆོག་གི་དངོས་གྲུབ་ཐོབ་པས་བར་ཆད་བྱུང་གིས་དོགས་པ་དང་དོན་ལྡན་གྱི་བྱ་བ་བརྩམས་པ་ལས་ལྡོག་པ་མི་སྲིད་དོ་ཞེས་སློབ་དཔོན་ནག་པོ་བ་གསུང་ངོ༌། །དེ་ལ། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སོགས་ཀྱིས་
Page: 20 ཕྱག་འཚལ་ང། བདེ་གཤེགས་སྲས་ཀྱི་སོགས་ཀྱིས་བརྗོད་བྱ། བརྗོད་པར་བྱ་ཞེས་པས་དགོས་པ། དེ་དག་གིས་ཤུགས་ལ་འབྲེལ་བ། ལུང་བཞིན་ཞེས་པས་རང་བཟོའི་སྐྱོན་སྤང་བ། མདོར་བསྡུས་ཞེས་པས་ཟློས་པའི་སྐྱོན་སྤང་བ་སྟེ་ཚིགས་བཅད་འདིས་དོན་དྲུག་ བསྟན་ཞེས་རྣམ་སྣང་གསུང་ལ། ཡང་དང་པོ་ཕྱག་འཚལ་བ་ལ་སྐྱབས་འོས་ལ་ཕྱག་འཚལ་བ་དང་ཕྱག་འོས་ལ་ཕྱག་འཚལ་བ་གཉིས་སུ་ཕྱེ་བའམ་ཕྱག་གི་ཡུལ་དགོད་པ་དང་དེ་ལ་ཕྱག་འཚལ་བ་གཉིས་སུ་ཕྱེ་ནས་དོན་བདུན་བསྟན་པར་གསུངས་པའང་ཡོད་དོ། །འདིར་ དགོས་འབྲེལ་ཡན་ལག་བཞི་འཆད་པ་ལ། དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ནི། བསྟན་བཅོས་ལ་དགོས་སོགས་བཞི་མེད་དོ་སྙམ་ནས་གཞུང་ལ་མི་འཇུག་པའི་གཉེན་པོར་དེ་བཞི་ཡོད་པར་བསྟན་པ་༌་ལས་དགོས་སོགས་ཡོད་པར་རྟོགས་ནས་བསྟན་བཅོས་ ལ་འཇུག་པའི་དོན་ཡིན་ལ། དེའང་དབང་རྟུལ་གྱིས་ཡིད་ཆེས་པའི་སྒོ་ནས་དགོས་སོགས་ཡོད་པར་རྟོགས་ནས་འཇུག་པ་དང༌། དབང་རྣོན་ལ་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པའི་སྒོ་ནས་དེ་བཞི་ཡོད་པར་རྟོགས་ཏེ་བསྟན་བཅོས་ལ་འཇུག་པའོ། །སོ་སོངེ་ངོ་བོ་ལ། སྤྱིར་ ངག་ཙམ་ལ་ཡོད་པའི་དགོས་སོགས་བཞི། དགོས་འབྲེལ་ངག་ལ་ཡོད་པའི་དགོས་སོགས་བཞི། བསྟན་བཅོས་ལུས་ལ་ཡོད་པའི་དགོས་སོགས་བཞི་རྣམས་སུ་ཡོད་པ་ལས། དང་པོ་ནི། བདེན་ཚིག་ཐམས་ཅད་ལ་རྩིར་རུང་སྟེ། དཔེར་ན་བུམ་པ་ཞེས་པའི་ངག་ལྟ་བུ་ལ། བུམ་པ་ནི་བརྗོད་བྱ། དེ་ལས་དོན་རྟོགས་པ་དགོས་པ། དེ་ལས་སྐྱེས་བུའི་དོན་གྲུབ་པ་ཉིང་དགོས། དེ་དག་སྔ་ཕྱི་འབྲེལ་བ་ནི་འབྲེལ་བའོ། །གཉིས་པ་ནི། བསྟན་བཅོས་ལུས་ལ་ཡོད་པའི་དགོས་སོགས་བཞི་བརྗོད་བྱ། ངག་ལས་རྟོགས་ལྡན་ལ་ཐེ་ཚོམ་མམ་ངེས་པ་སྐྱེ་བ་
Page: 21 ༄༅། །དགོས་པ། དེ་ལས་བསྟན་བཅོས་ལ་འཇུག་པ་ཉིང་དགོས། དེ་དག་སྔ་མ་མེད་ན་ཕྱི་མ་མི་འབྱུང་བ་ནི་འབྲེལ་བའོ། །གསུམ་པ་ནི་འདིར་བཤད་བྱའི་གཙོ་བོ་ཡིན་ལ། དེའང་བདེ་གཤེགས་སྲས་ཀྱི་ཉམས་ལེན་གྱི་སྡོམ་བསམ་པ་སེམས་བསྐྱེད་ སྦྱོར་བ་ཕྱིན་དྲུག་ཐོབ་བྱའི་འབྲས་བུ་དང་བཅས་པ་ནི་བརྗོད་བྱ། རྗོད་བྱེད་ཀྱི་གཞུང་འདི་ལ་ཐོས་སོགས་བྱས་པ་ལ་བརྟེན་ནས་བརྗོད་བྱའི་དོན་ཁོང་དུ་ཆུད་པ་ནི་དགོས་པ། ཁོང་དུ་ཆུད་པ་ལྟར་ཉམས་སུ་བླངས་པ་ལས་མཐར་བྱང་ཆུབ་ཆེན་པོ་ཐོབ་པ་ནི་ཉིང་དགོས། བསྟན་བཅོས་ དང་དགོས་པ་གཉིས་ཐབས་དང་ཐབས་བྱུང་གི་ཚུལ་དུ་འབྲེལ། དགོས་པ་དང་ཉིང་དགོས་གཉིས་རྒྱུ་དང་འབྲས་བུའི་ཚུལ་དུ་འབྲེལ་བ་ནི་འབྲེལ་བ་སྟེ། དེའང་རྗོད་བྱེད་ཀྱི་གཞུང་ནི་བརྗོད་བྱའི་དོན་རྟོགས་པའི་ཐབས་དང་ཐབས་དེ་ལ་བརྟེན་ནས་བརྗོད་བྱའི་དོན་རྟོགས་པ་ནི་དགོས་པ་ སྟེ་དེ་ནི་ཐབས་ལས་བྱུང་བ་དང༌། དེ་ལྟ་བུའི་གནས་སྐབས་ཀྱི་དགོས་པ་ནི་རྒྱུ་དང་རྒྱུ་དེ་ལས་བྱུང་བའི་མཐར་ཐུག་གི་ཉིང་དགོས་ནི་འབྲས་བུའོ། །དེ་དག་གཞུང་གིས་བསྟན་ཚུལ་ལ། ཁ་ཅིག་བསྟན་བཅོས་ཀྱི་མིང་ཉིད་ཀྱིས་བསྟན་པར་བཞེད་ལ། ཁ་ཅིག་མཆོད་བརྗོད་དང་རྩོམ་ པར་དམ་བཅས་བསྟན་པར་གསུངས་ཏེ། འདི་ལྟར་ན་མཆོད་བརྗོད་དང་རྩོམ་པར་དམ་བཅའ་གཉིས་བསྟན་བྱའི་གཙོ་བོ་དང་དགོས་སོགས་བཞི་བསྟན་བྱ་ཕལ་བའོ། །ཡང་བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ཞེས་པས་བརྗོད་བྱ་དང༌། བརྗོད་པར་བྱ་ཞེས་པས་དགོས་པ་ དང་། བདེ་གཤེགས་ཆོས་ཀྱི་སྐུ་མངའ་ཞེས་པས་ཉིང་དགོས་བསྟན་ཏེ་དེ་གསུམ་དངོས་བསྟན་དང༌། འབྲེལ་བ་ནི་སྒྲས་མ་ཟིན་པས་ཤུགས་ལ་བསྟན་ཞེས་འགའ་ཞིག་གསུངས་ལ་འདིར་དེ་ལྟར་བྱ་སྟེ་དེ་ནི་སྒྲས་ཟིན་མ་ཟིན་ལ་དངོས་བསྟན་དང་ཤུགས་བསྟན་དུ་བྱས་པའོ། །དེ་
Page: 22 ལྟར་དགོས་སོགས་བཞི་གཞུང་གིས་བསྟན་ཚུལ་ལ་གཙོ་ཕལ་གྱི་དབང་དུ་བྱས་པ་དང་དངོས་ཤུགས་ཀྱི་དབང་དུ་བྱས་པ་གཉིས་ཡོད་དོ། །ཡང་བརྗོད་བྱ་དང་འབྲེལ་བ་སྟོན་ཚུལ་བཤད་མ་ཐག་པ་དེ་དང་འདྲ་བ་ལ། རང་གི་ཡིད་ལ་བསྒོམ་ཕྱིར་ཞེས་པ་ནས་དོན་ཡོད་འགྱུར་ཞེས་ པའི་བར་གྱིས་གནས་སྐབས་ཀྱི་དོན་འགྲུབ་པའི་ཆ་ནས་དགོས་པ་བསྟན། མཐར་ཐུག་གི་དོན་འགྲུབ་པའི་ཆ་ནས་ཉིང་དགོས་བསྟན་ཞེས་ས་བཟང་བའི་འགྲེལ་པར་བཤད་དོ། །གསུམ་པ་ཁེངས་པ་བསྐྱུང་བ་ནི། སྔོན་ཆད་མ་སྔོན་ཆད་མ་བྱུང་སོགས་ཏེ། འོ་ན་ལུང་ཇི་ལྟ་བ་བཞིན་འཆད་ ནའང་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་སྒོ་ནས་སྔ་མ་རྣམས་ལས་ཁྱད་པར་དུ་འཕགས་པ་ཞིག་འཆད་རྒྱུ་ཡོད་དམ་མེད། མེད་ན་དོན་གཉེར་ཅན་གཞན་སུ་ཞིག་འདི་ལ་འཇུག་ཅེ་ན། བརྗོད་བྱའི་ངོས་ནས་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་ལས་སྔོན་ཆད་མ་ བྱུང་བའམ་སྔར་མ་གྲགས་པའི་དོན་ལྷག་པ་ཅུང་ཟད་ཙམ་ཡང་བསྟན་བཅོས་འདིར་བརྗོད་དུ་མེད་པ་སྟེ་བརྗོད་པར་མི་ནུས་ལ། དོན་སྔར་མ་གྲགས་པ་མེད་ཀྱང་ཚིག་གི་བཀོད་པའི་ཁྱད་པར་སྙན་ངག་གི་རྒྱན་གྱིས་མཛེས་པས་མཁས་པ་དགའ་བ་སྐྱེད་ནུས་པ་ཞིག་ཡོད་དམ་སྙམ་ ན། དོན་ལ་ཁྱད་པར་མེད་པར་མ་ཟད་རྗོད་བྱེད་ཚིག་གི་ངོས་ནས་ཀྱང་ཚིག་རྒྱན་སྣ་ཚོགས་ཀྱིས་མཛེས་པར་སྤྲས་པའི་སྙན་ངག་དང་ཡི་གེ་ལྕི་ཡང་སྤེལ་བ་ལ་སོགས་པའི་སྡེབ་སྦྱོར་ཁྱད་པར་དུ་འཕགས་པའི་མཁས་པའང་བདག་ལ་ཡོད་པ་མིན་ཏེ་མི་ཤེས་པས་སོ། །རྒྱུ་མཚན་ དེ་གཉིས་ཀྱི་ཕྱིར་གཞན་རྣམ་དཔྱོད་དང་ལྡན་པ་མང་པོ་དགའ་ཞིང་ཡིད་འཕྲོག་པའི་སྒོ་ནས་འཇུག་པར་འགྱུར་བའི་དོན་དུ་བསྟན་བཅོས་འདི་རྩོམ་པར་བྱའོ་སྙམ་པའི་བསམ་པའང་བདག་ལ་མེད་ཅེས་པ་སྟེ་དོན་དང་ཚིག་ལ་མཁས་པའི་ཁེངས་པའི་ང་རྒྱལ་བསྒྱུངས་ནས་ཞི་ཞིང་
Page: 23 ༄༅། །དུལ་བའི་ཚུལ་གྱིས་བརྩམས་པ་ཡིན་གྱི་ངེད་ཀྱིས་བྱས་པ་འདི་ལས་ལྷག་པ་སུ་ལའང་མེད་ཅེས་པའི་ཁེངས་སེམས་ཀྱིས་བརྩམས་པ་མིན་ཞེས་པའི་དོན་ནོ། །དཔེ་ཁ་ཅིག་ཏུ། དེ་ཕྱིར་གཞན་གྱི་དོན་དུ་འདི་མ་བྱས། ཞེས་ཡོད་པར་མངོན་ལ། དེའི་དོན་ནི་སྔ་མ་ལྟར་བཤད་ཀྱང་ཆོག་ལ། འགའ་ཞིག་ཏུ་རང་སྟོབས་ཀྱིས་ལུང་དོན་རྟོགས་ནུས་པའི་གངས་ཟག་གཞན་གྱི་དོན་དུ་འདི་མ་བྱས་ཞེས་འཆད་པ་ལྟར་བྱས་ཀྱང་འདྲའོ། །གང་ལྟར་ཡང་དེ་ལྟ་བུ་དག་གི་དོན་དུ་བསྟན་བཅོས་འདི་བྱས་པ་མིན་པར་གཞུང་འདིས་བསྟན་ ལ། དེར་མ་ཟད། ལུང་ལས་མ་བྱུང་བ་བརྗོད་ན་ལམ་གོལ་བར་འགྱུར་བ་དང་སྙན་དངགས་དང་སྡེབ་སྦྱོར་ཙམ་གྱིས་འཇིག་རྟེན་ལས་འདས་པའི་དོན་ཟབ་མོ་སྟོན་པ་དང་རྟོགས་པར་མི་ནུས་པའང་འདིས་བསྟན་པ་ཡིན་པར་འགྲེལ་པར་གསུངས་སོ། །དཀའ་འགྲེལ་དུའང༌། བསྟན་བཅོས་རྩོམ་པ་ལ་སྡེབ་སྦྱོར་ལྷུར་ལེན་པས་གཞུང་མཛེས་པ་གཙོ་བོར་བྱེད་པ་དང་ཕན་འདོགས་པ་ལྷུར་ལེན་པས་སེམས་འདུལ་བ་གཙོ་བོར་བྱེད་པ་སྟེ་ཚུལ་གཉིས་ཡོད་པ་ལས། སློབ་དཔོན་ཞི་བའི་ལྷ་འདི་ནི་ཕན་འདོགས་པ་ལྷུར་ལེན་པ་ཡིན་གྱི་སྡེབ་སྦྱོར་ད་སྙན་ངག་ལ་ སོགས་པ་གཙོ་བོར་བྱེད་པ་མ་ཡིན་ཏེ་ཞེས་སོགས་དང༌། དེ་ལྟ་ཡིན་དུ་ཟིན་ཀྱང་འདི་ལ་དགོས་སོགས་མེད་དོ་ཞེས་བསམ་པར་མི་བྱ་སྟེ་བརྗོད་བྱ་སོགས་ཕུན་སུམ་ཚོགས་པ་དང་ལྡན་ཞིང་ཁྱད་པར་དགོས་པའི་དགོས་པ་གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བ་ཡིན་ཞེས་དང༌། ཡང་ན་སློབ་དཔོན་དངོས་གྲུབ་ཐོབ་པ་དང་བདེན་པར་གཟིགས་པའི་ཚིག་ལ་ནི་དགོས་པ་ལ་སོགས་པ་མེད་པར་དོགས་པ་མི་རིགས་པས་ཞེས་སོགས་དང༌། རང་གི་དོན་དུ་བརྩམས་པར་བསྙད་པས་ནི་མཁས་པ་མངོན་པའི་ང་རྒྱལ་ཅན་འགའ་ཞིག་ཁྱོད་ཀྱིས་བདག་ཅག་རྗེས་
Page: 24 སུ་གཟུང་མི་དགོས་སོ་ཞེས་བར་ཆད་བྱེད་པ་བཟློག་པས་ཞེས་དང༌། སྐལ་མཉམ་ལ་བསྐུལ་བས་ནི་དེ་དག་དད་པར་འགྱུར་ཞིང་དད་པ་དང་ལྡན་པའི་སྣོད་དུ་བསྟན་བཅོས་བཞག་པར་རིགས་སོ་ཞེས་དགོངས་པས་ཞེས་པ་སོགས་སློབ་དཔོན་ཆེན་པོ་ཀྲྀཥྞ་པ་གསུང་ངོ༌། །འོ་ན་འདི་ ཅིའི་དོན་དུ་བརྩམས་འདི་བྱས་པ་ལ་དགོས་པ་མེད་དམ་ཞེ་ན། དགོས་པ་ཡོད་པར་སྟོན་ཏེ། དེ་ལྟ་ནའང་རང་གི་ཡིད་ལ་བསམ་པ་བྱང་ཆུབ་ཀྱི་སེམས་གཙོ་བོར་གྱུར་པའི་ཐེག་པ་ཆེན་པོའི་ལམ་གྱི་༌ཉམས་ལེན་སྔར་ནས་ཅི་རིགས་ཡོད་པ་རྣམས་མི་ཉམས་ཤིང་འཕེལ་བ་དང་སྔར་ མེད་རྣམས་ཀྱང་བསྒོམ་སྟེ་རྒྱུད་ལ་བསྐྱེད་པའི་ཕྱིར་ངས་བསྟན་བཅོས་འདི་བརྩམས་པའམ་བྱས་པ་ཡིན་ཏེ་གོམས་པ་མཐར་ཕྱིན་པར་བྱས་ན་དོན་གསལ་བར་མངོན་སུམ་དུ་རྟོགས་པར་འགྱུར་བའི་ཕྱིར་རོ། །བརྩམས་ཞེས་འདས་པའི་ཚིག་གིས་བསྟན་པ་ནི་ཐུགས་ཡུལ་ དུ་རྫོགས་པར་བརྩམས་ཟིན་པའི་དོན་ཡིན་པར་འགྲེལ་ཆེན་སོགས་སུ་གསུངས་སོ། །བཞི་པ་སྤྲོ་བ་བསྐྱེད་པ་ནི། དགེ་བ་བསྒོམ་ཕྱིར་སོགས་ཏེ། འོ་ན་རང་གིས་ཁོང་དུ་མ་ཆུད་ན་གཞུང་རྩོམ་ཕར་མི་རིགས་ལ་ཁོང་དུ་ཆུད་ན་དེ་ཉིད་ལ་གོམས་ཤིང་འདྲིས་པར་བྱས་པས་ཆོག་མོད། རང་དོན་དུའང་འདི་རྩོམ་ཅི་དགོས་ཏེ་རྩོམ་པ་ནི་གཡེང་བ་སྐྱེད་པའི་རྒྱུ་ཡིན་པས་སོ་ཞེ་ན། བྱང་ཆུབ་ཀྱི་སེམས་སོགས་ཐེག་ཆེན་ལམ་གྱི་ཉམས་ལེན་ཐབས་ཤེས་ཟུང་འཇུག་གི་དགེ་བ་རྒྱ་ཆེན་པོ་ལ་སྔར་ནས་ཞུགས་པ་རྣམས་ཀྱི་རྒྱུན་མི་ཉམས་ཤིང་གོང་འཕེལ་གྱི་ཚུལ་དུ་རང་ རྒྱུད་ལ་བསྐྲུན་པར་བྱ་བའམ་བསྒོམ་ཞིང་འདྲིས་པར་བྱ་བའི་ཕྱིར་བསྟན་བཅོས་འདི་ཉིད་རྩོམ་པ་ལ་ཞུགས་པ་ཡིན་ལ། དེའང་གཞུང་རྩོམ་པའི་སྐབས་སུ་མ་བརྟགས་མ་དཔྱད་པར་རང་དགར་འཇུག་པ་མིན་གྱི་ཐེག་པ་ཆེན་པོའི་གསུང་རབ་ཀྱི་གནད་དོན་ཟབ་ཅིང་རྒྱ་ཆེ་བ་རྣམས་
Page: 25 ༄༅། །ལ་རིང་དུ་བརྟག་ཅིང་དཔྱད་དེ་འདྲིས་པར་བྱས་ནས་རྩོམ་པ་ལ་འཇུག་པ་ཡིན་ལ། དེའི་ཕྱིར་བདག་གི་རྒྱུད་ལ་དད་འདོད་ཡིད་ཆེས་ཀྱི་དད་པའི་ཤུགས་སམ་རྒྱུན་ནི་རབ་བྱེད་ཀྱི་སགཞུང་དུ་བཀོད་པ་འདི་དག་གིས་ཀྱང་རེ་ཞིག་སྟེ་དང་པོར་རང་གི་རྒྱུད་ལ་གོང་འཕེལ་ དུ་འབྱུང་བར་འགྱུར་ལ་ཞེས་པ་སྟེ། རེ་ཤིག་ནི་རིམ་པ་སྟོན་པའི་ཚིག་ཡིན་པས་སོ། །དེའང་བསྒོམ་ཕྱིར་ཞེས་པ་འདིས་ཐོས་པ་ཙམ་དང་ཚིག་བློ་ལ་ཤར་ཞིང་ཁོང་དུ་ཆུད་པ་ཙམ་གྱིས་དོན་ཇི་ལྟ་བ་བཞིན་རྒྱུད་ལ་སྐྱེ་མི་ནུས་པས་ཉོན་མོངས་སྤོང་བ་སོགས་ཀྱི་བྱ་བ་བྱེད་མི་ནུས་ལ། དེར་མ་ཟད་ནན་ཏན་གྱིས་གོམས་ཤིང་། འདྲིས་པར་མ་བྱས་ན་ཐོས་ཤིང་ཤེས་པ་རྣམས་ཀྱང་བརྗེད་པར་འགྱུར་བ་དང༌། དལ་འབྱོར་རྙེད་དཀའ་དང་བྱང་ཆུབ་སེམས་ཀྱི་ཕན་ཡོན་སེམས་པ་སོགས་ལམ་གྱི་རིམ་པའི་དོན་དེ་རྣམས་ལ་ཡང་ཡང་སེམས་པ་དང་འཇལ་བ་དང་ངེས་པར་རྟོག་ པས་ཡུན་རིང་དུ་གོམས་ཤིང་འདྲིས་པར་བྱས་པ་ལས་དེའི་རྒྱུན་གོང་འཕེལ་དུ་འགྱུར་བ་དང་གོམས་པ་མཐར་ཕྱིན་ན་དོན་གསལ་བར་མངོན་སུམ་དུ་འགྱུར་བ་སོགས་ཀྱི་དགོས་པའི་དོན་དེ་དག་འགྲུབ་པར་འགྱུར་བའང་བསྟན་ཏོ། །དེ་ཡང་སྒོམ་ཞེས་པ་ནི། སེམས་དགེ་བའི་དམིགས་ པ་ལ་ཡང་དང་ཡང་དུ་གཏོད་པའི་དམིགས་རྣམ་གྱི་རྒྱུན་སྐྱོང་བ་གོམས་ཤིང་འདྲིས་པར་བྱ་བའི་དོན་ཏེ། སློབ་དཔོན་ཆོས་བཤེས་ཀྱིས། སྒོམ་པར་བྱེད་པ་ཞེས་བྱ་བ་ནི་ཡིད་དེའི་སྐལ་བ་ཅན་དུ་བྱེད་པའམ་དེའི་དངོས་པོར་བྱེད་པའོ་ཞེས་གསུངས་པ་ལྟར་ཡིན་ཏེ། དཔེར་ན་དད་ པ་སྒོམ་པ་སྙིང་རྗེ་སྒོམ་པ་ཞེས་པ་ནི་ཡིད་དེ་དང་དེའི་རྣམ་པ་ཅན་དུ་སྐྱེད་པ་ལ་བྱ་དགོས་པ་བཞིན་ནོ། སྒོམ་པ་དང་གོམས་པ་གཉིས་དོན་གཅིག་ཅིང་སྐད་དོད་ཀྱང་གཅིག་པའི་ཕྱིར་ལོ་ཙཱ་བ་རྣམས་ཀྱིས་ཀྱང་རེས་འགའ་སྒོམ་པའི་ལམ་ཞེས་པར་བསྒྱུར་ལ་རེས་གོམས་པའི་ལམ་ཞེས་བསྒྱུར་
Page: 26 པར་མཛད་པ་ཡིན་པར་གསུངས་སོ། །དོན་ཅི་ཞིག་གི་ཆེད་དུ་སེམས་དགེ་བའི་དམིགས་རྣམ་ལ་གོམས་ཤིང་འདྲིས་པར་བྱ་དགོས་པ་ཡིན་སྙམ་ན། ཐོག་མ་མེད་པ་ནས་སེམས་རང་གི་དབང་དུ་མ་གྱུར་ཅིང་རང་ཉིད་སེམས་ཀྱི་གཞན་དབང་དུ་སོང་ལ་སེམས་ཀྱང་ཉོན་མོངས་པའི་ རྗེས་སུ་ཕྱོགས་ནས་ཉེས་སྐྱོན་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་ལ། དེ་ལྟ་བུའི་སེམས་འདི་རང་གི་དབང་དུ་བྱས་ནས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་བཀོལ་དུ་རུང་བར་བྱ་བའི་ཆེད་དུ་སྒོམ་པ་ཡིན་ནོ། །སྤྱིར་ཡང་ཟབ་པ་དང་རྒྱ་ཆེ་བའི་ཐེག་ཆེན་གྱི་གསུང་རབ་ རྣམས་ལ་དད་པ་སྔོན་དུ་འགྲོ་བའི་མོས་པ་དང་དེ་དག་གི་རྟེན་བྱས་པའི་འདུན་པ་དྲག་པོས་ཐོས་བསམ་སོགས་ཀྱི་སྒོ་ནས་ཐེག་ཆེན་ལམ་གྱི་རིམ་པ་ལ་ངེས་པ་གོང་འཕེལ་དུ་གཏོང་བ་ནི་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་གསོ་ཞིང་རྒྱས་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་ལ་དེ་ ནི་ཐེག་ཆེན་ལ་ཞུགས་པའི་ལས་དང་པོ་བ་རྣམས་ཀྱིས་ཀྱང་ལས་སུ་བྱ་བའི་གཙོ་བོ་ཡིན་ཕྱིར་ཐེག་པ་ཆེན་པོའི་གཞུང་ལ་བལྟ་རྟོག་བྱེད་པ་སོགས་ལ་གོམས་འདྲིས་བྱ་བའང་དོན་དང་བཅས་པ་དགོས་པ་དང་བཅས་པའོ། །གང་དང་གང་ལ་གོམས་པ་དེ་དང་དེའི་ཕྱོགས་སུ་ཡིད་ གཞོལ་བར་འགྱུར་བ་ནི། ཏིང་རྒྱལ་ལས། ཁྱོད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ། །ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་ན། །དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། །དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལ་དགེ་སེམས་མང་དུ་ ཡོད་པ་ལས་འདིར་དད་པའི་ཤུགས་འཕེལ་ཞེས་པའི་དོན་ཡང་། དད་པ་ནི་དཀར་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་རྩ་བ་ལྟ་བུར་གྱུར་པ་ཡིན་པས་དེ་སྐད་སྨོས་པ་ཡིན་ལ། དེ་ལའང་ཐོབ་བྱའི་ཡོན་ཏན་སོགས་ལ་དོན་གཉེར་གྱི་འདོད་པའི་དད་པ། དཀོན་མཆོག་སོགས་
Page: 27 ༄༅། །ཀྱི་ཡོན་ཏན་ལ་དང་བའི་དད་པ། ལས་འབྲས་ལ་ཡིད་ཆེས་པའི་དད་པ་སྟེ་གསུམ་དང༌། དེས་མཚོན་ནས་བརྩོན་འགྲུས་དང་དྲན་པ་ཏིང་འཛིན་དང་ཤེས་རབ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་སོགས་པ་ས་དང་ལམ་གྱི་ཡོན་ཏན་རྣམས་ ཀྱི་ཤུགས་ཀྱང་གཞུང་དུ་བཀོད་པའི་དོན་འདི་དག་ལ་བ་རྟེན་ནས་གོང་ནས་གོང་དུ་འཕེལ་བར་འགྱུར་ཞིང་དེ་ལ་བརྟེན་ནས་མཐར་རྣམ་གྲོལ་འཐོབ་པའང་བསྟན་ལ། དེར་མ་ཟད་བདག་དང་སྐལ་བ་མཉམ་པ་སྟེ་ཁམས་སམ་རིགས་དང་བློ་ཚོད་དང་ཡོན་ཏན་སོགས་མཉམ་པའི་གདུལ་ བྱ་ཐེག་ཆེན་གྱི་རིགས་ཅན་བྱང་སེམས་ཀྱི་སྤྱོད་ཚུལ་ལ་མོས་ཤིང་དོན་གཉེར་ཅན་གཞན་གྱིས་ཀྱང་ཅི་སྟེའམ་གལ་ཏེ་གཞུང་གི་དོན་འདི་དག་མཐོང་ཞིང་ཁོང་དུ་ཆུད་ན་གོང་དུ་རང་ལ་དོན་ཆེན་པོར་འགྱུར་བར་བཤད་པ་དེ་བཞིན་དུ་དེ་དག་ལའང་དད་སོགས་གོང་འཕེལ་དུ་འབྱུང་ བ་དང་ཚུལ་བཞིན་དུ་ཉམས་སུ་བླངས་ན་བྱང་ཆུབ་ཀྱི་སེམས་སྐྱེ་ཞིང་འཕེལ་བ་སོགས་ཀྱིས་མཚོན་གནས་སྐབས་དང་མཐར་ཐུག་ཀུན་ཏུ་དོན་ཆེན་པོ་ཡོད་པར་འགྱུར་བའང་སྲིད་པས་ན་གདུལ་བྱགཞན་རྣམས་ཀྱིས་ཀྱང་འདི་ལ་སྤྲོ་བའི་སྒོ་ནས་འཇུག་པར་རིགས་སོ་ཞེས་པའོ། ། འདིར་བདག་དང་སྐལ་བ་མཉམ་པ་ཞེས་སོགས་ཀྱིས་གཞན་ལ་ཕན་པའི་དོན་དུ་འགྱུར་བ་དངོས་སུ་བསྟན་ལ། གོང་གི་རེ་ཤིག་ཅེས་པའི་ཚིག་གིས་དང་པོར་རང་རྒྱུད་ལ་དད་སོགས་འཕེལ་བ་དང་ཕྱི་ནས་སྐལ་མཉམ་གཞན་ལའང་དེ་བཞིན་དུ་ཕན་པའི་དོན་དུ་འགྱུར་བ་བསྟན་ ལ། འགྲེལ་ཆེན་དུའང་། འདིས་ཀྱང་ནི་གཞན་གྱི་དོན་ལ་མཁོ་བ་ཡིན་པའི་ཕྱིར་འདི་དོན་དང་བཅས་དགོས་པ་དང་བཅས་པ་ཡིན་ཏེ་ཅི་ཞིག་ལྟར་ཡང་གཞན་གྱི་དོན་ལ་མཁོ་བ་སྲིད་པའི་ཕྱིར་རོ་ཞེས་གསུངས། དེས་ན་སྔར། དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་
Page: 28 མེད། ཅེས་གསུངས་པ་དེ་གཞན་དོན་དུ་གཞུང་འདི་བརྩམས་པ་མིན་ཞེས་པའི་དོན་མིན་གྱི། དེ་ཕྱིར་ཞེས་པའི་ཚིག་གི་ནུས་པའི་སྒོ་ནས་འདིས་གཞན་དོན་རྒྱ་ཆེན་པོ་འགྲུབ་སྙམ་པའི་ང་རྒྱལ་གྱི་བསམ་པ་མེད་ཅེས་ཁེངས་སྐྱུངས་མཛད་པའི་དོན་ཡིན་པར་ཤེས་པར་བྱའོ། ། སྐབས་འདིའི་ས་བཅད་དུ་སྤྲོ་བ་བསྐྱེད་པ་ཅེས་སྨོས་པའང་ཐོག་མར་རང་རྒྱུད་ལ་དད་སོགས་འཕེལ་བ་དང་དེ་ནས་གཞན་ལའང་ཕན་པར་འགྱུར་བ་སོགས་གང་ལ་བསམས་ཀྱང་རང་ཉིད་བསྟན་བཅོས་རྩོམ་པ་ལ་སྤྲོ་བ་སྐྱེད་རིགས་པ་དང་གཞན་དག་ཀྱང་སྤྲོ་བ་བསྐྱེད་ནས་འཇུག་རིགས་ པའི་དོན་གྱིས་དེ་སྐད་བརྗོད་པའོ། །རང་གཞན་ལ་ཕན་པའི་དགོས་པ་ཡོད་ཅེས་པ་འདིས་བསྟན་བཅོས་ཀྱི་དགོས་པ་དང་ཉིང་དགོས་བསྟན་པ་ཡིན་པས་དགོས་སོགས་བཞི་འདིར་བཤད་ཀྱང་འབྲེལ་ལ། དགོས་སོགས་ཡོད་པར་བསྟན་པའང་འདི་ལ་གཞན་དག་འཇུག་པའི་དོན་ དུ་བསྟན་པ་ཡིན་པས་འདིས་ཀྱང་གཞན་ལ་ཕན་པའི་རེ་བ་ཡོད་པར་བསྟན་པ་ཤེས་པར་བྱའོ། །མདོར་ན་དེ་དག་གིས་རང་སྟོབས་ཀྱིས་ལུང་དོན་རྟོགས་ནུས་པ་རྣམས་གཞུང་འདིར་ལྟོས་མི་དགོས་ལ་གཞན་ཁེངས་དྲེགས་ཅན་སོགས་ཀྱི་དོན་དུ་མི་འགྱུར་ཡང་བ་སྐལ་མཉམ་དད་ལྡན་ སོགས་ལ་ཕན་པའི་དོན་དུ་འགྱུར་ཞེས་བསྟན་པ་ཡིན་ནོ། །གཉིས་པ་བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་དངོས་ལ་གཉིས། གཞུང་སྤྱིའི་རྣམ་གཞག །བསྟན་བཅོས་ལུས་ཀྱི་རང་བཞིན་དངོས་སོ། །དང་པོ་ནི། སློབ་དཔོན་ནག་པོ་པས་ཚིགས་བཅད་དང་ པོ་གསུམ་གྱིས་བསྟན་བཅོས་འབྱུང་བའི་རྒྱུ་བསྟན་ལ། དེ་ནས་ལེའུ་དང་པོ་གསུམ་དང་བསྔོ་བའི་ལེའུས་སྦྱིན་པ། ལེའུ་བཞི་བ་དང་ལྔ་བས་ཚུལ་ཁྲིམས། དྲུག་པ་སོགས་ལེའུ་བཞིས་ཕར་ཕྱིན་ལྷག་མ་བཞི་སྟེ་སྤྱོད་པ་ཕྱིན་དྲུག་དང་། མཇུག་བཀའ་དྲིན་དྲན་པའི་ཕྱག་དང་
Page: 29 ༄༅། །གསུམ་གྱིས་བསྟན་བཅོས་ཀྱི་ལུས་བསྡུས་པར་འཆད་དོ། །འོན་ཏེ་ལེའུ་དང་པོ་གསུམ་གྱིས་བརྗོད་བྱའི་གཙོ་བོར་སེམས་བསྐྱེད་བསྟན་ནས་སྦྱིན་པ་ཞར་བྱུང་དུ་བསྟན་པའི་དོན་དུ་འཆད་དགོས་སོ། །སློབ་དཔོན་དགེ་བའི་ལྷ་ནི། མཆོད་བརྗོད་ཐོག་མར་ དགེ་བ། དེ་ནས་བསྔོ་བའི་བར་བར་དུ་དགེ་བ། བསྔོ་བ་ཐ་མར་དགེ་བ་སྟེ་དགེ་བ་གསུམ་གྱིས་བསྟན་བཅོས་བསྡུས་པར་བཞེད་ལ། ཡང་སྔ་རབས་པ་འགའ་ཞིག་གིས། ཚིགས་བཅད་དང་པོ་གཉིས་ཀྱིས་དལ་འབྱོར་ཆུད་མི་གསན་པར་སྙིང་པོ་ལེན་དགོས་པར་གདམས། དེ་ནས་ སེམས་བསྐྱེད་པའི་ཕན་ཡོན་ལེའུ་དང་པོས་བསྟན། སེམས་བསྐྱེད་ཚུལ་གཉིས་པ་དང་གསུམ་པས་བསྟན། བསླབ་པ་བསྲུང་ཚུལ་ལེའུ་བཞི་པ་དང་ལྔ་བས་བསྟན། བསླབ་བྱའི་རང་བཞིན་ཕྱིན་དྲུག་གི་དང་པོ་གཉིས་ལེའུ་སྔ་མ་ལྔ་ལ་བརྟེན་ནས་རྟོགས། བཟོད་པ་སོགས་ བཞི་བཟོད་ལེ་སོགས་བཞིས་བསྟན་པར་གསུངས་སོ། །སློབ་དཔོན་རྣམ་སྣང་དལ་འབྱོར་འདི་ནི་ཞེས་པ་ནས་ཕན་ཡོན་བསྟན་གསུངས་ལ། ཤེར་འབྱུང་དང་དགེ་ལྷས་ཇི་ལྟར་མཚན་མོ་ནས་ཕན་ཡོན་བསྟན་པར་བཞེད་ཅིང༌། བི་བྷཱུ་ཏི་དང་བོད་འགྲེལ་ཕལ་ཆེར་གྱིས་དལ་ འབྱོར་སོགས་ཚིགས་བཅད་དང་པོ་གཉིས་ཀྱིས་བྱང་ཆུབ་སེམས་ཀྱི་རྟེན་བསྟན་པར་གསུངས་པ་རིགས་པར་གསུངས་པས་འདིར་དེ་ལྟར་བྱ་ལ། དེ་ཡང་ཚིགས་བཅད་གཉིས་ཀྱིས་རིམ་པར་ལུས་ཀྱི་རྟེན་དལ་འབྱོར་རྙེད་དཀའ་བ་དང་བསམ་པའི་རྟེན་དགེ་བློ་འབྱུང་དཀའ་བ་གཉིས་ བསྟན་ནོ། །དེ་མན་ཆད་ཀྱི་གཞུང་གིས་བརྗོད་བྱའི་དོན་སྟོན་ལ། ཇི་ལྟར་སྟོན་ན། ཕལ་ཆེར་གོང་དུ་བཤད་པ་རྣམས་ད་ང་འདྲ་མོད། འོན་ཀྱང་འདིར་ཅུང་ཟད་ཞིབ་པར་བཤད་ན་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་དེའི་ཕན་ཡོན་མཐོང་བའི་སྒོ་ནས་ཐེག་ཆེན་གྱི་
Page: 30 ཆོས་ལ་མོས་ཤིང་སྤྲོ་བ་འཕེལ་དགོས་པས་ལེའུ་དང་པོས་ཕན་ཡོན་སྟོན། དེ་ནས་སེམས་བསྐྱེད་པ་ལ་འགལ་རྐྱེན་སྡིག་པ་བཤགས་པ་དང་མཐུན་རྐྱེན་ཚོགས་བསགས་ནས་བྱང་ཆུབ་ཀྱི་སེམས་གཟུང་དགོས་པས་དེ་གཉིས་རིམ་པར་ལེའུ་གཉིས་པ་དང་གསུམ་པས་སྟོན། སེམས་བསྐྱེད་ནས་བྱང་ཆུབ་ཆེན་པོ་འགྲུབ་པའི་གཞི་སྤྱོད་པ་ལ་སློབ་ཚུལ་སྤྱིར་སྟོན་པ་དང་བྱེ་བྲག་ཏུ་སྟོན་པ་གཉིས་ལས། དང་པོའི་དབང་དུ་བྱས་ནས་སྤྱོད་པ་རྣམས་མི་ཉམས་ཤིང་བླང་དོར་བྱ་ས་བའི་ཐབས་སུ་བག་ཡོད་གལ་ཆེ་བས་དེ་ལེའུ་བཞི་པས་སྟོན། བྱེ་བྲག་ཏུ་ཕྱིན་དྲུག་གི་ སྤྱོད་པ་ཉམས་སུ་མིན་ཚུལ་ལ་དྲན་ཤེས་བསྟེན་པའི་སྒོ་ནས་ཚུལ་ཁྲིམས་ལ་སློབ་ཚུལ་ལེའུ་ལྔ་པས་སྟོན། བཟོད་པ་སོགས་ཐར་ཕྱིན་ཕྱི་མ་བཞི་བཟོད་པའི་ལེའུ་སོགས་བཞིས་རིམ་པར་སྟོན། ལུས་ལོངས་སྤྱོད་དགེ་རྩ་རྣམས་གཞན་བ་གཏོང་བའི་བློ་སྦྱོང་ཚུལ་བསྔོ་བས་ ཁྱད་པར་དུ་བྱས་ནས་སྟོན་པའི་ལེའུ་བཅུ་བས་སྦྱིན་པ་ལ་སློབ་ཚུལ་སྟོན་ནོ། །ཡང་ན་ལེའུ་བཞི་བ་དང་ལྔ་པས་ཚུལ་ཁྲིམས། དཀོན་མཆོག་མཆོད་པ་དང༌། ལུས་དང་དེ་བཞིན་ལོངས་སྤྱོད་དང༌། ཞེས་སོགས་ཀྱིས་སྦྱིན་པ་བསྟན་ཏེ་འདི་ལ་ལེའུ་ལོགས་སུ་མེད་ཀྱང་དེ་ན་རྒྱས་ པ་ཡོད་ལ། དེ་ནས་བསྟན་བཅོས་བརྩམས་པའི་རྗེས་ཀྱི་བྱ་བ་དགེ་རྩ་བསྡོ་བ་དང་བཀའ་དྲིན་དྲན་པའི་ཕྱག་ལེའུ་བཅུ་པས་བསྟན་པར་བྱས་ཀྱང་ཆོག་གོ། །དེས་ན་གཞུང་འདིས་སྐྱེས་བུ་ཆེན་པོའི་ལམ་ལ་བློ་སྦྱོང་བའི་ཡན་ལག་ཏུ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་ལ་ བློ་སྦྱོང་བ་སྔོན་དུ་བཏང་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབས་ནས་འཚང་རྒྱ་བའི་ལམ་གྱི་རིམ་པར་རྫོགས་པར་སྟོན་ལ། འབྲས་བུ་སངས་རྒྱས་ཀྱི་གནས་ཚུལ་ཡང་ལེའུདགུ་བའི་ནང་དུ་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །
ལེའུ་དང་པོ། བྱང་ཆུབ་སེམས་ཀྱི་ཕན་ཡོན་བསྟན་པ།
[edit]གཉིས་པ་
Page: 31 ༄༅། །བསྟན་བཅོས་ལུས་ཀྱི་རང་བཞིན་དངོས་ནི། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་པའི་སྨོན་ལམ་གྱི་བསྡུས་དོན་འདི་ཉིད་གཞིར་ བཞག་ནས་འཆད་པ་བླ་མ་རྗེ་ཉིད་ཀྱི་གསུང་རྒྱུན་ཡིན་པས་དེ་ལྟར་བཤད་པ་ལ། ཀུན་རྫོབ་དང་དོན་དམ་པའི་བྱུང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་པོ་རང་རྒྱུད་ལ་མ་སྐྱེས་པ་སྐྱེད་པར་བྱེད་པའི་ལེའུ་གསུམ། སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ། དེའི་རྒྱུན་ གོང་ནས་གོང་དུ་འཕེལ་བར་བྱེད་པའི་ལེའུ་གསུམ། དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་དུ་བསྔོ་བ་དང་སྨོན་ལམ་བྱ་བའི་ལེའུ་གཅིག་སྟེ་ལེའུ་བཅུ་པོ་ས་བཅད་བཞིའི་སྒོ་ནས་འཆད་པ་ཡིན་ལ། དེའི་དང་པོ་ལའང་གསུམ་སྟེ། ཕན་ཡོན་གྱི་ལེའུ། སྡིག་བཤགས་ ཀྱི་ལེའུ། བྱང་སེམས་ཡོངས་བཟུང་གི་ལེའུའོ། །དང༌པོ་ལ་གཉིས། ལེའུའི་གཞུང༌། ལེའུའི་མཚན་ནོ། །དང་པོ་ལ་གཉིས། བྱང་ཆུབ་སེམས་ཀྱི་རྟེན། བརྟེན་པ་ཕན་ཡོན་དངོས་སོ། །དང་པོ་ལ་གཉིས། ལུས་རྟེན། སེམས་རྟེན་ནོ། །དང་པོ་ནི། དལ་ འབྱོར་འདི་ནི་ཞེས་སོགས་ཏེ། འགལ་རྐྱེན་མི་ཁོམ་པའི་གནས་བརྒྱུད་དུ་མ་སྐྱེས་པས་ཆོས་སྒྲུབ་པ་ལ་ཁོམ་པའི་དལ་བ་བརྒྱད་དང༌། མཐུན་རྐྱེན་རང་འབྱོར་ལྔ་གཞན་འབྱོར་ལྔ་དང་བཅས་པའི་འབྱོར་བ་བཅུ་སྟེ་ཆོས་བཅོ་བརྒྱད་དང་ལྡན་པའི་ལུས་རྟེན་རིན་པོ་ཆེ་ལྟ་བུ་འདི་ནི་ རྒྱུ་འབྲས་དཔེ་གྲངས་གང་གི་སྒོ་ནས་བརྟགས་ནའང་རྙེད་པར་ཤིན་ཏུ་དཀའ་ཞེས་པ་སྟེ་འདིས་དལ་འབྱོར་རྙེད་དཀའ་བ་བསྟན་ཏོ། །དེ་ལ་མི་ཁོམ་པའི་གནས་བརྒྱད་ནི། ཤེར་འབྱུང་གི་འགྲེལ་ཆེན་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །
Page: 32 ལོག་ལྟ་སངས་རྒྱས་མི་འབྱུང་དང༌། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་དྲངས་པ་ལྟར་སྟེ། ངན་སོང་གསུམ་ནི་ཆོས་ཀྱི་བློ་སྐྱེ་བར་ཤིན་ཏུ་དཀའ་ལ་ཅུང་ཟད་སྐྱེས་ཀྱང་སྡུག་བསྔལ་དཔག་ཏུ་མེད་པས་ནོན་པས་ཆོས་སྒྲུབ་མི་ནུས་པ་དང་། ལྷ་ཚེ་རིང་པོ་ནི། འདུ་ཤེས་ མེད་པ་པ་དང་གཟུགས་མེད་པ་གཉིས་ཡིན་པར་བཤེས་སྤྲིང་འགྲེལ་པ་སོགས་ལས་བཤད་དེ། འདུ་ཤེས་མེད་པ་པ་ནི་བསམ་གཏན་བཞི་པའི་གནས་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་ཡོད་ལ། ཚེ་སྔ་མར་འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་པ་དག་དེར་སྐྱེས་མ་ ཐག་དང་འཆི་ཚེ་མ་གཏོགས་ཚོགས་དྲུག་འཁོར་བཅས་འགགས་པས་བསྐལ་ཆེན་དུ་མར་གནས་ཀྱང་ཆོས་སྒྲུབ་ཏུ་མི་ཁོམ་ལ། གཟུགས་མེད་དུ་སྐྱེས་པའི་སོ་སྐྱེ་ལ་ནི་ཐར་ལམ་སྒྲུབ་པའི་སྐལ་བ་མེད་པས་མི་ཁོམ་པའོ། །མི་ཁོམ་པ་བརྒྱད་ཀྱི་གཏམ་ལས་འདོད་པའི་བྱ་བས་ རྟག་ཏུ་གཡེངས་པའི་འདོད་ལྷ་ཡང་ལྷ་ཚེ་རིང་པོར་བཤད་དོ། །དེ་བཞི་ནི་མི་མ་ཡིན་པའི་མི་ཁོམ་པའོ། །འཁོར་རྣམ་བཞི་མི་རྒྱུ་བའི་ཡུལ་མཐའ་འཁོབ་ཏུ་སྐྱེས་པའི་ཀླ་ཀློ། གླེན་ལྐུགས་དང་ཡན་ལག་དང་མིག་རྣ་སོགས་མ་ཚང་བ་དབང་པོ་མ་ཚང་བ། ལས་འབྲས་ དང་མཆོག་གསུམ་ཚེ་སྔ་ཕྱི་སོགས་མེད་པར་འཛིན་པའི་ལོག་ལྟ་ཅན། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་མེད་པའི་དུས་ཀྱི་མིར་སྐྱེས་པ་སྟེ་དེ་བཞི་ནི་མིར་གྱུར་པའི་མི་ཁོམ་པ་ཡིན་ལ། དེའང་སྔ་མ་གཉིས་དང་ཕྱི་མས་ནི་བླང་དོར་གང་ཡང་ཤེས་མི་ནུས་ལ་ལོག་ལྟ་ཅན་ནི་ ཆོས་ལ་མོས་པ་མེད་པའོ། །བརྒྱད་པོ་དེ་དག་ཏུ་སྐྱེས་ན་ཆོས་དགེ་བ་སྒྲུབ་པ་ལ་དལ་ཁོམ་མེད་པས་ན་མི་ཁོམ་པའི་གནས་ཞེས་བྱ་སྟེ། འདུལ་བ་ལུང་ལས། དགེ་སློང་དག་མི་ཁོམ་པ་བརྒྱད་པོ་འདི་དག་ནི་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པའི་དུས་མ་ཡིན་ནོ། །བརྒྱད་
Page: 33 ༄༅། །གང་ཞེ་ན། ཞེས་སོགས་རྒྱས་པར་གསུངས་ལ། །བཤེས་སྤྲིང་འགྲེལ་པར་ཡང་། གནས་བརྒྱད་པོ་དེ་དག་ཏུ་དགེ་བ་བྱ་བའི་དལ་བ་མེད་པས་ན་མི་ཁོམ་པ་ཞེས་བྱའོ། །ཞེས་སོ། །དེ་ལྟ་བུའི་མི་ཁོམ་པ་བརྒྱད་དང་བྲལ་བའི་མི་ལ་ནི་དལ་བ་རྙེད་པ་ ཞེས་བྱ་སྟེ། འདུལ་ལུང་ལས། གང་ཟག་ཚངས་པར་སྤྱོད་པ་ལ་གནས་པའི་དལ་བའི་དུས་ནི་གཅིག་སྟེ་དེ་བཞིན་གཤེགས་པ་འཇིག་རྟེན་འདིར་བྱུང་ལ་ཆོས་ཀྱང་སྟོན་ཏེ་ཞེས་སོགས་དང་། སྡུད་པར་ཡང་། མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་སོ། ། འབྱོར་བ་ནི་བཅུ་སྟེ། མདོ་ལས། དགེ་སློང་དག་འབྱོར་བ་ནི་རྣམ་པ་བཅུ་སྟེ་གཞན་གྱི་འབྱོར་བ་ལྔ་དང་རང་གི་འབྱོར་བ་ལྔའོ། །ཞེས་གསུངས་ལ། དེ་ཡང་ཉན་ས་ལས། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་རང་འབྱོར་ལྔ་བསྟན་ ཏེ། མིར་གྱུར་པ། འཁོར་རྣམ་བཞི་རྒྱུ་བ་ཡོད་པའི་ཡུལ་དབུས་སུ་སྐྱེས་པ། གླེན་ལྐུགས་སུ་མ་སོང་ཞིང་ཡན་ལག་ཉིང་ལག་དང་མིག་རྣ་སོགས་ཚང་བ་ནི་དབང་པོ་ཚང་བ། ཚེ་འདི་ལ་མཚམས་མེད་ལྔ་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པ་ནི་ལས་མཐའ་མ་ལོག་པ། འཇིག་ རྟེན་ལས་འདས་མ་འདས་ཀྱི་དཀར་ཆོས་སྐྱེ་བའི་གནས་འདུལ་བ་ལ་དད་པ་དང་ལྔ་ཡིན་ལ། འདུལ་བ་ནི་སྡེ་སྣོད་གསུམ་ཀ་ལ་བྱ་བར་གསུངས་སོ། །ཡང༌། སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་ གཞན་འབྱོར་ལྔ་སྟེ། སེམས་བསྐྱེད་ཚོགས་བསགས་ནས་སངས་རྒྱས་པའི་སངས་རྒྱས་བྱོན་པ། སངས་རྒྱས་སམ་དེའི་ཉན་ཐོས་ཀྱིས་དམ་པའི་ཆོས་སྟོན་པ། ཆོས་བསྟན་ནས་དུས་ཇི་སྲིད་དུ་དམ་པའི་ཆོས་མངོན་དུ་བྱེད་པའི་ཚུལ་གྱིས་མཉམ་པར་གནས་པ་ནི་ཆོས་
Page: 34 བསྟན་པ་གནས་པ། ཆོས་རྟོགས་པ་དེ་ཉིད་ཀྱིས་སྐྱེ་བོ་རྣམསལ་ཆོས་མངོན་སུམ་བྱ་བའི་སྐལ་བ་ཡོད་པར་རིག་ནས་ཇི་ལྟར་རྟོགས་པ་ལྟར་བསྟན་པ་ལ་རྗེས་སུ་འཇུག་པར་བྱེད་པ་ནི་ཆོས་གནས་པ་རྗེས་སུ་འཇུག་པ། སྦྱིན་པ་པོ་དང་སྦྱིན་བདག་གཞན་གྱིས་ཆོས་གོས་དང་ བསོད་སྙོམས་སོགས་ཀྱིས་བཀུར་སྟེ་བྱེད་པ་ནི་གཞན་གྱིས་ཕྱིར་སྙིང་བརྩེ་བར་བྱེད་པ་སྟེ། འདི་ལྔ་ནི་རང་འབྱོར་གྱི་རྒྱུ་ཡིན་པར་གསུངས་སོ། །ཤེར་འབྱུང་གི་འགྲེལ་ཆེན་སོགས་སུ་མི་ཁོམ་པ་བརྒྱད་ལས་ལྡོག་པའི་མི་ལ་དལ་འབྱོར་དུ་བཞེད་ལ། མི་ཁོམ་པ་བརྒྱད་བྲལ་ གྱི་མི་ལ་འབྱོར་བ་ཚང་ཚུལ་ནི། མིར་སྐྱེས་པས་མི་ཉེད་དང༌། ཀླ་ཀློ་སོགས་ཀྱི་ནང་དུ་མ་སྐྱེས་པས་ཡུལ་དབུས་སུ་སྐྱེས་པ་དང་། གླེན་ལྐུགས་སོགས་མིན་པས་དབང་པོ་ཚང་བ་དང་། ལོག་ལྟ་ཅན་མིན་པས་གནས་དད་དང་ལས་མཐའ་མ་ལོག་པ་གཉིས་བསྟན་པར་ ཤཱནྟི་པས་གསུངས་པར་བཤད་ཅིང་། ཆོས་དང་འཁོར་རྣམ་བཞིས་ཁྱབ་པའི་ཡུལ་དབུས་སུ་སྐྱེས་པས་གཞན་འབྱོར་ལྔ་ཡང་བསྡུས་པར་གསུངས་ལ། བོད་ཀྱི་བླ་མ་འགའ་ཞིག་གིས་དལ་བ་ལ་འབྱོར་བས་མ་ཁྱབ་སྟེ་སུམ་ཅུ་རྩ་གསུམ་པའི་ལྷ་དང་མཚམས་མེད་བྱས་ པའི་མིདང་མི་མིག་དབང་དང་མི་ལྡན་པ་བཞིན་ནོ་ཞེས་གསུངས་ལ། མདོ་དང་སློབ་དཔོན་ཁ་ཅིག་གིས་འབྱོར་བ་བཅུ་ལྡན་ལ་དལ་འབྱོར་དུ་གསུངས་ཏེ་མི་ཁོམ་བརྒྱད་སྤངས་པ་ནི་དེའི་ནང་དུ་འདུས་པས་སོ་ཞེས་བཞེད་ལ། བི་བྷཱུ་ཏི་སོགས་འགའ་ཞིག་གིས་མི་ཁོམ་པ་ བརྒྱད་སྤངས་ཤིང་འབྱོར་བཅུ་ལྡན་པ་ལ་དལ་འབྱོར་དུ་བཤད་ཅིང་། མི་ཁོམ་བརྒྱད་བྲལ་དགག་པ་དང་འབྱོར་བ་བཅུ་ལྡན་སྒྲུབ་པའི་ཡོན་ཏན་ཡིན་པས་མི་ཟློས་པར་ཡང་བཤད་ཅེས་བུ་སྟོན་གསུང་ངོ༌། །དེ་དག་ནི་དལ་འབྱོར་གྱི་ངོ་བོ་ངོས་བཟུང་བའོ། །དེ་ལྟ་བུའི་དལ་
Page: 35 ༄༅། །འབྱོར་རྙེད་དཀའ་ཚུལ་ལ། རྒྱུའི་སྒོ་ནས་རྙེད་དཀའ་བ་ནི། རྒྱུ་དགེ་བ་སྒྲུབ་པ་ཤིན་ཏུ་དཀོན་པའི་ཕྱིར་ཏེ། འཇུག་པ་ལས། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་གསུངས་པ་ལྟར། སྤྱིར་བདེ་འགྲོ་ཙམ་ཞིག་ཐོབ་པ་ལའང་ཚུལ་ ཁྲིམས་སོགས་དགེ་བ་རྣམ་དག་སྣ་རེ་སྒྲུབ་དགོས་ལ། ཁྱད་པར་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་ཁྱད་པར་ཅན་འཐོབ་པ་ལ་དེའི་རྒྱུ་དངོས་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། ཟས་གོས་ལོངས་སྤྱོད་སོགས་ཀྱི་རྒྱུ་སྦྱིན་སོགས་ཀྱིས་གྲོགས་བྱས། དགེ་རྩ་གང་ བྱས་དལ་འབྱོར་ཚང་བའི་རྟེན་འཐོབ་པའི་རྒྱུར་བསྔོ་བས་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་སོགས་དགེ་རྩ་མང་དུ་སྒྲུབ་དགོས་ན་དེ་ལྟ་བུའི་རྒྱུ་དགེ་བ་སྒྲུབ་པ་ཤིན་ཏུ་ཉུང་བར་སྣང་བས་དེ་ལ་དཔག་ནས་བསམ་ན་འབྲས་བུ་བདེ་འགྲོའི་རྟེན་སྤྱི་དང་ཁྱད་པར་དལ་འབྱོར་དང་ ལྡན་པའི་རྟེན་ནི་ཆེས་ཆེར་རྙེད་དཀའ་བས་སོ། །དེ་ཡང་མདོ་ལས། གྲོགས་པོ་དག་དལ་བ་འབྱོར་བ་རྙེད་པར་དཀའ་སྟེ་སྤོས་ཀྱི་ཤིང་དུས་ཀྱི་རྗེས་སུ་འབྲངས་པ་དཔེར་བརྗོད་པ་བཞིན་ནོ་ཞེས་ཨ་ག་རུ་ནག་པོ་ལ་འགའ་ཞིག་གི་ཚེ་དྲི་འབྱུང་གི་གཏན་དུ་མ་ཡིན་པ་ལྟར་ཚུལ་ ཁྲིམས་ལ་སོགས་པའི་རྒྱུ་ཕུན་སུམ་ཚོགས་པ་ལས་མི་ལུས་ཐོབ་ཀྱི་གཞན་དུ་མི་འཐོབ་པར་གསུངས་སོ། །འདིས་ནི་གཙོ་བོར་རང་འབྱོར་དང་དེ་ལས་ཀྱང་མིའི་ལུས་རྙེད་དཀའ་བ་བསྟན་ཏོ། །འབྲས་བུའི་སྒོ་ནས་རྙེད་དཀའ་བ་ནི། རིགས་མི་མཐུན་ངན་སོང་གི་འགྲོ་བ་ ལ་ལྟོས་ན་བདེ་འགྲོ་ཙམ་ཡང་སྲིད་མཐར་སྣང་ལ་རིགས་མཐུན་བདེ་འགྲོ་ལ་ལྟོས་ན་ཡང་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་ནི་ཤིན་ཏུ་དཀོན་པར་གསུངས་པ་དེ་ཉིད་དོ། །དཔེའི་སྒོ་ནས་རྙེད་དཀའ་བ་ནི། ཡང་དག་པར་ལྡན་པའི་མདོའི་ལུང་གི་དོན་ལྟར་བཤེས་སྤྲིང་ལས།
Page: 36 རྒྱ་མཚོ་ཆེར་གཡེངས་གཉའ་ཤིག་བུ་ག་པ་དང་། ཞེས་སོགས་གསུངས་པ་ལྟར་ཏེ་འོག་ཏུའང་འཆད་དོ། །གྲངས་ཀྱི་སྒོ་ནས་རྙེད་དཀའ་བ་ནི། དམྱལ་བ་ནི་ས་ཆེན་པོའི་རྡུལ་ལྟ་བུ་ཞེས་སོགས་དང་། མཐོ་རིས་གསུམ་ནི་ཕྱག་སེན་གྱི་རྩེ་མོས་བཞེས་པའི་རྡུལ་དང་འདྲ་ བར་གསུངས་པ་སོགས་ཏེ་དེ་ལྟ་བུའི་གྲངས་མང་ཉུང་ལ་དཔག་ནའང་མི་ལུས་རྙེད་དཀའ་བ་དང་ཁྱད་པར་དལ་འབྱོར་དང་ལྡན་པའི་མི་ལུས་ནི་འཐོབ་མི་སྲིད་པའི་ཚོད་ཙམ་དུ་གསུངས་པ་ལྟར་ཡིན་ལ། ལུང་གཞི་ལས་ཀྱང་། ངན་འགྲོ་ནས་ཤི་འཕོས་ཏེ་དིར་སྐྱེ་བ་ནི་ས་ཆེན་ པོའི་རྡུལ་དང་དེ་ནས་བདེ་འགྲོར་སྐྱེ་བ་ནི་སེན་མོའི་རྩེ་མོས་བླངས་པའི་རྡུལ་དང་འདྲ་ཞིང་། བདེ་འགྲོ་གཉིས་ནས་ཤི་འཕོས་ནས་ངན་འགྲོར་འགྲོ་བ་ནི་ས་ཆེན་པོའི་རྡུལ་དང་དེ་གཉིས་ནས་བདེ་འགྲོར་སྐྱེ་བ་ནི་ཕྱག་སེན་གྱི་རྩེ་མོས་བཞེས་པའི་རྡུལ་དང་འདྲ་བར་གསུངས་པས་ བདེ་འགྲོ་དང་ངན་འགྲོ་གཉིས་ཀ་ནས་རྙེད་པར་དཀའོ། །དེ་ལྟར་རྒྱུ་འབྲས་དཔེ་གྲངས་སོགས་གང་གི་སྒོ་ནས་བརྟགས་ཀྱང་ཤིན་ཏུ་རྙེད་དཀའ་བར་གྲུབ་པོ། །དེས་ན་རྒྱ་ཆེར་རོལ་པ་ལས། །མི་དང་སངས་རྒྱས་འབྱུང་རྙེད་དཀའ། །དང་བའང་ཤིན་ཏུ་རྙེད་པར་དཀའ། ། མི་ཁོམ་བརྒྱད་སྤངས་རྙེད་པར་དཀའ། །ཞེས་དང་། སྡོང་བོ་བཀོད་པ་ལས་ཀྱང་། མི་ཁོམ་པ་བརྒྱུད་ལས་བཟློག་པའང་རྙེད་པར་དཀའ། མིར་གྱུར་པའང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པའང་རྙེད་པར་དཀའ། སངས་རྒྱས་འབྱུང་བའང་ རྙེད་པར་དཀའ། དབང་པོ་མ་ཚང་བ་མེད་པའང་རྙེད་པར་དཀའ། སངས་རྒྱས་ཀྱི་ཆོས་ཉན་པའང་རྙེད་པར་དཀའ། སྐྱེས་བུ་དམ་པ་དང་འགྲོགས་པའང་རྙེད་པར་དཀའ། །ཞེས་གསུངས་པ་སོགས་བསླབ་བཏུས་སུ་དྲངས་པ་ལྟར་ཤེས་པར་བྱས་ནས་རྙེད་དཀའི་རྟེན་ཐོབ་པ་ལ་ངོ་
Page: 37 ༄༅། །མཚར་དུ་བཟུང་ནས་དམ་པའི་ཆོས་སྒྲུབ་པ་ལ་འབད་པར་བྱའོ། །དེ་དག་ནི་དལ་འབྱོར་རྙེད་དཀའ་བའི་ཚུལ་ལོ། །དེ་ལྟར་རྙེད་དཀའ་བར་མ་ཟད་དལ་འབྱོར་དང་ལྡན་པའི་མི་ལུས་འདི་ཉིད་ལ་བརྟེན་ནས་སྐྱེས་བུའི་འདོད་པའི་དོན་མངོན་མཐོ་དང་ངེས་ལེགས་ ཞེས་སམ་སྐྱེས་བུ་གསུམ་གྱི་ཐོབ་པའི་དོན་མངོན་མཐོ་དང་ངེས་ལེགས་གང་བསྒྲུབས་ཀྱང་རྫོགས་པར་སྒྲུབ་པའི་ནུས་པ་ཡོད་པ་དེ་ལྟའི་རྟེན་ཁྱད་པར་ཅན་ཐོབ་པར་གྱུར་པའི་དུས་འདིར་བརྩོན་འགྲུས་ཆེན་པོའི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་འདོད་པའི་དོན་སྒྲུབ་ པ་ལ་འབད་པར་བྱ་དགོས་ཞེས་པ་སྟེ་འདིས་དལ་འབྱོར་དོན་ཆེ་བའམ་ཕན་ཡོན་ཆེ་བའི་ཚུལ་བསྟན་ལ། གལ་ཏེ་རྟེན་ཕུན་སུམ་ཚོགས་པ་ཐོབ་པའི་དུས་སམ་གནས་སྐབས་འདི་ལ་རང་གཞན་ཐམས་ཅད་ལ་འཕྲལ་ཡུན་ཀུན་ཏུ་ཕན་པའི་རྒྱུ་མཐོ་རིས་དང་ཐར་པ་ཐོབ་བྱེད་ཀྱི་དགེ་ བ་རྣམ་པར་དག་པ་མ་བསྒྲུབས་པར་ཆུད་ཟོས་སུ་བཏང་ན། ཕྱིས་སམ་སླར་སྐྱེ་བ་གཞན་དུ་འདི་ལྟ་བུའི་རྟེན་ཕུན་སུམ་ཚོགས་པ་ཡང་དག་པར་འབྱོར་པར་ག་ལ་འགྱུར་ཏེ་རང་ཅག་མི་ཁོམ་པར་སྐྱེ་བ་དང་གནས་པ་ཤས་ཆེ་ལ་དེའི་དུས་སུ་༌བདེ་འགྲོའི་རྒྱུ་སྒྲུབ་པ་ཙམ་ཡང་ཤིན་ ཏུ་དཀའ་ཞིང་དཀོན་པས་དེའང་སྒྲུབ་པར་མི་ནུས་ན་ཐར་པ་སྒྲུབ་པ་ལྟ་ཅི་དེས་ན་ད་ལྟ་རྟེན་ཁྱད་པར་ཅན་ཐོབ་པ་འདི་དོན་མེད་པར་མ་བྱེད་ཅིག་ཅེས་གདམས་པ་སྟེ། མདོ་ལས། དེ་ལྟ་ཡིན་གྱི་དལ་བ་འདི་དོན་མེད་པར་མ་བྱེད་ཅིག་མི་ཁོམ་པར་གྱུར་ན་ཕྱིས་གསོར་མི་རུང་བར་ འགྱུར་ཏ་རེ་ཞེས་གསུངས་པ་ལྟར་རོ། །རང་གཞན་ལ་ཕན་པ་དང་བདེ་བའི་ཐབས་ལེའུ་བཅུའི་བརྗོད་བྱའི་བྱང་ཆུབ་ཀྱི་སེམས་མ་བསམས་ཤིང་མ་བསྒྲུབས་ན་ཞེས་དགེ་ལྷ་སོགས་གསུང་ངོ༌། །དེ་ལྟར་དལ་འབྱོར་སོགས་ཚིག་རྐང་བཞི་ལས། དང་པོས་དལ་འབྱོར་རྙེད་
Page: 38 དཀའ་བ་དང་གཉིས་པས་རྙེད་པ་དོན་ཆེ་བར་བསྟན་ལ། གསུམ་པས་རྟེན་འདི་ལ་དགེ་ཆོས་མ་བསྒྱུབས་ན་རྙེད་དཀའ་དོན་ཆེ་ཐོབ་པ་ཆུད་ཟོས་སུ་འགྱུར་བ་བསྟན་ལ། ད་རེས་ཆུད་ཟོས་སུ་སོང་ཡང་ཕྱི་ནས་འདི་འདྲའི་རྟེན་ཐོབ་དུས་སུ་ཆོས་དགེ་བ་བསྒྲུབ་པས་ཆོག་གོ་སྙམ་ན། །ཚིག་རྐང་བཞི་པས་ཕྱིས་ནི་རྟེན་ཁྱད་པར་ཅན་འདི་འདྲ་རྙེད་པ་ཤིན་ཏུ་དཀའ་ཞེས་པསྟན་པ་ཡིན་ནོ། །དེ་ཡང་སྤྱིར་དམ་པའི་ཆོས་སྒྲུབ་པ་དང་ཁྱད་པར་དུ་ཐེག་པ་ཆེན་པོའི་ལམ་ཉམས་སུ་ལེན་པ་ལ་ནི་རྟེན་གང་རུང་ཞིག་ཐོབ་པ་ཙམ་གྱིས་མི་ཆོག་པས་བཤད་མ་ཐག་པ་དེ་ལྟ་ བུའི་དལ་འབྱོར་ལྡན་པའི་རྟེན་ཁྱད་པར་ཅན་ཞིག་ཐོབ་དགོས་ལ། དེའང་སྒྲ་མི་སྙན་པ་སྡོམ་པའི་རྟེན་དུ་མི་རུང་བས་གླིང་གསུམ་གྱི་མིའི་རྟེན་བསྔགས་ལ་དེའི་ནང་ནས་ཀྱང་འཛམ་བུ་གླིང་པའི་རྟེན་ནི་མཆོག་ཏུ་བསྔགས་སོ། །སྐྱེ་བ་སྔ་མར་མིའི་རྟེན་ལ་ལམ་ལ་སྦྱངས་པའི་ བག་ཆགས་བརྟན་པོ་ཡོད་པའི་འདོད་ལྷ་ཁ་ཅིག་དང་པོར་བདེན་པ་མཐོང་བའི་རྟེན་དུ་རུང་ཡང་འདོད་ལྷ་ཕལ་ཆེར་ནི་གོང་དུ་བཤད་པ་ལྟར་མི་ཁོམ་པའི་གནས་སུ་གསུངས་པས་དེའི་རྟེན་དུ་མི་རུང་ལ་ཁམས་གོང་མའི་རྟེན་ལ་ནི་དང་པོར་འཕགས་ལམ་ཐོབ་པ་མི་སྲིད་པས། ལམ་ཐོག་མར་སྒྲུབ་པའི་རྟེན་དང་འཕགས་ལམ་གསར་དུ་སྐྱེ་བའི་རྟེན་ལ་ཡང་མི་མཆོག་ཏུ་གྱུར་པ་ཡིན་པར་གསུངས་སོ། །དེས་ན་ད་ལྟ་རྙེད་དཀའ་དོན་ཆེའི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདིར་བག་མེད་པ་སྤངས་ཏེ་དལ་འབྱོར་ལ་སྙིང་པོ་བླངས་ནས་དོན་དང་འབྲས་བུ་ཆེན་ པོ་ཡོད་པར་བྱ་བའི་ཆེད་དུ་དགེ་ཆོས་སྒྲུབ་པ་ལ་ཅི་ནས་ཀྱང་འབད་པར་བྱ་རིགས་ཏེ། ཡུལ་འཁོར་སྐྱོང་གིས་ཞུས་པར། །སངས་རྒྱས་འཇིག་རྟེན་ཕན་པ་དྲང་སྲོང་ཆེ། །བསྐལ་པ་བྱེ་མང་བརྒྱ་ལ་འབྱུང་བར་འགྱུར། །ད་ལྟ་དལ་བ་དམ་པ་རྙེད་པ་ལ། །གལ་ཏེ་ཐར་འདོད་བག་
Page: 39 ༄༅། །མེད་སྤོང་བར་གྱིས། །ཞེས་དང། སློབ་སྤྲིང་ལས་ཀྱང་། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཞིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་འགྱུར་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ ཞིག་འབྲས་བུ་མེད་པར་བྱེད། །ཅེས་གསུངས་ལ། ཁྱད་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྐྱེས་བུ་ཆེན་པོའི་སྤྱོད་པ་ལ་བསླབ་ན་དལ་འབྱོར་རྙེད་པ་དོན་ཡོད་པའི་མཆོག་ཏུ་འགྱུར་ཏེ། དབུ་མ་སྙིང་པོ་ལས། དམ་ཆོས་སྒྲོན་མེ་དང་བཅས་ཤིང༌། །མི་ཁོམ་བརྒྱད་སྤོང་དལ་ བ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །དེ་ནི་དོན་ཡོད་བྱ་བའི་རིགས། །ཅེས་སོ། །དེས་ན་རྟེན་ཁྱད་པར་ཅན་འདི་ལ་བརྟེན་ནས་དམ་ཆོས་བསྒྲུབས་ཏེ་ཕན་བདེའི་རྩ་བ་མ་བཟུང་ན་དོན་༌་མེད་པ་དང་དོན་མ་ཡིན་པའི་ཕྱོགས་སུ་བརྒྱུད་དེ་དགེ་ལེགས་རྨི་ལམ་དུའང་མྱོང་བར་མི་ འགྱུར་རོ་སྙམ་དུ་བསམ་ལ་དལ་འབྱོར་ལ་སྙིང་པོ་ལེན་འདོད་ཀྱི་བློ་བསྐྱེད་པར་བྱའོ། །ལྷ་དང་དུད་འགྲོ་སོགས་འགྲོ་བ་གཞན་གྱི་རྟེན་ལའང་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཙམ་ཡོད་ཀྱང་དེ་༌་དག་སྐྱེ་རུང་ཙམ་གྱི་རྟེན་ཡིན་གྱི་རྟེན་ཕུན་སུམ་ཚོགས་པ་མིན་ལ། དལ་འབྱོར་དང་ལྡན་པའི་ མིའི་ལུས་རྟེན་ནི་རིགས་དྲུག་གི་ནང་ནས་བྱང་ཆུབ་ཀྱི་སེམས་གསར་དུ་སྐྱེ་བའི་རྟེན་ཕུན་སུམ་ཚོགས་པ་མཆོག་ཏུ་གྱུར་པ་ལྷ་བས་ཀྱང་ལྷག་པ་ཡིན་ནོ་ཞེས་ལུས་རྟེན་ཁྱད་པར་ཅན་ངོས་བཟུང་བའོ། །དེའང་བྱང་ས་ལས། རིགས་ནི་སྐལ་བ་དང་ལྡན་པའི་གཞི་ཞེས་བྱའོ། ། ཞེས་དང་། དང་པོ་སེམས་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་དེའི་གཞི་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་དེ་ནི་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པ་དེའི་གཞི་ཞེས་བྱའོ། །ཞེས་པ་ལྟར་སྐལ་བ་དང་ལྡན་པའི་གཞི་ནི་རིགས་གཉིས་
Page: 40 ཡིན་ལ། དེ་གཉིས་འདིར་དངོས་སུ་མ་བསྟན་ཀྱང་གོང་དུ། བདག་དང་སྐལ་བ་མཉམ་པ་ཞེས་པའི་སྐད་དོད་ལ་ཁམས་མཉམ་པ་ཡོད་ཅིང་ཁམས་ནི་རིགས་ཡིན་པས་དེས་མཚོན་པར་བུ་སྟོན་གསུངས་ལ། དེ་ལྟ་བུའི་ཐེག་ཆེན་གྱི་རིགས་དང་ལྡན་པའི་གང་ཟག་གི་ ལུས་རྟེན་ཁྱད་པར་ཅན་འདིས་བསྟན་ལ། སེམས་རྟེན་ཁྱད་པར་ཅན་ཚིགས་བཅད་འོག་མས་སྟོན་པ་ཡིན་ཕྱིར་ཚིགས་བཅད་འདི་གཉིས་ཀྱིས་བྱང་ཆུབ་སེམས་ཀྱི་རྟེན་སྟོན་པར་བཤད་པ་ཤིན་ཏུ་རིགས་པར་གསུངས་སོ། །གཉིས་པ་སེམས་རྟེན་ནི། ཇི་ལྟར་མཚན་མོ་ སོགས་ཏེ། དཔེ་ཇི་ལྟར་ན་ཉི་འོད་ཀྱི་སྣང་བ་ནུབ་པའི་མཚན་མོ་ཟླ་འོད་ཙམ་ཡང་མེད་པའི་མུན་ནགདབྱར་དུས་ཀྱི་ཆར་སྤྲིན་ཤིན་ཏུ་འཐུག་པོ་དཀྲིག་ཅིང་འཐིབས་པས་ཁེབས་པའི་སྐར་མའི་སྣང་བ་ཙམ་ཡང་མེད་པའི་སྨག་རུམ་སྟུག་པོའི་ནང་ན་གློག་འགྱུ་བའི་འོད་ཀྱི་ དུས་ཡུན་ཐུང་བ་སྐད་ཅིག་ཙམ་ལ་གཟུགས་ཀྱི་དངོས་པོ་འགའ་ཞིག་རབ་ཏུ་གསལ་ཞིང་། སྣང་བའི་སྐབས་ཅུང་ཟད་ཅིག་སྟོན་པར་བྱེད་པ་ལྟར་གྱི་དཔེ་དེ་བཞིན་དུ། སངས་རྒྱས་རྣམས་ཀྱི་བྱིན་རླུབས་དང་ཐུགས་རྗེའི་འོད་ཟེར་གྱི་སྣང་བའི་མཐུ་ཡིས་བརྒྱ་ལམ་རེས་འགའ་ ཞིག་ན། ཤིན་ཏུ་ཡུན་རིང་བའི་སྲིད་པའི་བཙོན་ར་སྟུག་པོ་འཕགས་པའི་ཡེ་ཤེས་ཀྱི་ཉི་འོད་དང་བྲལ་བའི་མཚན་མོ་ལྟ་བུ། ཐོས་བསམ་གྱི་སྣང་བ་དང་བྲལ་བའི་མུན་ནག་དང་འདྲ་བ། སྡིག་སྡུག་གི་སྤྲིན་འཐུག་པོའི་སྨག་རུམ་དུ་ཚུད་པ་ལྟ་བུའི་འཇིག་རྟེན་ཕལ་པ་ ཅུང་ཟད་སྐལ་བ་དང་ལྡན་པ་རྣམས་ལ་ཕན་བདེའི་རྒྱུ་དམ་པའི་ཆོས་ལ་འཇུག་པར་བྱའོ་སྙམ་པ་ལྟ་བུའི་བསོད་ནམས་དགེ་བའི་ལས་སྒྲུབ་པ་ལ་འཇུག་འདོད་ཀྱི་བསམ་པའམ་བློ་གྲོས་ཀྱི་སྣང་བ་ཐང་འགའ་སྟེ་ལན་གྲངས་གཅིག་གཉིས་ཙམ་དང་དུས་ཀྱང་སྐད་ཅིག་ཙམ་
Page: 41 ༄༅། །མམ་ཡུད་ཙམ་རེར་འབྱུང་སྲིད་ཀྱི་ཕལ་ཆེར་མི་འབྱུང་བའམ་བྱུང་ཡང་ལན་མང་པོ་དང་རྒྱུན་རིང་པོར་མི་འབྱུང་སྟེ། དེ་ལ་སྔོན་མ་གོམས་པའི་ཕྱིར་དང་སོ་སོ་སྐྱེ་བོ་རྣམས་ཀྱི་ལྷན་སྐྱེས་ཀྱི་བློ་ན་ཐོག་མ་མེད་པ་ནས་མི་དགེ་བ་དང་ཉོན་མོངས་པའི་ཕྱོགས་ ལ་གོམས་པ་ཤས་ཆེ་བའི་ཕྱིར་རོ། །དད་མོས་སོགས་ཡོད་པའི་སྐལ་ལྡན་རྣམས་ལ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་རློབས་པ་དང་དེ་ལ་བརྟེན་ནས་དགེ་སེམས་སྤྱི་དང་ཁྱད་པར་བྱང་ཆུབ་ཀྱི་སེམས་ལྟ་བུའི་དགེ་སེམས་འབྱུང་བ་ནི། མདོར། །གང་དག་མོས་པའི་ཁྱད་པར་ རྒྱ་ཆེ་བ། །དེ་དག་རྒྱལ་བ་ཀུན་གྱིས་རྟག་བྱིན་བརླབས། །གང་དག་རྒྱལ་བ་ཀུན་གྱིས་བྱིན་བརླབས་པ། །དེ་དག་བྱང་ཆུབ་དོན་དུ་སེམས་ཀྱང་སྐྱེ། །ཞེས་སོ། །དེས་ན་བསོད་ནམས་དགེ་བའི་བློ་སྐྱེད་པ་དང་སྤེལ་བ་ལ་འབད་པར་བྱ་དགོས་སོ་ཞེས་བསྐུལ་བའོ། །དེ་ལྟ་བུའི་ བློ་དེ་ལའང་བསོད་ནམས་ཆ་མཐུན་གྱི་དགེ་བ་ཙམ་སྒྲུབ་འདོད་ཀྱི་སྐྱེས་བུ་ཆུང་ངུའི་བློ་དང༌། ཐར་བ་ཆ་མཐུན་གྱི་དགེ་བ་ཙམ་སྒྲུབ་འདོད་ཀྱི་སྐྱེས་བུ་འབྲིང་གི་བློ་དང༌། གཞན་དོན་དུ་རྫོགས་བྱང་སྒྲུབ་འདོད་ཀྱི་སྐྱེས་བུ་ཆེན་པོའི་བློ་སྟེ་གསུམ་ཡོད་ལ། དེ་ལྟའི་བསོད་ནམས་ བྱེད་འདོད་ཀྱི་བློ་དག་ནི་བསམ་པའི་རྟེན་ཐུན་མོང་བ་ཡིན་ལ། དེ་དག་སོགས་འཇིག་རྟེན་ལས་འདས་མ་འདས་ཀྱི་དཀར་ཆོས་ཐམས་ཅད་ཀྱི་རྩ་བ་དང་སྡོན་དུ་འགྲོ་བ་ནི་དད་པ་ཡིན་ལ། དེ་ཡང་མཆོག་གསུམ་གྱི་ཡོན་ཏན་ལྟ་བུ་ཤེས་ནས་སེམས་དང་བ་ནི་དང་བའི་དད་པ། ལམ་བདེན་རྒྱུད་ལ་བསྟེན་པར་བྱ་ནུས་འགོག་བདེན་མངོན་དུ་འཐོབ་པར་བྱ་ནུས་པར་ཤེས་ནས་དེ་བསྟེན་འདོད་དང་མངོན་དུ་བྱ་འདོད་པའི་དང་བ་ནི་འདོད་པའི་དད་པ། སྡུག་ཀུན་གཉིས་ལ་སྐྱོན་དང་འགོག་ལམ་གཉིས་ལ་ཡོན་ཏན་ཡོད་པ་ལ་དེ་ལྟར་ཡོད་པར་ཡིད་ཆེས་པའི་
Page: 42 དང་བ་ནི་ཡིད་ཆེས་པའི་དད་པ་ཡིན་ལ། དང་བ་ཞེས་པ་ནི་ཉོན་མོངས་པའི་དྲི་མས་རྙོག་པ་དང་བྲལ་བའོ། །དེ་ལྟ་བུའི་དད་པ་ལས་དོན་གཉེར་གྱི་འདུན་པ་སྐྱེ། དེ་ལས་མོས་པ་སྐྱེ་བ་ཡིན་ལ། མོས་པའིམ་འདུན་པ་ནི་དགེ་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། འོག་ཏུ། དགེ་བའི་ཕྱོགས་ ནི་ཐམས་ཅད་ཀྱི༑རྩ་བ་མོས་པར་ཐུབ་པས་གསུངས། ཞེས་བཤད་ལ། ཐེག་ཆེན་ལ་མོས་པ་སེམས་བསྐྱེད་ཀྱི་རྒྱུར་ཡང་གསུངས་ཏེ། མདོ་སྡེའི་རྒྱུན་ལས། རིགས་དང་ཆོས་ལ་མོས་པ་དང༌། །དེ་བཞིན་སེམས་ནི་བསྐྱེད་པ་དང༌། །ཞེས་དང༌། ཆོས་ལ་མོས་པ་ས་བོན་དང༌། ཞེས་སོགས་གསུངས་སོ། །ཁྱད་པར་བྱང་ཆུབ་ཀྱི་སེམས་ཀྱི་རྟེན་ལ་དད་པ་དང་སྙིང་རྗེ་གཉིས་གལ་ཆེ་སྟེ། བསླབ་བཏུས་སུ། སྡུག་བསྔལ་མཐར་འབྱིན་འདོད་པ་དང༌། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་ལ་ཡང་བློ་བརྟན་བྱ། །འདི་ ལྟར་དཀོན་མཆོག་ཏ་ལ་ལའི་གཟུངས་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཡོན་ཏན་ ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ཅེས་སོགས་དང༌། ཆོས་བཅུ་པའི་མདོ་ལས། མ་དད་པ་ཡི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་ལ། རྒྱ་ཆེར་རོལ་བ་ལས་ཀྱང་། ཀུན་དགའ་བོ་དད་པ་ལ་སྦྱོར་བར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པས་གསོལ་བ་འདེབས་པའོ། །ཞེས་པ་སོགས་དྲངས་ཏེ། དེ་དག་གིས་རང་གཞན་གྱི་རྒྱུད་པ་མཐའ་དག་འབྱིན་པར་
Page: 43 ༄༅། །འདོད་པ་དང་བདེ་བ་མཐའ་དག་སྒྲུབ་པར་འདོད་པས་དེའི་འབྱུང་ཁུངས་སུ་གྱུར་པའི་ཐེག་པ་ཆེན་པོ་ལ་དད་པ་བསྐྱེད་པ་གལ་ཆེ་བར་བསྟན་ལ། དེ་ལྟར་དད་པའི་རྩ་བ་བརྟན་པར་གྱུར་ན་ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཡིན་པས་བསོད་ནམས་ཐམས་ ཅད་སྡུད་པའི་ཕྱིར་སེམས་བསྐྱེད་པར་བྱ་དགོས་པས་ན། བྱང་ཆུབ་ལ་ཡང་བློ་བརྟན་བྱས། ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་ཡང་སེམས་བསྐྱེད་སོགས་ཐེག་ཆེན་གྱི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་དང་རྩ་བ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། འདི་ ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་མངོན་པར་མོས་པའི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །དཔེར་ན་མིའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ནི་དབུགས་འབྱིན་པ་དང་རྔུབ་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡང་དག་པར་སྒྲུབ་པའི་སྔོན་དུ་འགྲོ་བ་ནི་སྙིང་ རྗེ་ཆེན་པོའོ། །དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིན་པོ་ཆེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་འཁོར་ལོ་རིན་པོ་ཆེའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའོ་ཞེས་དང་། དེ་བཞིན་དུ་བློ་གྲོས་མི་ཟད་པར་ཡང་ གསུངས་ལ། ག་ཡ་གོ་རི་ལས་ཀྱང་། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། །གནས་ནི་སེམས་ཅན་ནོ། །ཞེས་དང༌། མདོ་རྒྱན་ལས་ཀྱང་། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་གསུངས་ལ། ཁྱད་པར་བྱང་ཆུབ་ཀྱི་སེམས་ཀྱི་ དངོས་ཀྱི་ཉེར་ལེན་དུ་གྱུར་པའི་སེམས་རྟེན་ནི་ལྷག་བསམ་གྱིས་ཁྱད་པར་དུ་བྱས་པའི་སྙིང་རྗེ་ཆེན་པོ་ལྟ་བུ་ཡིན་ལ། དེ་ལྟ་བུའི་བསམ་པ་དེ་དག་སྐྱེ་བ་ནི་ཤིན་ཏུ་དཀོན་ཏེ། མདོ་ལས། དཀོན་མཆོག་གསུམ་ལ་སེམས་རྣམ་པར་དང་ཞིང་དད་པ་ནི་དཀོན་ཏེ་དཔེར་ན་ཡིད་བཞིན་
Page: 44 གྱི་ནོར་བུ་རིན་པོ་ཆེ་དཔོར་བརྗོད་པ་བཞིན་ནོ་ཞེས་དང༌། གྲོགས་པོ་དག་སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་སྙིང་བརྩེ་བ་ནི་རྙེད་པར་དཀའ་སྟེ་དགྲ་དཔའ་བོ་ལག་ན་རྡོ་རྗེ་ཐོགས་ཤིང་དྲག་ཏུ་འདེབས་པའི་ནང་ནས་སྒྲོལ་བ་བཞིན་ནོ། །ཞེས་སོ། །མདོར་ན་དེ་དག་གིས་སྤྱིར་བསོད་ནམས་ དག་པའི་ལས་ལ་འཇུག་འདོད་ཀྱི་བློ་སྐྱེ་བ་དཀོན་པ་དང༌། ཁྱད་པར་ཐེག་ཆེན་གྱི་ཆོས་ལ་མོས་པ་དང་། རང་བདེ་ལ་མ་ཆགས་པར་གཞན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཆེན་པོ་སྐྱེ་བ་དཀོན་པར་བསྟན་ལ། དེ་ལྟར་རྙེད་དཀའ་ཞིང་རིང་དུ་མི་གནས་པའི་བསམ་པའི་རྟེན་ཁྱད་ པར་ཅན་རྙེད་དུས་སུ་དེ་ཉིད་མི་ཉམས་ཤིང་གོང་འཕེལ་དུ་འགྲོ་བའི་ཐབས་ལ་བརྩོན་པར་གྱིས་ཤིག་ཅེས་གདམས་པའོ། །དེ་ལྟར་ལུས་སེམས་ཀྱི་རྟེན་གཉིས་ལས་སྔ་མས་སྤྱོད་པ་སྒྲུབ་པའི་ལྷན་ཅིག་བྱེད་པའི་རྐྱེན་དལ་འབྱོར་ལྡན་པའི་རྟེན་དང་ཕྱི་མས་སྤྱོད་པ་སྒྲུབ་པའི་ཉེར་ལེན་གྱི་ རྒྱུ་ཐེག་ཆེན་རིགས་ལྡན་གྱི་རྒྱུད་ཀྱི་དགེ་ཆོས་ལ་འདུན་པ་བསྟན་ལ་དེ་གཉིས་ཀའང་རྙེད་དཀའ་བས་ཆུད་མི་ཟ་བར་བྱ་དགོས་ཞེས་བསྟན་པ་ཡིན་ནོ་ཞེས་དང༌། བྱམས་སྙིང་རྗེའི་བདག་ཉིད་ཀྱི་བློ་གྲོས་ཐང་འགའ་ཞིག་འབྱུང་གི་གཏན་དུ་མ་ཡིན་པས་དེ་ཐོབ་པ་ཆུད་མི་ཟ་བར་བྱ་ཞེས་ རྣམ་བཤད་ལས་སོ། །གཉིས་པ་བརྟེན་པ་ཕན་ཡོན་དངོས་བཤད་པ་ལ་གསུམ། སེམས་བསྐྱེད་སྤྱིའི་ཕན་ཡོན། སྨོནའཇུག་སོ་སོའི་ཕན་ཡོན། སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བའོ། །སེམས་བསྐྱེད་སྤྱིའི་ཕན་ཡོན། དང་པོ་ལ་གསུམ། དགེ་བ་གཞན་ལས་ཁྱད་པར་འཕགས་པའི་ཕན་ ཡོན། མིང་དོན་གནས་འགྱུར་བའི་ཕན་ཡོན། ཕན་ཡོན་དཔེའི་སྒོ་ནས་བསྟན་པའོ། ། དང་པོ་ནི། དེ་ལྟས་དགེ་བ་སོགས་ཏེ། དེ་ལ། སྤང་བྱ་སྡིག་པ་ཆེན་པོ་ཟིལ་གྱིས་གནོན་པ་ནི། ལུས་རྟེན་དལ་འབྱོར་རྙེད་དཀའ་བ་དང་ཁྱད་པར་ཆོས་ལ་འཇུག་འདོད་ཀྱི་བློ་སྐྱེ་དཀའ་
Page: 45 ༄༅། །བ་སོགས་ཀྱི་རྒྱུ་མཚན་དེ་ལྟ་བས་ན། གཉེན་པོ་བསོད་ནམས་དགེ་བའི་ཕྱོགས་ནི་གོང་དུ་བཤད་པ་ལྟར་མུན་ནག་ནང་གི་གློག་ལྟར་ཉམ་ཆུང་བ་སྟེ་མཐུ་དང་སྟོབས་ཞན་པས་རེས་འགའ་བ་དང་ཡུན་ཐུང་བ་ཉིད་ལ་རྟག་སྟེ་རྒྱུན་པར་གནས་ལ། སྤང་བྱ་སྡིག་པ་ བ་མི་དགེ་བའི་ཕྱོགས་ནི་སྤྲིན་རུམ་གྱི་མུན་ནག་ལྟར་སྟོབས་དང་ནུས་པ་ཆེན་པོ་ལྡན་པས་གཉེན་པོས་ཐུབ་པར་དཀའ་ཞིང་དམྱལ་སོགས་ཀྱི་སྡུག་བསྔལ་འཇིགས་སུ་རུང་བའང་འབྱིན་ནུས་པས་ཤིན་ཏུ་མི་བཟད་པ་དེ་ལྟ་བུ་རྟག་པར་རྒྱུན་ཆགས་པའི་ཚུལ་དུ་རང་གི་ངང་ གིས་འབྱུང་བ་ཉིད་ཡིན་ལ། དེ་ལྟ་བུའི་སྡིག་པ་སྟོབས་ཆེན་དེ་ནི་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བདག་ཉིད་ཅན་གྱི་རྫོགས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྟོབས་དང་ལྡན་པ་དེ་ཉིད་མིན་པ་དགེ་བ་ཕལ་བའི་གཉེན་པོ་གཞན་གང་གིས་ཀྱང་ཟིལ་གྱིས་ གནོན་པར་འགྱུར་ཏེ་མི་འགྱུར་ལ་ཞེས་སམ། ཡང་ན་རྟག་ཅེས་པ་མར་ལ་སྦྲེལ་ནས། རྟག་ཏུ་སྡིག་པ་མི་དགེ་བའི་ཕྱོགས་ནི་ཞེས་སོགས་སྔ་མ་ལྟར་སྦྱར་རོ། །འདི་ནི་རྟེན་དལ་འབྱོར་རྙེད་དཀའ་བས་དེ་ལ་བརྟེན་པ་དགེ་བའི་ཆོས་ལ་འཇུག་འདོད་ཀྱི་བློ་ཡང་རྙེད་ དཀའ་ཞིང་རེས་འགའ་རྙེད་ནའང་ཉམ་ཆུང་བ་དང༌། རྟེན་མི་ཁོམ་པའི་ལུས་ནི་རྙེད་པར་སླ་བ་དང་དེར་བརྟེན་པའི་སྡིག་པ་མི་དགེ་བའི་ཕྱོགས་ཀྱང་སྟོབས་ཆེ་ཞིང་དཔག་ཏུ་མེད་པ་ཡོད་ལ་དེ་ལྟ་བུའི་སྡིག་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཀྱིས་སྤོང་ནུས་ཀྱི་གཞན་ གྱིས་མི་ནུས་ཞེས་པའི་དོན་ཡིན་ལ་བྱང་ཆུབ་ཀྱི་སེམས་ཀྱང་སྨོན་འཇུག་གཉིས་སུ་ངེས་སོ། །དེས་ན་སྙིང་རྗེའི་རྩ་བ་ཅན་གྱི་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་དེ་ཁོ་ནས་ཉི་མས་མུན་པ་བཞིན་དུ་སྡིག་ཆེན་ཀྱང་ཟིལ་གྱིས་གནོན་ཞིང་དེ་ལས་རྒྱལ་བར་ནུས་པས་ན་སེམས་
Page: 46 དེ་ཉིད་ཅི་ནས་ཀྱང་གཟུང་རིགས་ཏེ། སྡོང་པོ་བཀོད་པ་ལས། བྱི་ལས་མིག་གིས་བལྟས་པས་བྱི་བ་རྣམས་ཟིལ་གྱིས་གནོན་ཞིང་མི་བཟོད་པ་དེ་བཞིན་དུ། །ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེའི་མིག་གིས་ཀྱང་ལས་དང་ཉོན་མོངས་པའི་བྱི་བ་རྣམས་ཟིལ་གྱིས་གནོན་ཅིང་མི་ བཟོད་པར་བྱེད་དོ་ཞེས་དང༌། ཆོས་བཞི་བསྟན་པར་ཡང་རྟེན་གྱི་སྟོབས་བྱང་ཆུབ་ཀྱི་སེམས་སྟོབས་དང་ལྡན་པ་ལ་བརྟེན་པས་སྡིག་པ་རྣམས་ཟིལ་གྱིས་གནོན་པར་གསུངས་པ་ལྟར་རོ། །གོང་གི་བསོད་ནམས་དགེ་བའི་ཕྱོགས་ཞེས་པ་ནི་དགེ་བ་རང་ཉིད་དང་དེ་སྐྱེད་བྱེད་ཀྱི་རྒྱུའམ་ས་ བོན་དང་དེའི་ལྷན་ཅིག་བྱེད་པའི་རྐྱེན་ནམ་གྲོགས་དང་བཅས་པ་ཡིན་ལ། སྡིག་པ་མི་དགེ་བའི་ཕྱོགས་ཞེས་པའང་དེ་དང་འདྲའོ། །འདིར་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་ལ་ངན་སོང་གི་རྒྱུའི་སྡིག་པ་སྔར་བྱས་འདག་ཅིང་ཕྱིས་འབྱུང་རྒྱུན་གཅོད་པའི་ནུས་པ་ཡོད་པར་ གསུངས་པ་དེ་ཉིད་བསྟན་བྱའི་གཙོ་བོ་ཡིན་གྱི་དོན་དམ་སེམས་བསྐྱེད་ལ་སྒྲིབ་པའི་ས་བོན་འཇོམས་པའི་ནུས་པ་ཡོད་པར་གསུངས་པ་འདིར་བཤད་བྱའི་གཙོ་བོ་མིན་པར་གསུངས་ལ། གོང་དུ་མདོ་དྲངས་པའི་ལུང་སྔ་ཕྱིས་ཀྱང་དེ་ལྟར་གསལ་ལོ། །སྙིང་རྗེ་ཆེན་པོ་དང་ བྱང་ཆུབ་ཀྱི་སེམས་ཀྱིས་ཕྱིས་འབྱུང་གི་སྡིག་པ་དང་ལྟུང་བའི་རྒྱུན་འགོག་པ་ནི། །མདོ་རྒྱན་ལས། བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང་། །མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་བསྡམས། །ཞེས་དང་། སྐྱེས་རབས་ལས་ཀྱང། བདག་རང་ཉིད་དམ་ ནང་མི་ལ། །བརྩེ་བས་བ་བཞིན་དུ་གཞན་ལ་བརྩེ། །དེ་ཡི་སེམས་ནི་ཆོས་མིན་ལ། །འཇུག་པ་མི་དགེ་ག་ལ་འབྱུང་། །ཞེས་གསུངས་པ་ལྟར་རོ། །འགྲེལ་བ་འགའ་ཞིག་ཏུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་སྨོས་ནའང་གཙོ་བོར་བཤད་མ་ཐག་པ་ལྟར་གོ་བར་བྱའོ། །
Page: 47 ༄༅། །བསྒྲུབ་བྱ་ཕན་བདེའི་མཆོག་སྒྲུབ་པ་ནི། བསྐལ་བ་ཆེན་པོ་གྲངས་མེད་དུ་མར་སེམས་ཅན་ལ་ཕན་པ་དང་བདེ་བའི་ཐབས་ནི་གང་ཞིག་ཡིན་སྙམ་དུ་རྨད་དུ་བྱུང་བའི་མཁྱེན་རབ་ཀྱིས་རབ་ཏུ་དགོངས་ནས་ལམ་རྣམས་ལ་བརྟགས་ཤིང་དཔྱད་པར་ མཛད་པ་ཡི་ཐུབ་དབང་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འདི་ཉིད་ཁོ་ན་སེམས་ཅན་རྣམས་ལ་ཕན་ཞིང་བདེ་བ་སྐྱེད་ལ་འཚང་རྒྱ་བའི་ཐབས་ཀྱི་དམ་པ་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་བྱེད་ཀྱི་རྒྱུའམ་ས་བོན་ལྟ་བུ་ཡིན་པར་ གཟིགས་ཏེ། རྒྱུ་མཚན་ཅིའི་ཕྱིར་ན། བྱང་ཆུབ་ཀྱི་སེམས་འདིས་ནི་ཚད་དང་གྲངས་གཞལ་བ་དང་བགྲང་དུ་མེད་པའི་སྐྱེ་བོའི་ཚོགས་རྣམས་ཀྱིས་གནས་སྐབས་མངོན་མཐོའི་བདེ་བ་དང་དེ་ཙམ་དུ་མ་ཟད་ངེས་ལེགས་མཆོག་གི་བདེ་བ་བླ་ན་མེད་པའང་སྐྲ་འབལ་བ་དང་ཟས་ གཅོད་པ་སོགས་ཀྱི་དཀའ་སྤྱད་དྲག་པོ་ལ་ལྟོས་མི་དགོས་པར་ལམ་བདེ་བ་ལ་བརྟེན་ནས་བདེ་བླག་ཉིད་དུ་སྟེ་ཐབས་སླ་བའི་སྒོ་ནས་ཐོབ་པར་བྱེད་ནུས་པའི་ཕྱིར་ཏེ། བདེ་ནས་བདེ་བར་འགྲོ་བ་ལ། །ཞེས་སོགས་འཆད་འགྱུར་ལྟར་རོ། །འགྲེལ་ཆེན་དུ་བར་བསྐལ་གཅིག་ཀྱང་ བསྐལ་བ་ཡིན་ལ་བར་བསྐལ་ཉི་ཤུ་ཡང་བསྐལ་བ་ཡིན་ཞིང་བར་བསྐལ་བརྒྱད་ཅུའང་བསྐལ་བ་ཡིན་ཏེ་དེ་ལ་བསྐལ་ཆེན་ཞེས་བརྗོད་ལ་འདིར་བསྐལ་ཆེན་ཉིད་གཟུང་ངོ་ཞེས་བཤད་ལ། རྣམ་སྣང་ནི། བསྐལ་བ་ཞེས་བྱ་བ་ནི་ཐམས་ཅད་དཔག་ཚད་བྱེད་པ་ལ་ཀ་ཤི་ ཀའི་རས་ཀྱིས་ལོ་བརྒྱ་ན་ལན་རེ་ཐུགས་པས་ཟད་པ་ཙམ་ནི་བར་གྱི་བསྐལ་བ་ཡིན་ལ་དེ་བརྒྱད་ཅུ་ནི་བསྐལ་བ་ཆེན་པོ་ཞེས་གསུང་ངོ༌། །འོ་ན་སངས་རྒྱས་ཀྱི་སྐྱེས་རབས་རྣམས་སུ་མགོ་དང་ཡན་ལག་གཅོད་པ་སོགས་ཀྱི་དཀའ་བ་སྤྱད་པར་གསུངས་པ་དང་འགལ་ལོ་སྙམ་
Page: 48 ན། །སྐྱོན་མེད་དེ། བྱང་སེམས་དག་སྙིང་རྗེའི་གཞན་དབང་དུ་གྱུར་པའི་ཕྱིར་དང་སྡུག་བསྔལ་ལ་བདེ་བར་རྟོགས་པའི་ཕྱིར་དང་དོན་མེད་པའི་མུ་སྟེགས་ཀྱི་དཀའ་སྤྱད་དང་འཁོར་བའི་སྡུག་བསྔལ་སོགས་ལ་ལྟོས་ན་དེ་དག་སྡུག་བསྔལ་མ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་སེལ་ ཞིང་བདེ་བ་སྒྲུབ་པས་རེ་འདོད་སྐོང་བ་ནི། གཞན་ཡང་བྱང་ཆུབ་ཀྱི་སེམས་ནི་རང་གཞན་ཀུན་ལ་ཕན་པའི་ཐབས་མཆོག་ཡིན་ཏེ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱངས་པའི་སྒོ་ནས་རང་ཉིད་ཀྱིས་མྱོང་བར་འགྱུར་བའི་སྐྱེ་རྒ་སོགས་དང་དམྱལ་བ་ལ་སོགས་པའི་ སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་མང་པོ་སྟེ་དཔག་ཏུ་མེད་པ་གཞོམ་པར་འདོད་ཅིང༌། སྐྱེས་བུ་ཆེན་པོའི་བསམ་པ་སྦྱངས་པའི་སྒོ་ནས་སེམས་ཅན་གཞན་ཐམས་ཅད་ཀྱི་བདེ་བ་སྐྱེ་རྒ་ན་འཆི་བྲེལ་ཕོངས་སོགས་དང་དམྱལ་སོགས་ཀྱི་སྡུག་བསྔལ་དང་བཅས་པ་མཐའ་དག་བསལ་ བར་འདོད་པ་དང༌། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་བསམ་པ་སྦྱངས་པའི་སྒོ་ནས་ལྷ་མིའི་བདེ་བ་སོགས་མངོན་མཐོའི་བདེ་བ་མང་པོ་བརྒྱ་ཕྲག་ལ་ལོངས་སྤྱོད་པར་འདོད་པས་ཀྱང་ཞེས་སམ། ཡང་ནི་རང་གཞན་ཐམས་ཅད་ཀྱིས་ཀྱང་གནས་སྐབས་ལྷ་མིའི་བདེ་བ་དང་ མཐར་ཐུག་ངེས་ལེགས་མཆོག་གི་བདེ་བ་ལྟ་བུའི་བདེ་མང་བརྒྱ་ཕྲག་དུ་མ་ལ་སྤྱོད་པར་འདོད་པས་ཀྱང་འདོད་པའི་དོན་དེ་དག་འགྲུབ་པར་ངེས་པའི་ཐབས་མཆོག་ཏུ་གྱུར་པའི་བྱང་ཆུབ་ཀྱི་སེམས་འདི་ཉིད་རྟག་པར་དུས་ཀུན་ཏུ་གཏང་བའམ་འདོར་བར་མི་བྱ་བར་སེམས་དེ་བསྐྱེད་ ཅིང་མི་ཉམས་པའི་སྒོ་ནས་གཟུང་བར་བྱའོ་ཞེས་གདམས་པའོ། །ཀྱང་ཞེས་པས་རང་གི་སྡུག་བསྔལ་དང་གཞན་གྱི་མི་བདེ་བ་སེལ་བར་མ་ཟད་རང་གཞན་ལ་བདེ་བ་བརྒྱ་ཕྲག་མང་པོའང་སྒྲུབ་པར་བྱེད་ཅེས་སྡུད་པའོ། །སྐྱེས་བུ་ཆུང་འབྲིང་ཐུན་མོང་བའི་བསྒྲུབ་བྱའི་དོན་དེ་བྱང་ཆུབ་
Page: 49 ༄༅། །ཀྱི་སེམས་མེད་ན་མི་འབྱུང་བ་མིན་མོད་ཀྱང་སེམས་དེ་ཡོད་ན་དེ་དག་སྒྲུབ་ཤིན་ཏུ་སླ་ཕྱིར་དེ་སྐད་གསུངས་སོ། །དེ་ལྟར་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་གང་བསྒྲུབ་པར་འདོད་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་ཉིད་ནམ་ཡང་མི་ གཏང་བར་གཟུང་དགོས་པའང་། མདོ་ལས། དགེ་སློང་རྣམས་སྲོག་གི་ཕྱིར་ཡང་བྱུང་ཆུབ་ཀྱི་སེམས་གཏང་བར་མི་བྱའོ། །ཞེས་སོ། ། གཉིས་པ་མིང་དོན་གནས་འགྱུར་བའི་ཕན་ཡོན་ནི། བྱང་ཆུབ་སེམས་སྐྱེས་སོགས་ཏེ། གང་ཟག་གང་ལ་བསམ་པ་ཁྱད་པར་དུ་འཕགས་ པ་སྨོན་པ་དང་འཇུག་པའམ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བ༌སྐྱེས་པར་གྱུར་ན་སྐྱེས་མ་ཐག་པ་དེའི་སྐད་ཅིག་གིས་ཏེ་སྐད་ཅིག་དེ་ཉིད་ནས་བཟུང་། འཁོར་བའི་བཙོན་རར་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གི་འཆིང་བ་དམ་པོས་བརྣམས་པའམ་བཅིངས་ཤིང་དེའི་ དབང་གིས་སྡུག་བསྔལ་རྣམ་པ་གསུམ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱིས་ཉེན་ཞིང་ཉམ་ཐག་པའི་སེམས་ཅན་རྣམས་ཀྱང་མིང་གནས་གྱུར་ནས་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཞེས་བརྗོད་པར་བྱ་ཞིང༌། དེར་མ་ཟད་མིང་དེ་དང་མཚུངས་པའི་དོན་ཁྱད་པར་ཅན་ འཇིག་རྟེན་པ་ལྷ་དང་མིར་བཅས་པ་སྟེ་ལྷ་མིན་ལ་སོགས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་ཀྱང་ཕྱག་བྱར་འགྱུར་ཞེས་ཏེ་ཐལ་མོ་སྦྱར་བ་དང་ཕྱག་མཆོད་བཀུར་སྟི་བྱ་བའི་གནས་སམ་འོས་སུ་གྱུར་པ་ཐོབ་པ་ཡིན་ནོ་ཞེས་པའོ། །འདི་འཕྲལ་དུ་མིང་དོན་འཕོས་པའི་ཕན་ཡོན་ཏེ་ དེ་ཡང་སེམས་དང་པོ་སྐྱེས་མ་ཐག་པ་སྤང་རྟོགས་ཀྱི་ཡོན་ཏན་གཞན་ཅི་ཡང་མ་ཐོབ་ཅིང་སྡུག་ཀུན་གཉིས་ཀྱིས་ནོན་ནས་ཉོན་མོངས་པར་གྱུར་པ་རྣམས་ཀྱིས་ཀྱང་ཕན་ཡོན་དེ་ལྟར་ཐོབ་ཅེས་ཕན་ཡོན་ཆེ་བའི་མཆོག་ཏུ་བསྔགས་པ་ཡིན་གྱི་བྱུང་འཕགས་ལྟ་བུ་ལ་མིང་དོན་འཕོས་
Page: 50 པའི་ཕན་ཡོན་དང་ལྡན་ཞེས་བསྔགས་པ་མིན་ནོ། །བྱང་ཆུབ་སེམས་སྐྱེད་གྱུར་ན་ཞེས་པའང་ཡོད་དོ། །འོད་སྲུང་གིས་ཞུས་པ་ལས། དཔེར་ན་འཁོར་ལོས་སྒྱུར་བ་བྲན་མོ་དང་། །ཉལ་བར་གྱུར་པ་དེ་ལས་བུ་བྱུང་བ། །བྲན་མོ་ལས་ནི་བྱུང་བར་གྱུར་ཀྱང་དེ། །རྒྱལ་པོའི་སྲས་ ཞེས་འཇིག་རྟེན་ཟེར་བ་ལྟར། །བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ། །སྲིད་པ་གསུ་ལ་ན་འཁོར་ཞིང་མཐུ་ཆུང་། སྟེ། །སྦྱིན་དང་ཐབས་ཀྱི་སེམས་ཅན་མི་འདུལ་ཡང་། །སེམས་ཅན་དག་ལ་རྒྱལ་བའི་སྲས་ཞེས་བྱ། །ཞེས་དང༌། དཔེར་ན་ས་བདག་རྒྱལ་པོ་ཆེན་པོ་ ལ། །མཚན་གྱིས་ལུས་སྤྲས་བུ་ཞིག་ཡོད་གྱུར་ན། །གཞོན་ནུ་དེ་ནི་བཙས་པར་མཐོང་མ་ཐག །གྲོང་ཁྱེར་མི་དང་རྒྱལ་ཕྲན་ཐམས་ཅད་འདུ། །དེ་བཞིན་བྱང་ཆུབ་སེམས་ནི་བསྐྱེད་མ་ཐག །མཚན་ལྡན་རྒྱལ་བའི་སྲས་པོ་དེ་ལ་ནི། །ལྷ་དང་བཅས་པའི་འཇིག་རྟེན་ཕྱག་ འཚལ་ཞིང་། །དང་བའི་སེམས་ཀྱིས་ཤིན་ཏུ་གཅེས་པར་འཛིན། །ཞེས་གསུངས་ལ། ཤར་རིའི་སྡེ་བའི་ལུང་ལས་ཀྱང་། །ཤཱ་རིའི་བུས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་དང་པོ་སྐྱེད་པ་ལའང་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཐ་ན་དུད་འགྲོར་གྱུར་པ་ལ་ཡང་ ཕྱག་འཚལ་ལོ་ཞེས་སོ། །སེམས་དང་པོ་སྐྱེད་པ་ཞེས་པའང་སོ་སྐྱེ་ལས་དང་པོ་བ་ལ་ཀུན་རྫོབ་སེམས་བསྐྱེད་ཡོད་པར་བསླབ་བཏུས་སུ་ལུང་རིགས་ཀྱིས་བསྒྲུབས་ཤིང་འགྲེལ་བ་རྣམས་སུ་ཡང་དེ་ལྟར་བཤད་པ་བཞིན་ཡིན་གྱི། །མཐོང་ལམ་བ་ལ་སེམས་དང་པོ་བསྐྱེད་པ་ ཞེས་དེའི་སྐབས་སུ་དོན་དམ་པའི་སེམས་བསྐྱེད་དངཔོ་ཐོབ་པར་གསུངས་པ་ལྟ་བུ་ལ་སྒྱུར་རྒྱུ་མིན་པར་གསུངས་ཏེ་འདིར་སྲིད་པའི་བཙོན་རར་བསྡམས་པས་ཉམ་ཐག་ཏུ་བཤད་པ་སོགས་ཀྱི་ཕྱིར་རོ། །བི་བྷཱུ་ཏིས་བྱང་ཆུབ་སེམས་སྐྱེས་གྱུར་ན་ཞེས་པ་ནས་ངེས་པར་སྲེག་པར་བྱེད་
Page: 51 ༄༅། །ཅེས་པའི་བར་དོན་དམ་སེམས་བསྐྱེད་ཀྱི་ཕན་ཡོན་ཐུན་མིན་དུ་འཆད་པར་མཛད་ནའང༌། དེའི་འོག་དེ་མ་ཐག་ཏུ། དེའི་ཕན་ཡོན་དཔག་ཏུ་མེད་པ་དག་ཅེས་སོགས་ཀྱིས་བྱམས་མགོན་གྱིས་ནོར་བཟང་ལ་ཀུན་རྫོབ་སེམས་བསྐྱེད་ཀྱི་ཕན་ཡོན་བསྟན་པ་ལ་ ཞལ་འཕང་མཛད་པ་དེས་གནོད་པར་གསུངས་ལ། གཞན་ཡང་སློབ་དཔོན་ཀླུ་སྒྲུབ་དང་ཞི་བའི་ལྷས་ཀུན་རྫོབ་སེམས་བསྐྱེད་ཀྱི་ཕན་ཡོན་འཆད་པའི་སྐབས་སུ་སྡོང་བོ་བཀོད་པའི་ལུང་དེ་རྣམས་འདྲེན་པར་མཛད་ལ། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་ཞེས་སོགས་ཀྱི་ལུང་གིས་བསླབ་ བྱ་ལ་མི་སློབ་པའམ་སྤྱོད་པ་དང་མི་ལྡན་པའི་སེམས་བསྐྱེད་བསྟན་པར་བསླབ་བཏུས་སུ་བཤད་ལ། བྱང་འཕགས་ལ་བསླབ་བྱར་མི་སློབ་པའི་སྤྱོད་པ་དང་མི་ལྡན་པ་མི་སྲིད་པ་སོགས་ཀྱི་ཕྱིར་བྱུང་འཕགས་ཀྱི་ཀུན་རྫོབ་སེམས་བསྐྱེད་ཁོ་ནའང་དོན་དམ་སེམས་བསྐྱེད་མ་སྦྱར་རྒྱུ་ མིན་པར་གསལ་བས་དོན་དམ་སེམས་བསྐྱེད་དང་སྒྱུར་བ་ལ་འབྲེལ་མེད་དོ། །གསུམ་པ་ཕན་ཡོན་དཔེའི་སྒོ་ནས་བསྟན་པ་ལ་དྲུག་ལས། དང་པོ་གསེར་འགྱུར་གྱིས་དཔེས་སངས་རྒྱས་ཐོབ་པར་བསྟན་པ་ནི། གསེར་འགྱུར་རྩི་ཡི་སོགས་ཏེ། དངུལ་ཆུའི་རིགས་གསེར་འགྱུར་ གྱི་རྩི་ཞེས་བྱ་བ་དེ་ཡི་རྣམ་པའམ་བྱེ་བྲག་ཉུང་དུ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་བཟང་བོའི་མཆོག་ཏུ་སྒྱུར་བར་ནུས་པ་ལྟ་བུ་སྟེ་དེ་དང་འདྲ་བར། སེམས་བསྐྱེད་ཀྱི་རྩིས་ཟིན་ན་ཕ་མའི་ཁུ་ཁྲག་སོགས་མི་གཙང་བའི་རྒྱུ་ལས་བྱུང་ཞིང་མི་གཙང་བའི་བཟའ་བཏུང་གིས་ གསོས་པ་ངོ་བོ་མི་གཙང་བའི་རྫས་མང་པོའི་རང་བཞིན་དུ་གྱུར་པའི་ལུས་དམན་པ་འདི་ལྟ་བུ་བླངས་ནས་བཟུང་ཡོད་པ་དེ་ཉིད་མཐར་ཐུག་བསོད་ནམས་བརྒྱ་ལས་གྲུབ་པའི་རྒྱལ་བའི་སྐུ་རིན་ཆེན་རིན་ཐང་མེད་པ་དགོས་འདོད་ཐམས་ཅད་འབྱུང་ཞིང་རྒུད་པའི་སྡུག་བསྔལ་ཐམས་ཅད་
Page: 52 ལས་སྐྱོབ་ནུས་པའི་ཡོན་ཏན་དང་ལྡན་པར་བསྒྱུར་བས་ན་གསེར་འགྱུར་གྱི་རྩི་ཁྱད་པར་ཅན་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་འདི་རབ་ཏུ་བསྐྱེད་ནས་མི་ཉམས་པར་བརྟན་པོར་ཟུངས་ཤིག་ཅེས་པ་སྟེ། སྡོང་བོ་བཀོད་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་དངུལ་ཆུའི་རིགས་གསེར་ དུ་སྣང་བ་ཞེས་བྱ་བ་ཡོད་དེ་དེ་ནི་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་འགྱུར་རོ། །དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱེད་པའིམ་ལྕགས་སུ་བསྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དངུལ་ཆུའི་ ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང་ཡེ་ཤེས་ཀྱིས་གཟུང་བ་གཅིག་གིས་ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ་ཆོས་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་གསེར་གྱི་ཁ་དོག་ཏུ་བྱེད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ དངུལ་ཆུའི་ཁམས་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་བྱ་བའམ་ཟད་པར་བྱ་བར་མི་ནུས་སོ། །ཞེས་དང༌། དཔས་བྱིན་གྱིས་ཞུས་པར། བྱང་ཆུབ་སེམས་ལ་སུ་དགའ་བ། །དེ་དག་ལུས་ནི་གསེར་འདྲ་ཞིང༌། །མཚན་ གྱིས་ཤིན་ཏུ་སྨྲས་པ་དང༌། །འཇིག་རྟེན་སྣང་བར་བྱེད་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་རིན་པོ་ཆེའི་དཔེས་དོན་ཆེ་བར་བསྟན་པ་ནི། འགྲོ་བའི་དེད་དཔོན་སོགས་ཏེ། དཔེར་ན་དེད་དཔོན་ཐབས་ལ་མཁས་ཤིང་བློ་གྲོས་དང་ལྡན་པ་གཞན་སླུ་འདོད་ཀྱི་བསམ་ པ་མེད་ཅིང་ཕན་སེམས་དང་ལྡན་པས་ཚོང་པ་རྣམས་རིན་པོ་ཆེའི་གླིང་དུ་ཁྲིད་ནས་རིན་པོ་ཆེའི་ཚོགས་རྣམས་ལེགས་པར་བརྟགས་ཏེ་བླངས་པ་ན་ཚོང་པ་རྣམས་ཀྱིས་རིན་པོ་ཆེ་དེ་དག་གཅེས་པར་འཛིན་པ་བཞིན་དུ། འགྲོ་བའི་ཚོགས་མཐའ་ཡས་པ་ཐབས་མཁས་ཀྱི་མཛད་པ་དུ་མའི་
Page: 53 ༄༅། །སྒོ་ནས་སྲིད་པའི་རྒྱ་མཚོ་ལས་བསྒྲལ་ཏེ་སྐལ་བ་ཇི་ལྟ་བ་བཞིན་དུ་ཐར་བའི་གྲོང་ཁྱེར་དུ་ཁྲིད་ནས་ཡོན་ཏན་གྱི་ནོར་རིན་པོ་ཆེ་ལ་སྦྱོར་བའི་དེད་དཔོན་མཚུངས་ཟླ་མེད་པ་གཅིག་པུ་རྫོགས་པའི་སངས་རྒྱས་ཞེས་ཚད་མེད་པའི་ཤེས་བྱའི་རྣམ་པ་ཐམས་ཅད་ མངོན་སུམ་དུ་མཁྱེན་པའི་བློ་གྲོས་མངའ་ཞིང་མི་ཤེས་པ་དང་བྲལ་བ་གཡོ་མེད་པར་ཕན་བདེ་འབའ་ཞིག་སྒྲུབ་པར་བཞེད་པོ་དེས་འགྲོ་བ་རྣམས་ཀྱི་དབུལ་ཕོངས་སེལ་ཞིང་དགོས་དགུ་འབྱུང་ལ་རེ་འདོད་སྐོང་བའི་ཐབས་མཆོག་ཏུ་གྱུར་པའི་དམ་ཆོས་རིན་པོ་ཆེ་དེ་གང་ཡིན་ཞེས་ ཆོས་རྣམས་ལ་ནན་ཏན་གྱི་སྒོ་ནས་ལེགས་པར་ཡོངས་སུ་བརྟགས་པ་ན་བྱང་ཆུབ་ཀྱི་སེམས་འདི་ཁོ་ན་ཡོན་ཏན་གྱི་ངོས་ནས་དཀོན་ཞིང་རིན་ཐང་ཆེ་བ་དང་དེ་ཙམ་དུ་ཕན་འདོགས་ཀྱང་ཤིན་ཏུ་ཆེ་བར་གཟིགས་ལ་སངས་རྒྱས་ཀྱིས་ཇི་ལྟར་གཟིགས་པ་ལ་འཁྲུལ་བ་མི་མངའ་བས་ན་ འགྲོ་བའི་གནས་རིགས་དྲུག་གི་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པའི་རྒུད་པ་མཐའ་དག་དང་བྲལ་བར་འདོད་ཅིང་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་རྒྱ་ཆེན་པོ་ལ་སྤྱོད་པར་འདོད་པ་རྣམས་ཀྱིས་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བའི་རིན་ཆེན་བྱང་ཆུབ་ཀྱི་ སེམས་དེ་དང་པོ་ལེགས་པར་བསྐྱེད་དེ་དེ་ནས་གཅེས་སྤྲས་ཀྱི་བསམ་པས་མི་ཉམས་པར་༌བརྟན་པོར་ཟུངས་ཤིག་ཅེས་པའམ་གཟུང་བར་བྱའོ་ཞེས་པ་སྟེ། སྡོང་བོ་བཀོད་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཇི་སྲིད་དུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་འོད་ཀྱིས་སྣང་བར་ སྐྱེད་པ་དེ་སྲིད་དུ་ནོར་དང་འབྲུ་དང་རིན་པོ་ཆེ་དང་ས་ལེ་སྦྲམ་དང་དངུལ་དང་མེ་ཏོག་དང་སྤོས་དང་ཕྲེང་བ་དང་བྱུག་པ་དང་ཁགོས་དང་ལོངས་སྤྱོད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་རིན་དུ་མི་བཟད་དོ། །དེ་བཞིན་དུ་དུས་གསུམ་དུ་ཐམས་ཅད་
Page: 54 མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་སུ་ཡུལ་སྣང་བར་མཛད་པ་དེ་སྲིད་དུ་ལྷ་དང་མིའི་སེམས་ཅན་ཐམས་ཅད་ཀྱི་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དགེ་བ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་ནི་བྱང་ཆུབ་ ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་༌གོ། །ཞེས་སོགས་གསུངས་པ་ལྟར་རོ། ། གསུམ་པ་འབྲས་བུ་ཅན་གྱི་ལྗོན་ཤིང་གི་དཔེས་དགེ་རྩ་མི་ཟད་ཅིང་གོང་དུ་འཕེལ་བར་བསྟན་པ་ནི། དགེ་བ་གཞན་ཀུན་སོགས་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་ མ་ཟིན་པའི་འཇིག་རྟེན་ལས་འདས་མ་འདས་ཀྱི་དགེ་བ་གཞན་ཀུན་ནི། ཚོམས་ལས། ཆུ་ཤིང་འབྲས་བུས་བཅོམ་པར་འགྱུར། ཞེས་ཆུ་ཤིང་གིས་ལན་ཅིང་གི་ཚེ་འབྲས་བུ་བསྐྱེད་དེ་ནས་རྩ་བ་ཟད་པས་སྐམ་སྟེ་ཕྱིས་འབྲས་བུ་སྐྱེད་མི་སྲིད་པར་གསུངས་པ་བཞིན་དུ་མངོན་ མཐོ་འཐོབ་བྱེད་ཀྱི་དགེ་རྩ་རྣམས་ཀྱིས་རང་འབྲས་ལྷ་མི་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་བསྐྱེད་དེ་རྣམ་སྨིན་ཕྱུངས་ནས་འཛད་ལ། དམན་པའི་མྱང་འདས་འཐོབ་བྱེད་ཀྱི་དགེ་རྩ་རྣམས་ཀྱིས་ནི་རང་གི་འབྲས་བུ་ཉན་རང་གི་བྱང་ཆུབ་ལྟ་བུ་སོ་སོར་བསྐྱེད་ནས་མཐར་ལྷག་མ་མེད་པར་ ཟད་པར་གྱུར་༌ཁ་ནས་སླར་འབྲས་བུ་སྐྱེད་པའི་ནུས་པ་རྒྱུན་ཆད་པར་འགྱུར་བ་ཉིད་ཡིན་ལ། དཔག་བསམ་གྱི་ཤིང་ངམ་ཁམ་བུ་སྟར་ག་སོགས་ཀྱི་འབྲས་བུ་ཅན་གྱི་ལྗོན་ཤིང་བཟང་བོ་ལས་ལོ་རེ་བཞིན་དུ་འབྲས་བུ་འབྱུང་ཡང་དེ་ཙམ་གྱིས་ཟད་པར་མི་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་ ཀྱི་མཐུས་ཡོངས་སུ་ཟིན་པའི་དགེ་བའི་ལྗོན་ཤིང་ཆ་བཟང་པོ་ལས་ཀྱང་གནས་སྐབས་ལྷ་དབང་དང་འཁོར་ལོས་སྒྱུར་རྒྱལ་སོགས་ལྟ་བུའི་ལྷ་མིའི་བདེ་འབྲས་རྒྱ་ཆེན་པོ་སྐྱེད་པ་ནས་མཐར་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་སྐྱེད་པའི་བར་གྱི་དུས་རྟག་པར་འབྲས་བུ་འབྱིན་ཡང་བྱང་ཆུབ་
Page: 55 ༄༅། །སེམས་ཀྱི་སྟོབས་ལས་སླར་ཡང་ད་གེ་བ་རྒྱུན་ཆགས་སུ་འབྱུང་ལ། དེ་དག་གིས་ཀྱང་འབྲས་བུ་རྒྱུན་ཆད་པ་མེད་པ་འབྱིན་པས་ན་ནམ་ཡང་མི་ཟད་ཅིང་ལྷག་པར་གོང་ནས་གོང་དུ་འཕེལ་བར་འགྱུར་བ་སྟེ། བསླབ་བཏུས་ཀྱི་བསོད་ནམས་སྤེལ་བའི་སྐབས་ བྱང་ཆུབ་སེམས་ནི་མདོར་བསྡུ་ན། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །དཀོན་མཆོག་གི་ཟ་མ་ཏོག་ལས། འཇམ་དཔལ་འདི་ལྟ་སྟེ་དཔེར་ན་སྤོས་ཀྱི་ཤིང་ལྗོན་པ་སྣ་ཚོགས་པ་ནི་ཁམས་བཞིས་བཟུང་ནས་རྣམ་པར་འཕེལ་ལོ། །འཇམ་དཔལ་དེ་བཞིན་དུ་ཚོགས་སྣ་ཚོགས་ བསགས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན་རྣམ་པར་འཕེལ་ལོ་ཞེས་གསུངས་ལཔ་བཞིན་ནོ། །ཞེས་སོ། །འདིར་ལྗོན་ཤིང་ལས་འབྲས་བུ་མི་ཟད་པ་འབྱུང་བ་དཔེར་བཀོད་པ་ བཞིན་དུ། བློ་གྲོས་མི་ཟད་པའི་མདོར་ཆུ་ཐིགས་རྒྱ་མཚོར་ལྷུང་བ་བསྐལ་བའི་མཐའི་བར་དུ་མི་ཟད་པ་ལྟར་བྱང་ཆུབ་མཆོག་ཏུ་བསྡོས་པའམ་བྱང་སེམས་ཀྱིས་ཟིན་པའི་དགེ་བ་ཡང་བྱང་ཆུབ་སྙིང་པོའི་བར་དུ་ཨ་མི་ཟད་པར་གསུངས་ཏེ། དེ་ལས། དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་ བསྔོས་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་འགའ་ཡང་ཟད་པར་མི་འགྱུར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྷུང་བ་ནི་བསྐལ་བའི་མཐར་ཐུག་གི་བར་དུ་བར་མ་དོར་ཟད་པ་མེད་དོ། །ཞེས་སོ། །འདི་ལ་བློ་གྲོས་ མི་ཟད་པས་བསྟན་པ་མདོ་བཏུས་སུ་དྲངས་པ་ཞེས་དང་བློ་གྲོས་རྒྱ་མཚོས་ཞུས་པ་བསླབ་བཏུས་སུ་དྲངས་པ་ཞེས་མི་འདྲ་བ་བྱུང་ངོ༌། །དགེ་རྩ་སྲུང་བའི་གནད་ཐམས་ཅད་ཀྱང་དགེ་རྩ་དེ་ཉིད་བླ་མེད་རྫོགས་བྱང་དུ་བསྔོ་བའི་ནང་དུ་འདུའོ། །དེས་ན་སེམས་བསྐྱེད་དམ་པའམ་
Page: 56 བསྔོ་བ་དམ་པས་མ་ཟིན་པའི་དགེ་བ་རྣམས་ནི་རང་འབྲས་བསྐྱེད་དེ་དེ་ནས་འཛད་པ་དང་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་དགེ་རྩ་རྣམས་ནི་ཇི་སྲིད་བྱང་ཆེན་མ་ཐོབ་པར་མངོན་མཐོའི་༌འབྲས་བུ་འབྱིན་ལ་དེ་ཙམ་གྱིས་ཟད་པར་མི་འགྱུར་བར་མཐར་རྫོགས་བྱང་འཐོབ་པའི་རྒྱུར་ འགྱུར་ཞིང་དེ་ནས་དེ་བས་ཀྱང་གོང་འཕེལ་དུ་འབྱུང་བར་ཤེས་པར་བྱའོ། །སྐད་ཅིག་རེ་རེ་ཞིང་རྒྱུ་མཐུན་གྱི་འབྲས་བུ་བསོད་ནམས་གོང་འཕེལ་དུ་འབྱུང་ཚུལ་འོག་ཏུའང་འཆད་དོ། །འདིས་དགེ་རྩ་འཕེལ་བ་བསྟན་ནས་མཇུག་དེ་མ་ཐག་ཏུ་སྡིག་པ་འཇོམས་པ་སྟོན་ནོ། །བཞི་པ་ སྐྱེལ་མ་དཔའ་བོའི་དཔེས་ངེས་པའི་སྡིག་པ་ཟིལ་གྱིས་གནོན་པར་བསྟན་པ་ནི། སྡིག་པ་ཤིན་ཏུ་སོགས་ཏེ། དམྱལ་བ་སོགས་ཀྱི་སྡུག་བསྔལ་བཟོད་དཀའ་བ་བསྐྱེད་པར་ངེས་པའི་སྡིག་པ་མཆོག་གསུམ་ལ་གནོད་པ་བྱས་པའམ་མཚམས་མེད་ལྔ་ལ་སོགས་པ་ཤིན་ཏུ་མི་བཟད་ པ་སྔར་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་དུས་སུ་བྱས་པ་ཡིན་ན་ཡང་དཔེར་ན་སྐྱེལ་མ་དཔའ་བོ་སྟོབས་དང་ལྡན་པ་ལ་བརྟེན་ནས་བ་ལམ་དུ་དགྲ་མི་ཤ་བོ་ལྟ་བུའི་འཇིགས་པ་ཆེན་པོ་ལས་སྐྱོབ་པ་ལྟར་གཉེན་པོ་སྟོབས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་གང་ལ་བརྟེན་ནས་རྒྱུ་སྡིག་པ་ ཆེན་པོ་དེ་དག་ཟིལ་གྱིས་མནན་ནས་ནུས་པ་ཉམས་པར་བྱས་པ་ལས་དེ་དག་གི་འབྲས་བུ་ངན་འགྲོའི་འཇིགས་པ་མི་བཟད་པ་ལས་ཀྱང་རིང་པོར་མི་ཐོགས་པར་ཡུད་ཙམ་མམ་སྐད་ཅིག་ཉིད་ཀྱིས་སྒྲོལ་བར་འགྱུར་བ་དེ་ལྟ་བས་ན་གཉེན་པོ་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་སྒོམ་པ་ དེ་ལ་འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་བྱེད་པའི་སྐྱེ་བོ་བག་ཡོད་པ་ཅན་རྣམས་ཀྱིས་རྒྱུ་མཚན་ཅིས་མི་བསྟེན་ཏེ་རྣམ་དཔྱོད་ཀྱི་བློ་གྲོས་ཡོད་ན་ཅི་ནས་ཀྱང་བསྟེན་པར་རིགས་སོ། །བློ་གྲོས་མི་ཟད་པས་བསྟན་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་དཔའ་
Page: 57 ༄༅། །བོ་ལ་བརྟེན་པ་ནི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བརྟེན་པའི་བྱང་ཆུབ་སེམས་དཔའ་ཡང་ཉེས་པར་སྤྱོད་པའི་དགྲ་ཐམས་ཅད་ཀྱིས་འཇིགས་སོ། །ཞེས་དང་། སྡོང་པོ་ བཀོད་པ་ལས་ཀྱང་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་དཔའ་བོ་ལ་རྟེན་པའི་མིང་ནི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དཔའ་བོ་ལ་རྟེན་པ་ཡང་སྤྱོད་པ་ངན་པའི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། ། ཞེས་སོ། །འདི་ནི་མ་སྐྱེས་དགྲས་ཕ་བསད་སངས་རྒྱས་ཀྱང་བགྲོངས་པར་བརྩམས་ཀྱང་སེ་གོལ་གཏོགས་ཙམ་ལས་དམྱལ་བ་ལས་ཐར་བ་བཞིན་ཡིན་པར་བུ་སྟོན་གསུང་ངོ༌། །འདིའི་རྒྱ་དཔེར། དེ་ལ་མི་ཤེས་སྐྱེ་བོས་ཅིས་མི་བསྟེན། །ཞེས་ཡོད་ལ། འགྲེལ་ཆེན་དུ་ཡང་མི་ ཤེས་པའི་སེམས་ཅན་ཤེས་རབ་དང་བྲལ་བའི་རྨོངས་པ་རྣམས་ཀྱིས་ཅིས་མི་བསྟེན་ཞེས་བཤད་དེ་ཕན་ཡོན་ཆེ་ལ་སྒྲུབ་སླ་བ་འདི་ནི་མི་ཤེས་པའི་སེམས་ཅན་རྨོངས་ལ་པ་རྣམས་ཀྱིས་ཀྱང་ཅིས་མི་བསྟེན་ཞེས་པའི་དོན་ཏེ་མཁས་པས་ལྟ་ཅི་རྨོངས་པས་ཀྱང་བསྟེན་རིགས་ཞེས་པ་པའོ། །འདིས་ འབྲས་བུ་འཇིགས་པ་ལས་སྒྲོལ་བ་དངོས་སུ་བསྟན་ནས་དེའི་ཤུགས་ལ་རྒྱུ་སྡིག་པ་ཟིལ་གྱིས་མནན་ནས་ས་བོན་རུལ་བ་ལྟ་བུ་འབྲས་བུ་སྐྱེད་པའི་ནུས་མེད་དུ་བྱེད་པ་བསྟན་ཏོ། །ལྔ་པ་དུས་མཐའི་མེའི་དཔེས་མ་ངེས་པའི་སྡིག་པ་དྲུངས་ནས་འབྱིན་པར་བསྟན་པ་ནི། དེས་ནི་དུས་ མཐའི་སོགས་ཏེ། བྱང་ཆུབ་ཀྱི་སེམས་དེས་ནི་བསྐལ་བ་འཇིག་པའི་དུས་ཀྱི་མཐའི་སྐབས་སུ་ཉི་མབདུན་ཤར་བའི་མེས་བསམ་གཏན་དང་པོ་མན་ཆད་ཀྱི་སྣོད་ཐམས་ཅད་ཐལ་བའི་ལྷག་མ་ཙམ་ཡང་མ་ལུས་པར་སྲེག་པར་བྱེད་པ་དེ་བཞིན་དུ་དམྱལ་སོགས་ཀྱི་སྡུག་བསྔལ་མི་
Page: 58 བཟད་པ་སྐྱེད་ནུས་པའི་སྡིག་པ་ཆེན་པོ་རྣམས་ཀྱང་དུས་སྐད་ཅིག་གཅིག་གིས་ངེས་པར་ཏེ་གདོན་མི་ཟ་བར་སྲེག་པར་བྱེད་ཅིང་རྣམ་སྨིན་རྩ་བ་ནས་འཇོམས་པར་བྱེད་ནུས་པས་ན། དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །ཞེས་སམ། དེ་ལ་མི་ཤེས་སྐྱེ་བོས་སོགས་འདིར་ཡང་ སྦྱར་གསུངས་སོ། །འགྲེལ་ཆེན་དུ། ངུ་འབོད་ཆེན་པོ་ལ་སོགས་པའི་སྡུག་བསྔལ་སྐྱེད་བྱེད་ཀྱི་སྡིག་པ་ཆེན་པོའང་སྲེག་པར་བྱེད་ཅེས་གསུངས་སོ། །དེ་ལྟར་སྡོང་བོ་བཀོད་པར། ཉེས་བྱས་ཐམས་ཅད་སྲེག་པས་བསྐལ་བའི་མེ་ལྟ་བུའོ། །མི་དགེ་བའི་ཆོས་ཐམས་ཅད་ནུབ་ པར་བྱེད་པས་སའི་འོག་ལྟ་བུའོ། །ཞེས་སོ། །འདིས་རྒྱུ་སྡིག་པ་རྩད་ནས་འབྱིན་པ་དངོས་སུ་བསྟན་ནས་དེའི་ཤུགས་ལ་འབྲས་བུ་རྣམ་སྨིན་རྩ་བ་ནས་འཇོམས་པའང་བསྟན་ཏོ། །འདིར་རྒྱལ་སྲས་པའི་འགྲེལ་པར་སྔ་ཕྱི་གཉིས་མི་ཟློས་པའི་རྒྱུ་མཚན་དུ་སྔ་མ་ཟིལ་གྱིས་གནོན་ པ་དང་འདི་རྩ་བ་ནས་འཇོམས་པས་ཡིན་པར་གསུངས་ལ། ཁྱད་པར་དེ་ལྟར་འབྱུང་བ་ཡང་སེམས་བསྐྱེད་གོང་ནས་གོང་དུ་འཕེལ་བ་ལྟར་ཕན་ཡོན་ཀྱང་གོང་ནས་གོང་དུ་ཁྱད་འཕགས་འཐོབ་པའི་རྒྱུ་མཚན་གྱིས་ཡིན་གསུངས་ཏེ་དེ་ལྟར་ན་གཉེན་པོའི་ནུས་པ་ཆེ་ཆུང་གི་ངོས་ནས་ འཇོག་དགོས་ལ། དགེ་ལྷས་ཀྱང་ཕྱི་མའི་སྐབས་སུ་བཟོད་ཆེན་ཐོབ་པའི་སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད་ཅེས་གསུངས་ལ། བོད་འགྲེལ་འགར་ཡང་བཟོད་ཆེན་ཐོབ་པ་ཞེས་བཤད་དེ་དེ་དག་ཀྱང་གཉེན་པོའི་ཁྱད་པར་ལ་བཞག་པའོ། །ཡང་མྱོང་ངེས་ཀྱི་ སྡིག་པ་ཟིལ་གྱིས་གནོན་པ་དཔེ་སྔ་མ་དང་མ་ངེས་པའི་སྡིག་པ་རྩད་ནས་འབྱིན་པ་དཔེ་ཕྱི་མས་བསྟན་ཞེས་འགའ་ཞིག་གསུངས་ཤིང་། དེ་བཞིན་དུ་མྱོང་ངེས་ཀྱི་ལས་ཀྱི་ནུས་བའང་འཇོམས་ན་མ་ངེས་པ་ལྟ་ཅི་སྨོས་ཞེས་གསུངས་ལ། འདིའི་ས་བཅད་དུའང་སྐྱེལ་མ་དཔའ་
Page: 59 ༄༅། །བོའི་དཔེ་ལ་བརྟེན་ནས་ངེས་པའི་སྡིག་པ་ཟིལ་གྱིས་གནོན་པ་ཞེས་སོགས་གསུངས་འདུག་པས་དེ་ལྟར་ན་འཇོམས་བྱ་དགའ་སྡིག་པའི་ངོས་ནས་དེ་ལྟའི་ཁྱད་པར་བྱུང་བ་ཡིན་པར་འདོད་རིགས་ལ་དེའི་ཁྱད་པར་ཡང་རྣམ་སྨིན་རྩ་བ་ནས་མི་འདག་པ་དང་འདག་ པ་ལ་འདོད་དགོས་སོ། །འདི་དག་གིས་ནི་སྔར། སྡིག་པ་སྟོབས་ཆེན་སོགས་དང༌། དགེ་གཞན་གང་གིས་ཞེས་སོགས་གསུངས་པའི་དོན་གསལ་བར་བྱས་པའོ། །སྤྱིར་མྱོང་བར་ངེས་པ་ཞེས་པའང་གཉེན་པོའི་ཕྱོགས་བསྟེན་པ་མེད་ན་མྱོང་ངེས་པའི་དོན་ཡིན་ལ། ལས་ བསྐལ་བ་བརྒྱར་ཡང་ཆུད་མི་ཟ་ཞེས་པའི་དོན་ཡང་དེ་ལྟར་ཡིན་ཏེ། སྟོབས་བཞིའི་བཤགས་པ་ལྟ་བུས་མྱོང་ངེས་ཀྱི་ལས་ཀྱི་རྣམ་སྨིན་ཡང་འདག་པར་གསུངས་པའི་ཕྱིར་རོ། །དེའང་བསམ་བཞིན་དུ་བྱས་པ་དང་བསགས་པའི་ལས་ལ་མྱོང་ངེས་ཀྱི་ལས་དང༌། བསམ་བཞིན་ དུ་བྱས་ལ་མ་བསགས་པའི་ལས་ལ་མ་མྱོང་བར་མ་ངེས་པ་ཞེས་བྱ་བར་གསུངས་སོ། །བྱང་སེམས་རྒྱལ་བའི་བློ་གྲོས་ཀྱིས་ཆོས་སྨྲ་བ་རབ་ཏུ་དགའ་བའི་དབང་པོ་ཞེས་བྱ་བའི་བྱང་སེམས་ལ་མི་སྙན་པ་བརྗོད་པས་དམྱལ་བར་ལྟུང་བར་གསུངས་པ་ལྟ་བུ་ནི་བྱང་ཆུབ་ཀྱི་སེམས་ གཏོང་རྒྱུས་བཅོམ་པ་ཡིན་པར་བཤད་དོ། །འགྲེལ་ཆེན་དུའང་། ལས་བྱས་པ་ཆུད་མི་ཟ་བར་གསུངས་པ་མ་ཡིན་ནམ་ཞེ་ན། བྱང་ཆུབ་ཀྱི་སེམས་སྐད་ཅིག་མ་རེའི་བསོད་ནམས་ཀྱི་ཚོགས་ཀྱིས་ཀྱང་ནམ་མཁའ་ཁྱབ་པར་བྱེད་པས་དེ་ལྟ་བུའི་ནང་དུ་ཆུད་པས་རྒྱ་མཚོར་ ལན་ཚ་སྲང་གཅིག་གི་དཔེ་ལྟར་མི་མངོན་པའི་ཕྱིར་དང༌། གཉེན་པོའི་ཕྱོགས་སྟོབས་ལྡན་གྱིས་ཟིལ་གྱིས་མནན་ནས་འབྲས་བུ་སྐྱེད་པའི་ནུས་པ་མེད་པར་བྱས་པ་དེ་བསྲེགས་པ་ཉིད་ཡིན་པས་ཉེས་པ་མེད་ཅེས་དང༌། ཡང་ན་མ་མྱོང་བར་མི་འཛད་ཅེས་པ་འཇོམས་བྱེད་ཀྱི་
Page: 60 ཐབས་མེད་པ་ལ་དགོངས་ལ། འདིར་ནི་བྱང་ཆུབ་ཀྱི་སེམས་སྡིག་པ་ཐམས་ཅད་རྩད་ནས་འབྱིན་བྱེད་ཀྱི་ཐབས་ཆེན་པོ་ཡིན་པས་མི་འགལ་བར་གསུངས་སོ། །དེས་ན་ཁ་ཅིག་གིས་འདི་དག་མྱོང་བར་མ་ངེས་པ་ལ་དགོངས་པ་ཡིན་གྱི་མྱོང་ངེས་ནི་གཉེན་པོ་གང་གིས་ཀྱང་དགག་ མི་ནུས་ཞེས་སྨྲ་བའང་མི་རིགས་པར་འདིས་བསྟན་ཏོ། །དངུལ་ཆུའི་དཔེས་ལས་ཉོན་གྱི་སྒྲིབ་པའི་ལྕགས་ཐམས་ཅད་འཛད་པར་བསྟན་པ་སོགས་གོང་དུ་༌་དྲངས་པའི་ལུང་རྣམས་དང༌། དེ་བཞིན་དུ་མར་མེ་འབར་བ་གཅིག་ཁང་ཕུག་ཏུ་བཅུག་པས་ལོ་སྟོང་གི་མུན་ པའང་སེལ་ཞིང་སྣང་བར་བྱེད་པ་ལྟར། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་སྒྲོན་མེ་གཅིག་གིས་ཀྱང་བསྐལ་བ་བརྒྱ་སྟོང་དུ་བསགས་པའི་སེམས་རྒྱུད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་༢དག་པ་དང་། །ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པཎ་ ཐོགས་པའི་ཀླུའི་རྒྱལ་པོ་རྣམས་ལ་གཞན་གྱིས་གནོད་པའི་འཇིགས་པ་མེད་པ་ལྟར། བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོའི་ནོར་བུ་རིན་པོ་ཆེའི་ཅོད་པཎ་ཐོགས་པའི་བྱང་སེམས་རྣམས་ལ་ངན་སོང་དང་ངན་འགྲོས་གནོད་པའི་འཇིགས་པ་མེད་པར་ཡང་སྡོང་པོ་བཀོད་ པ་ཉིད་ལས་གསུངས་ཏེ། དེ་དག་གིས་ནི་རྒྱུ་སྡིག་པའི་ལས་དང་འབྲས་བུ་ངན་འགྲོའི་འཇིགས་པ་ལས་སྒྲོལ་བར་བསྟན་ཏེ། འོག་ཏུ་བྱང་ཆུབ་ཀྱི་སེམས་གཉེན་པོའི་སྟོབས་སུ་བཞག་པའི་རྒྱུ་མཚན་ཡང་འདི་དག་གིས་ཤེས་པར་བྱའོ། །དྲུག་པ་འདིར་མ་བཤད་པ་ གཞན་དུ་ཞལ་འོཕང་བ་ནི། དེ་ཡི་ཕན་ཡོན་སོགས་ཏེ། གོང་དུ་བཤད་པ་དེ་དག་ཏུ་མ་ཟད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཡི་ཕན་ཡོན་དང་བསྔགས་པ་དཔག་ཏུ་མེད་པ་མཐའ་ཡས་པ་གཞན་དག་ནི་རྗེ་བཙུན་བྱམས་པ་མགོན་པོ་མཁྱེན་རབ་ཀྱི་བློ་གྲོས་མཆོག་དང་ལྡན་པ་ཤེས་
Page: 61 ༄༅། །གཞོན་ནུ་ནོར་བཟང་ལ་བཤད་དེ། སྡོང་པོ་བཀོད་པ་ལས་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཀྱི་ཚོང་དཔོན་ནོར་བརྟན་གྱི་བུ་གཞོན་ནུ་ནོར་བཟང་བྱ་བ་དེས་དང་པོ་འཕགས་པ་འཇམ་དཔལ་གྱི་དྲུང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་བྱང་ཆུབ་སེམས་དཔའི་སྤྱོད་ པ་ཚོལ་བའི་ཕྱིར་རིམ་གྱིས་སོང་ནས་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་བྱང་སེམས་ཀྱི་སྤྱོད་པ་ལ་ཉན་ཏེ་མཐར་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་དུ་ཕྱིན་པ་ན༑དེར་ཁང་པ་བརྩེགས་པ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ཅན་གྱི་ཕྱོགས་གཅིག་ན་རྗེ་བཙུན་བྱམས་ པས་འཁོར་རྒྱ་མཚོ་ལྟ་བུ་ལ་ཆོས་སྟོན་པ་མཐོང་ནས་ནོར་བཟང་གིས་ཕྱག་འཚལ་བསྟོད་པ་སྣ་ཚོགས་ཀྱིས་བསྟོད་དེ་སྒོར་སྡོད་པ་ན། བྱམས་པ་ཉིད་ཚངས་པ་དང་བརྒྱ་བྱིན་སོགས་འཁོར་དུ་མས་བསྐོར་ཏེ་ཕྱོགས་གཅིག་ནས་ཁང་བརྩེགས་ཀྱི་ནང་དུ་བྱོན་པ་མཐོང་ནས་ཕྱག་ འཚལ་བ་དང༌། བྱམས་པས་ཕྱག་གཡས་པས་འཁོར་རྣམས་ལ་ནོར་བཟང་བསྟན་ནས། ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི། །ནོར་བཟང་ནོར་རྣམས་རབ་ཏུ་བརྟན་པའི་བུ། །བྱང་ཆུབ་སྤྱོད་པ་དམ་པ་ཡོངས་འཚོལ་ཞིང་། །མཁས་པ་ང་ཡི་དྲུང་དུ་ལེགས་པར་ འོངས། །ཞེས་བསྔགས་པ་གསུངས་ནས། ལེགས་པར་འོངས་སམ་སྙིང་རྗེ་བྱམས་བྱུང་ཁྱོད། །བྱམས་པའི་དཀྱིལ་འཁོར་ཡངས་པ་ལེགས་འོངས་སམ། །ལེགས་པར་འོངས་སམ་བལྟ་ན་རབ་ཞི་བ། །སྤྱད་པ་སྤྱོད་ཚེ་དུབ་པར་མ་གྱུར་ཏམ། །རྣམ་དག་བསམ་ ལྡན་ཚུལ་ཤོག་འོངས་པ་ལེགས། །ཞེས་སོགས་བསྔགས་པ་མང་དུ་གསུངས་པ་དང་། ནོར་བཟང་གིས་འཕགས་པ་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་ཞུགས་པ་ན་བྱང་ཆུབ་སེམས་དཔའི་སྤྱོད་པས་བསླབ་པར་བགྱིས་དང་ཇི་ལྟར་ནན་ཏན་དུ་བགྱིས་པ་འཚལ་ཏེ། །འཕགས་
Page: 62 པ་ནི་བྱང་ཆུབ་ལ་ཚེ་གཅིག་གིས་ཐོགས་པའི་ཡོན་ཏན་ཆེན་པོ་དང་ལྡན་པ་ལགས་པས་ཇི་ལྟར་བསླབ་པར་བགྱི་བ་བཀའ་སྩལ་དུ་གསོལ། ཞེས་ཞུས་པའི་ཚེ། བྱམས་པས་འཁོར་རྣམས་ལ་ནོར་བཟང་འདི་བྱང་སེམས་ཀྱི་སྤྱོད་པ་ལ་བརྩོན་པ་ཐོག་མར་འཇམ་དཔལ་གྱི་ དྲུང་དུ་སེམས་བསྐྱེད། དེ་ནས་འཇམ་དཔལ་གྱིས་བཏང་ནས་གྲོང་ཁྱེར་དཔལ་གྱི་འབྱུང་གནས་ནས་བཟུང་སྟེ་ལྷོ་ཕྱོགས་ཀྱི་རྒྱུད་ཐམས་ཅད་བརྒྱུས་ཏེ་དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་ལ་ཡོངས་སུ་དྲི་བ་བྱེད་ཅིང་ཐ་མ་ངའི་དྲུང་འདིར་སྐྱོ་བ་ཐམས་ཅད་དང་བྲལ་བའི་ལྷག་ པའི་བསམ་པས་ཕྱིན་ཏེ་ཞེས་སོགས་དེའི་བསྔགས་པ་རྒྱ་ཆེར་གསུངས་ནས། ནོར་བཟང་ལ་ཁྱོད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་ངོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རབ་ཏུ་རྟེན་པས་ས་ལྟ་བུའོ། །ཞེས་སོགས་དང༌། །དབུལ་བ་ཐམས་ཅད་ཡང་དག་ པར་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །དོན་ཐམས་ཅད་ཡང་དག་པར་སྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་བོ་ལྟ་བུའོ། །ཉོན་མོངས་པའི་དགྲ་ཕམ་པར་བྱ་བ་ལ་མདུང་ཐུང་ལྟ་བུའོ། ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འགེབས་པས་གོ་ཆ་ལྟ་བུའོ། །ཉོན་མོངས་པའི་མགོ་ལྟུང་བར་བྱེད་པས་རལ་གྲི་ལྟ་བུའོ། །ཉོན་མོངས་པའི་ཤིང་གཅོད་པས་སྟ་རེ་ལྟ་བུའོ། །འཚེ་བ་ཐམས་ཅད་ལས་སྐྱོབ་པའི་མཚོན་ཆ་ལྟ་བུའོ། །འཁོར་བའི་ཆུའི་ནང་ན་
Page: 63 ༄༅། །གནས་པ་སྟེང་དུ་འབྱིན་པས་མཆིལ་བ་ལྟ་བུའོ། །སྒྲིབ་པ་དང་ཁེབས་པའི་རྩ་བ་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་འཁོར་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་ བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་མཆོད་རྟེན་ལྟ་བུ་སྟེ་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཇི་སྙེད་ཡོད་པ་བྱང་ཆུབ་ཀྱི་ཡོན་ཏན་དང་ཕན་ཡོན་ཡང་དེ་སྙེད་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་ དཔའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་ཀྱང་འདི་ལས་བྱུང་བ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཡོན་ཏན་དེ་དག་དང་ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་ གཞན་དང་ཡང་ལྡན་ནོ་ཞེས་སོགས་མདོ་ནས་གསུངས་པའི་ཕན་ཡོན་མང་དུ་ཡོད་པའི་ནང་ནས་བསླབ་བཏུས་སུ་དྲངས་པ་སོགས་འགའ་ཞིག་འདིར་བཀོད་པའོ། །ཡང་བློ་དང་ལྡན་པ་ཞེས་པ་ནོར་བཟང་ལ་སྦྱར་ན་རྒྱ་དཔེ་དང་མཐུན་ཞེས་ཁ་ཅིག་གསུངས། དེ་ལ་བག་ཅན་ སོགས་འདིར་ཡང་སྦྱར་ཞེས་འགྲེལ་ཆེན་དུའོ། །སེམས་བསྐྱེད་ལ་དེ་ལྟར་ཕན་ཡོན་ཆེ་ཡང་སོ་སོའི་སྐྱེ་བོ་དག་གིས་དེ་ལྟ་བུའི་ཕན་ཡོན་ཅན་གྱི་སེམས་དེ་བསྐྱེད་པར་མི་ནུས་སོ་སྙམ་པའི་ཞུམ་པ་དགག་ཚུལ་ནི། བསླབ་བཏུས་སུ། སོ་སོའི་སྐྱེ་བོ་ལ་ཡང་བྱང་ཆུབ་ཀྱི་སེམས་ སྐྱེ་སྟེ་ཞེས་བསྒྲུབ་བྱ་ར་བཀོད་ནས་དེའི་སྒྲུབ་བྱེད་དུ་དྲིམ་མེད་པར་བསྟན་པའི་མདོ་སོགས་དྲངས་ནས་བསྒྲུབས་སོ། །གཉིས་པ་སྨོན་འཇུག་སོ་སོའི་ཕན་ཡོན་ལ་གསུམ། དབྱེ་བ་དང་ངོ་བོའི་ཁྱད་པར། ཕན་ཡོན་གྱི་ཁྱད་པར། ཕན་ཡོན་གྱི་ཁྱད་པར་ལུང་རིགས་ཀྱི་སྒོ་
Page: 64 ནས་སྒྲུབ་པའོ། ། དང་པོ་ནི། བྱང་ཆུབ་སེམས་དེ་སོགས་ཏེ། དེ་ལ། ངོ་བོའི་སྒོ་ནས་དབྱེ་བ་ནི། བྱང་ཆུབ་ཀྱི་སེམས་དེ་ལས་མཚམས་དང་དཔེ་གྲོགས་ཀྱི་དབྱེ་བ་དང་། སྐྱེ་ཚུལ་གྱི་སྒོ་ནས་ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་གཉིས་སུ་དབྱེ་བ་སོགས་དབྱེ་སྒོ་མང་དུ་ ཡོད་ཀྱང༌། ངོ་བོའི་སྒོ་ནས་མདོར་བསྡུས་ཏེ་དབྱེ་ན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། བླ་མེད་བྱང་ཆུབ་ཏུ་སྨོན་པའི་སེམས་བསྐྱེད་པ་དང་ནི་བླ་མེད་བྱང་ཆུབ་ཏུ་འཇུག་པའི་སེམས་བསྐྱེད་པ་ཉིད་ཅེས་སམ། བྱང་ཆུབ་ལ་དམིགས་པའིསྨོན་པའི་སེམས་བསྐྱེད་དང་བྱང་ ཆུབ་ལ་དམིགས་པའི་འཇུག་པའི་སེམས་བསྐྱེད་དེ་གཉིས་ཡོད་ལ། དེ་གཉིས་ཀའང་ཀུན་རྫོབ་སེམས་བསྐྱེད་མཚན་ཉིད་པ་ཡིན་ནོ། །དང་གི་སྒྲས་ཀྱང་གཉིས་ཀ་བྱང་ཆུབ་ཀྱི་སེམས་མཚན་ཉིད་པར་སྟོབས་མཚུངས་པར་སྡུད་ལ། ཉིད་ཀྱི་སྒྲས་ནི་ངོ་བོའི་དབྱེ་བ་ནི་དེ་གཉིས་ ཁོ་ནའོ་ཞེས་ངེས་བཟུང་གི་སྒོ་ནས་བསྟན་ཏོ། །བསླབ་བཏུས་ལས། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང་བྱང་ཆུབ་ཏུ་ཆས་པའི་སེམས་སོ། །སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་སེམས་ཅན་གང་དག་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་དེ་དག་ནི་སེམས་ཅན་གྱི་ཁམས་ན་དཀོན་ནོ། །དེ་བས་ཀྱང་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་ནོ་ཞེས་འབྱུང་བ་ལྟ་བུའོ། །ཞེས་སོ། །དེ་གཉིས་ཀྱི་ ངོ་བོའི་ཁྱད་པར་དཔེའི་སྒོ་ནས་བསྟན་པ་ནི། སྐྱེས་བུ་གང་དག་ཡུལ་འགའ་ཞིག་ཏུ་འགྲོ་བར་བྱའོ་སྙམ་པའི་སྒོ་ནས་ཡུལ་དེར་འགྲོ་བར་འདོད་པའི་བློ་དང༌། རྐང་པ་འདེགས་འཇོག་སོགས་ཀྱི་སྒོ་ནས་ལམ་དུ་ཆས་ཤིང་འགྲོ་བའི་བྱ་བ་དང་བཅས་པ་དེའི་དུས་སུ་ཡང་ཡུལ་
Page: 65 ༄༅། །དེར་འགྲོ་བར་བྱའོ་སྙམ་པའི་བློ་ཡོད་པ་སྟེ། དེ་གཉིས་ལ་དེར་འགྲོ་སྙམ་པའི་བློ་འདྲ་བར་ཡོད་ཀྱང་དངོས་སུ་འགྲོ་བའི་བྱ་བས་མ་ཟིན་པ་དང་ཟིན་པའི་ཁྱད་པར་རམ་བྱེ་བྲག་ཇི་ལྟར་ཡོད་པ་ཤེས་པ་ལྟར་གྱི་དཔེ་དེ་བཞིན་དུ་རང་གཞན་ལ་ཕན་པའི་དོན་སྒྲུབ་ པའི་ཐབས་ཤེས་པའི་མཁས་པའམ་སེམས་བསྐྱེད་གཉིས་ཀའི་མཚན་ཉིད་ཀྱི་ཁྱད་པར་སོགས་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་གཞག་ཇི་ལྟ་བ་བཞིན་ཤེས་པའི་མཁས་པས་སྨོན་པ་དང་འཇུག་པའི་སེམས་བསྐྱེད་འདི་གཉིས་ཀྱི་ཁྱད་པར་རམ་བྱེ་བྲག་ཀྱང་རིམ་པ་བཞིན་དུ་ཤེས་ པར་བྱ་སྟེ། འགྲོ་འདོད་པ་ལྟར་སེམས་ཅན་ཐམས་ཅད་བསྐྱབ་པའི་ཕྱིར་བདག་སངས་རྒྱས་སུ་གྱུར་ཅིག་ཅེས་སྨོན་པ་སྨོན་༌སེམས་དང་། ལམ་དུ་ཞུགས་ནས་འགྲོ་བ་ལྟར་སྨོན་སེམས་སྔོན་དུ་བཏང་ནས་གང་ནས་བཟུང་སྟེ་སྡོམ་པ་ལེན་པ་སྔོན་དུ་འགྲོ་བའི་སྒོ་ནས་ཚོགས་ རྣམས་ལ་འཇུག་པའམ་བྱང་སེམས་ཀྱི་སྤྱོད་པ་ལ་ཞུགས་པའི་སེམས་ནི་འཇུག་པའི་སེམས་སོ། །དེས་ན་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བསམ་པ་ཙམ་གཉིས་ཀ་ལ་འདྲ་བར་ཡོད་ན་ཡང་སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པ་ཉམས་སུ་ལེན་པའི་བྱ་བས་ཟིན་པ་ ལ་ལྟོས་མི་དགོས་པའམ་དེས་དངོས་སུ་མ་ཟིན་པ་དེ་སྨོན་པ་སེམས་བསྐྱེད་ཀྱི་འཇོག་བྱེད་དང༌། སྤྱོད་པ་ཉམས་ལེན་གྱི་བྱ་བས་ཟིན་པ་ལ་ངེས་པར་ལྟོས་དགོས་པའམ་དེས་དངོས་སུ་ཟིན་པའི་སེམས་བསྐྱེད་དེ་འཇུག་པ་སེམས་བསྐྱེད་ཀྱི་འཇོག་བྱེད་ཡིན་ནོ། །འདིར་བསླབ་ བཏུས་སུ་དཔའ་བར་འགྲོ་བའི་མདོ་དྲངས་ནས་གཡོ་བྱས་ཏེ་བཙན་ཐབས་སུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་དགེ་བ་སྣ་འགའ་བྱས་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་གཉིས་ཀ་བླ་མེད་བྱང་ཆུབ་ཀྱི་རྒྱུར་གསུངས་པ་ནི། སྨོན་སེམས་ལ་དགེ་བ་སྔོན་དུ་མ་བྱས་པར་སངས་རྒྱས་ཐོབ་
Page: 66 པར་སྨོན་པ་ཙམ་དང་དགེ་བ་སྣ་འགའ་བྱས་ནས་འདི་ལ་བརྟེན་ནས་བདག་རྫོགས་བྱང་ཐོབ་ན་ཅི་མ་རུང་ཐོབ་པར་ཤོག་ཅིག་སྙམ་དུ་སྨོན་པ་ལྟ་བུ་སྟེ་གཉིས་ཡོད་པའི་དོན་ཡིན་ལ། དགེ་བ་སྣ་འགའ་བྱེད་ཚུལ་མདོ་སྡེ་བསྐལ་བ་བཟང་པོ་ལས་སངས་རྒྱས་རྣམས་ཀྱིས་སྔོན་ཐུགས་
བསྐྱེད་དུས་མེ་ཏོག་དང་རས་ཀྱི་ཁ་ཚར་སོགས་ཕུལ་ནས་ཐུགས་བསྐྱེད་པ་བཞིན་ཡིན་པར་གསུངས་སོ། །གཉིས་པ་ཕན་ཡོན་གྱི་ཁྱད་པར་ནི། བྱང་ཆུབ་སྨོན་པའི་སོགས་ཏེ། དེ་ལ། སྨོན་པའི་པན་ཡོན་དང་འཇུག་པ་དེ་ལས་ཀྱང་ལྷག་ཚུལ་ནི། འོ་ན་སྨོན་སེམས་དེ་རྒྱལ་སྲས་
ཀྱི་སྤྱོད་པ་ཉམས་སུ་ལེན་པའི་བྱ་བས་མ་ཟིན་ན་འབྲས་བུ་ལ་དམ་འཆའ་བ་ཙམ་དུ་ཟད་པས་སྔར་བཤད་པའི་ཕན་ཡོན་རྣམས་འབྱུང་མི་རིགས་ལ། ཟིན་ན་འཇུག་སེམས་དང་ཁྱད་མེད་དོ་ཞེ་ན། བྱང་ཆུབ་ཏུ་སྨོན་པའི་སྒོ་ནས་སེམས་བསྐྱེད་པའི་སྨོན་སེམས་དེ་སྤྱོད་པ་ཉམས་ལེན་
ལ་ནན་ཏན་དང་བྲལ་ཡང་སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་པས་སེམས་བསྐྱེད་དེ་ལས་ནི་མཐར་ཐུག་བྱང་ཆུབ་ཆེན་པོ་འབྱུང་བ་སྨོས་ཅི་དགོས་གནས་སྐབས་འཁོར་བ་ན་གནས་པའི་ཚེ་ཡང་ལྷ་དང་མིའི་དབང་ཕྱུག་ཐོབ་ནས་འཁོར་བའི་དབུལ་བ་བཟློག་པ་སོགས་འབྲས་བུ་ཕན་ཡོན་
རྒྱ་ཆེ་བ་འབྱུང་བས་བརྙས་པར་མི་བྱའོ། །དེ་ལྟ་ན་འཇུག་སེམས་དང་ཁྱད་མེད་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། སྨོན་སེམས་ལ་འབྲས་བུ་དེ་ལྟར་འབྱུང་ཡང་ཇི་ལྟར་སྦྱིན་སོགས་ཉམས་སུ་ལེན་པའི་ནན་ཏན་དང་བཅས་པའི་འཇུག་པའི་སེམས་བསྐྱེད་ལས་རྒྱུ་བསོད་
ནམས་དགེ་བའི་ཚོགས་བར་མ་ཆད་པ་རྒྱུན་ཆགས་སུ་འབྱུང་བ་དེ་བཞིན་དུ་སྨོན་པའི་སེམས་ལ་རྒྱུ་བསོད་ནམས་རྒྱུན་ཆགས་སུ་འབྱུང་བ་མིན་ནོ། །སྨོན་སེམས་ལ་ཕན་ཡོན་རྒྱ་ཆེར་འབྱུང་བ་ནི༑སྡོང་པོ་བཀོད་པའི་བྱམས་པའི་རྣམ་པར་ཐར་བ་ལས། རིགས་ཀྱི་བུ་འདི་
Page: 67 ༄༅། །ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ། །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་ སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནི་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ། །ཞེས་སོགས་ ལྟར་ཡིན་ལ། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་ཞེས་པས་སྨོན་སེམས་སྤྱོད་པ་ཉམས་ལེན་དང་བྲལ་བ་དེ་བསྟན་ཏོ། །བསླབ་བཏུས་སུ་ཡང་ལུང་དེ་ཉིད་དང༌། རྒྱལ་པོ་ལ་གདམས་པ་ལས། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ནི་བྱ་བ་མང་བྱེད་པ་མང་སྟེ། ཉིན་མཚན་དུ་ཐམས་ཅད་ དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཡང་བསླབ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཏེ། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་དད་པ་དང་དོན་དུ་གཉེར་བ་དང་ སྨོན་པ་འགྲོ་ཡང་རུང་འགྲེང་ཡང་འདུག་ཀྱང་རུང་ཉལ་ཡང་རུང་སད་ཀྱང་རུང་ཟ་ཡང་རུང་འཐུང་ཡང་རུང་རྟག་པར་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་བཟུང་སྟེ་སྒོམས་ཤིག །ཅེས་པ་ནས། རྒྱལ་བོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ན་རྒྱལ་སྲིད་ཀྱང་བྱེད་ལ་རྒྱལ་པོའི་བྱ་བ་ཡང་ ཉམས་པར་མི་འགྱུར་ཞིང་བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་དང་། ཡང་དེའི་རྣམ་པར་སྨིན་པ་ཡང་། རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པས་ཞེས་སོགས་དྲུངས་
Page: 68 ནས་སྨོན་པ་སེམས་བསྐྱེད་འདི་སྤྱོད་པ་དང་བྲལ་ཡང་བསོད་ནམས་རྣམ་པར་སྨིན་པ་ཤིན་ཏུ་ཆེན་པོ་འབྱུང་བས་བརྙས་པར་མི་བྱ་ཞེས་གསུངས་སོ། །དེ་བས་ན་སྤྱོད་པ་ཕྱིན་དྲུག་ལ་སློབ་པར་མི་ནུས་པས་ཀྱང་སྨིན་པའི་བྱང་ཆུབ་ཀྱི་སེམས་ལ་ཅི་ནས་ཀྱང་བསླབ་པར་བྱ་སྟེ་འབྲས་ བུ་ཤིན་ཏུ་ཆེན་པོ་འབྱུང་བ་དེའི་ཕྱིར་རོ། ། འཇུག་སེམས་ཀྱི་ཕན་ཡོན་བསོད་ནམས་རྒྱུན་ཆགས་སུ་འབྱུང་བ་ནི། དུས་གང་ནས་བཟུང་སྟེ་སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམས་ལས་དང་ཉོན་མོངས་པའི་ཀུན་འབྱུང་གི་འཆིང་བ་དང་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་ འཁོར་བའི་བཙོན་ར་ལས་རབ་ཏུ་སྒྲོལ་ཞིང་རྫོགས་པའི་བྱང་ཆུབ་ལ་འགོད་པར་བྱ་བའི་ཕྱིར་དུ་སྲིད་པ་ཇི་སྲིད་བར་དུ་གཞན་དོན་ལས་ནམ་ཡང་ཕྱིར་མི་ལྡོག་པ་ཡི་སེམས་ཀྱིས་སུ་འཇུག་པ་སེམས་བསྐྱེད་དེ་ཡང་དག་པར་རང་རྒྱུད་ལོ་བླངས་པར་གྱུར་པ་ན་དུས་དེ་ནས་བཟུང་སྟེ་ སེམས་བསྐྱེད་དེ་མ་ཉམས་པར་ཡོད་ཕྱིན་ཆད་གཉིད་ལོག་གམ་སེམས་རྣམ་པར་གཡེངས་པས་བག་མེད་པར་གྱུར་ཏམ། ཀྱང་གི་སྒྲས་བསྡུས་པ་བརྒྱལ་བའམ་ར་རོ་བའམ་འགྲོའམ་འགྲེང་ངམ་འདུག་ཀྱང་རུང་ཚུལ་ཁྲིམས་རྣམ་པ་གསུམ་དུ་གཏོགས་པའི་བསོད་ནམས་ དགེ་བའི་ཤུགས་རྒྱ་ཆེ་ལ་རྒྱུན་མི་འཆད་ཅིང་ཟད་མི་ཤེས་པ་རྣམ་པ་དུ་མ་ཞིག་སྐད་ཅིག་རེ་རེ་ལའང་བར་མ་ཆད་དུ་འབྱུང་ལ་དེ་ཡང་ཚད་གཟུང་དུ་མེད་པ་ནམ་མཁའ་དང་མཉམ་པར་རབ་ཏུ་འབྱུང་ངོ༌། །ཡང་སྲོག་ལ་བབས་ཀྱང་གཏང་བར་མི་བྱའོ་སྙམ་དུ་མི་ལྡོག་པ་ཡི་སེམས་ ཀྱིས་སུ་ཞེས་བཤད་ཀྱང་ཆོག་ལ། འདིས་བསམ་པ་ཕུན་སུམ་ཚོགས་པ་བསྟན་པར་གསུངས་སོ། །དེ་ཡང་སྨོན་སེམས་ནི་འབྲས་བུ་ལ་དོན་གཉེར་ཙམ་དུ་ཟད་པས་འབྲས་བུ་ཡང་དེ་ལྟར་འབྱུང་ལ་འཇུག་སེམས་ནི་སངས་རྒྱས་འཐོབ་བྱེད་ཀྱི་རྒྱུ་དངོས་སྒྲུབ་པ་ལ་ཞུགས་པ་
Page: 69 ༄༅། །ཡིན་ཕྱིར་གཉིད་སོགས་ཀྱི་སྐབས་སུ་ཡོང་རྒྱུ་ཕྱིན་དྲུག་གིས་བསྡུས་པའི་དགེ་རྩ་རྣམས་གོང་འཕེལ་དུ་རྒྱུན་མིའཆད་པར་འབྱུང་བའོ། །གསུམ་པ་ཕན་ཡོན་ལུང་རིགས་ཀྱི་སྒོ་ནས་སྒྲུབ་པ་ལ་གཉིས། ལུང་གིས་སྒྲུབ་པ། རིགས་པས་སྒྲུབ་པའོ། ། དང་པོ་ནི། །འདི་ནི་འཐད་པ་སོགས་ཏེ། དེ་ལྟར་སྒྲུབ་པ་སྙིང་པོར་བྱེད་པའི་འཇུག་པ་སེམས་བསྐྱེད་ལས་བསོད་ནམས་རྒྱུན་ཆགས་སུ་འབྱུང་བ་འདི་ནི་སྒྲུབ་བྱེད་ཀྱི་འཐད་པ་སྟེ་རིགས་པ་དང་བཅས་པར་བྱང་ཆུབ་སེམས་དཔའ་ལག་བཟངས་ཀྱིས་ནི་ཞུས་པ་ཞེས་བྱ་བའི་ མདོ་ལས་གསུངས་ལ། །སུའི་དོན་དུ་གསུངས་ན་ཉན་ཐོས་རིགས་མ་ངེས་པ་ཁ་ཅིག་ཚོགས་རྒྱ་ཆེན་པོ་བསགས་དགོས་པ་ལ་འཇིགས་ཤིང་སྐྲག་པས་ཐེག་ཆེན་ལས་མོས་པ་ལོག་ནས་དམན་པ་ཉན་ཐོས་ཀྱི་ལམ་དུ་སེམས་བསྐྱེད་པར་མོས་ཤིང་འདོད་པའི་སེམས་ཅན་ རྣམས་དམན་པ་ལ་མོས་པ་བཟློག་ནས་ཐེག་ཆེན་གྱི་ལམ་ལ་གཞུག་པའི་དོན་གྱི་ཕྱིར་དུ་དེ་བཞིན་ཉིད་དུ་མ་ནོར་བར་གསུངས་པའི་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་ཏེ། མདོ་དེ་ཉིད་ལས། བདག་ནི་སེམས་ཅན་གྱི་ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་དེ་ལ་ ཕན་པའི་ཕྱིར་གོ་ཆ་བགོས་ལ་སེམས་ཅན་གྱི་ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་ལ་བདེ་བའི་ཕྱིར་གོ་ཆ་བགོས་ན། སེམས་ཅན་ཐམས་ཅད་ལ་ཕན་པར་དམིགས་པ་མཐའ་ཡས་ཤིང་མཐའ་ཡས་པ་དང་སེམས་ཅན་ཐམས་ཅད་ལ་བདེ་བར་དམིགས་པ་མཐའ་ཡས་ཤིང་ མཐའ་ཡས་པའི་དགེ་བའི་རྩ་བ་མཐའ་ཡས་པ་དག་བག་མེད་པར་གྱུར་ཏོམ་སེམས་གཞན་དུ་གྱུར་ཏམ་གཉིད་ཀྱིས་ལོག་ཀྱང་རུང་ཉིན་མཚན་དུ་སེམས་ཀྱིསྐད་ཅིག་ལ་༌འཕེལ་བ་དང་རྒྱས་པ་དང་ཡོངས་སུ་རྫོགས་པར་འགྱུར་ནས། བྱང་ཆུབ་ཀྱི་ཚོགས་མཐའ་ཡས་
Page: 70 ཤིང་མཐའ་ཡས་པ་དག་སྐྱེ་བས་རྫོགས་པའི་བྱང་ཆུབ་རྙེད་དཀའ་བར་མི་འགྱུར་ན་ཞེས་སོགས་གསུངས། དེ་ནི་ཐེག་ཆེན་ལ་ཞུགས་པས་ཚོགས་རྒྱ་ཆེན་པོ་བསགས་དགོས་ཀྱང་གཉིད་དང་བག་མེད་སོགས་ཀྱི་དུས་སུའང་སྐད་ཅིག་རེ་རེ་ལ་ཚོགས་དཔག་ཏུ་མེད་པ་སྐྱེ་བས་ རྫོགས་བྱང་སྒྲུབ་པ་ལ་འཇིགས་མི་དགོས་པས་ཐེག་ཆེན་ལས་ལྡོག་པར་མི་བྱའོ་ཞེས་གདམས་པ་སྟེ། འོག་ཏུ། འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །ཞེས་པ་ནས། མཆོག་ཏུ་བཤད། ཅེས་འཆད་པར་འགྱུར་བ་ལྟར་རོ། །ཕུང་པོ་གསུམ་པའི་མདོ་ལས་ཀྱང༌། བྱང་ ཆུབ་ཏུ་སེམས་བསྐྱེད་པ་དེ་བསྐྱེད་མ་ཐག་པ་དེར་བསོད་ནམས་ཀྱི་ཕུང་པོ་ནི་རབ་ཏུ་མང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བ་དང་འཇིག་རྟེན་སྐྱོང་བ་དང་བརྒྱ་བྱིན་དང་ཚངས་པ་དང་ཉན་ཐོས་དང་རང་སངས་རྒྱས་སུ་གྱུར་པའི་བསོད་ནམས་ཀྱི་ཕུང་ པོ་ནི་དེ་ཙམ་མ་ལགས་སོ་ཞེས་གསུངས་ཏེ། སེམས་བསྐྱེད་པ་ཙམ་གྱིས་དེ་ལྟར་ཉན་རང་སོགས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཟིལ་གྱིས་གནོན་ན་བླ་མེད་བྱང་ཆུབ་ཐོབ་ནས་ལྟ་ཅི། དེས་ན་བདག་གིས་ཐེག་དམན་དུ་འཇུག་པར་མི་བྱའི་ཐེག་ཆེན་དུ་འཇུག་པར་བྱའོ་སྙམ་པའི་ སེམས་བསྐྱེད་པར་བྱ་བའི་ཕྱིར་དེ་སྐད་བསྟན་པར་གསུངས་སོ། །གཉིས་པ་རིགས་པས་སྒྲུབ་པ་ལ་གཉིས། སྨོན་པའི་ཕན་ཡོན་རིགས་པས་སྒྲུབ་པ། འཇུག་པའི་ཕན་ཡོན་རིགས་པས་སྒྲུབ་པའོ། ། དང་པོ་ནི། སེམས་ཅན་རྣམས་ཀྱི་སོགས་ཏེ། དེ་ལ། དམིགས་ རྣམས་རྒྱ་ཆེ་བས་བསོད་ནམས་དཔག་མེད་འབྱུང་རིགས་ཐ་ནི། སྙིང་རྗེའི་སེམས་ཀྱིས་སེམས་ཅན་རྣམས་ཀྱི་ཀླད་ནད་དེ་མགོ་བོ་གཟིར་བའི་ནད་ཙམ་ཞིག་སྔགས་སམ་སྨན་ལ་སོགས་པས་བསལ་ལོ་སྙམ་དུ་བསམ་པ་རང་འདོད་དང་མ་འདྲེས་པ་བྱུང་ན་ཡང་དེ་གཞན་ལ་
Page: 71 ༄༅། །ཕན་འདོགས་པར་འདོད་པའི་བསམ་པ་དང་ལྡན་ཏེ། དེ་ཕྱིར་དེ་ཙམ་ལ་ཡང་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་ན་དམིགས་པའི་ཡུལ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཚད་མེད་པ་ལ་དམིགས་ནས་བློའི་རྣམ་པ་སེམས་ཅན་དེ་རྣམས་ རེ་རེའི་ལུས་སེམས་ཀྱི་མི་བདེ་བའམ་སྡུག་བསྔལ་དཔག་ཏུ་མེད་པ་དེ་ཐམས་ཅད་བསལ་བར་འདོད་ཅེས་སམ་སེམས་ཅན་རེ་རེའི་སེམས་ཀྱི་ཡིད་མི་བདེ་བ་དང་ལུས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་ཐམས་ཅད་བསལ་བར་འདོད་ཅིང་། དེར་མ་ཟད་སེམས་ཅན་དེ་རྣམས་རེ་རེའང་སངས་ རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཉིད་དུ་སྒྲུབ་པར་འདོད་པའི་སྨོན་པ་བྱང་ཆུབ་ཀྱི་སེམས་ལ་བསོད་ནམས་ཀྱི་རྒྱུན་དཔག་ཏུ་མེད་པ་ནམ་མཁའ་དང་མཉམ་པ་འབྱུང་བ་སྨོས་ཀྱང་ཅི་དགོས་ཞེས་པའོ། །འདིའི་སྐབས་འགྲེལ་པ་རྣམས་སུ་དེད་དཔོན་མཛའ་བོའི་བུ་མོ་ཞེས་བྱ་བ་ དེས་ཉི་ཚེ་བའི་སེམས་ཅན་ཞིག་གི་མགོ་ལ་ལྕགས་ཀྱི་རྒྱུ་འཁོར་ལོ་མེ་འབར་བ་འཁོར་བའི་སྡུག་བསྔལ་མྱོང་བ་གཟིགས་ནས་འདིའི་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག་སྙམ་པ་དང་ཤི་ནས་ལྷར་སྐྱེས་པར་གསུངས་པ་ལྟ་བུའི་དམིགས་རྣམ་རྒྱ་ཆུང་བ་ལའང་བསོད་ནམས་དཔག་མེད་ འབྱུང་ན་གོང་ལྟར་སེམས་ཅན་དཔག་མེད་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་སངས་རྒྱས་ཀྱི་བདེ་བ་དང་ལྡན་པར་འདོད་པ་ལྟ་བུའི་དམིགས་རྣམ་ཆེས་རྒྱ་ཆེ་བ་ལ་བསོད་ནམས་དཔག་མེད་འབྱུང་བ་སྨོས་ཅི་དགོས་ཞེས་དེ་གཉིས་དཔེ་དོན་སྦྱར་ནས་འཆད་དོ། །བྱང་ཆུབ་ཀྱི་སེམས་ལ་ གཞན་དོན་དོན་གཉེར་དང་བྱང་ཆུབ་དོན་གཉེར་གཉིས་ཡོད་པ་ལས་བསོད་ནམས་དཔག་མེད་འབྱུང་བའི་སྒོའི་གཙོ་བོ་ནི་གཞན་དོན་དོན་གཉེར་གྱི་སེམས་རིན་པོ་ཆེ་ཉིད་ཡིན་པར་གསུངས་སོ། །འགའ་ཞིག་ཏུ་འདི་དང་འོག་གི་ཚིགས་བཅད་བཅས་གོང་གི་ལག་བཟང་གིས་ཞུས་
Page: 72 པའི་འཐད་པ་ཉིད་རྒྱས་བཤད་ཀྱི་དོན་དུ་འཆད་ལ༑གོང་གི་མདོ་དེའི་ལུང་གི་འཕྲོ་ཡང་འདིར་དྲངས་ནས་འདི་དག་འཇུག་སེམས་ཀྱི་ཕན་ཡོན་ཡིན་གྱི་སྨོན་སེམས་ཀྱི་ཕན་ཡོན་དུ་འཆད་པ་མི་རིགས་ཞེས་གསུངས་ལ། འགྲེལ་ཆེན་དུའང་འདི་དག་གོང་གི་འཐད་པ་ཉིད་རྒྱས་བཤད་ཀྱི་དོན་ དུ་མཛད་དོ། །ཡང་འགའ་ཞིག་གིས་སྔ་མ་འཇུག་སེམས་ཀྱི་ཕན་ཡོན་ལུང་གིས་སྒྲུབ་པ་དང་འདི་དག་དེའི་ཕན་ཡོན་རིགས་པས་སྒྲུབ་པ་ཡིན་པར་གསུངས་སོ། །འོན་ཀྱང་འདིར་ནི་འགྲེལ་བ་འགའ་ཞིག་ཏུ་འདི་དག་སྨོན་སེམས་ཀྱི་ཕན་ཡོན་དུ་བཤད་པ་ལྟར་བྱས་པའོ། །ཕན་སེམས་ ཁྱད་པར་དུ་འཕགས་པས་བསོད་ནམས་དཔག་མེད་འབྱུང་རིགས་པ་ནི། འཇིག་རྟེན་ན་བུ་དང་བུ་མོ་སོགས་སེམས་ཅན་འགའ་ལ་ཕན་སེམས་ཅན་དུ་བྱེད་པའི་ཕའམ་ཡང་ན་མ་དང་སྤུན་ཟླ་མཛའ་བཤེས་ལ་སོགས་ལ་ཡང་རུང་བྱང་སེམས་མ་ཡིན་པའི་གང་པ་ཟག་གཞན་སུ་ལ་ཡང་ སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་འདི་འདྲ་བའི་ཕན་སེམས་ཡོད་དེ་མེད་ལ། དེར་མ་ཟད་སེམས་ཅན་གཞན་ལ་ཕན་སེམས་ཅན་དུ་བྱེད་པའི་འཇིག་རྟེན་སྐྱོང་བའི་ལྷ་དང་བདེན་པར་སྨྲ་བའི་དྲང་སྲོང་རྣམས་ཀྱང་རུང་ལ། དེ་བཞིན་དུ་བྱམས་སོགས་ ཚད་མེད་བཞིས་གནས་པའི་ལྷ་ཆེན་པོ་ཚངས་པ་ལྟ་བུ་ལ་ཡང་ཕན་སེམས་ཁྱད་པར་ཅན་འདི་ལྟ་བུ་ཡོད་དམ་སྟེ་མེད་དོ། །འགྲེལ་ཆེན་དུ། ལྷ་ནི་ཟླ་བ་དང་ཆུ་ལྷ་སོགས་དང་དྲང་སྲོང་ནི་གནས་འཇོག་དང་གོ་ཏི་མ་དང་། ཚངས་པ་ལའོང་ཞེས་པ་ནི་རིག་བྱེད་ཅན་ལའོ་ཞེས་བཤད་ དོ། །དེ་དག་ལ་ཕན་སེམས་དེ་འདྲ་ཅིའི་ཕྱིར་མི་འབྱུང་ཞེ་ན། མི་འབྱུང་སྟེ། ཕ་མ་སོགས་སེམས་ཅན་ཕལ་བ་དེ་དག་ཉིད་ལ་གཞན་དོན་དུ་ལྟ་ཅི་སྔོན་ཆད་རང་གི་དོན་དུའང་སྟེ་རང་ལས་གཅེས་པ་མེད་ཅིང་རང་ཉིད་སྙིང་ལ་ཤིན་ཏུ་སྡུག་ནའང་བདག་སངས་རྒྱས་ཀྱི་གོ་འཕང་ཐོབ་
Page: 73 ༄༅། །པར་གྱུར་ཅིག་སྙམ་པ་འདི་འདྲའི་ཕན་སེམས་ཁྱད་པར་ཅན་ནི་ཉིན་པར་སད་པའི་སྐབས་ལྟ་བུར་བསམ་བློ་སྔོན་དུ་གཏོང་བའི་སྒོ་ནས་འབྱུང་བ་ལྟ་ཞོགགང་ཡང་བློ་ལ་འཆར་དུ་རུང་བའི་མཚན་མོ་རྨི་ལམ་གྱི་སྐབས་ཙམ་དུ་ཡང་མ་རྨིས་ཞེས་ཏེ་ རྨི་ལམ་ཙམ་གྱི་སྤྱོད་ཡུལ་དུའང་མ་གྱུར་པ་ཡིན་ན་སེམས་ཅན་གཞན་ཀུན་གྱི་དོན་དུ་སད་པའི་ཚེ་ལྟ་བུར་བློ་སྔོན་དུ་བཏང་བའི་སྒོ་ནས་དངོས་སུ་ག་ལ་སྐྱེ་སྟེ་སྐྱེ་བ་ཤིན་ཏུ་འགལ་བས་སོ་ཞེས་གཞན་དོན་དུ་སངས་རྒྱས་འཐོབ་འདོད་ཀྱི་ཕན་སེམས་དེ་འདྲ་བ་འཇིག་རྟེན་ཕན་སེམས་ ཅན་དུ་བྱེད་པའི་ལྷ་དང་དྲང་སྲོང་སོགས་དང་ཐུན་མོང་མ་ཡིན་པར་བསྟན་ཏོ། །དེ་ལྟར་རྒྱན་ལས། ཇི་ལྟར་རྒྱལ་སྲས་ཕན་པའི་བསམ་པས་འདིར། འགྲོ་ཀུན་རྣམ་པར་སྨིན་བྱེད་གནས་པ་ལྟར། དེ་བཞིན་ཕ་དང་མ་དང་གཉེན་བཤེས་རྣམས། བུ་དང་གཉེན་པ་རྣམས་ ལ་ལེགས་མི་གནས། །ཞེས་དང༌། དེ་བཞིན་དུ་ཡོན་ཏན་མཐའ་ཡས་པར་བསྟོད་པར། ཇི་ལྟར་ཁྱོད་བློ་འགྲོ་བ་རྣམས་ལ་བྱམས་པསྐྱེ་བ་ལྟར། ཞེས་སོགས་དང༌། དབུ་མ་འཇུག་པར། གཏི་མུག་སྐྱོན་གྱིས་འཇིག་རྟེན་ཁ་ཟས་དུག་ཅན་ཟ་བ་ཡི། ཞེས་ སོགས་གསུངས་ལ། དེར་མ་ཟད་གཉེན་བཤེས་སོགས་ཕལ་ཆེར་ཕན་ཚུན་གཅིག་གིས་གཅིག་སྡིག་པ་དང་སྡུག་བསྔལ་ལའང་སྦྱོར་བར་བྱེད་དོ། །ངོ་མཚར་རྙེད་དཀའ་དགེ་བ་ཡིན་པས་བསོད་ནམས་དཔག་མེད་འབྱུང་རིགས་པ་ནི། དེ་ལྟར་སྐྱེ་བོ་ཕལ་བ་གཞན་དག་ལ་ གཞན་དོན་དུ་ལྟ་ཅི་སྨོས་ཀྱི་རང་དང་རང་གི་གཉེན་བཤེས་སོགས་ཀྱི་དོན་དུ་སྐད་ཅིག་ཙམ་དུ་ཡང་མི་འབྱུང་བ་ཡིན་ན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བ་དང་བདེ་བ་སྒྲུབ་པའི་ཆེད་དུ་བདག་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་པའི་སེམས་ཅན་གྱི་དོན་ཁོ་ན་
Page: 74 སེམས་པ་གང་ཡིན་པའི་སེམས་ཀྱི་རིན་ཆེན་ཁྱད་པར་དུ་འཕགས་པ་དགོས་འདོད་ཀུན་འབྱུང་གི་ཡིད་བཞིན་གྱི་ནོར་ལྟ་བུ་འདི་ནི་སྔ་ན་མེད་པའི་རྨད་ཅིག་སྟེ་སྔོན་ཆད་ནམ་ཡང་མ་བྱུང་བས་ངོ་མཚར་རྨད་དུ་བྱུང་བ་ཞིག་ཏུ་འདུག་ན། ཅིའི་ཕྱིར་དི་འདྲའི་སེམས་ཁྱད་པར་ཅན་ཞིག་ འཁྲུངས་སྙམ་དུ་བསམས་ནས་རང་རྒྱུད་ལ་སྐྱེས་ན་དགའ་བ་སྒོམ་ཞིང་གཞན་ལ་སྐྱེས་པ་ལ་ངོ་མཚར་བའི་གནས་སུ་བཟུང་ནས་རང་གཞན་གྱི་རྒྱུད་ལ་དེ་ཉིད་གོང་འཕེལ་དུ་སྐྱེད་པ་ལ་འབད་པར་བྱའོ། །དཔས་བྱིན་གྱིས་ཞུས་པར། བྱང་ཆུབ་སེམས་ནི་སེམས་ཆེ་སྟེ། །སེམས་ ཀུན་ནང་ན་དགེ་བ་མཆོག །ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས། །ཞེས་སོགས་གསུངས། དེའང་། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །ཞེས་སོགས་ལྟར། སེམས་རིན་པོ་ཆེ་འདི་ནི་རང་རྒྱུད་ལ་འབྱུང་དཀའ་བ་སོགས་ཁྱད་ཆོས་དུ་མའི་སྒོ་ནས་ཡིད་བཞིན་གྱི་ནོར་བུ་དང་ ཆོས་མཚུངས་པའོ། །མངོན་ཤེས་དང་སྟོང་ཉིད་རྟོགས་པ་སོགས་ཀྱི་ཡོན་ཏན་ཅི་ཙམ་ཡོད་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་༌མེད་ན་ཐེག་ཆེན་པར་མི་འགྱུར་བའི་ཕྱིར་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་འདི་རྒྱུད་ལ་སྐྱེས་པ་ལ་ཆེས་ཆེར་ངོ་མཚར་རྨད་དུ་བྱུང་བར་འཛིན་ པ་ཡིན་ནོ། ། བྱེད་ལས་ཁྱད་པར་དུ་འཕགས་པས་བསོད་ནམས་དཔག་མེད་འབྱུང་རིགས་པ་ནི། གཞན་ཡང་འགྲོ་བ་མ་ལུས་པ་ཀུན་གྱི་གནས་སྐབས་མཐོ་རིས་ཀྱི་དགའ་བ་དེ་དང་མཐར་ཐུག་ཐར་བ་མཆོག་གི་བདེ་བ་དང་ཡིད་བདེ་འབྱུང་བའི་རྒྱུ་བྱེད་ཅིང༌། སེམས་ཅན་ མཐའ་དག་གི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་དང་ཡིད་མི་བདེ་བའི་ནད་མ་ལུས་པ་སེལ་བའི་རྩི་སྨན་ཆེན་པོར་གྱུར་པ། ཕོངས་པ་ཐམས་ཅད་སེལ་ཞིང་དགོས་འདོད་མ་ལུས་པ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་ཐང་ཆེན་པོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་བསོད་ནམས་
Page: 75 ༄༅། །གང་ཡིན་པ་དེ་ལ་གྲངས་དང་ཚད་ཇི་ལྟར་གཞལ་གྱིས་ལང་སྟེ་མི་ལང་བས་གྲངས་དང་ཚད་མེད་པའི་བསོད་ནམས་ཐོབ་པ་སྟེ། དཔས་བྱིན་གྱིས་ཞུས་པ་ལས། །རིན་ཆེན་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་ མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། ཞེས་དང༌། བྱང་ཆུབ་སེམས་འགྲེལ་ལས་ཀྱང་། །བྱང་ཆུབ་སེམས་ནི་བསྐྱེད་ཙམ་གྱིས། །བསོད་ནམས་ཕུང་པོ་ཉེར་བསགས་པ། །དེ་ལ་གལ་ཏེ་གཟུགས་ཡོད་ན། །ནམ་མཁའི་ཁམས་སུ་ཤོང་མི་ འགྱུར། །སྐྱེས་བུ་གང་ཞིག་སྐད་ཅིག་ཙམ། །བྱང་ཆུབ་སེམས་ནི་སྒོམ་བྱེད་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བས་ཀྱང་ནི་བགྲང་མི་སྤྱོད། །ཅེས་སོ། །འགྲེལ་པ་འགའ་ཞིག་ཏུ་འདི་མན་ཆད་འཇུག་སེམས་ཀྱི་ཕན་ཡོན་དུ་འཆད་ལ། འགྲེལ་ཆེན་དུའང་ དཔས་བྱིན་གྱིས་ཞུས་པའི་ལུང་དེ་འཇུག་སེམས་ཀྱི་ཕན་ཡོན་བསྟན་པ་ལ་སྦྱར་དགོས་གསུངས་སོ། །གང་ལྟར་ཡང་འདིས་བྱང་ཆུབ་ཀྱི་སེམས་དེ་ཉིད་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུར་བསྟན་ཏོ། ། གཉིས་པ་འཇུག་པའི་ཕན་ཡོན་རིགས་པས་སྒྲུབ་པ་ནི། ཕན་པར་ བསམ་པ་སོགས་ཏེ། དེ་ལ། །འཇུག་སེམས་ལས་ཕན་ཡོན་བྱུང་བའི་འཐད་པ་བསྟན་པ་ནི། ཕན་པར་བསམ་པ་བྱམས་པའི་སེམས་ཙམ་པྱིས་ཀྱང་བྱེ་བ་ཁྲག་ཁྲིག་གི་ཞིང་ན་མཆོད་པ་ཇི་སྙེད་ཡོད་པས་སངས་རྒྱས་རྣམས་ལ་མཆོད་པ་ལས་ཁྱད་པར་དུ་འཕགས་པར། ཏིང་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཅི་ཡོད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེར་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་གསུངས་ན་སེམས་ཅན་མ་ལུས་པ་ཐམས་
Page: 76 ཅད་ཀྱི་བླ་ན་མེད་པའི་བདེ་བ་སྒྲུབ་པའི་དོན་དུ་སྦྱོར་བའི་སྒོ་ནས་སྤྱོད་པ་ཉམས་ལེན་ལ་བརྩོན་པ་ཆེན་པོས་འབད་པའི་འཇུག་པ་སེམས་བསྐྱེད་ལ་བསོད་ནམས་ཁྱེད་འཕགས་འབྱུང་བ་སྨོས་ཅི་དགོས་ཞེས་འཆད་པའམ། ཡང་ན་འགྲོ་བ་ཐམས་ཅད་བསྐྱབ་པའི་ཕྱིར་སངས་ རྒྱས་སུ་གྱུར་ཅིག་ཅེས་ཕན་པར་བསམ་པ་སྨོན་པ་ཟབ༌བསེམས་བསྐྱེད་ཙམ་གྱིས་ཀྱང་སངས་རྒྱས་རྣམས་ལ་ཞིང་ཁམས་ཐམས་ཅད་རིན་ཆེན་སྣ་བདུན་གྱིས་བཀང་སྟེ་མཆོད་པ་ལས་བསོད་ནམས་ཁྱད་པར་དུ་འཕགས་པར། དཔས་བྱིན་གྱིས་ཞུས་པ་ལས། །གང་གཱའི་བྱེ་མའི་ གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་བདུན་གྱིས་ཡོངས་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ན། །མཆོད་པ་འདི་ནི་ཁྱད་འཕགས་ཏེ། །དེ་ལ་མཐའ་ནི་མ་མཆིས་ སོ། །ཞེས་དང༌། བློ་གྲོས་མི་ཟད་པས་བསྟན་པ་ལས། གསུམ་པོ་འདི་དག་ནི་མཆོད་པ་བླ་ན་མེད་པ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཞེས་སོགས་གསུངས་ན། སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སྡུག་བསྔལ་མཐའ་དག་བསལ་ནས་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་བདེ་བ་ཐམས་ཅད་སྒྲུབ་པའི་དོན་དུ་སྦྱོར་བའི་སྒོ་ནས་བརྩོན་པའི་འཇུག་པ་སེམས་བསྐྱེད་ལ་བསོད་ནམས་ཁྱད་འཕགས་འབྱུང་བ་སྨོས་ཅི་དགོས་ཞེས་པ་སྟེ། སྔ་མ་ལྷག་པའི་བསམ་པས་སྨོན་པ་ཙམ་ལས་སྒྲུབ་པ་དང་བྲལ་ལ་ཕྱི་མ་སྦྱོར་བས་གཞན་ དོན་ལ་དངོས་སུ་བརྩོན་པས་སོ་ཞེས་བཤུད་ཀྱང་འདྲའོ། །དོགས་པ་བསལ་ནས་རྒྱུ་མཚན་དེས་བསོད་ནམས་ཆེ་བར་སྒྲུབ་པ་ནི། གོང་གི་བདེ་དོན་བརྩོན་པ་ཞེས་པའི་དོགས་གཅོད་ལྟ་བུར། ཕན་བདེ་སྒྲུབ་པ་དང་གནོད་པ་དང་སྡུག་བསྔལ་བསལ་བ་ལ་སེམས་ཅན་
Page: 77 ༄༅། །རང་རང་མཁས་པས་དེ་ལ་གཞན་གྱིས་བརྩོན་ག་ལ་དགོས་ཤེ་ན། དགོས་ཏེ། སེམས་ཅན་རྨོངས་པ་རྣམས་ལ་བསམ་པའི་སྒོ་ནས་སྡུག་བསྔལ་ལ་མི་འདོད་པའི་བློ་སྐྱེས་ནས་དེ་འདོར་བར་འདོད་པའི་སེམས་ཡོད་ཀྱང་ལས་འབྲས་ལ་རྨོངས་པའི་ ཉོན་མོངས་པའི་དབང་གིས་བླང་དོར་བགྱི་བའི་ཐབས་ལ་མི་མཁས་པས་སྦྱོར་བའི་སྒོ་ནས་ཕྱིན་ཅི་ལོག་ཏུ་འཇུག་སྟེ། དཔེར་ན་བཀྲེས་པ་སོགས་ཀྱི་སྡུག་བསྔལ་ཞི་བའི་དོན་དུ་སེམས་ཅན་གྱི་སྲོག་གཅོད་པར་བྱེད་པ་དང་ནོར་ཕྱུག་པར་འདོད་ནས་མ་བྱིན་པར་ལེན་པ་ལྟ་བུ་དམྱལ་ བ་དང་ཡི་དྭགས་སོགས་ཀྱི་སྡུག་བསྔལ་འབྱུང་བའི་རྒྱུ་སྡིག་པ་མི་དགེ་བ་ཉིད་ལ་མངོན་པར་རྒྱུག་པ་སྟེ་དེ་ཁོ་ན་ལག་ལེན་ལ་འདེབས་པའམ་དང་དུ་ལེན་པར་བྱེད་པ་ནི་ཕྱེ་མ་ལེབ་མེ་ལྕེ་ལ་རྒྱུག་པ་བཞིན་ནོ། །དེ་བཞིན་དུ་བསམ་པའི་སྒོ་ནས་མཐོ་རིས་དང་ཐར་བའི་བདེ་བ་ ཐོབ་པར་འདོད་ཀྱང་དེ་སྒྲུབ་པའི་ཐབས་ཀྱི་བླང་དོར་ལ་རྨོངས་ཤིང་གཏི་མུག་པར་གྱུར་པས་སྦྱོར་བའི་སྒོ་ནས་བདེ་བ་འབྱུང་བའི་རྒྱུ་དགེ་བ་སྤངས་ཏེ་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་འབའ་ཞིག་ལག་ལེན་དུ་བསྟར་ནས་རང་གི་བདེ་བ་དགྲ་ལྟར་དུ་འཇོམས་པར་བྱེད་དོ། །འདི་ནི་ བདེ་སྡུག་གི་རྒྱུའི་བླང་དོར་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་སྟེ་བསམ་པ་དང་སྦྱོར་བ་ཕྱིན་ཅི་ལོག་ཏུ་གྱུར་པའམ་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའོ། །འཇུག་སེམས་རྒྱུད་ལྡན་གྱི་རྒྱལ་སྲས་རྣམས་ཀྱིས་བྱམས་བརྩེའི་སྒོ་ནས་གཞན་གྱི་སྡིག་སྡུག་བསལ་ བ་དང་ཕན་བདེ་སྒྲུབ་པ་ལ་འཇུག་པ་ལྟར་སྐྱེ་བོ་ཕལ་བ་རྣམས་ཀྱི་རང་ཉིད་ལའང་བྱམས་སེམས་ཀྱིས་ཕན་བདེ་སྒྲུབ་མི་ནུས་ལ། དེར་མ་ཟད་རང་ཉིད་ཕན་བདེ་མ་ཡིན་པའམ་སྡིག་སྡུག་ལའང་སྦྱོར་བར་བྱེད་དེ། མདོ་སྡེའི་རྒྱན་ལས། ཇི་ལྟར་བརྩེ་བདག་བདེ་
Page: 78 དང་ཕན་ཕྱིར་སྦྱོར། །སེམས་ཅན་གཞན་ལ་བྱམས་འདོད་དེ་ལྟར་ནི། །སྐྱེ་བོ་བདག་ལའང་བྱམས་པར་མི་འདོད་ན། །རབ་སྡུག་སྐྱེ་བོ་གཞན་བརྟེན་སྨོས་ཅི་དགོས། །ཞེས་སོ། །རྒྱུ་མཚན་དེའི་ཕྱིར་བདེ་སྡུག་གི་ཐབས་ལ་རྨོངས་པའི་སེམས་ཅན་གང་ཞིག་ཅེས་ སམ་འགྲེལ་ཆེན་ལྟར་ན་རྒྱུ་མེད་པར་སེམས་ཅན་ལ་བརྩེ་བའི་བྱང་སེམས་གང་ཞིག་བདེ་བའི་རྒྱུ་དགེ་བ་ལ་རྒྱབ་ཀྱིས་ཕྱོགས་ནས་སྤངས་པའི་ཕྱིར་བདེ་བས་ཕོངས་པ་དང༌། སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བ་དུ་མ་སྒྲུབ་པ་ལ་རང་གི་ངང་གིས་མངོན་པར་ཕྱོགས་ནས་ ཞུགས་པའི་ཕྱིར་སྡུག་བསྔལ་བརྒྱ་ཕྲག་མང་པོ་དང་ལྡན་པའི་སེམས་ཅན་དེ་དག་རྣམས་ལས། བདེ་བས་ཕོངས་པ་རྣམས་ལ་བྱམས་པ་ཆེན་པོའི་སྒོ་ནས་མཐོ་རིས་དང་ཐར་བའི་བདེ་བ་ཀུན་གྱིས་ལུས་སེམས་ཚིམ་པར་བྱེད་པ་དང་། སྡུག་བསྔལ་མང་པོ་དང་ལྡན་ པ་རྣམས་ལ་སྙིང་རྗེ་ཆེན་པོའི་སྒོ་ནས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་ཟུག་རྔུ་ཐམས་ཅད་རྒྱུན་གཅོད་པར་བྱེད་ཅིང་། བདེ་སྡུག་གི་རྒྱུའི་བླང་དོར་ལ་རྨོངས་པ་རྣམས་ལ་ཤེས་རབ་ཆེན་པོའི་སྒོ་ནས་འདི་ནི་བྱ་འོས་སོ་འདི་ནི་བྱ་མི་འོས་སོ་ཞེས་པ་ལྟ་བུ་སོགས་ བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པ་ཚུལ་བཞིན་དུ་བསྟན་ནས་དགེ་སྡིག་གི་འདོར་ལེན་ལ་རྨོངས་པའི་གཏི་མུག་ཀྱང་ནི་སེལ་བར་བྱེད་པའི་བྱེད་ལས་ཅན་གྱི་བྱང་ཆུབ་ཀྱི་སེམས་དེ་དང་ཕན་ཡོན་གྱི་སྒོ་ནས་དགེ་བ་མཚུངས་པ་ག་ལ་ཡོད་དེ་མེད་ལ། གནོད་པ་བཟློག་ཅིང་ཕན་བདེ་ སྒྲུབ་པའི་སྒོ་ནས་ཕན་འདོགས་བྱེད་པའི་དེ་འདྲའི་བཤེས་སམ་གྲོགས་ཀྱང་ག་ལ་ཡོད་དེ་མེད་ཅིང་། འཕྲལ་ཡུན་ཀུན་ཏུ་ཡིད་དུ་འོང་པའི་དགའ་བདེ་ཁྱད་པར་ཅན་སྐྱེད་པའི་བསོད་ནམས་དགེ་བའི་ཚོགས་དེ་དང་འདྲ་བའང་ག་ལ་ཡོད་དེ་མེད་པས་ན་བྱང་ཆུབ་ཀྱི་སེམས་དེ་
Page: 79 ༄༅། །སྐྱེད་པ་དང་སྲུང་བ་ལ་ཅི་ནས་ཀྱང་འབད་པར་བྱ་རིགས་སོ། །༈དེ་ལྟར་བྱམས་པ་ཆེན་པོ་ཞེས་སོགས་སྨོས་པའང་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་པའི་བྱམས་པ་དང་སྙིང་རྗེ་སོགས་ལ་གོ་དགོས་ཏེ་འཇུག་པ་སེམས་བསྐྱེད་ཀྱི་ཕན་ ཡོན་འཆད་པའི་སྐབས་ཡིན་གྱི་བྱམས་སོགས་ཀྱི་ཕན་ཡོན་བསྟན་པ་མིན་པས་སོ། །ཡང་ན་བྱམས་པ་དང་སྙིང་རྗེ་སོགས་མི་སྨོས་པར་འཇུག་པ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་བདེ་བས་ཕོངས་པ་རྣམས་བདེ་བས་ཚིམ་པ་དང་སྡུག་བསྔལ་དང་ལྡན་པའི་སྡུག་བསྔལ་སེལ་ བར་བྱེད་པ་དང་རྨོངས་པའི་གཏི་མུག་ཀྱང་སེལ་བར་བྱེད་ཅེས་སྦྱར་ན་ལེགས་སོ། །དེ་ལྟར་འཇུག་སེམས་ནི་སྨོན་སེམས་ལས་ཀྱང་ཕན་ཡོན་ཆེ་མོད། འོན་ཀྱང་འཇུག་པའི་སྡོམ་པ་ནི་སོ་སོ་སྐྱེ་བོ་ལ་མི་སྐྱེའོ་སྙམ་ན། དེ་ལྟ་བུའི་ཞུམ་པ་བསལ་བ་ནི། བསླབ་བཏུས་ལས་ ཅི་སར་མ་ཆུད་པ་ལ་ཡང་བྱང་ཆུབ་སེམས་དཔའི་སྡོམ་པའི་དབང་དུ་བྱ་བ་ཡོད་དམ་མེད་ཅེས་བྱ་ན་ཡོད་པར་བྱ་སྟེ་ཞེས་གསུངས་ནས། དེའི་སྒྲུབ་བྱེད་དུ་ནམ་སྙིང་གི་མདོ་ལས་རྙེད་བཀུར་གྱི་ཕྱིར་རྩ་ལྟུང་འབྱུང་བར་གསུངས་པ་དང་། ས་བཅུ་པའི་མདོར་ས་ དང་པོར་གནས་པ་ལ་རྩ་ལྟུང་མི་འབྱུང་བར་གསུངས་ཕ་སོགས་དྲངས་ནས་བསྒྲུབས་ལ། སོ་སྐྱེ་འགའ་ཞིག་ལ་བྱང་སྡོམ་སྐྱེ་ཡང་རྟེན་དམན་པ་བུད་མེད་ལྟ་བུ་ལ་དེ་མི་སྐྱེ་སྙམ་ན། བྱང་ཆུབ་སེམས་དཔའི་སོ་སོ་ཐར་བ་དྲངས་ནས་དེ་ལའང་དེ་སྐྱེ་བར་བསྟན་ཏོ། །གསུམ་ པ་སེམས་བསྐྱེད་རྒྱུད་༣་གྱི་གང་ཟག་གི་ཆེ་བ་བཤད་པ་ནི། ཕན་བཏགས་ལན་ལྡོན་སོགས་ཏེ། དེ་ལ། བསྔགས་འོས་མཆོག་ཏུ་བསྟན་པ་ནི། སྔར་སྡུག་བསྔལ་ཞིང་ཉམ་ཐག་པའི་སྐབས་ལྟ་བུར་ཕན་བཏགས་པ་ལ་ཕྱིས་འདིས་བདག་ལ་དེའི་ཚེ་ཕན་བཏགས་སོ་
Page: 80 ཞེས་ཕན་ལན་ལྡོན་པ་གང་ཡིན་པ་དེ་ལ་ཡང་འཇིག་རྟེན་ན་འདི་ནི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའི་སྐྱེས་བུ་ཡ་རབས་ཡིན་ནོ་ཞེས་རེ་ཞིག་སྟེ་ཐོག་མར་བསྔགས་པར་འོས་པ་ཡིན་ན། སྔར་ཕན་བཏགས་པ་སོགས་ཀྱི་སྒོ་ནས་དྲིན་ཅི་ཡང་མེད་ཅིང་ཕན་འདོགས་གྱིས་ཤིག་ ཅེས་སུས་ཀྱང་གསོལ་བ་བཏབ་སྟེ་མ་བཅོལ་ཡང་། ཐེག་ཆེན་གྱི་རིགས་དང་ལྡན་པ་རྣམས་ནི་རང་བཞིན་གྱི་སྙིང་རྗེ་ཆེན་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་ཡིན་ཕྱིར་སྙིང་རྗེ་ཆེན་པོ་ནས་ཡིད་དབང་མེད་དུ་དྲངས་ནས་ལན་དང་རྣམ་སྨིན་སོགས་གང་ལའང་ལྟོས་པ་ མེད་པ་སེམས་ཅན་ཐམས་ཅད་ལ་ཉེ་རིང་མཉམ་པ་ཉིད་དུ་བལྟས་ནས་ལེགས་པར་ཕན་འདོགས་ཤིང་བདེ་དགེ་འབའ་ཞིག་ལ་སྦྱོར་བར་བྱེད་པ་ཡི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་དག་ནི་འགྲོ་བ་ལྷ་དང་མིར་བཅས་པ་ཐམས་ཅད་ཀྱིས་ཆེས་ཆེར་བསྔགས་འོས་ཡིན་པ་ སྨོས་ཅི་དགོས་ཞེས་པའོ། །དེ་ལྟར་བསྔགས་འོས་པར་མ་ཟད་ཕྱག་མཆོད་སོགས་ཀྱང་བྱ་འོས་སོ་ཞེས་ཀྱང་བཤད་དོ། ། སྦྱིན་བདག་མཆོག་ཏུ་བསྟན་པ་ནི། ཡུལ་དམན་པ་འགྲོ་བ་ཉུང་ཟད་དེ་བརྒྱ་ཕྲག་སོགས་གྲངས་དང་ཚད་དུ་བཅད་པ་འགའ་ཞིག་ལ། སྦྱིན་རྒྱུའི་ རྫས་དམན་པ་ལོ་ཟླ་དུས་ཚིགས་སོགས་ཀྱི་སྐབས་ནར་མའི་སྟེ་རྒྱུན་པར་ལོངས་སྤྱོད་རྒྱུའི་ཁ་ཟས་ཕལ་བ་ཙམ་སྦྱོར་ཞིང་སྟེར་བ་དང་། དུས་དམན་པ་དུས་ཐམས་ཅད་དུ་མ་ཡིན་པར་སྐད་ཅིག་སྟེ་ཡུན་ཐུང་ངུ་ཙམ་ཞིག་ལ། ཡོ་བྱད་དམན་པ་གོས་རིན་སོགས་ཀྱི་ཡོན་འབུལ་གྱ་ནོམ་ པ་ཅི་ཡང་མེད་པར་ཟས་གཅིག་པུ་ཙམ་སྦྱིན་པར་བྱེད་པ་དང་སྦྱོར་བ་དམན་པ་གུས་པ་དང་དུ་བབཀུར་སྟི་ལྟ་བུ་ཅི་ཡང་མེད་པར་བརྡུང་བརྡེག་སོགས་བཙན་ཐབས་ཀྱི་སྒོ་ནས་གྲལ་གྱི་ནང་དུ་འདུག་ཏུ་བཅུག་ནས་བརྙས་ཤིང་མཐོ་འཚམས་པར་བྱེད་པ་དང་བཅས་པས། ཕན་
Page: 81 ༄༅། །འདོགས་ཆུང་ཞིང་དམན་པ་ཉིན་ཕྱེད་ཙམ་འགྲངས་པར་བྱེད་པའི་སྦྱིན་བདག་ལྟ་བུ་ལ་ཡང་འདི་ནི་དགེ་བ་ཆེན་པོ་བྱེད་པ་ཡིན་ནོ་ཞེས་འཇིག་རྟེན་ན་སྐྱེ་བོ་དུ་མས་བསྟོད་ཅིང་བཀུར་བར་འོས་པ་ཡིན་ན། ཡུལ་སྤྱི་ཆེ་བ་སེམས་ཅན་གྲངས་དང་ཚད་འདི་ཙམ་ ཞེས་བཟུང་དུ་མེད་པའི་མཐའ་ཡས་པ་རྣམས་ལ། དུས་ཚད་ཆད་པ་མེད་པ་ཡུན་རིང་པོ་སྲིད་པ་ཇི་སྲིད་ཀྱི་བར་དུ། སྦྱིན་བྱའི་དངོས་པོ་ཁྱད་པར་ཅན་བདེ་བར་གཤེགས་ཀྱི་ཟག་པ་མེད་པའི་བདེ་བ་བླ་ན་མེད་པ་སྟེར་ཞིང༌། ཕན་འདོགས་ཁྱད་པར་ཅན་རང་རང་གི་ཡིད་ལ་གང་ བསམ་ཞིང་མངོན་པར་འདོད་པའི་དོན་མཐའ་དག་རྫོགས་པར་བྱེད་པ། བསམ་སྦྱོར་ཁྱད་པར་ཅན་རྟག་ཏུ་བརྩེ་ཞིང་གུས་ལ་སྙན་པར་སྨྲ་བ་དང་བཅས་པས་སྦྱིན་པར་བྱེད་པའི་སྦྱིན་བདག་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་བསྟོད་ཅིང་བཀུར་འོས་ཡིན་པ་ལྟ་ཞིག་སྨོས་ཅི་ དགོས་ཞེས་པའོ། ། གོང་གི་བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཅེས་པའི་དོད་དུ། རྒྱ་དཔེར། མཁའ་དང་སྐྱེ་བོ་ཡོངས་ཟད་མི་ཟད་པར། །ཞེས་ཡོད་དེ། ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་སྐྱེ་བོ་ལའང་མཐའ་མེད་ལ། ནམ་མཁའི་ཁམས་དང་སྐྱེ་ བོ་ཐམས་ཅད་ཡོངས་སུ་ཟད་ཀྱི་བར་དུ་སྦྱིན་བྱའི་དངོས་པོའང་མི་ཟད་པར་སྦྱིན་པར་བྱེད་དོ་ཞེས་པའོ། །སྦྱིན་བདག་ཆེན་པོ་ཞེས་པའི་དོན་ནི་སྲེད་མེད་ཀྱི་བུས་ཞུས་པ་ལས། དངོས་པོ་སྦྱིན་པར་བྱ་བ་གང་ལ་དེ་གཏོང་བའི་སེམས་མི་སྐྱེ་བ་དང༌། ཞེས་པ་ནས། བདག་གི་ལུས་ འདི་ཡང་སེམས་ཅན་ཐམས་ཅད་ལ་སྦྱིན་ཞིང་ཡོངས་སུ་གཏོང་ན་ཕྱི་རོལ་གྱི་དངོས་པོ་རྣམས་ལྟ་ཅི་སྨོས་ཀྱི་སེམས་ཅན་གང་དང་གང་ལ་ཅི་དང་ཅི་དགོས་པར་འགྱུར་བ་དེ་དང་དེ་དག་སྦྱིན་ནོ་ཞེས་སོགས་དང༌། ཡང་ན་རང་གི་ལག་པ་ནས་མགོ་སོགས་ཀྱི་བར་གཏོང་ན་ཕྱི་
Page: 82 རོལ་གྱི་ནོར་དང་འབྲུ་དང་ས་ལེ་སྦྲམ་དང་བདངུལ་སོགས་མང་དུ་སྨོས་ནས་དེ་དག་ལྟ་ཅི་སྨོས་ཞེས་རྒྱས་པར་གསུངས་པ་ལྟར་ཡིན་ལ། ཆོས་ཡང་དག་པར་སྡུད་པར་ཡང་། སྦྱིན་པ་གང་སེམས་ཅན་རྣམས་ལ་གནོད་པ་དང་ཕོངས་པར་འགྱུར་བ་དེ་མ་གཏོགས་པར་བྱང་ཆུབ་སེམས་ དཔའ་དག་སེམས་ཅན་རྣམས་ལ་མི་སྦྱིན་པ་གང་ཡང་མེད་པ་འདི་ནི་བྱངལཆུབ་སེམས་དཔའ་རྣམས་ཀྱི་གཏོང་བ་ཞེས་བྱའོ། །ཞེས་དང༌། མདོ་རྒྱན་ལས་ཀྱང༌། བྱང་ཆུབ་སེམས་དཔའི་ལུས་དང་ལོངས་སྤྱོད་དག །གཞན་ལ་མི་སྦྱིན་པ་ནི་ཡོང་མེད་དོ། །ཕན་འདོགས་ རྣམ་པ་གཉིས་ཀྱིས་གཞན་སྨིན་བྱེད། །མཉམ་པར་སྦྱིན་པའི་ཡོན་ཏན་ངོམས་མི་འགྱུར། །ཞེས་གསུངས་ཏེ། མཉམ་པར་སྦྱིན་ཞེས་པ་ནི། ལྷག་བསམ་བསྐུལ་བར། ང་ནི་ཡོན་གནས་འདམ་པ་ལ་གཏོང་བ་ཕུན་སུམ་ཚོགས་པ་ཞེས་མི་སྨྲའོ་ཞེས་པ་ལྟར་ཏེ་ཡུལ་དུས་མི་ འདམ་པར་མཉམ་པར་སྦྱིན་པའོ། །ཕན་གནོད་ཀྱི་ཞིང་གི་མཆོག་ཏུ་བསྟན་པ་ནི། སེམས་ཅན་བླུན་པོ་གང་ཞིག་སྨོས་མ་ཐག་པའི་ཡོན་ཏན་དང་ལྡན་པ་དེ་འདྲའི་རྒྱལ་སྲས་ཕན་བདེའི་དངོས་པོ་མཐའ་དག་སྦྱིན་པར་བྱེད་པའི་སྦྱིན་བདག་ཆེན་པོ་བླ་ན་མེད་པ་ལ་སྡིག་ཏོའི་བསམ་ པ་དང་བཅས་པས་དངོས་སུ་ལུས་ངག་གིས་གནོད་པ་བྱེད་པ་ལྟ་ཞོག་གལ་ཏེ་ཁོང་ཁྲོ་སོགས་ཀྱིས་བསླངས་ཏེ་སྐུར་བ་འདེབས་འདོད་དང་གནོད་པ་བྱེད་འདོད་ཀྱི་ངན་སེམས་ཙམ་སྐྱེད་པར་བྱེད་པ་དེ་ནི་སྡིག་པ་ཚབས་པོ་ཆེ་ཡིན་ཏེ། ངན་སེམས་བསྐྱེད་པའི་སྐད་ཅིག་གི་གྲངས་ཇི་ སྙེད་ཡོད་པ་དེའི་གྲངས་ཇི་ལྟ་བ་བཞིན་གྱི་བསྐལ་བར་ནི་གང་བདག་ཉིད་ངན་པ་དེ་མནར་མེད་པ་སོགས་ཀྱི་དམྱལ་བ་སྡུག་བསྔལ་ཆེན་པོ་མི་བཟད་པ་མྱོང་ཞིང་གནས་པར་འགྱུར་རོ་ཞེས་ཐུབ་པ་ཆེན་པོས་གསུངས་ཏེ། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས།
Page: 83 ༄༅། །འཇམ་དཔལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའམ་བརྙས་པའི་སེམས་བསྐྱེད་ན་དེ་སྙེད་ཀྱི་སེམས་ཅན་དམྱལ་བར་གནས་པར་གོ་ཆ་བགོ་བར་བྱའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ལ་སྐུར་བ་བཏབ་པ་མ་ གཏོགས་པ་བྱང་ཆུབ་སེམས་དཔའ་ལས་གཞན་གང་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་རྡོ་རྗེ་ནི་རྡོ་རྗེ་ཉིད་མ་གཏོགས་པ་ཤིང་ངམ་བོང་བའམ་དབྱུག་པའམ་རྡོ་བའམ་མཚོན་ཆས་བཅག་པར་མི་ནུས་སོ། ། འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའ་ལ་སྐུར་བ་བཏབ་པ་མ་གཏོགས་པར་ལས་གཞན་གྱིས་ལོག་པར་ལྟུང་བར་བྱེད་མི་ནུས་སོ་ཞེས་གསུངས། འོ་ན་འཇིག་རྟེན་གསུམ་ན་དེ་ལས་ལྷག་པ་མེད་པའི་དེ་བཞིན་གཤེགས་པ་ལ་ངན་ སེམས་ཀྱིས་ཁྲག་ཕྱུང་བའི་སེམས་ཀྱི་སྐད་ཅིག་གི་གྲངས་དང་མཉམ་པའི་བསྐལ་བར་མནར་མེད་དུ་གནས་དགོས་པར་མ་བཤད་པས་འདིར་དེ་ཙམ་ཉེས་པ་ཆེ་བ་ཅི་ཡིན་ཞེ་ན། སངས་རྒྱས་ནི་བྱམས་པ་བསྒོམ་པ་རྫོགས་པས་དེ་ལ་སུས་ཀྱང་མཚོན་གྱིས་བསྣུན་པ་སོགས་ ཀྱིས་གནོད་མི་ནུས་པས་གནོད་པར་བསྟན་པ་ནི་དྲང་དོན་ཡིན་པར་འགྲེལ་ཆེན་དུ་གསུངས་ལ། བྱང་སེམས་ལ་གནོད་པ་བྱས་པ་ནི་སངས་རྒྱས་རྒྱུ་དང་བཅས་པ་དང་ལྷར་བཅས་འཇིག་རྟེན་གྱི་ཕན་བདེའི་རྒྱུ་བཅོམ་པས་ཉེས་པ་དེ་བས་ཀྱང་ཆེ་སྟེ། དད་པའི་སྟོབས་བསྐྱེད་པ་ལ་ འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཁྲོས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བཙོན་ར་མུན་ནག་ཏུ་བཅུག་པ་བས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་
Page: 84 ཁྲོས་ཏེ་བྱང་ཆུབ་སེ་མས་དཔའ་ལ་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ནས་མ་རུངས་པ་འདི་ལ་མི་བལྟའོ་ཞེས་ཟེར་ན་འདི་ནི་དེ་བས་སྡིག་པ་ཆེས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ ཀྱི་བདོག་པ་ཐམས་ཅད་ཕྲོགས་པ་བས་གཞན་གང་གིས་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ཡང་རུང་བ་ལ་སྨད་ན་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ། །ཞེས་དང་། ཡང་། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་གངྒཱའི་ཀླུང་གི་བྱེ་མ་སྙེད་ ཀྱི་མཆོད་རྟེན་བཤིག་པའམ་བསྲེགས་ལ། ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གནོད་སེམས་དང་ཐ་བ་དང་ཁོང་ཁྲོ་བའི་སེམས་བསྐྱེད་དེ་སྨྱོས་ཏེ་བརྒྱད་ན་ནི་དེ་བས་ཆེས་གྲངས་མེད་ པའི་སྡིག་པ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །སངས་རྒྱས་ལས་བྱུང་བ་ནི་མཆོད་རྟེན་དང་བདེ་བའི་ཡོ་བྱད་ཐམས་ཅད་དང་ལྷའི་རིགས་ཐམས་ཅད་དོ། །བྱང་ཆུབ་སེམས་དཔའ་ལ་དམ་པ་ མ་ཡིན་པར་བྱས་ན་སངས་རྒྱས་ཐམས་ཅད་ལ་དམ་པ་མ་ཡིན་པ་བྱས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ལ་དམ་པར་བྱས་ན་སངས་རྒྱས་ཐམས་ཅད་ལ་དམ་པར་བྱས་པར་འགྱུར་རོ་ཞེས་སོགས་གསུངས་སོ། །དེ་ལྟར་ཡུལ་ཁྱད་པར་ཅན་བྱང་སེམས་ལ་གནོད་པའི་ སེམས་དང་དེས་བསླངས་པའི་གནོད་པ་ཅུང་ཟད་ཙམ་བྱས་པའང་སངས་རྒྱས་ཀྱི་རྒྱུ་ལ་གནོད་པ་བྱས་པ་ཡིན་པས་སྡིག་པའི་ནང་ནས་ཆེས་ལྕི་བ་ཕུལ་དུ་བྱུང་བ་ཡིན་པར་གསུང་རབ་དགོངས་འགྲེལ་དང་བཅས་པ་དུ་མ་ལས་གསུངས་པར་བཤད་དོ། །དེ་ནི་སྡིག་པའི་ཞིང་ངམ་
Page: 85 ༄༅། །གནོད་པའི་ཞིང་གི་མཆོག་ཏུ་བསྟན་པའོ། །ངན་སེམས་ཀྱི་འབྲས་བུ་དེ་ལྟར་ཡིན་ན་གང་ཟག་གང་ཞིག་བྱང་སེམས་ལ་སེམས་དང་བ་སྐྱེད་པ་དེ་ལ་བསོད་ནམས་ཀྱི་འབྲས་བུ་ཇི་ཙམ་འབྱུང་ཞེ་ན། འོན་ཏེ་ཞེས་ཚིག་སྔ་མ་ལས་དམིགས་ཀྱིས་བསལ་ བ་སྟེ། སྐྱེས་བུ་བློ་ལྡན་གང་ཞིག་བྱང་ཆུབ་སེམས་དཔའ་ལ་ཡིད་རབ་ཏུ་དང་བའི་སྒོ་ནས་དད་པ་སྐྱེད་པར་བྱེད་ན། དད་པ་དེ་ཡི་འབྲས་བུ་ནི་གོང་དུ་བཤད་པའི་ངན་སེམས་ཀྱི་འབྲས་བུ་དེ་བས་ཀྱང་ཆེས་ལྷག་པར་འཕེལ་བ་སྐྱེ་སྟེ་དད་པའི་སེམས་ཀྱི་སྐད་ཅིག་ཇི་སྙེད་ཡོད་པ་དེ་ བས་ཆེས་གྲངས་མེད་པའི་བསྐལ་བར་འབྲས་བུ་ཁྱད་པར་ཅན་མྱོང་བར་འགྱུར་ཏེ། ངེས་པ་དང་མ་ངེས་པར་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་གལ་ཏེ་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་ཕྱོགས་བཅུའི་འཇིག་རྟེན་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ ཀྱི་མིག་ཕྱུང་བར་གྱུར་ལ་ཡང་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས་སེམས་ཅན་དེ་དག་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དེ་དག་གི་མིག་བསྐྱེད་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་གིས་ཐེག་པ་ ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་ཀྱིས་ལྟ་ན་འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱིབུ་མོ་གང་ལ་ལས་ཕྱོགས་བཅུའི་སེམས་ཅན་བཙོན་རར་བཅུག་པ་ཐམས་ཅད་བཙོན་ར་ནས་བཏོན་ཏེ་ འཁོར་ལོས་སྒྱུར་བའི་བདེ་བའམ་ཚངས་པ་ཉིད་ཀྱི་བདེ་བ་ལ་བཀོད་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་། གིས་ཐེག་པ་ཆེན་པོ་ལ་མོས་པ་ལ་དང་བའི་སེམས་ཀྱིས་ལྟ་འདོད་པར་གྱུར་ཅིང་དེའི་བསྔགས་པ་ཡང་བརྗོད་ན་འདི་ནི་དེ་བས་ཆེས་བསོད་
Page: 86 ནམས་གྲངས་མེད་པ་སྐྱེད་དོ། །ཞེས་སོ། དེ་བཞིན་དུ་རབ་ཞི་རྣམས་ངེས་དང་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་སོགས་ལས་ཀྱང་རྒྱས་པར་གསུངས་སོ། །འདི་ནི་དགེ་བའི་ཞིང་ངམ་བསོད་ནམས་ཀྱི་ཞིང་མཆོག་ཏུ་བསྟན་པའོ། །དེའང་ངན་སེམས་ བསྐྱེད་པའི་ཉེས་དམིགས་བསྟན་པའི་སྒོ་ནས་དེ་སྤོང་དུ་གཞུག་པར་བྱ་བའི་ཕྱིར་སྔ་མ་བསྟན་ལ༑སེམས་དང་བའི་ཕན་ཡོན་བསྟན་པའི་སྒོ་ནས་དད་པ་སྐྱེད་དུ་གཞུག་པར་བྱ་བའི་ཕྱིར་ཕྱི་མ་བསྟན་པ་ཡིན་ནོ། །གང་ལ་ཕན་གནོད་བྱ་བའི་ཡུལ་གྱི་བྱང་སེམས་འདི་སྐྱེ་འཕགས་ གང་གི་དབང་དུ་བྱས་པ་ཡིན་ཞེ་ན། བྱང་སེམས་སོ་སྐྱེའི་དབང་དུ་བྱས་པ་ཡིན་པར་བསླབ་བཏུས་སུ་གསུངས་ལ། དེར་མ་ཟད་ཐེག་པ་ཆེན་པོའི་རིགས་ལ་གནས་པ་སེམས་མ་བསྐྱེད་པའི་བྱང་ཆུབ་ཀྱི་སྐལ་བ་ཅན་ལའང་བརྙས་པ་སོགས་བསྲུང་དགོས་པར་ཡང་དེ་ཉིད་ ལས་གསུངས་ལ། དེ་བཞིན་དུ་བྱང་སེམས་ཀྱིས་བྱང་སེམས་གཞན་ལ་བརྙས་པ་སོགས་བསྲུང་དགོས་པར། ལས་སྒྲིབ་རྣམ་པར་དག་པའི་མདོ་ལས་སྒྲིབ་པའི་སྒྲ་ནི་གནོད་པར་གསུངས་ཏེ། འཇམ་དཔལ་སྒྲིབ་པ་ཞེས་བྱ་བ་ནི་འདོད་ཆགས་སྒྲིབ་པ་ཞེ་སྡང་སྒྲིབ་ པ་གཏི་མུག་སྒྲིབ་པ་སྦྱིན་པ་སྒྲིབ་པ་ཚུལ་ཁྲིམས་སྒྲིབ་པ་ཞེས་སོགས་དང༌། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ལ་ལྟུང་བ་གླེང་ན་བྱང་ཆུབ་དང་རིང་བར་འགྱུར་རོ་ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་འཛིན་ཏོ། །ཕྲག་དོག་ གིས་གླེང་ན་བྱང་ཆུབ་དང་རིང་བར་འགྱུར་རོ་སྤྱོད་ལམ་གྱིས་གླེང་ན་བྱང་ཆུབ་དང་རིང་བར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་དམན་པའི་འདུ་ཤེས་དང་བདག་ལ་རྒྱ་ཆེ་བའི་འདུ་ཤེས་བསྐྱེད་པ་བདག་སྨྲས་པ་དང་ལས་ཀྱི་སྒྲིབ་པ་
Page: 87 ༄༅། །འཛིན་ཏོ། །ཞེས་སོགས་གསུངས་སོ། །དེ་ལྟ་བུའི་ཡུལ་ཁྱད་པར་ཅན་ལ་ལོག་པར་སྒྲུབ་པའི་གནོད་ཀའགྱུར་སྤོང་སླ་བའི་ཐབས་མཆོག་ཏུ་གྱུར་པ་ནི་སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་འཇོག་པ་འདི་ཡིན་ཏེ། འོད་སྲུང་གིས་ཞུས་པ་ ལས། བཅོམ་ལྡན་འདས་བདག་དེང་སླན་ཆད་སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། །སེམས་ཅན་གང་ལ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པའི་དབང་པོ་རྣམས་མཆིས་པ་དང་གང་ལ་མཆིས་པ་འཚལ་བར་འཇུག་པ་དེ་ བདག་ཅག་ལ་མ་མཆིས་པའི་སླད་དུ་སྟེ་ཞེས་སོགས་གསོལ་བ་ལ། བཅོམ་ལྡན་འདས་ཀྱིས། འོད་སྲུང་ལེགས་སོ་ལེགས་སོ་ཚིག་འདི་ནི་ལེགས་པར་སྨྲས་པའོ། །འོད་སྲུང་ངས་དོན་གྱི་དབང་འདི་མཐོང་ནས་དགེ་སློང་དག་ངའམ་ང་དང་འདྲབས་གང་ཟག་གི་དྲོད་གཟུང་ གིགང་ཟག་གིས་གང་ཟག་ལ་དྲོད་མི་གཟུང་ངོ༌། །དགེ་སློང་དག་གང་ཟག་ལ་དྲོད་གཟུང་ན་སྨྲས་པར་འགྱུར་བར་ཤེས་པར་གྱིས་ཤིག་ཅེས་ཁྱོད་ལ་དེ་ལྟ་བུའི་ཆོས་བསྟན་ཏེ་ཞེས་སོགས་གསུངས་ལ། རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་ལས། གལ་ཏེ་བྱང་ཆུབ་ སེམས་དཔས་བྱང་ཆུབ་སེམས་དཔའ་མཐོང་ནས་མཆོད་རྟེན་གྱི་འདུ་ཤེས་སམ་དེ་བཞིན་གཤེགས་པའི་འདུ་ཤེས་བསྐྱེད་པ་མ་གཏོགས་པ་འདུ་ཤེས་གཞན་བསྐྱེད་པར་མི་བྱའོ། །གཞན་དུ་གྱུར་ན་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་རྨ་བྱུང་བར་འགྱུར་རོ། །དེ་ལ་ དགོངས་ཏེ་དེ་བཞིན་གཤེགས་པ་མི་འཁྲུགས་པས་ཐུགས་དམ་བཞེས་པ། གལ་ཏེ་བདག་གིས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་མཐོང་སྟེ་སངས་རྒྱས་ཀྱི་འདུ་ཤེས་མ་བསྐྱེད་ན་ངས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་ན་གང་དག་བཞུགས་པའི་
Page: 88 སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བསླུས་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ་ཞེས་སོ། །ཐམས་ཅད་ལ་སྟོན་པའི་འདུ་ཤེས་འཇོག་དགོས་པའི་རྒྱུ་མཚན་གཞན་ཡང་བསླབ་བཏུས་ལས། གང་ལ་ངེས་པར་བྱང་ཆུབ་འཐོབ་པའི་མཚན་མ་ཡོད་པ་དེ་ལ་བརྙས་ པ་ཤིན་ཏུ་བསྲུང་བར་བྱ་སྟེ་ཞེས་བ། སུངས་ལ། བྱང་ཆུབ་ཐོབ་པའི་མཚན་མ་གང་ཡིན་ན། །ས་དང་སོ་ཕག་ལས་ནི་རྩིགས་པ་ཡི། །རྒྱལ་བའི་མཚོད་རྟེན་དགའ་བཞིན་བྱས་པ་དང༌། །དེའི་ཕྱིར་ས་རྡུལ་ཕུང་བོ་དག་ལས་ཀྱང༌། །མྱ་ངམ་དགོན་པ་དག་ཏུ་བྱས་པ་ དང༌། །བྱིས་པའི་རྩེ་མོར་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེའི་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོར་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དམ་ཆོས་པད་དཀར་ལས་གསུངས་པ་དེ་ལྟ་བུ་ཡིན་པར་གསུངས་པ། ཡང་ བསླབ་བཏུས་སུ། བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་སེམས་ཅན་བྱང་ཆུབ་ཀྱི་སྐལ་བ་ཅན་ལའང་བརྙས་པ་བཀག་ན་སེམས་བསྐྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་མཚམས་སྦྱར་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ཟླ་དྲངས་ནས་དུད་འགྲོ་སོགས་འགྲོ་བ་ལྔར་སྐྱེས་ པའི་སེམས་ཅན་དབང་རྣོན་ཐེག་ཆེན་ལ་མོས་པ་ཡིན་ན་དེ་ལ་དེ་བཞིན་གཤེགས་པས་བསྐལ་བ་འདི་སྙེད་ཅིག་ན་འཚང་རྒྱ་བར་འགྱུར་ཞེས་བསྟན་པ་དེ་ནི་སེམས་མ་བསྐྱེད་པ་ལུང་བསྟན་པ་ཡིན་པར་གསུངས་པས་དེ་ལྟ་བུ་ལའང་སྐྱོན་བརྗོད་པ་དང་བརྙས་པ་སོགས་མི་བྱ་ཞེས་ སོ། །གནོད་འགྱུར་གྱི་ལས་དེ་དག་འགོག་བྱེད་ཀྱི་ཐབས་གཞན་དམ་བཅའ་བཅུ་གསུམ་བྱ་བ་ལྷག་བསམ་བསྐུལ་བའི་མདོ་ལས་གསུངས་པ་དང༌། གཞན་གྱི་འཁྲུལ་བ་ལ་མི་རྟོག་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས་གསུངས་པ་དང༌། སྨོན་ལམ་གདབ་
Page: 89 ༄༅། །པ་སའི་སྙིང་པོའི་མདོ་ལས་གསུངས་པ་རྣམས་བསླབ་བཏུས་ཉིད་དུ་དྲངས་པ་ལས་ཤེས་པར་བྱ་བ་གལ་ཆེའོ། །གཞན་ཡང་རྒྱལ་སྲས་སེམས་དཔའ་ཆེན་པོ་རྣམས་ལ་གནོད་པ་དང་སྡུག་བསྔལ་སོགས་སྲོག་ལ་འབབ་པ་ལྟ་བུ་བཟོད་དཀའ་བའི་དོ་ གལ་ཆེན་པོའམ་འགལ་རྐྱེན་གྱི་རྣམ་པ་ཆེན་པོ་བྱུང་བས་ཀྱང་ཁོང་ཁྲོ་བ་སོགས་ཀྱི་སྡིག་པའི་བསམ་པ་མི་འབྱུང་ཞིང༌། དེར་མ་ཟད་རྐྱེན་ངན་གྱི་རྣམ་པ་དེའི་སྟོབས་ཀྱི་སླར་ཡང་བཟོད་པའི་སྟོབས་ལ་སོགས་པའི་དགེ་བ་རྣམས་ངང་གི་ངང་གིས་གོང་འཕེལ་དུ་འབྱུང་བར་འགྱུར་ ཏེ། ཞེས་པའམ་ཡང་ན་རྒྱལ་སྲས་རྣམས་ལ་གཞན་འགའ་ཞིག་གིས་དོ་གལ་ཆེན་པོའམ་འབད་རྩོལ་ཆེན་པོས་བྱང་ཆུབ་སྤྱོད་པའི་བར་ཆད་བྱས་ཀྱང་དེ་ལ་ཕར་གནོད་ལན་བྱེད་པ་སོགས་ཀྱི་སྡིག་པ་མི་འབྱུང་ཞིང་བཟོད་པའི་སྟོབས་དང་བྱམས་སྙིང་རྗེ་ལ་སོགས་པའི་དགེ་བ་ ངང་གིས་འཕེལ་ཞེས་སྦྱར་རོ། །དེ་ལྟར་ཕར་ཕྱིན་བསྡུས་པར། གནོད་པའི་རྣམ་པ་མི་བཟད་མང་པོས་ཀྱང་། སྐྱེས་མཆོག་དེ་དག་ཡིད་ནི་འགྱུར་བ་མེད། བཟོད་པའི་སྟོབས་ཀྱི་ཤིན་ཏུ་བརྟན་པས་ན། བྱང་ཆུབ་མཆོག་སྒྲུབ་མོས་པ་མང་བར་འགྱུར། །ཞེས་སོ། །བྱང་ སེམས་ལ་གནོད་པའི་རྐྱེན་ཅི་བྱུང་ཡང་རང་རྒྱུད་ལ་ཞེ་སྡང་སོགས་ཀྱི་སྡིག་པ་མི་འབྱུང་ཞིང་བཟོད་པ་སོགས་ཀྱི་དགེ་བ་འབྱུང་བའི་ཚུལ་དཔེར་བརྗོད་ན། དྲང་སྲོང་བཟོད་པར་སྨྲ་བ་དང་ཚོང་དཔོན་སྦྱིན་པ་ལ་དཔའ་བ་དང་ཟིལ་གྱིས་མི་གནོན་པ་དག་ལ་གནོད་པ་དང་འགལ་རྐྱེན་གྱི་རྣམ་ པ་ཆེན་པོ་བཟོད་དཀའ་བ་ལྟ་བུ་བྱུང་བ་ནའང་ཁོང་ཁྲོའི་སེམས་དང་སེམས་ཞུམ་ནས་སྦྱིན་པ་ལས་སླར་ལྡོག་པ་དང་སེར་སྣ་ལྟ་བུའི་སེམས་མི་འབྱུང་བར་མ་ཟད་རྐྱེན་དེ་དག་ལ་བརྟེན་ནས་སླར་བཟོད་པ་དང་གཏོང་སེམས་ཀྱི་བསམ་པ་དགེ་བ་གོང་འཕེལ་དུ་གྱུར་པ་བཞིན་ཏེ་དེས་ན་དེ་ལྟ་
Page: 90 བུའོ་ཞེས་ཤེས་པར་བྱའོ། །འགྲེལ་ཆེན་ལྟར་ན། རྒྱལ་སྲས་རྣམས་ལ་དོ་གལ་སྟེ་ཚེགས་ཆེན་པོས་ཀྱང་སྡིག་པ་མི་འབྱུང་སྟེ་དེ་ལ་གནོད་པ་བྱར་མི་ནུས་ཤིང་དེ་སྒོ་གསུམ་གྱི་སྤྱོད་པ་དག་པས་གཞན་དད་པར་བྱ་བའི་ཕྱིར་དང་བསྡུ་བ་བཞིའི་སྒོ་ནས་སེམས་ཅན་ལ་ཕན་བདེའི་ ལས་བྱེད་ཅིང་གཞན་མགུ་བའི་ཐབས་ལ་བརྩོན་པས་གཞན་རྒྱུད་ལ་དགའ་ཞིང་དད་པའི་དགེ་བ་ངང་གིས་འཕེལ་ཞེས་བཤད་དེ་གདུལ་བྱ་གཞན་གྱི་རྒྱུད་ལ་སྡིག་པ་མི་འབྱུང་ཞིང་དགེ་བ་འཕེལ་བའི་དོན་ནོ། །འདིས་གནོད་པ་དང་སྡུག་བསྔལ་གྱིས་བརྗེ་མི་ནུས་པར་བསྟན་ནོ། ། རྒྱུ་མཚན་དེ་དག་གི་ཕྱིར་ན་གང་ཟག་གང་ལ་སེམས་བསྐྱེད་ཀྱི་དམ་པ་ཕོངས་པ་མ་ལུས་པ་སེལ་ཞིང་དགོས་འདོད་ཐམས་ཅད་སྟེར་བས་ཡིད་བཞིན་གྱི་ནོར་བུ་རིན་ཐང་ཤིན་ཏུ་ཆེན་པོ་ཅན་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ཉིད་སྐྱེས་པའི་སྐྱེས་བུ་དམ་པ་དེ་ཡི་སྐུ་ལ་བདག་གིས་སྒོ་ གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང༌། མཆོག་ཏུ་དགེ་བའི་ཐུགས་མངའ་བའི་བྱང་སེམས་གང་ལ་ཕན་པ་བྱས་ན་བདེ་བ་འབྱུང་བར་མ་ཟད་གནོད་པ་བྱས་ཀྱང་གནོད་ལན་མི་བྱེད་པར་གནོད་བྱེད་དེ་ཉིད་སྙིང་རྗེ་ཆེན་པོས་རྗེས་སུ་བཟུང་བའི་ཟསམཐུ་དང༌། འོག་ཏུ་འཆད་ འགྱུར་ལྟར་གྱི་སྨོན་ལམ་གྱི་སྟོབས་ལས་མཐར་ཞི་བའི་བདེ་བ་དམ་པ་དང་རྗེས་སུ་འབྲེལ་བའི་ཕྱིར་ན། རིན་པོ་ཆེ་དོན་དུ་གཉེར་བ་རྣམས་ཀྱིས་དེའི་འབྱུང་ཁུངས་ལ་བསྟེན་པ་བཞིན་དུ་འགྲོ་བ་ཀུན་གྱི་བདེ་བའི་འབྱུང་གནས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཡང་ བདེ་བ་དོན་དུ་གཉེར་བའི་སྐྱེ་བོ་ཀུན་གྱི་བསྟེན་པར་བྱ་རིགས་པས་ན་བདག་ཀྱང་སྐྱབས་སུ་མཆིའོ་ཞེས་པ་སྟེ། །དེ་ལྟའི་བྱང་སེམས་རྣམས་ལ་སློབ་དཔོན་ཞི་བའི་ལྷ་རང་ཉིད་ཡིད་རབ་ཏུ་དང་བས་ཕྱག་འཚལ་ཞིང་༌སྐྱབས་འགྲོ་མཛད་པ་ཡིན་ནོ། །དེས་ན་བྱང་སེམས་
Page: 91 ༄༅། །རྣམས་ནི་ཕྱག་འོས་མཆོག་དང་སྐྱབས་འགྲོའི་ཡུལ་མཆོག་ཏུ་ཤེས་པར་བྱའོ། །ཕྱག་འོས་ཡིན་པར་ནི། དཀོན་བརྩེགས་ཀྱི་ལུང་སྔར་དྲངས་པ་དང༌། ལྷག་བསམ་བསྐུལ་བ་སོགས་ལས་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ ཐམས་ཅད་ལ་ཕྱག་བྱར་དགོས་པར་གསུངས་པ་ལྟར་རོ། །འོ་ན་བྱང་སེམས་གསར་བུ་པ་དག་ཚུར་ཕྱག་བྱེད་ན་ཇི་ལྟར་བྱ་ཞེ་ན། ཕ་རོལ་གྱིས་རང་ལ་ཕྱག་འཚལ་ཚེ་གསར་བུ་ཡིན་ཡང་སྟོན་པའི་འདུ་ཤེས་འཇོག་དགོས་པའི་ཕྱིར་དང་། བྱང་ཆུབ་སེམས་ཀྱི་སྟོབས་ བསྐྱེད་པ་ཡིན་པས་ཕྱག་འཚལ་བའི་འོས་ཡིན་ཕྱིར་ཕྱག་བྱ་དགོས་ལ། ལུས་ཀྱིས་ཕྱག་བྱས་ན་གཞན་མི་དད་པར་འགྱུར་ན་ཡིད་ཀྱིས་ཕྱག་བྱའོ། །དེ་ནི་དཔེར་ན་དྲ་བྱི་ལ་སྤྲིན་བྱང་སེམས་རྒན་པ་ཡིན་ཡང་གསར་བུ་པ་འཕགས་པ་ནོར་བཟང་ལ་ལུས་ཐམས་ཅད་ཀྱིས་ གཏུགས་ནས་ཕྱག་བྱས་པ་ལྟ་བུ་ཡིན་པར་གསུངས་སོ། །སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱོན་ནས་མི་བལྟ་བ་དང་དད་པ་དང་གུས་པ་སྐྱེད་པའི་ཐབས་སུ་བྱང་སེམས་ཀྱི་ཡོན་ཏན་བསམ་ཚུལ་སྡོང་པོ་བཀོད་པའི་མདོ་ལས་བྱུང་བ་བསླབ་བཏུས་སུ་ གསུངས་པ་རྣམས་ཀྱང་འདིར་ཤེས་པར་བྱ་དགོས་སོ། །གོང་དུ་ངན་སེམས་ཀྱི་གྲངས་བཞིན་དམྱལ་བར་སྐྱེ་བར་གསུངས་པ་དང་འདིར་གནོད་པ་བྱས་ཀྱང་བདེ་བ་དང་འབྲེལ་བར་གསུངས་པ་གཉིས་མི་འགལ་ཏེ། སྔ་མ་ནི་ཡུལ་དམ་པ་ལ་ངན་སེམས་བསྐྱེད་པའི་ གནས་སྐབས་ཀྱི་འབྲས་བུ་མྱོང་ཚུལ་བསྟན་པ་ཡིན་ལ་འདིར་ནི་བྱང་སེམས་ཀྱིས་གནོད་བྱེད་སྙིང་རྗེས་རྗེས་སུ་གཟུང་བའི་ཐབས་མཁས་ཀྱི་མཐུ་ལས་མཐར་བདེ་བ་དང་འབྲེལ་བ་བསྟན་པས་སོ། །མཐར་བདེ་བ་དང་འབྲེལ་ཚུལ་ནི་རྒྱལ་པོ་དཔའ་བས་བྱིན་གྱིས་བྱང་ཆུབ་
Page: 92 སེམས་དཔའ་མེ་ཏོག་ཟླ་མཛེས་བགྲོངས་པའི་ལོ་རྒྱུས་ལྟར་དང༌། དེ་བཞིན་དུ་རྒྱལ་པོ་བྱམས་པའི་སྟོབས་ཀྱི་སྐྱེས་རབས་སུ་གནོད་སྦྱིན་ལྔས་སྐུ་ལུས་ཀྱི་ཁྲག་བཏུང་བ་དང་རྒྱལ་པོ་རྩོད་བྱུང་གིས་དྲང་སྲོང་བཟོད་པ་སྨྲ་བའི་ཡན་ལག་གཅོད་པར་བྱས་པ་དག་ཀྱང་མཐར་ འཕགས་ལམ་ལ་བཀོད་པར་གསུངས་པ་བཞིན་ནོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སོགས་ཏེ། བྱང་ཆུབ་སོགས་ཀྱི་དོན་ནི་བཤད་ཟིན་ལ། གཞུང་འདི་ལ་བརྗོད་བྱའི་དོན་སོ་སོར་ཡོངས་སུ་གཅོད་པའི་ལེའུ་བཅུ་ཡོད་པ་ལས་འདིས་སྤྱོད་པ་སྒྲུབ་པའི་སྔོན་ འགྲོ་བྱང་ཆུབ་སེམས་ཀྱི་ཕན་ཡོན་སྟོན་པས་ན་ཕན་ཡོན་བསྟན་པའམ་བཤད་པའི་ལེའུ་ཞེས་བྱ་སྟེ་དང་པོའོ། །ཞེས་པ་སྟེ། དེ་ནས་ལེའུའི་སྐད་དོད་པ་རི་ཆེ་ད་ཞེས་པ་ཡོངས་སུ་གཅོད་པ་སྟེ་བརྗོད་བྱའི་དོན་ཚན་སོ་སོར་ཡོངས་སུ་གཅོད་པས་ན་ལེའུ་ཞེས་ པ་ལྟར་བྱས་ལ། ཡང་ལེའུའི་སྐད་དོད་ཀྲ་མ་བྷད་ཅེས་པ་རིམ་པར་ཕྱེ་བ་སྟེ་བརྗོད་བྱའི་དོན་གྱི་རིམ་པ་སོ་སོར་ཕྱེ་སྟེ་སྟོན་པས་ལེའུ་ཞེས་བྱ་ལ། གཞན་ཡང་དེའི་སྐད་དོད་མི་འདྲ་བ་དུ་མ་ཡོད་པས་ངེས་ཚིག་ཀྱང་དུ་མར་འགྱུར་བ་ཡོད་པར་གསུངས་བཟའ་སོ། །༈
ལེའུ་གཉིས་པ། སྡིག་པ་བཤགས་པ།
[edit]གཉིས་ པ་སྡིག་བཤགས་ཀྱི་ལེའུ་ལ་གཉིས། ལེའུའི་གཞུང་། ལེའུའི་མཚན་ནོ། །དང་པོ་ལ་བཞི། མཆོད་པའི་ཡན་ལག །ཕྱག་འཚལ་བའི་ཡན་ལགསྐྱབས་སུ་འགྲོ་བའི་ཡན་ལག །སྡིག་པ་བཤགས་པའི་ཡན་ལག་གོ །དང་པོ་ལ་ལྔ། དངོས་འབྱོར་གྱི་ མཆོད་པ། ཡིད་སྤྲུལ་གྱི་མཆོད་པ། སྨོན་ལམ་སྟོབས་ཀྱི་མཆོད་པ། བླ་ན་མེད་པའི་མཆོད་པ། བསྟོད་པ་དབྱངས་ཀྱི་མཆོད་པའོ། །དང་པོ་ལ་གསུམ། བདག་པོས་ཡོངས་སུ་གཟུང་བའི་མཆོད་པ། བདག་པོས་ཡོངས་སུ་མ་གཟུང་བའི་མཆོད་པ། ལུས་
Page: 93 ༄༅། །དབུལ་བའི་མཆོད་པའོ། །དང་པོ་ནི། རིན་ཆེན་སེམས་དེ་སོགས་ཏེ། ཆེད་དུ་བྱ་བ་སྔར་བཤད་པ་ལྟར་ཕན་ཡོན་ཚད་མེད་པའི་བདག་ཉིད་ཅན་རང་གཞན་ཀུན་གྱི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་ གཟུང་བ་སྟེ་རང་རྒྱུད་ལ་བསྐྱེད་པར་བྱ་བའི་ཕྱིར་དུ། ཡུལ་ཁྱད་པར་ཅན་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་ངང་དུ་གཤེགས་པའི་སངས་རྒྱས་རྣམས་དང་། འཕགས་པ་དམ་པ་རྣམས་ཀྱི་ཡིན་པས་དམ་པའི་ཆོས་སམ་དམ་པའང་ཡིན་ལ་ཆོས་ཀྱང་ཡིན་པས་ དམ་པའི་ཆོས་དཀོན་མཆོག་དངོས་རང་བཞིན་གྱིས་དག་པ་ལ་ཆགས་སོགས་གློ་བུར་གྱི་དྲི་མའང་མེད་པའི་འགོག་བདེན་དང་ཆགས་སོགས་ཀྱི་དྲི་མ་མེད་པར་བྱེད་པའི་ལམ་བདེན་ཏེ་བདེན་གཉིས་ཀྱི་མཚན་ཉིད་ཅན་གྱི་རྟོགས་པའི་ཆོས་དང༌། དང་ཞེས་པའི་སྒྲས་བསྡུས་པ་སྡེ་སྣོད་ གསུམ་དུ་གཏོགས་པའི་ལུང་གི་ཆོས་དང་བཅས་པ་དང༌། སངས་རྒྱས་ཀྱི་སྲས་འཇམ་དཔལ་དང་སྤྱན་རས་གཟིགས་སོགས་བྱང་སེམས་འཕགས་པའི་དགེ་འདུན་ཡོན་ཏན་རྒྱ་མཚོ་ལྟ་བུ་ཟབ་ཅིང་རྒྱ་ཆེ་བ་མངའ་བ་རྣམས་དང་ཞེས་སམ། ཡང་ན་ཡོན་ཏན་རྒྱ་མཚོ་ཞེས་པ་དཀོན་མཆོག་ གསུམ་ཀ་ལ་སྦྱར་ནས། དེ་ལྟ་བུའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ། མཆོད་ཚུལ་བསམ་སྦྱོར་གུས་པའི་སྒོ་ནས་ལེགས་པར་མཆོད་ཅེས་པའོ། དང་ཞེས་པས་མ་སྨོས་པ་ཉན་རང་སོགས་མཆོད་འོས་གཞན་དག་ཀྱང་སྡུད་པར་གསུངས་སོ། །ཡང་ན་བསམ་པ་དག་པ་ རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར་དུ་ཞིང་དག་པ་དེ་བཞིན་གཤེགས་པ་སོགས་ལ་དངོས་པོ་དག་པ་བསམ་པའི་སྒོ་ནས་སེར་སྣ་སོགས་ཀྱི་ཉོན་མོངས་དང་སྦྱོར་བའི་སྒོ་ནས་སྲོག་གཅོད་དང་མ་བྱིན་ལེན་སོགས་ཀྱི་སྡིག་པའི་སྐྱོན་དང་མ་འདྲེས་པའི་མཆོད་རྫས་གྱ་ནོམ་པས་ལེགས་
Page: 94 པར་མཆོད་ཅེས་འཆད་པ་གསུང་རྒྱུན་ལྟར་དང་། ཡང་ལེགས་པར་མཆོད་ཅེས་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་དང་སེམས་ཅན་གྱི་ཆེད་དུ་དང་ཡིད་དུ་འོང་བའི་དངོས་པོ་དང་འཁོར་གསུམ་དག་པས་དང་མི་མཐུན་ཕྱོགས་ཀྱི་དྲི་མ་མེད་པས་དང་བྱང་ཆུབ་ཆེན་པོར་བསྔོས་པས་ཏེ་ དྲུག་གི་སྒོ་ནས་མཆོད་ཅེས་རྣམ་བཤད་ལས་གསུངས་ཏེ་རྒྱལ་སྲས་པའི་འགྲེལ་བར་ཡང་བཤད་དོ། །གཞན་ཡང་བསམ་པའི་ཁྱད་པར་ལ་དཀོན་མཆོག་གསུམ་ནི་ཡོན་ཏན་གྱི་ཞིང་གོང་ན་མེད་མ་ཡིན་སྙམ་པ། ཕན་འདོགས་གོང་ན་མེད་པའོ་སྙམ་པ། སེམས་ཅན་གྱི་མཆོག་གོ་ སྙམ་པ། ཨུ་དུམྦ་རའི་མེ་ཏོག་ལྟར་དཀོན་ནོ་སྙམ་པ། སྟོང་གསུམ་གྱི་འཇིག་རྟེན་ན་གཅིག་ཁོ་ན་འབྱུང་བས་འབའ་ཞིག་པའོ་སྙམ་པ། འདས་མ་འདས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞི་ཡིན་ནོ་སྙམ་པ་སྟེ་དྲུག་བྱང་ས་ལས་གསུངས་ལ། ལན་དང་རྣམ་སྨིན་ལ་མི་རེ་བ་ དང་འཁོར་གསུམ་དག་པའི་བསམ་པ་སོགས་ཀྱང་བསམ་པའི་ཁྱད་པར་དུ་སྦྱར་རོ། །འདིར་མཆོད་བྱའི་རྫས་ནི་དངོས་འབྱོར་གྱི་མཆོད་པའི་བྱེ་བྲག་བདག་པོས་བཟུང་བ་ལ་བྱ་ལ། ཡང་འགའ་ཞིག་ཏུ་ཚིགས་བཅད་འདི་མཆོད་པ་སྤྱིར་བསྟན་པའམ་མདོར་བསྟན་དུ་བྱས་ནས་ དངོས་འབྱོར་ཡིད་སྤྲུལ་སོགས་མཆོད་བྱའི་༌་རྫས་ཐམས་ཅད་ལ་འཆད་ལ། དགེ་ལྷས་ཡན་ལག་བདུན་ཀའི་མདོར་བསྟན་དུ་འཆད་དེ་དེ་ནི་བདུན་ཀ་མཆོད་པར་བཤད་པས་སྐྱོན་མེད་པར་བུ་སྟོན་གསུང་ངོ༌། །གཉིས་པ་བདག་པོས་མ་བཟུང་བའི་མཆོད་པ་ནི། མེ་ཏོག་འབྲས་ བུ་སོགས་ཏེ། དེ་ལ། །དབུལ་བྱའི་མཆོད་རྫས་སྨོས་པ་ནི། འཇིག་རྟེན་གྱི་ཁམས་མཐའ་དག་ན་བདག་པོས་མ་བཟུང་བའི་པདྨ་དང་ཀུ་མུ་ད་དང་ཙམ་པ་ཀ་ལ་སོགས་པའི་མེ་ཏོག་གི་རིགས་གང་ཇི་སྙེད་ཅིག་ཡོད་པ་རྣམས་དང་། ཨ་རུ་ར་དང་ཛ་ཏི་དང་ཨ་མ་ལ་སོགས་པའི་
Page: 95 ༄༅། །འབྲས་བུ་ཇི་སྙེད་ཡོད་པ་རྣམས་དང་། རྩ་བ་དང་སྡོངབུ་སོགས་ལས་བྱུང་བའི་ནད་ཞི་བར་བྱེད་པའི་སྨན་གྱི་རྣམ་པའམ་རིགས་གང་དག་ཡོད་པ་དང༌། ལྷ་ཀླུ་ལ་སོགས་པའི་འཇིག་རྟེན་ན་ཡིད་བཞིན་གྱི་ནོར་བུ་དང་བཻཌཱུ་རྱ་དང་མུ་ཏིག་དམར་པོ་དང་གསེར་དང་ དངུལ་དང་སྤུག་དང་རྡོ་སྙིང་དང་ཤེལ་སོགས་རིན་ཆེན་གྱི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། ཡན་ལག་བརྒྱད་ལྡན་གྱི་མཚོ་དང་རྫིང་བུ་སོགས་ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་ཞེས་པ་སྟེ། ཡན་ལག་བརྒྱད་ནི། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་པ་དང་ནི་དྲི་མ་མེད། ། འཐུངས་ན་ལྟོ་ལ་མི་གནོད་དང་། །མགྲིན་པ་ལ་ཡང་མི་གནོད་པའོ། །ཞེས་པ་ལྟར་དང༌། ལྷུན་པོ་དང་གསེར་རི་བདུན་སོགས་ལྟ་བུའི་རིན་ཆེན་དུ་མ་ལས་གྲུབ་པའི་རི་བོ་རྣམས་དང་ནི་དེ་བཞིན་དུ་ཙནྡན་ལ་སོགས་པའི་ནགས་ཚལ་དང་སྤངས་ལྗོངས་ལ་སོགས་པའི་ས་ཕྱོགས་ དག་འདུ་འཛིས་དབེན་ཞིང་ཡིད་དུ་འོང་བའི་ཉམས་དགའ་བ་རྣམས་དང༌། ལྗོན་པའི་ཤིང་རྣམས་རང་རང་གི་མེ་ཏོག་གི་རིགས་སྣ་ཚོགས་པའི་རྒྱན་གྱིས་སྤྲས་ཤིང་སྤུད་པ་སྟེ་མཛེས་ཤིང་འབར་བར་སྣང་བའམ་ལྷག་གེར་སྣང་བ་དང་ཤིང་ལྗོན་པ་གང་དག་རང་རང་གི་ཡལ་གའི་རྩེར་ཁ་ དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་འབྲས་བུ་བཟང་ལ་མང་བ་སྨིན་ཅིང་གཡུར་དུ་ཟ་བའི་ལྗིད་ཀྱིས་ཡལ་ག་རྣམས་ཐུར་ལ་དུད་པས་དམའ་བར་གྱུར་པ་དང༌། སུམ་ཅུ་རྩ་གསུམ་པ་ལ་སོགས་པའི་ལྷ་དང་གཞན་ཡང་ཀླུ་ལ་སོགས་པའི་འཇིག་རྟེན་ན་ཡང་ལྷན་ཅིག་སྐྱེས་པ་ དང་སྦྱར་བྱུང་བཞི་མཉམ་ལ་སོགས་པ་དང་གྱུར་པ་ལས་བྱུང་བའི་དྲི་ཞིམ་པོ་དང་ནི། ཨ་ག་རུ་ནག་པོ་ལ་སོགས་པའི་བདུག་སྤོས་དང་ཡིད་ལ་མངོན་པར་འདོད་པའི་འདོད་དགུ་ཐམས་ཅད་བསམ་མ་ཐག་ཏུ་འབྱུང་བའི་དཔག་བསམ་གྱི་ལྗོན་ཤིང་དང་ཤེལ་དང་པདྨ་ར་ག་དང་གསེར་
Page: 96 དངུལ་སོགས་རིན་ཐང་ཆེ་བའི་རིན་ཆེན་གྱི་རིགས་སྣ་ཚོགས་ལས་གྲུབ་པའི་ཤིང་ལྗོན་པ་དང༌། རབ་ཏུ་དང་ཞིང་མཛེས་པའི་ཡིད་བཞིན་གྱི་ཆུ་མཚོ་དང་རྫིང་བུ་རྣམས་ལ་ཆུ་ནས་སྐྱེས་པའི་པདྨ་ལ་སོགས་པའི་མེ་ཏོག་དུ་མས་བརྒྱན་པདག་ན་ངང་པ་དང་ངུར་པ་དང་བཞད་སོགས་ཆུ་བྱའི་རིགས་ཤིན་ ཏུ་སྒྲ་སྐད་སྙན་པ་ཡིད་དུ་འོང་བའམ་ཉམས་དགའ་བ་སྐྱིད་པའི་སྒྲ་སྐད་སྙན་པ་ཤིན་ཏུ་ཡིད་དུ་འོང་བ་སྒྲོགས་པ་དང་ལྡན་པ་དང༌། ཐོང་གཤོལ་གྱི༌་མ་རྨོས་ཤིང་ས་བོན་མ་བཏབ་པར་རང་འཁྲུངས་པའམ་སྐྱེས་པའི་ལོ་ཏོག་གི་རྣམ་པ་སྟེ་ལོ་ཏོག་གི་རིཔ་ས་སམ་ཁྱད་པར་མང་པོ་དང༌། དེ་དག་ལས་གཞན་ཡང་རེ་རེ་ནས་སྨོས་ཀྱིས་མིལང་པས་མདོར་ན་དཀོན་མཆོག་མཉེས་པ་སྐྱེད་བྱེད་ཀྱི་མཆོད་པར་འོས་པའི་རྒྱན་ནམ་མཛེས་པར་བྱེད་པའི་མཆོད་རྫས་ཀྱི་རྣམ་གྲངས་མཆོག་ཏུ་ཡིད་དུ་འོང་བ་འཇིག་རྟེན་གྱི་ཁམས་ན་ཇི་སྙེད་ཡོད་པ་རྣམས་ནི་ཆུང་བ་དང་ཉུང་བའི་རྣམ་ པ་ཅན་མ་ཡིན་པར་ཡུལ་རྒྱ་ཆེ་བ་ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ་ཁྱབ་པ། དག་ཞིང་དང་སྒྲ་མི་སྙན་ན་ཡོད་པའི་ལོ་བྱད་ལྟ་བུ་བདག་པོ་སུས་ཀྱང་བདག་གིར་བྱས་ནས་ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན་ཞེས་པ་སྟེ། དེ་རྣམས་དབུལ་བྱའི་མཆོད་ རྫས་ཀྱི་དངོས་པོ་སྨོས་པ་ཡིན་ལ། རྩ་གཞུང་གི་གོ་རིམ་དང་ཅུང་ཟད་མི་འདྲ་བ་ནི་འགྲེལ་བ་ཕལ་ཆེར་དུ་ཡོད་པ་ལྟར་བཤད་པའི་གོ་རིམ་གྱི་དབང་དུ་བྱས་པའོ། །གཞན་ཡང་དང་། དེ་དག་ཀུན་ཞེས་པས་བསྡུས་པ་ནི། བསླབ་བཏུས་ལས། ཕྱོགས་འདིས་སྨན་ཐམས་ཅད་དང་ བཅུད་ཀྱིས་ལེན་ཐམས་ཅད་དང་ཆུ་ཐམས་ཅད་དང་ཁ་ན་མ་ཐོ་བ་མེད་པའི་ཆུའི་དཀྱིལ་འཁོར་དང་གསེར་གྱི་དཀྱིལ་འཁོར་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཆགས་པ་རྣམས་ན་རོ་དང་རེག་པ་མཆོག་ཏུ་ཕུན་སུམ་ཚོགས་པའི་ས་ཞག་དང་བདུད་རྩིའི་སྦུ་གུ་དང་མ་རྨོས་
Page: 97 ༄༅། །མ་བཏབ་པའི་འབྲས་སཱ་ལུ་དང་བྱང་གི་སྒྲ་མི་སྙན་གྱི་གླིང་དང་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་རྣམས་ན་ཡོད་པ་མཆོག་ཏུ་ཉམས་དགའ་བའི་ལོངས་སྤྱོད་རྣམས་འབུལ་ལོ་ཞེས་གསུངས་པ་ལྟ་བུ་རྣམས་ཀྱང་ངོ༌། །ཇི་ལྟར་འབུལ་བའི་ཚུལ་ སོགས་ནི། དེ་ལྟའི་མཆོད་རྫས་རྣམས་བདག་གིས་བློ་ཡིས་བླངས་པའམ་ཡིད་ཀྱིས་བདག་གིར་བཟུང་ནས་མཆོད་པའི་ཡུལ་ཐུབ་པ་རྣམས་ཀྱི་དབང་པོ་སྐྱེས་བུ་ཡོངས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་སངས་རྒྱས་རྣམས་དང༌། དེ་དག་གི་སྲས་བྱང་ཆུབ་སེམས་དཔའི་འཁོར་དང་ བཅས་པ་རྣམས་ལ་ལེགས་པར་ཏེ་དད་དང་གུས་པས་དང་འཁོར་གསུམ་དག་པས་འབུལ་བར་བགྱི་ན། གང་ལ་ཡོན་ཕུལ་ན་འབྲས་བུ་ཆེན་པོ་འབྱུང་བའི་ཡོན་གནས་ཀྱི་དམ་པའམ་ཞིང་གི་དམ་པ་བླ་ན་མེད་པ་སེམས་ཅན་ཀུན་ལ་ཕན་པར་དགོངས་ཤིང་དོན་མཛད་པར་བཞེད་ པའི་ཐུགས་རྗེ་ཆེས་ཆེ་བའི་དཔལ་དང་ལྡན་པ་རྣམས་ཀྱིས་ཕོངས་ཤིང་རྒུད་པའི་སེམས་ཅན་བདག་ཅག་རྣམས་ལ་རྗེས་སུ་བརྩེ་བས་ཉེ་བར་དགོངས་ནས་བདག་གིས་བློས་བླངས་པའི་མཆོད་པ་འདི་དག་ཅི་བདེར་བཞེས་སུ་གསོལ་ཞེས་ཏེ་བདག་གིར་མཛོད་ཅིག་ཅེས་པའོ། ། གོང་གི་ཐུབ་པ་ཞེས་པའི་དོན་ནི་སྒོ་གསུམ་བསྲུང་བ་མེད་པར་ཡང་ཉེས་སྤྱོད་ཐམས་ཅད་རང་གི་ངང་གིས་བསྔམས་པའི་དོན་ཡིན་ལ། ཡང་ན། སྡུག་བསྔལ་བྱུང་ཡང་འགྱོད་མི་བྱེད། །བདེ་བ་ལ་ཡང་འདོད་པ་མེད། །ཆོགས་དང་འཇིགས་དང་ཁྲོ་བ་མེད། །བློ་བརྟན་ གྱུར་པ་ཐུབ་པར་བརྗོད། །ཅེས་པ་ལྟར་རོ། །བློས་བླངས་འབུལ་བའི་རྒྱུ་མཚན་ནི། རང་ལ་ཡོད་པའི་མཆོད་རྫས་ཁྱད་པར་ཅན་དག་དངོས་སུ་མི་འབུལ་བར་བློས་བླང་གི་མཆོད་པ་ཙམ་ཅིའི་ཕྱིར་བྱེད་ཅེ་ན། བདག་ནི་སྔོན་མཆོད་སྦྱིན་སོགས་ཀྱི་དགེ་རྩ་བྱས་པའི་བསོད་
Page: 98 ནམས་ཀྱི་མཐུ་རྒྱ་ཆེན་པོ་དང་མི་ལྡན་པས་ད་ལྟ་ཇི་ལྟར་འདོད་པའི་ལོངས་སྤྱོད་ཀྱིས་དབུལ་ཞིང་ཕོངས་པས་བཀྲེན་པ་ཆེན་པོར་གྱུར་ཏེ། མཆོད་པ་འབུལ་བར་འདོད་ཀྱང་མཆོད་འོས་པའི་ནོར་རྫས་གོང་སྨོས་ལྟར་གྱི་བློས་བླངས་ལས་གཞན་པའི་མཆོད་པའི་ཡོ་བྱད་ཡིད་དུ་འོང་བ་ བདག་རང་ལ་དབང་བ་ཅང་སྟེ་ཅི་ཡང་ངམ་ཅུང་ཟད་ཀྱང་མ་མཆིས་པའི་རྒྱུ་མཚན་དེས་ན་གཞན་དོན་འབའ་ཞིག་དགོངས་པར་མཛད་པའི་མགོན་པོ་ཁྱེད་རྣམས་ཀྱིས་བདག་པོས་མ་བཟུང་བ་ཡིན་ཙམ་གྱིས་བདག་གིར་བཟུང་ནས་ཕུལ་བ་འདི་དག་ཁྱེད་རྣམས་ལ་ཡོ་བྱད་ཀྱིས་ཕོངས་ པ་དང་བདག་གིར་འཛིན་པ་མི་མངའ་ཡང་མཆོད་པ་པོ་བདག་གི་ཚོགས་རྫོགས་པའི་དོན་གྱི་སླད་དུ་མཆོད་ཡུལ་ཁྱེད་རྣམས་ཉིད་ཀྱི་རང་རང་གི་རྫུ་འཕྲུལ་གྱི་མཐུ་དང་མཁྱེན་བརྩེའི་སྟོབས་ཀྱིས་གནས་གང་དང་གང་ན་ཡོད་པ་རྣམས་སོ་སོར་བདག་གིར་བྱས་ནས་བཞེས་པར་གྱིས་ ཤིག་ཅེས་པའོ། །དེ་ལྟར་ཡིད་ཀྱིས་འབུལ་བའི་མཆོད་པ་བྱ་ཚུལ་ནི། དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་མེ་ཏོག་གི་རྣམ་པའམ་འབྲས་བུའི་རྣམ་པ་ང་ཡིར་བྱ་བ་མེད་པ་ཡོངས་སུ་གཟུང་བ་མེད་པ་གང་ཡིན་པ་དེ་རྣམས་ཉིན་ལན་གསུམ་མཚན་ལན་ གསུམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ལོ། །དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བདུག་པའི་ཤིང་ངམ་སྤོས་ཀྱི་ཤིང་ངམ་རིན་པོ་ཆེའི་ཤིང་ངམ་དཔག་བསམ་གྱི་ཤིང་ངམ་མེ་ཏོག་གི་ཤིང་ ངམ་འབྲས་བུའི་ཤིང་ང་ཡིར་བྱ་བ་མེད་པ་ཡོངས་སུ་གཟུང་བ་མེད་པ་གང་ཡིན་པ་དེ་ལྟ་བུ་དེ་དག་ཀྱང་ཉིན་ལན་གསུམ་མཚན་གསུམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ལོ་ཞེས་བསླབ་བཏུས་ཀྱི་དགེ་རྩ་སྤེལ་བའི་སྐབས་སུ་དྲངས་པ་ལྟར་དང་། ཐབས་
Page: 99 ༄༅། །ལ་མཁས་པའི་མདོར་བློས་བླང་གི་མཆོད་པ་འབུལ་བ་འདི་བྱང་སེམས་ཀྱི་ཐབས་མཁས་ཡིན་པར་གསུངས་ཏེ། ཇི་སྐད་དུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ནི་ཕྱོགས་བཅུ་དག་ན་མེ་ཏོག་གི་ཤིང་ལྗོན་པ་དང་སྤོས་ཀྱི་ ཤིང་ལྗོན་པ་དང་མེ་ཏོག་དང་མེ་ཏོག་ཕྲེང་བ་དང་སྤོས་དང་ཕྱེ་མ་དང་བྱུག་པ་༌བདག་གིར་མ་བྱས་ཤིང་ཡོངས་སུ་མ་བཟུང་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་བསམ་པས་ཡོངས་སུ་བཟུང་ཞིང་ཡོངས་སུ་བསྡུས་ནས་སངས་རྒྱས་ཐམས་ཅད་ལ་འབུལ་བར་བྱེད་ཅིང་ཞེས་སོགས་སོ། །གསུམ་ པ་ལུས་འབུལ་བའི་མཆོད་པ་ནི། རྒྱལ་དང་དེ་སྲས་སོགས་ཏེ། འོ་ན་མཆོད་རྫས་གཞན་མེད་ཀྱང་རང་ལ་དབང་བའི་ལུས་ཡོད་བཞིན་དུ་མི་དབུལ་ལམ་ཞེ་ན། དབུལ་བར་བྱའོ། །དེ་ལ་ལུས་ཇི་ལྟར་དབུལ་བ་ནི། བདུད་བཞིའི་དགྲ་ལས་རྒྱལ་བས་རྒྱལ་བ་སྟེ་སངས་རྒྱས་རྣམས་ དང་དེའི་ཐུགས་ཀྱི་སྲས་བྱང་སེམས་རྣམས་ལ་བདག་གིས་ནི་ཕྱིའི་གནས་སྐབས་སོ་སོར་རང་ལ་དབང་བྱར་ཡོད་པའིབདག་རང་གི་ལུས་དངོས་སུ་ཡོད་པ་འདི་དང་དེ་ཀུན་ལ་བདག་གིར་བྱ་བའི་བློ་སྤངས་ནས་འདི་དང་ཕྱི་མའི་དུས་གཏན་དུ་རྒྱུན་ཆད་པ་མེད་པར་འབུལ་བར་བགྱི་ཡི། ཀྱེ་སེམས་དཔའ་མཆོག་ཏུ་གྱུར་པ་ཁྱེད་རྣམས་ཀྱིས་བདག་གིས་གཅེས་པར་བཟུང་བའི་ལུས་འདི་ནི་ཡོངས་སུ་བཞེས་པར་གྱིས་ཤིག་དང་། ཟས་གོས་སོགས་ཀྱི་འཚོ་བ་དོན་དུ་གཉེར་བ་མ་ལགས་ཀྱི་དད་ཅིང་གུས་པས་སྒོ་གསུམ་འདུད་པ་དང་བཅས་ཏེ་ཁྱེད་རྣམས་ཀྱི་འབངས་ སུ་སྟེ་བཀའ་བཞིན་སྒྲུབ་པའི་བྲན་གཡོག་ཏུ་མཆི་བར་ཁས་བླང་བར་བགྱིའོ་ཞེས་པའོ། །ཕུལ་ནས་ལས་ཅི་བགྱི་བ་ནི། དཔེར་ན་རྒྱལ་པོ་ཆེན་པོ་ལ་བརྟེན་པའི་འཁོར་འབངས་ལ་གཞན་གྱི་གནོད་པ་མི་འབྱུང་བ་ལྟར་དམན་པ་ཉམ་ཐག་པ་བདག་ནི་འཇིགས་པ་ཐམས་ཅད་
Page: 100 ལས་གྲོལ་བའི་༌སྐྱབས་མཆོག་ཏུ་གྱུར་པ་ཁྱེད་རྣམས་ཀྱིས་བཀའ་འབངས་སུ་བདག་གིར་ཡོངས་སུ་བཟུང་བས་ན་སྲིད་པ་༌་འཁོར་བའི་གནས་འདི་ན་སྡུག་བསྔལ་གྱིས་མི་འཇིགས་ཏེ་མི་སྐྲག་ལ། རང་ཉིད་སྐྱབས་གནས་བླ་མེད་ཀྱི་སྐྱབས་འོག་ཏུ་ཚུད་པས་འཇིགས་པ་དང་བྲལ་ བའི་སྟོབས་ཀྱི་སྐྱབས་མགོན་དང་བྲལ་བའི་སེམས་ཅན་ཉམ་ཐག་པ་རྣམས་ལ་ཡང་གནས་སྐབས་དང་མཐར་ཐུག་གི་དུས་ཀུན་ཏུ་སྦྱིན་པ་རྣམ་པ་གསུམ་སོགས་ཀྱིས་མཚོན་པའི་རྒྱལ་སྲས་ཀྱི་སྤྱོད་པའི་སྒོ་ནས་ཕན་པ་དང་བདེ་བ་ཁོ་ན་བསྒྲུབས་ནས་ཕན་འདོགས་པར་བགྱི་ནུས་ སོ། །སྐྱབས་མཆོག་ལ་བསྟེན་ཡང་རང་གིས་སྔོན་གྱི་དུས་སུ་བསགས་པའི་སྡིག་པ་མི་དགེ་བས་ད་དུང་རྒྱུད་བསླད་པར་གྱུར་ན་དེ་དཀོན་མཆོག་གི་འབངས་སུ་མི་རུང་ཞིང་གཞན་ལ་ཕན་པ་སྒྲུབ་པ་ལྟ་ཞོག་རང་དོན་ཙམ་སྒྲུབ་པ་ལ་ཡང་གེགས་སུ་ཆེ་བས་ན་དེ་ལྟའི་སྔར་བྱས་ ཀྱི་སྡིག་པ་མི་དགེ་བའི་ལས་རྣམས་ལས་ཡང་དག་པར་འདའ་བར་བགྱིད་པ་སྟེ་སུན་འབྱིན་པའི་སྟོབས་ལ་སོགས་པའི་སྒོ་ནས་བཤགས་ཏེ་དེ་༌ནསལས་འདའ་བའམ་ཐར་བར་བགྱིད་ཅིང་། དེར་མ་ཟད་དཀོན་མཆོག་གི་བྲན་དུ་གྱུར་ཕྱིན་ཅད་སྡིག་པ་མི་དགེ་བའི་ལས་གཞན་ཡང་ བགྱི་མི་རིགས་པས་སླན་ཆད་དམ་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་དགེ་བའི་ལས་མི་བགྱིད་དོ་སྙམ་པའི་སྡོམ་སེམས་བརྟན་པོ་བསྟེན་པར་བགྱིའོ་ཞེས་པའོ། །གཉིས་པ་ཡིད་སྤྲུལ་གྱི་མཆོད་པ་ལ་གཉིས། ཁྲུས་དང་སྐུ་ཕྱི་སོགས་ཀྱི་མཆོད་པ། ཉེར་སྤྱོད་ཀྱི་མཆོད་ པའོ། །དང་པོ་ནི། ཁྲུས་ཀྱི་ཁང་པ་སོགས་ཏེ། འདིར་ཁྲུས་གསོལ་ནས་རྒྱན་གྱི་བར་རིམ་པར་འབུལ་བ་ལ། ཐོག་མར་ཁྲུས་ཀྱི་མཆོད་པ་བྱ་བ་ནི་འཇིག་རྟེན་ན་རྒྱལ་པོ་སོགས་མགྲོན་དུ་བོས་པ་ལ་ཐོག་མར་ཁྲུས་གསོལ་བ་ལྟར་རང་གིས་དད་གུས་ཀྱི་སྒོ་ནས་སྤྱན་
Page: 101 ༄༅། །དྲངས་པའི་མཆོད་གནས་རྣམས་ལ་སྐུ་ཁྲུས་གསོལ་བ་ལ་ཡང་། ཁྲུས་ཁང་གསལ་གདབ་པ་ནི། གང་དུ་ཁྲུས་གསོལ་པའི་གནས་དེར་ཁྲུས་ཀྱི་ཁང་པ་ཡིད་དུ་འོང་བ་ག་བུར་དང་ཙནྡན་དང་ཨ་ག་རུ་ལ་སོགས་པའི་ཆུས་ཆག་ཆག་བཏབ་ཅིང་དེ་དག་ གི་དྲིས་བདུག་ནས་བསྒོས་པར་བྱས་པས་ཤིན་ཏུ་དྲི་ཞིམ་པ། དེའི་འོག་གཞི་ཤེལ་གྱི་རང་བཞིན་གྱིས་གཞི་ཤིན་ཏུ་དྲི་མ་མེད་པས་ཁ་དོག་གསལ་ཞིང་དངས་ལ་འོད་ཟེར་འཕྲོ་ཞིང་འབར་བས་འཚེར་བ་ཕྱི་དོར་ལེགས་པར་བྱས་ཏེ་མཛེས་པར་བསྟར་བ་ལ། དབང་སྔོན་ལ་སོགས་ པའི་རིན་པོ་ཆེ་དུ་མ་ལས་གྲུབ་ཅིང་འོད་ཟེར་སྣ་ཚོགས་འཕྲོ་ཞིང་འབར་བའི་ཀ་བ་དང་གདུང་སོགས་ཡིད་དུ་འོང་བ་མང་པོ་དང་ལྡན་པ་དང༌། སྟེང་གི་ངོས་ཐམས་ཅད་དུ་མུ་ཏིག་གི་ཕྲེང་བའི་དྲ་བ་དང་དྲ་བ་ཕྱེད་པས་མཛེས་པར་སྤྲས་ཤིང་དེའི་འོད་མདངས་ཆགས་པའམ་འོད་གསལ་བའི་ བླ་རེ་ཤིན་ཏུ་མཛེས་པ་བྲིས་པ་དག་དང་དེ་ལས་གཞན་པའི་རྒྱན་དུ་མས་ཀྱང་བརྒྱན་པར་བྱས་པའི་ཁང་བཟང་ཉམས་དགའ་བ་དེར། ཡུལ་གང་ལ་ཁྲུས་ཇི་ལྟར་གསོལ་བ་ནི། ཁྲུས་གསོལ་བའི་ཡུལ་དེ་བཞིན་གཤེགས་པ་རྣམས་དང་དེའི་སྲས་སེམས་དཔའ་ཆེན་པོ་རྣམས་ལ། རིན་ ཆེན་བཻ་ཌཱུརྱ་དང་གསེར་སོགས་ལས་བྱས་པའི་བུམ་པ་རིན་ཐང་ཆེན་པོ་ཅན་ནམ་རྣམ་གྲངས་མང་པོ་སྤོས་ཀྱི་རིགས་ཤིན་ཏུ་དྲི་ཞིམ་པོ་སྣ་ཚོགས་དང་སྦྱར་བའི་ཆུ་ཡིད་དུ་འོང་བ་མེ་ཏོག་དང་བཅས་པས་ལེགས་པར་བཀང་བ། ཤིན་ཏུ་ཡིད་འཕྲོག་པའི་གླུ་གར་དང་ནི་སྙན་ཅིང་འཇེབས་པའི་སྒྲ་ སྐད་འབྱུང་བའི་རྫ་རྔ་དང་རྔ་ཟླུམ་ལ་སོགས་པའི་རོལ་མོར་བཅས་པ་རྣམ་གྲངས་བྱེ་བ་ཕྲག་དུ་མས་མཛེས་ཤིང་བརྒྱན་པའི་སྒོ་ནས་སྐུ་ཁྲུས་འདི་བདག་གིས་གསོལ་བར་བགྱིའོ་ཞེས་པའོ། །ཁྲུས་ཁང་གསལ་གདབ་ཚུལ་ཅུང་ཟད་རྒྱས་པར་སྤྲོ་ན། ཁྲུས་ཀྱི་ཁང་པ་སོགས་ཀྱི་ཚིག་
Page: 102 བརྗོད་པའི་སྐབས་སུ་འདི་ལྟར་བསམ་པར་བྱ་སྟེ། ཚོགས་ཞིང་རྣམས་ཀྱི་མདུན་དུ་གོང་སྨོས་ལྟར་ཀྱི་ཁྲུས་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་རྒྱ་ཕིབ་རིམ་པ་གསུམ་དང་ལྡན་པ། ནེའུ་གསིང་མེ་ཏོག་སྣ་ཚོགས་བཀྲ་བས་ཕྱོགས་ཐམས་ཅད་རབ་ཏུ་མཛེས་ཤིང་རིན་པོ་ཆེ་ལས་གྲུབ་ པའི་ཤིང་ལྗོན་པ་ཡིད་དུ་འོང་བ་སྣ་ཚོགས་པས་ཡོངས་སུ་བསྐོར་བ། ཁང་པའི་ཕྱོགས་བཞིར་སྒོ་རེ་རེ་དང་སྒོ་དེ་དག་སོ་སོའི་མདུན་དུ་ཁྲུས་ཀྱི་རྫིང་བུ་གྲུ་བཞི་བ་མེ་ཏོག་དབྱིབས་དང་ཁ་དོག་སྣ་ཚོགས་པས་མཛེས་པར་བརྒྱན་ཞིང་འོག་གཞིར་གསེར་གྱི་བྱེ་མ་བརྡལ་བ། ཕྱོགས་རེ་རེར་ རིན་པོ་ཆེའི་ཐེམ་སྐས་འབབ་སྟེགས་མཆོག་ཏུ་བདེ་བའི་རྣམ་པར་ཡོད་པ། ཁྲུས་རྫིང་དེ་དག་སོ་སོའི་ནང་དུ་ཤིན་ཏུ་དྲི་ཞིམ་པོའི་ངད་ལྡང་པའི་སྤོས་ཀྱི་ཆུས་ཡོངས་སུ་གང་བར་ཡོད་པ། རིན་པོ་ཆེའི་ཀ་བ་དང་མུ་ཏིག་གི་བླ་རེསོགས་ཀྱིས་བརྒྱན་པའི་ཁྱད་པར་རྣམས་གོང་དུ་སྨོས་པ་ ལྟར་གྱི་ཁང་བཟང་གི་དབུས་སུ་སེང་གེའི་ཁྲི་སོགས་སོ་སོའི་གདན་རྣམས་གསལ་གདབ། དེ་ནས་ཁྲུས་གསོལ་དངོས་ཀྱི་སྐབས་སུ་ཚོགས་ཞིང་རྣམས་སོ་སོའི་ན་བཟའ་དང་རྒྱན་ཕྲེང་སོགས་གོས་ཀྱི་གདང་ལྟ་བུར་དཔྱངས་ནས་སྐུ་གཅེར་བུར་ཁྲུས་ཁང་གི་ནང་དུ་བྱོན་ནས་གདན་རྣམས་ ལ་སོ་སོར་འཁོད་པར་བསམ། དེ་ནས་རང་ལུས་ལྷ་གྲངས་དང་མཉམ་པར་སྤྲུལ་ནས་དེ་ཐམས་ཅད་ཀྱི་ལག་ཏུ་རིན་པོ་ཆེའི་བུམ་པ་ཐོགས་ཏེ་རྫིང་བུ་རྣམས་ལས་ཆུ་བླངས་ནས་བསྟོད་བསྔགས་ཀྱི་གླུ་དབྱངས་རོལ་མོ་དང་བཅས་པས་ཁྲུས་གསོལ་བས་འགྲོ་བའི་སྣང་ངོར་དྲི་མ་ཐམས་ཅད་ དག་ཅིང་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་སྐྱེས་པར་བསམ་ནས་ཁྲུས་གསོལ་བར་བྱའོ། །ཁྲུས་གསོལ་བྱས་པའི་དགོས་པ་ནི། ད་ལྟ་རང་དང་རང་འདྲ་ཕལ་ཆེ་བ་དམ་པའི་ཆོས་ཉན་བསམ་སྒོམ་སྒྲུབ་སོགས་ལ་ཞུགས་པའི་ཚེ་བློའི་ནུས་པ་ཤིན་ཏུ་ཆུང་པས་དེ་དང་དེའི་
Page: 103 ༄༅། །སྐབས་ཀྱི་དོན་རྣམས་བློ་ལ་གསལ་བར་འཆར་མི་ཐུབ་པར་ནག་ཐུམ་གྱིས་འགྲོ་བ་ནི། ཐོག་མེད་ནས་ད་ལྟ་ཡན་ཆད་དུ་བསགས་པའི་སྡིག་ལྟུང་ཚན་ཆེ་བ་དང་ཁྱད་པར་དཀོར་སྒྲིབ་སོགས་ཀྱིས་ནོན་པའི་དབང་གིས་ཡིན་པར་བཤད་པས་ཁྲུས་གསོལ་བྱས་ན་དེ་ལྟ་བུ་ ལ་ཕན་ཤིན་ཏུ་ཆེ་བར་གསུངས་སོ། །སྐུ་ཕྱི་ཞིང་ན་བཟའ་དང་རྒྱན་འབུལ་བ་ནི། དེ་ནས་མཆོད་ཡུལ་དེ་དག་གི་སྐུ་ལ་ཁྲུས་གསོལ་བའི་ཆུའི་རློན་གྱིས་གོས་པ་དེ་དུ་ཀུ་ལ་དང་ཀ་ཤའི་རས་ལ་སོགས་པ་མཚུངས་པ་མེད་པའི་གོས་འཇམ་ཞིང་དྲི་མ་མེད་པའི་གཙང་བ་ལ་ཨ་ག་རུ་དང་ཙནྡན་ལ་སོགས་ པ་སྤོས་དྲི་ཞིམ་པོས་རབ་ཏུ་བསྒོས་པས་སྐུ་ལུས་ཕྱི་བ་སྟེ་བྱི་དོར་བགྱི་བའོ། །བྱི་དོར་བྱས་པའི་རྗེས་དེ་ནས་མཆོད་གནས་དེ་དག་ལས་རབ་ཏུ་བྱུང་བའི་ཆ་བྱད་ཅན་རྣམས་ལ་རུང་བའི་ཚོན་གསུམ་ལྟ་བུས་ཁ་དོག་ལེགས་པར་བསྒྱུར་བའི་ཆོས་གོས་རྣམ་གསུམ་སོགས་རང་རང་གི་ཆ་ཚད་དང་ལྡན་ པའི་ན་བཟའ་གུར་གུམ་དང་ཨ་ག་རུའི་ཕྱེ་མ་ལ་སོགས་པ་ཤིན་ཏུ་དྲི་ཞིམ་པོའི་སྤོས་ཀྱིས་བདུག་ཅིང་བསྐུས་པའི་གོས་དམ་པ་སྟེ་གོས་མཆོག་རྣམས་འབུལ་ལོ། །སྤྱིར་རབ་བྱུང་ལ་དྲིལ་བྱུག་པ་སོགས་བཀག་ཀྱང་གཞན་དད་ལྡན་གྱི་ཚོགས་བསགས་པའི་སྐབས་ལྟ་བུར་གནང་ངོ༌། །བྱང་ སེམས་ཁྱིམ་པའི་ཚུལ་ཅན་ནམ་རྟགས་ཅན་རྣམས་ལ་ལྷ་རྫས་ལས་འབྱུང་ཞིང་ལྷ་ལ་འོས་པའི་གོས་བཟང་པོ་ཡང་ཞིང་སྲབ་ལ་རེག་བྱ་འཇམ་པ་དབྱིབས་དང་ཁ་དོག་སྣ་ཚོགས་པ་ཅན་རྣམས་དབུལ་བ་དང་། རིན་པོ་ཆེའི་ཅོད་པཎ་རྣ་རྒྱན་མགུལ་རྒྱན་གདུ་བུ་སྐ་རགས་དོ་ཤལ་སོགས་ཀྱི་ རྒྱན་མཆོག་ཏུ་གྱུར་པ་བརྒྱ་ཕྲག་སོགས་དེ་དང་དེ་དག་གིས་འཕགས་པ་ཀུན་ཏུ་བཟང་བོ་དང་འཇམ་དབྱངས་དང་འཇིག་རྟེན་དབང་ཕྱུག་དང་སོགས་སྒྲས་བསྟན་པ་བྱམས་པ་ཕྱག་རྡོར་ནམ་སྙིང་ས་སྙིང་སྒྲིབ་སེལ་རྣམས་དང་སངས་རྒྱས་བྱང་སེམས་གཞན་རྣམས་ལའང་བརྒྱན་པར་བགྱིའོ་
Page: 104 ཞེས་པའོ། །མ་ཕམ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། ཞེས་པའང་ཡོད་པ་འདྲའོ། །དེ་ནས་སྔར་གྱི་ན་བཟའ་དང་རྒྱན་སོགས་འོད་སེར་པོའི་རྣམ་པས་རང་ལ་ཐིམ་པར་བསམ་པ་དང༌། གང་ལ་ཁྲུས་གསོལ་བའི་ཡུལ་དམ་པ་དེ་རྣམས་བྱ་ཁྱུང་འཕུར་བ་ལྟར་འུར་དིར་གྱིས་བྱོན་ནས་ ཚོགས་གསོག་པའི་ཞིང་དུ་རང་རང་གི་གདན་ཁྲི་སོ་སོ་གསལ་བཏབ་པའི་སྟེང་དུ་བཞུགས་པར་བསམ་མོ། །འདི་དག་ལ་སྔོན་འགྲོ་ཁྲུས་ཁང་གསལ་བ་དངོས་གཞི་སྐུ་ཁྲུས་གསོལ་རྗེས་སྐུ་ཕྱིས་ཏེ་གོས་རྒྱན་འབུལ་བ་ཞེས་ཀྱང་བཤད་དོ། །གཉིས་པ་ཉེས་སྤྱོད་ཀྱི་མཆོད་པ་ནི། སྟོང་ གསུམ་ཀུན་ཏུ་སོགས་ཏེ། དྲི་ཆབ་ནས་གདུགས་ཀྱི་མཆོད་པའི་རིམ་པར་འབུལ་བ་ལ། དྲི་བཟང་གི་བྱུག་པ་ནི། སྟོང་གསུམ་ཀུན་ཏུ་ཞེས་གསུངས་ཏེ། དེའི་དོན་ཡང་། མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། ཞེས་པ་ལྟར། གླིང་བཞི་རི་རབ་འདོད་ལྷ་ཚངས་པའི་འཇིག་རྟེན་དང་བཅས་པ་སྟོང་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་སྟོང་དུ་ བསྒྲེས་པ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་སྟོང་ནི་གསུམ་པ་སྟོང་ཆེན་པོའི་འཇིག་རྟེན་སྟེ་དེ་ན་གླིང་བཞི་རི་རབ་ཉི་ཟླ་འདོད་ལྷ་སོགས་བྱེ་བ་ཕྲག་བརྒྱ་རེ་ཡོད་ལ་དེ་ལྟ་བུའི་སྟོང་གསུམ་པ་གཅིག་ནི་སངས་རྒྱས་གཅིག་གི་ཞིང་ཁམས་ཡིན་ལ། དེ་ལྟ་བུའི་ཕྱོགས་བཅུ་མཐའ་ཡས་ པ་ན་གནས་པའི་ཞིང་མ་ལུས་པ་ཀུན་ཏུ་ཁྱབ་པར་བྱེད་པའི་དྲི་ཞིམ་པོའི་ངད་ལྡང་ཞིང་འཕྲོ་བ་ཡི་ཙནྡན་ལ་༌་སོགས་པའི་དྲི་བཟང་པོ་མཆོག་ཏུ་གྱུར་པའི་ལྡེ་གུའི་བྱུག་པ་རྣམས་ཀྱིས་ཐུབ་པའི་དབང་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་གྱི་སྐུ་ལུས་གསེར་སྦྱངས་བཙོ་མ་སྟེ་སྐྱུ་རུ་
Page: 105 ༄༅། །ལན་ཚ་བུལ་ཏོག་ལ་སོགས་པའིསཆུས་ཕྱིའི་དྲི་མ་སྦྱངས་ཤིང༌། སའི་སྐོན་བུ་ཁ་སྦྱར་དུ་བཅུག་ནས་མེར་རིང་དུ་བསྲེགས་པ་ལ་སོགས་པས་ནང་གི་དྲི་མ་སྦྱངས་པས་བཙོ་མ། རོ་ཙན་ལ་སོགས་པའི་ནོར་བུས་བྱི་བདར་ཡང་ཡང་བྱས་ནས་བྱི་དོར་ལེགས་པར་ བྱས་པ་ལྟར་འོད་རབ་ཏུ་གསལ་བའི་མདངས་ཆགས་ཤིང་ཕྱི་རོལ་དུ་འོད་འབར་ཞིང་འཕྲོ་བ་དེ་དག་ལ་བྱུག་པའམ་བསྐུས་ཏེ་མཆོད་པར་བགྱིའོ། །མེ་ཏོག་གི་མཆོད་པ་ནི། ཐུབ་པའི་དབང་པོ་མཆོད་གནས་སམ་མཆོད་འོས་མཆོག་ཏུ་གྱུར་པ་རྣམས་ལ། དྲི་དང་དབྱིབས་ དང་ཁ་དོག་ལ་སོགས་པ་གང་གི་སྒོ་ནས་ཀྱང་ཡིད་དུ་འོང་བའི་ལྷའི་མེ་ཏོག་མནྡཱ་ར་བ་སྟེ་ཡིད་འཛིན་དང་དཔག་བསམ་ཤིང་ལས་སྐྱེས་པའི་མནྡཱ་ར་ཆེན་པོ་དང༌། པདྨ་སྟེ་མ་ལི་ཀའམ་པར་ཤི་ཀ་དང་ཨུཏྤལ་སྔོན་པོ་དང་སྣ་མའི་མེ་ཏོག་དང་ཙམ་པ་ཀ་ལ་སོགས་པ་དྲི་ཞིམ་པོ་ཅན་ གྱི་མེ་ཏོག་ཐམས་ཅད་སིལ་མར་འཐོར་བ་དང༌། མེ་ཏོག་གི་རིགས་དུ་མ་ལེགས་པར་བརྒྱུས་པའི་ཕྲེང་བ་སྤེལ་ལེགས་པ་སྟེ་དབྱིབས་དང་ཁ་དོག་སོགས་མཛེས་པར་སྤེལ་བ་ཡིད་དུ་འོང་ཞིང་དགའ་བ་བསྐྱེད་པར་བྱེད་པའི་ཆུན་འཕྱུང་རྣམས་ཀྱིས་ཀྱང་མཆོད་པར་བགྱིའོ། །བདུག་ སྤོས་ཀྱི་མཆོད་པ་ནི། བདུག་སྤོས་ཀྱི་མཆོག་ཏུ་གྱུར་པ་ཚོར་མ་ཐག་ཏུ་ཡིད་དགའ་བ་དེས་དབང་མེད་དུ་འཕྲོག་པར་བྱེད་པའི་ཨ་ག་རུ་ལ་སོགས་པའི་དྲི་ཞིམ་པོའི་ངད་ཀྱིས་ཕྱོགས་ཐམས་ཅད་དུ་རྒྱས་པར་ཁྱབ་ཅིང་འཕྲོ་བར་བྱེད་པ་ཡི་བདུག་པ་དུ་མ་མེར་བསྲེགས་པའི་དུ་བ་རྣམས་ ཀྱང་སྤྲིན་གྱི་ཕུང་པོ་བཞིན་དུ་ནམ་མཁའི་ཁམས་ཀུན་ཏུ་ཁྱབ་བར་འཁྲིགས་པའི་ཚོགས་རྣམས་ཀྱང་རྒྱལ་བ་སྲས་བཅས་དེ་དག་ལ་གུས་པས་འབུལ་བར་བགྱིའོ། །ཞལ་ཟས་ཀྱི་མཆོད་པ་ནི། འབྲས་ཆན་དང་སྣུམ་ཁུར་དང་ལི་ཁར་ལ་སོགས་པ་རྣམས་དང་རྒུན་འབྲུམ་དང་རྒྱ་
Page: 106 སྟར་གྱི་ཁུ་བ་ལ་སོགས་པའི་ཞལ་ཟས་ཀྱི་ཁྱད་པར་བཟའ་བཅའ་བཏུང་གཞིབ་ཀྱི་རིགས་སྣ་ཚོགས་པ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ལྡན་པ་དང་བཅས་པ་ཡི་ལྷ་བཤོས་གཙང་ཞིང་ཡིད་དུ་འོང་བ་རྣམས་ཀྱང་མཆོད་ཡུལ་དམ་པ་དེ་དག་ལ་དབུལ་བར་བགྱིའོ། །སྣང་ གསལ་གྱི་མཆོད་པ་ནི། རྒྱུ་གསེར་གྱི་རང་བཞིན་ལས་བྱས་ཤིང་དབྱིབས་མེ་ཏོག་པདྨ་འདབ་མ་རྒྱས་པ་ལྟར་མཛེས་པའི་སྣོད་ཀྱི་གཞི་དུ་མ་ཚར་དུ་དངར་བ་སྟེ་གྲལ་གྱི་ཕྲེང་བར་བསྒྲིགས་པ་ཡི་ནང་ངམ་སྟེང་དུ་བཞག་པའི་ཡིད་བཞིན་གྱི་ནོར་བུ་རིན་ཐང་ཆེན་པོ་ཅན་སྣ་ཚོགས་ ལས་གྲུབ་པའི་སྒྲོན་མེ་རྣམས་ཀྱང་འོད་རབ་ཏུ་གསལ་ཞིང་འཕྲོ་བས་ཉིན་མཚན་གྱི་དུས་ཀུན་ཏུ་ཕྱོགས་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་བྱེད་པ་དང་། ཀྱང་ཞེས་པས་བསྡུས་པ་ཉི་ཟླ་ལ་སོགས་པའི་སྣང་བྱེད་ཆེན་པོ་དང་འབྲུ་མར་རྩི་མར་སོགས་ཀྱི་སྣང་གསལ་དང་ བཅས་པའང་མཆོད་ཡུལ་རྣམས་ལ་དབུལ་བར་བགྱིའོ། །ས་གཞི་བསྟར་བའི་མཆོད་པ་ནི། ས་གཞི་བྱི་དོར་ལེགས་པར་བྱས་ཏེ་བསྟར་བ་ལ་ག་བུར་གུར་གུམ་ཙནྡན་སོགས་དྲི་ཞིམ་པའི་སྤོས་ཀྱི་ཆུས་ཁྱབ་པར་བྱུགས་པའི་གཞི་དེར་དབྱིབས་དང་ཁ་དོག་ལ་སོགས་པ་ མཛེས་པའི་མེ་ཏོག་གི་རིགས་ཡིད་དུ་འོང་བ་དུ་མའི་སིལ་མ་གཅལ་དུ་དགྲམ་ཞིང་བཀོད་པ་མཛེས་བར་ལ་བྱས་པའང་མཆོད་གནས་རྣམས་ལ་གུས་པས་དབུལ་བར་བགྱིའོ། །འདིར་མེ་ཏོག་གི་ཚོམ་བུ་རི་གླིང་ཉི་ཟླ་སོགས་ཀྱི་ཚུལ་དུ་བཀོད་ན། ས་གཞི་སྤོས་ཆུས་བྱུགས་ ཤིང་མེ་ཏོག་བཀྲམ། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། ཞེས་སོགས་ཞིང་ཁམས་འབུལ་བ་དང་འདྲའོ། །གཞལ་མེད་ཁང་བཟང་གི་མཆོད་པ་ནི། དབྱིབས་དང་ཁ་དོག་མཛེས་པ་ལ་སོགས་པའི་ཡོན་ཏན་བློས་གཞལ་དུ་མེད་པ་དང་ལྡན་པའི་ཕོ་བྲང་སྟེ་ཁང་བཟང་
Page: 107 ༄༅། །རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ནང་ན་༌གནས་པའི་ལྷའི་བུ་མོ་རྣམས་ཀྱིས་སངས་རྒྱས་སྲས་བཅས་ལ་བསྟོད་ཅིང་བསྔགས་པའི་སྒྲ་དབྱངས་སྙན་༌ཞིང་ཡིད་དུ་འོང་བ་དུ་མ་སྒྲོགས་པ་དང་ལྡན་ཞིང་། ཕྱི་ནང་ཀུན་ཏུ་ཡང་མུ་ཏིག་གི་དོ་ཤལ་དང་ནོར་ བུ་རིན་ཐང་ཆེན་པོ་ཅན་སྣ་ཚོགས་པའི་རྒྱན་གྱི་ཆུན་པོ་འཕྱང་བས་མཛེས་ཤིང་འོད་འབར་བ་དང་བླ་རེ་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དབྱིབས་དང་ཁ་དོག་སོགས་སྡུག་ཅིང་གཟི་འོད་རབ་ཏུ་འཕྲོ་བའི་༌་མཆོད་རྫས་དཔག་ཏུ་མེད་ཅིང་མཐའ་ཡས་པ་དང་བཅས་པའི་སྤྲིན་ ཕུང་ཆེན་པོས་ནམ་མཁའི་ཁྱོན་ཐམས་ཅད་འགེངས་ཤིང་མཛེས་པར་བྱེད་པའི་ཕྱིར་ནམ་མཁའི་རྒྱན་དུ་གྱུར་པ་དེ་དག་ཀྱང་སེམས་ཅན་ཡོངས་ལ་ཕན་བདེ་འབའ་ཞིག་བཞེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་གྱི་སངས་རྒྱས་བྱང་སེམས་རྣམས་ལ་དབུལ་བར་བགྱིའོ། ། ཡང་ས་གཞི་ལེགས་པར་བསྟར་བ་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ་པའི་གཞིར་གཞལ་མེད་ཀྱི་ཕོ་བྲང་ཞེས་ས་གཞི་བསྟར་བ་གཞལ་ཡས་ཁང་གི་མཆོད་པར་བསྡུས་ནས་འགའ་ཞིག་འཆད་དོ། །གདུགས་ཀྱི་མཆོད་པ་ནི། རྒྱུ་རིན་ཆེན་སྣ་ཚོགས་ལས་གྲུབ་ཅིང་ ཉི་མའི་འོད་ཀྱི་ཚ་གདུང་སོགས་སྐྱོབ་པར་བྱེད་པའི་གདུགས་མཛེས་ཤིང་སྙིང་དུ་སྡུག་པ་གསེར་གྱི་ཡུ་བ་རིང་ཞིང་དྲང་བ་ཅན། མཐའ་སྐོར་གྱི་ཁོ་ར་ཁོར་ཡུག་ཐམས་ཅད་དུ་མུ་ཏིག་གི་ཕྲེང་བ་ལ་སོགས་པའི་རིན་པོ་ཆེའི་རྒྱན་གྱི་རྣམ་པ་ཡིད་དུ་འོང་བ་དུ་མས་སྤྲས་ཤིང་ མཛེས་པར་བརྒྱན་པ་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་གྱེན་དུ་བསྒྲེང་བའི་ཚུལ་གྱིས་ཕུབ་པ་ཡང་དུས་རྟག་ཏུ་ཐུབ་དབང་སྲས་དང་བཅས་པ་རྣམས་ལ་ལེགས་པར་དབུལ་བར་བགྱིའོ། །གསུམ་པ་སྨོན་ལམ་སྟོབས་ཀྱི་མཆོད་པ་ནི། དེ་ལས་གཞན་ཡང་སོགས་དེ། དེ་
Page: 108 ལྟར་མཆོད་རྫས་ཀྱི་རྣམ་གྲངས་འགའ་ཞིག་སྨོས་ནས་སླར་ཡང་སྨོན་ལམ་གྱི་མཆོད་པར་བསྡུས་ཏེ་བསྟན་པའི་ཕྱིར་སྔ་མ་དེ་དག་ལས་གཞན་པ་ཡང་དེ་དག་ལས་ཕུལ་དུ་བྱུང་ཞིང་ཁྱད་པར་དུ་འཕགས་པའི་མཆོད་པའི་ཚོགས་ཇ་བོ་ཆེ་དང་རྫ་རྔ་དང་དུང་དང་པི་ཝང་ལ་སོགས་པའི་རོལ་མོའི་ རྣམ་གྲངས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལས་རོལ་མོའི་བྱེ་བྲག་བཅོ་བརྒྱད་ཅེས་བཤད་པ་ལྟ་བུ་སྒྲ་སྙན་ཅིང་ཡིད་འཕྲོག་པ་དུ་མ་དང་། ལྷའི་བུ་མོ་སོགས་ཀྱིས་མཛེས་པའི་གར་དང་བཅས་པའི་གླུ་དབྱངས་སྙན་པ་ཡིད་དུ་འོང་བ་སྒྲོགས་པ་དང་ལྡན་པ། བྱེད་ལས་ཀྱི་ཁྱད་པར་སྒྲ་ དབྱངས་དེ་དག་རྣ་ལམ་དུ་ཐོས་པ་ཙམ་གྱིས་ཀྱང་སེམས་ཅན་སྡུག་བསྔལ་ཅན་རྣམས་ཀྱི་སྡུག་བསྔལ་སེལ་ཞིང་དགའ་བདེས་ཡིད་སིམ་པའམ་ཚིམ་པར་བྱེད་པའི་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པ་རྣམས་ཀྱི་རྒྱུན་བསྐལ་བོའམ་བསྐལ་བ་ལས་ཀྱང་ལྷག་པར་རྒྱལ་བ་ སྲས་བཅས་ཀྱི་སྙན་གྱི་ལམ་དུ་རྒྱུན་ཆད་པ་མེད་པར་སོ་སོར་གནས་པའམ་དེ་དག་གི་སྤྱན་སྔར་དུས་ཆད་པ་མེད་པར་སོ་སོར་འབྱུང་ཞིང་གནས་པར་གྱུར་ཅིག །དེ་བཞིན་དུ་ལུང་གི་ཆོས་གསུང་རབ་སྡེ་སྣོད་ གསུམ་མམ་ཡན་ལག་བཅུ་གཉིས་དང་རྟོགས་པའི་ཆོས་འགོག་ལམ་གཉིས་སུ་གཏོགས་པའི་དམ་པའི་ཆོས་དཀོན་མཆོག་ཐམས་ཅད་དང་དེའི་རྟེན་གླེགས་བམ་སོགས་དང༌། ཆོས་སྐུའི་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་རྣམས་དང༌། གཟུགས་སྐུའི་ རྟེན་རི་མོར་བྲིས་པ་འབུར་དུ་དོད་པ་ལུགས་སུ་བླུགས་པའི་སྐུ་གཟུགས་སོགས་ལ་རིན་ཆེན་མེ་ཏོག་སྟེ་རིན་པོ་ཆེའི་ཆར་དང་མེ་ཏོག་གི་ཆར་དང་གོས་དང་རྒྱུན་འབྲུ་དང་སྨན་ལ་སོགས་པའི་མཆོད་རྫས་ཀྱི་ཆར་བ་དུ་མ་དུས་སྲིད་པ་ཇི་སྲིད་ཀྱི་བར་དུ་ནམ་ཡང་རྒྱུན་མི་འཆད་པར་
Page: 109 ༄༅། །འབབ་པར་ཤོག་ཅིག་ཅེས་པའོ། །དམ་ཚིག་གསུམ་རྒྱལ་ལས། དེ་ནས་མཆོད་པའི་ཉེ་བར་མཁོ་བའི་དངོས་པོ་ཇི་སྙེད་ཡོད་པ་འདི་ལྟ་སྟེ། ཐང་ལས་སྐྱེས་པ་དང་ཆུ་ལས་སྐྱེས་པའི་རིན་པོ་ཆེའི་རི་ལ་སོགས་པ་དང༌། རྒྱ་མཚོའི་རིན་པོ་ཆེ་ལ་སོགས་ པ་ཉམས་དགའ་བ་བདག་པོ་མེད་ཅིང་ཡོངས་སུ་བཟུང་བ་མེད་པ་མ་ལུས་པ་དེ་དག་དང༌། སེམས་ཅན་གྱི་ཁམས་ན་ཡོད་པ་དེ་དག་དུས་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བྱའོ། །ཡོངས་སུ་བསྔོས་ནས་བདག་གི་བསོད་ནམས་ ཀྱི་སྟོབས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་རླབས་ཀྱིས་མཆོད་པའི་སྤྲིན་རབ་འབྱམས་མཆོག་ཏུ་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་རབ་ཏུ་འབྱུང་བར་གྱུར་ཅིག །ཅེས་བདག་པོས་ མ་བཟུང་བ་དང་སྨོན་ལམ་གྱི་མཆོད་པ་ཐུན་མོང་དུ་བསྟན་པ་དང༌། དཀོན་མཆོག་སྤྲིན་ལས་ཀྱང་། མདོ་སྡེ་རྣམས་སུ་བརྗོད་པའི་རྒྱ་ཆེ་བའི་མཆོད་པའི་ལས་གང་འདི་རྣམས་ལྷག་པའི་བསམ་པ་ཤིན་ཏུ་དྲག་པོས་དེ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་ སུ་བསྔོ་བར་བྱེད་པ་དང༌། དེ་བཞིན་དུ་དེས་སྣ་ཚོགས་པའི་མཆོད་པའི་ལས་རྣམས་ཡོངས་སུ་སེམས་པར་བྱེད་དོ་ཞེས་གསུངས་སོ། །འགྲེལ་བ་ཕལ་ཆེར་དུ་ཚིགས་བཅད་སྔ་མ་རོལ་མོའི་མཆོད་པ་དང་ཕྱི་མ་སྨོན་ལམ་གྱི་མཆོད་པའམ་བྱིན་གྱིས་བརླབས་པའི་མཆོད་པར་འཆད་དོ། ། བཞི་པ་བླ་ན་མེད་པའི་མཆོད་པ་ནི། ཇི་ལྟར་འཇམ་དབྱངས་སོགས་ཏེ། དཔེ་ཇི་ལྟར་ན་འཇམ་དབྱངས་དང་ཀུན་ཏུ་བཟང་པོ་ལ་སོགས་པ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཇི་ལྟར་བཞེད་པའི་མཆོད་རྫས་དཔག་ཏུ་མེད་པ་ནམ་མཁའ་
Page: 110 གང་བར་སྤྲུལ་ནས་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་འཁོར་གསུམ་བདེན་ཞེན་གྱི་དྲི་མས་མ་གོས་པའི་ཟག་མེད་ཀྱི་མཆོད་པ་བླ་ན་མེད་པས་མཆོད་པར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་དེ་རྣམས་ཀྱི་མཆོད་པའི་ཚུལ་དུ་མོས་པ་ཙམ་བྱས་པའི་སྒོ་ནས་དེ་བཞིན་གཤེགས་པ་ འགྲོ་བ་ཡོངས་ཀྱི་མགོན་པོ་སྲས་དང་བཅས་པ་རྣམས་ལ་མཆོད་པར་བགྱིའོ། །ས་བཅུའི་དབང་ཕྱུག་རྣམས་ཀྱིས་རྣམ་འཕྲུལ་མཐའ་ཡས་པས་སངས་རྒྱས་རྣམས་ལ་མཆོད་ཚུལ་ནི། དཀོན་མཆོག་ཏ་ལ་ལའི་མདོར། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང༌། །མེ་ཏོག་ བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཅེས་སོགས་དང༌། །རྒྱལ་བ་མཆོད་པའི་རྣམ་འཕྲུལ་ཏིང་ངེ་འཛིན། །རྒྱལ་བ་ཀུན་ལ་མངོན་པར་སྒྲུབ་བྱེད་ཅིང༌། །ལག་པའི་མཐིལ་གྱིས་ སྟོང་གསུམ་རྒྱས་བཀང་ཞིང༌། །སྐྱེས་བུ་ཆེན་པོ་རྣམས་ལ་མཆོད་པ་བྱེད། །ཕྱོགས་བཅུ་ཀུན་ན་མེ་ཏོག་ཕྲེང་བ་དང༌། །སྤོས་དང་བྱུག་པ་རིན་ཆེན་རིན་ཆེ་བ། །དེ་དག་བྱང་ཆུབ་ཤིང་དྲུང་བཞུགས་པ་ཡི། །རྒྱལ་བ་མཆོད་ཕྱིར་ལག་པའི་མཐིལ་ནས་འགྱེད། །ན་བཟའ་ ཕྱེ་མ་རིན་ཆེན་ཇི་སྙེད་དང༌། །རྒྱལ་མཚན་བ་དན་གདུགས་དམ་སྣ་ཚོགས་དང༌། །གསེར་གྱི་རྒྱུན་དང་རིན་ཆེན་བླ་རེ་དག །ལག་མཐིལ་དེ་ནས་ཆར་དུ་མངོན་པར་འབེབས། །ཞེས་དང་། ལག་པའི་མཐིལ་ནས་མཆོད་པ་བསམ་ཡས་རྣམས། །རྒྱལ་བ་གཅིག་ལ་དེ་དག་ བྱེད་པ་ལྟར། །རྒྱལ་བ་མ་ལུས་ཀུན་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །ཞེས་སོགས་གསུངས་པ་ལྟར་རོ། །ལྔ་པ་བསྟོད་པ་དབྱངས་ཀྱི་མཆོད་པ་ནི། ཡོན་ཏན་རྒྱ་མཚོ་སོགས་ཏེ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་ལ་
Page: 111 ༄༅། །ཟད་མི་ཤེས་པ་མངའ་བའི་སངས་རྒྱས་བྱང་སེམས་རྣམས་ལ་བདག་གིས་དེ་དག་གི་ཡོན་ཏན་མཐའ་ཡས་པ་བརྗོད་པའི་བསྟོད་དབྱངས་ཀྱི་ཡན་ལག་ཀྱང་རྒྱ་མཚོ་ལྟར་མཐའ་ཡས་པས་བསྟོད་དོ། །དེ་ལྟར་བསྟོད་པའི་གླུ་དབྱངས་སྙན་པར་བསྒྲགས་པ་དེའི་ རྒྱུན་གྱི་མཆོད་པའི་སྤྲིན་ཚོགས་མཐའ་ཡས་པ་ནི་ཕྱིས་བསྟོད་དབྱངས་མ་བྱས་པའི་སྐབས་སུ་ཡང་རྒྱལ་བ་སྲས་བཅས་དེ་དག་ལ་སྟེ་དེ་དག་གི་ཐུགས་ཀྱི་ཡུལ་ལམ་སྙན་ལམ་དུའམ་དྲུང་དུ་ངེས་པར་ཡུལ་དུས་ཀུན་ཏུ་རྒྱུན་ཆད་པ་མེད་པར་བདག་གིས་ཇི་ལྟར་སྨོན་པ་དེ་བཞིན་དུ་འབྱུང་བར་ གྱུར་ཅིག་ཅེས་པའོ། །དབྱངས་ཀྱི་ཡན་ལག་ཅེས་པའི་དབྱངས་ནི་ས་འཛིན་པ་སོགས་བདུན་དང་ཡན་ལག་ནི་ཀ་མོད་སོགས་ཡིན་ལ་དེ་རེ་རེ་ལའང་ཡན་ལག་དུ་མ་ཡོད་པས་རྒྱ་མཚོ་ཞེས་བརྗོད་པ་ཡིན་པར་འགྲེལ་ཆེན་དུ་གསུངས་ལ། དབྱངས་བདུན་ནི། བར་མ་དྲང་སྲོང་ས་འཛིན་ དང༌། །དྲུག་ལྡན་ལྔ་ལྡན་བློ་གསལ་བ། །འཁོར་ཉན་པ་སྟེ་རྣམ་པ་བདུན། ཞེས་བཤད་པ་ལྟར་དང་། དར་ཊིཀ་སོགས་ལས་དབྱངས་ནི་ངག་དང་ཡན་ལག་ནི་དེའི་རྒྱུ་ལྕེ་རྐན་སོགས་དང་རྒྱ་མཚོ་ནི་མང་པོའི་སྒྲ་སྟེ་ལུས་རེ་རེ་ལ་མགོ་དཔག་ཏུ་མེད་པ་དང་མགོ་རེ་རེ་ལྕེ་དཔག་ཏུ་མེད་ པར༌མོས་ནས་བསྟོད་པའོ། །ཞེས་གསུངས། གསུང་རྒྱུན་ལས་དབྱངས་ནི་སྐད་གསང་བསྟོད་པ་དང་ཡན་ལག་ནི་འགྱུར་ཁུག་འདེགས་འཇོག་སོགས་རིགས་མང་པོ་ཡོད་ལ་དེའི་ཕྱིར་རྒྱ་མཚོ་ཞེས་བརྗོད་པ་ཡིན་ཞེས་འབྱུང་ངོ༌། །དེ་དག་ནི་བཟང་སྤྱོད་དུ། དེ་དག་བསྔགས་པ་མི་ ཟད་ཅེས་སོགས་གསུངས་པ་དང་འདྲ་ལ། དེའི་རྒྱུ་མཚན་གྱིས་འདི་ལ་ངག་གི་ཕྱག་ཅེས་འོག་མ་ཕྱག་འཚལ་བའི་ཡན་ལག་གི་ཁོངས་སུ་བསྡུས་ཏེ་མར་སྦྲེལ་ནས་འཆད་པའང་ཡོད་དོ། །འདི་ལ་བཀུར་སྟིའི་མཆོད་པ་དང་སྔ་མ་རྣམས་ལ་རྙེད་པའི་མཆོད་པ་ཞེས་ཀྱང་གསུང་ངོ༌། །
Page: 112 དེ་ལྟར་དཀོན་མཆོག་ལ་མཆོད་པ་ཕུལ་བའི་ཕན་ཡོན་ནི། དཀོན་མཆོག་སྒྲོན་མེར། རིགས་པར་བརྩོན་པ་དཀོན་མཆོག་གསུམ་རྣམས་ལ། །སྦྱོར་བ་སྐྱོ་བ་མེད་པར་མཆོད་བྱས་ནས། །དེ་དག་བདུད་བཞིའི་ལམ་ལས་རབ་འདས་ཏེ། །བྱང་ཆུབ་བླ་མེད་མྱུར་དུ་རེག་པར་འགྱུར། ། སེམས་ཅན་མང་པོ་བརྩོན་འགྲུས་འཛིན་བཅུག་སྟེ། །དཀོན་མཆོག་གསུམ་ལ་མཆོད་པར་རབ་བྱས་ནས། །ཟད་པའི་དུས་ན་དམ་ཆོས་ཡོངས་བཟུང་བས། །བརྟུན་པར་ལྡན་པའི་འོད་ཟེར་དེར་ཐོབ་པོ། །ཞེས་དང༌། ས་སྙིང་ལས་ཀྱང༌། ཁམས་གསུམ་དག་ན་བདེ་ཞིང་ སྐྱིད་པ། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བའི། །དེ་བས་བདེ་སྐྱིད་འདོད་པ་རྣམས་ཀྱིས། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་བྱ། །ཞེས་སོ། །གཉིས་པ་ཕྱག་འཚལ་བའི་ཡན་ལག་ནི། དུས་གསུམ་གཤེགས་པའི་སོགས་ཏེ། དེ་ལ། མཆོག་གསུམ་ལ་ཕྱག་ འཚལ་བ་ནི། འདས་མ་འོངས་ད་ལྟར་གྱི་དུས་གསུམ་དུ་བྱོན་གཤེགས་བཞུགས་པར་མཛད་པའི་རྫོགས་པའི་སངས་རྒྱས་ཀུན་དང་ལུང་དང་རྟོགས་པས་བསྡུས་པའི་དམ་པའི་ཆོས་དང་ཚོགས་ཀྱི་མཆོག་བྱང་སེམས་འཕགས་པའི་དགེ་འདུན་དང་བཅས་པ་ཀུན་ལ། སངས་ རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀུན་གྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་ལུས་སྤྲུལ་ཏེ་ཡན་ལག་མ་ལྔ་ས་ལ་རབ་ཏུ་བཏུད་ནས་ངག་གིས་ཕྱག་འཚལ་བའི་ཚིག་བརྗོད་ཅིང་ཡིད་གུས་པ་དང་བཅས་པས་ནི་བདག་གིས་ཕྱག་འཚལ་ལོ་ཞེས་པའོ། ། དེའང་ལུས་རེ་རེ་ལ་ཡང་མགོ་དང་ལག་པ་དང་ལྕེ་དཔག་མེད་སྤྲུལ་ནས་ལུས་རེ་རེས་ཀྱང་ཡན་ལག་སྨད་ལྔ་བཏུད་པ་དང་ལྕེ་རེ་རེས་ཀྱང་བསྟོད་བསྔགས་བྱེད་པར་མོས་པ་སོགས་དགོས་པར་བཤད་དོ། །འདི་བཟང་སྤྱོད་དུ། བཟང་བོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །
Page: 113 ༄༅། །ཞེས་སོགས་གསུངས་པ་དང་འདྲའོ། ། བྱང་སེམས་སྐྱེ་བའི་གཞི་སོགས་ལ་ཕྱག་འཚལ་བ་ནི། བྱང་ཆུབ་སེམས་ཀྱི་གཞི་སྟེ་ཡུལ་གང་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་དེ་འབྱུང་ཞིང་སྐྱེ་བའི་རྒྱུ་ཐེག་པ་ཆེན་པོའི་སྡེ་སྣོད་དང་སངས་རྒྱས་ཀྱི་སྐུ་ གཟུགས་དང༌། ཐེག་པ་ཆེན་པོའི་བཤེས་གཉེན་སོགས་སེམས་དེ་སྐྱེ་བའི་བདག་པོའི་རྐྱེན་བྱེད་པའི་གང་བྲག་དང༌། བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་ས་ཕྱོགས་དང་སྐྱེས་རབས་སོགས་སུ་བཤད་པའི་སྐྱེ་བའི་གནས་སོགས་ཏེ། །རྫོགས་སངས་གང་དུ་བལྟམས་པ་དང༌། ། གང་དུ་བྱང་ཆུབ་ལ་རེག་དང་། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་པ་ལྟར་གྱི་གནས་ཁྱད་པར་ཅན་རྣམས་དང༌། བང་རིམ་བུམ་པ་ཁ་ཁྱེར་སྲོག་ཤིང་ངམ་འཁོར་ལོ་གདུགས་ལ་སོགས་པའི་དབྱིབས་ཀྱི་རྣམ་པར་འདུ་བྱས་ཤིང་ཆོས་སྐུའི་རིང་བསྲེལ་སྐུ་ གདུང་གི་རིང་བསྲེལ་སྐུ་གདུང་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་སྐུ་བལ་གྱི་རིང་བསྲེལ་ཏེ་རིང་བསྲེལ་རྣམ་པ་བཞིའམ་དེ་བཞི་གང་རུང་གི་སྙིང་པོ་ཅན་གྱི་མཆོད་རྟེན་གནས་ཆེན་པོ་བརྒྱད་ན་བཞུགས་པ་ལྟ་བུ་ལ་སོགས་པ་རྣམས་ལའང་བདག་གིས་ལུས་མང་པོར་ སྤྲུལ་ཏེ་ཕྱག་འཚལ་བ་སྟེ། སྟེང་དང་འོག་དང་བར་དག་དང༌། །ཞེས་སོགས་ལྟར་རོ། །སོ་ཐར་གྱི་ཚིགས་སྔ་ཕྱིའི་མཁན་པོ་དང་དེ་བཞིན་དུ་བསླབ་སྡོམ་སོགས་སྦྱིན་པའི་སློབ་དཔོན་དང༌། ཐར་བའི་དོན་དུ་འབད་ཅིང་བརྩོན་པའི་བརྟུལ་ཞུགས་མཆོག་དང་ལྡན་ པ་ཉན་ཐོས་རང་རྒྱལ་བྱང་སེམས་སོ་སྐྱེ་རྣམས་དང་ཞེས་པའམ། ཡང་ན་སྐྱབས་སྡོམ་དང་དགེ་བསྙེན་གྱི་སྡོམ་པ་སོགས་བརྟུལ་ཞུགས་མཆོག་གི་ཁུར་འཛིན་པ་རྣམས་ལའང་ཕྱག་འཚལ་ལོ་ཞེས་པའོ། །ཆོས་བཅུ་བའི་མདོ་ལས་གསུངས་པའི་སེམས་བསྐྱེད་
Page: 114 སྐྱེ་བའི་རྒྱུ་བཞི་ཡང་བྱང་ཆུབ་སེམས་ཀྱི་གཞི་ཡིན་པར་བ་སུ་ངས་པ། དེ་བཞི་ནི་རང་ལ་སེམས་བསྐྱེད་པར་བསྐུལ་མཁན་སོགས་ཏེ། དེ་དག་ཕལ་ཆེར་ནི་གོང་གི་སེམས་བསྐྱེད་སྐྱེ་བའི་བདག་རྐྱེན་བྱེད་པའི་གང་ཟག་ཅེས་པ་དེས་བསྡུས་པའོ། །མཆོད་རྟེན་བརྒྱད་ནི། སྐུ་ འཁྲུངས་དུས་སུ་པདྨ་སྤུངས་པའི་མཆོད་རྟེན་སེར་སྐྱའམ་ལུམ་བིར་ཟས་གཙང་གིས་བཞེངས་པ་སྟེ་འདི་ལ་བཀྲ་ཤིས་འབྱུང་བའམ་བདེ་གཤེགས་འབྱུང་བའང་ཟེར། སངས་རྒྱས་དུས་སུ་བདུད་འདུལ་ལམ་བྱང་ཆུབ་མཆོད་རྟེན་གཟུགས་ཅན་སྙིང་པོས་བཞེངས་པ། སྟོན་པ་དྲུག་བཏུལ་དུས་སུ་ཆོ་འཕྲུལ་མཆོད་རྟེན་ཛེ་ཏའི་ཚལ་དུ་ལི་ཙ་བི་རྣམས་ཀྱིས་བཞེངས་པ་སྟེ་འདི་ལ་མུ་སྟེགས་འདུལ་མཛད་མཆོད་རྟེན་ཡང་ཟེར། དབྱེན་ཟླུམ་མཆོད་རྟེན་འོད་མའི་ཚལ་དུ་མ་གྷ་དྷ་པས་བཞེངས་པ། ལྷ་བབས་མཆོད་རྟེན་གྲོང་ཁྱེར་གསལ་ལྡན་ དུ་དེར་གནས་པ་དག་གིས་བཞེངས་པ་སྟེ་འདི་ལ་ལྷས་མཆོད་པའི་མཆོད་རྟེན་ཡང་ཟེར། ཆོས་འཁོར་བསྐོར་ཚེ་བཀྲ་ཤིས་སྒོ་མང་ཝ་ར་ཎ་སིར་ལྔ་སྡེས་བཞེངས་པ་སྟེ་འདི་ལ་ཡེ་ཤེས་མཆོད་རྟེན་ཡང་ཟེར། སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཚེ་རྣམ་རྒྱལ་མཆོད་རྟེན་ ཡངས་པ་ཅན་དུ་བཞེངས་པ། མྱང་འདས་མཆོད་རྟེན་རྩ་ཅན་དུ་གྱད་རྣམས་ཀྱིས་བཞེངས་པ་སྟེ་བརྒྱད་དོ། །དེ་ལྟར་གྲགས་ཆེན་བརྒྱད་དུ་བཤད་ཀྱང་སྤྱིར་མཆོད་རྟེན་ལ། འདུན་པ་སླར་ལོག་པའི་མཆོད་རྟེན། དབུ་སྐྲ་བྲེགས་ཤིང་ངུར་སྨྲིག་བླངས་པའི་མཆོད་རྟེན། ཕྱག་སོར་ལྔར་སེང་གེ་ལྔ་སྤྲུལ་ནས་གླང་ཆེན་སྨྱོན་པ་བཏུལ་བ་ན་གྲོང་ཁྱེར་འདུལ་མཛད་མཆོད་རྟེན། སྤྲེའུས་སྦྲང་རྩི་ཕུལ་ཏེ་ཤི་ནས་ལྷར་སྐྱེས་སྐབས་ཐུགས་རྗེ་འབྱུང་བའི་མཆོད་རྟེན། ལེགས་སྐྱེས་མས་འོ་ཐུག་དྲངས་པ་ན་ཉེར་ཞི་རྒྱལ་བའི་མཆོད་རྟེན། རིགས་
Page: 115 ༄༅། །ཅན་གསུམ་གྱི་དོན་མཛད་པ་ན་རྣམ་དག་མཆོད་རྟེན་སོགས་མང་དུ་ཡོད་པར་གསུངས་སོ། །ཕྱག་འཚལ་བའི་ཚུལ་ཞིབ་པར་ཕུང་པོ་གསུམ་པའི་མདོ་ལས་འབྱུང་བ་ལྟར་བྱ་དགོས་ལ། དེ་ལྟར་གུས་པས་ཕྱག་འཚལ་ན་ལུས་ཀྱི་ས་ཇི་ཙམ་ནོན་ པའི་རྡུལ་གྱི་གྲངས་མཉམ་གྱི་འཁོར་སྒྱུར་དུ་སྐྱེ་བའི་དགེ་རྩ་བ་གསོག་ཅིང་དེ་གྲོགས་ལ་ཁོང་ཁྲོ་སྐྱེས་པ་སོགས་ཀྱིས་འཇོམས་པར་ལུང་རྣམ་འབྱེད་དུ་གསུངས་ལ། བསླབ་བཏུས་ཀྱི་བསོད་ནམས་སྤེལ་བའི་སྐབས་སུ་ཕྱག་མཆོད་ཡི་རང་སོགས་ཀྱི་ཕན་ཡོན་རྒྱ་ཆེར་བཤད་ དོ། །གསུམ་པ་སྐྱབས་སུ་འགྲོ་བའི་ཡན་ལག་ནི། བྱང་ཆུབ་སྙིང་པོ་སོགས་ཏེ། ཐེག་ཆེན་གྱི་སྐབས་འདིར་ནི་དུས་དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་ཞེས་ཏེ། སྙིང་པོའི་སྒྲ་ནི་འོ་མའམ་ཞོའི་སྙིང་པོ་དང་མར་གྱི་སྙིང་པོ་ལྟ་བུ་ཡིན་པར་འགྲེལ་ཆེན་དུ་ གསུངས་ལ། དེ་ལྟ་བུའི་བྱང་ཆུབ་སྙིང་པོ་དེ་ལ། གནས་ཀྱི་དབང་དུ་བྱས་པའི་བྱང་ཆུབ་སྙིང་པོ་ནི་ཆོས་སྐུ་མངོན་དུ་བྱེད་པའི་གནས་ཏེ། ལོངས་སྐུར་འཚང་རྒྱ་བའི་གནས་འོག་མིན་དང་མཆོག་གི་སྤྲུལ་སྐུར་འཚང་རྒྱ་བའི་གནས་རྡོ་རྗེའི་གདན་བྱང་ཆུབ་ཀྱི་ཤིང་དྲུང་ལྟ་ བུའི་བྱང་ཆུབ་སྙིང་པོ་དེ་དང་དེར་མཆིས་པའམ་གཤེགས་ཀྱི་བར་དང༌། རྟོགས་པའི་དབང་དུ་བྱས་པའི་བྱང་ཆུབ་སྙིང་པོ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་མཐའ་དག་སྤངས་པའི་ཕྱིར་དང་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་ཐུགས་སུ་ཆུད་པའི་ཕྱིར་ ན་བྱང་ཆུབ་སྟེ་དེ་ལྟ་བུའི་བླ་མེད་རྫོགས་པའི་བྱང་ཆུབ་དེ་མཆིས་ཀྱི་བར་རམ་ཐོབ་ཀྱི་བར་དུ་སྐྱབས་ཡུལ་ཀྱང་ཁྱད་པར་ཅན་རྫོགས་པའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི་ཞིང༌། ཐེག་པ་ཆེན་པོའི་ཆོས་དཀོན་མཆོག་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཡི་དགེ་
Page: 116 འདུན་གྱི་ཚོགས་རྣམས་ལའང་དེ་བཞིན་ཏེ་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིའོ་ཞེས་པ་ཡིན་ལ། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་ན། འཇིགས་པ་དང་སྡུག་བསྔལ་ལས་སྒྲོལ་བའི་རྟེན་ཉིད་དུ་ཡིད་ཀྱིས་འཛིན་ཅིང་ངག་གིས་ཁས་ལེན་པ་སྟེ། རང་གཞན་མཐའ་དག་ སྲིད་ཞིའི་རྒུད་པས་འཇིགས་ཤིང་ཉེན་པ་ན་དེ་ལས་སྐྱོབ་པའི་ནུས་པ་སུ་ལ་ཡོད་ན་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་དད་པའི་སྒོ་ནས་ཅི་མཛད་ཁྱེད་ཤེས་ཀྱིས་བློ་གཏོད་ཅིང་སྙིང་ནས་བསྟེན་པར་ཁས་ལེན་པའི་ཚུལ་གྱིས་སྐྱབས་སུ་མཆི་བའམ་སྐྱབས་སུ་འགྲོ་བ་ ཡིན་ལ། སོ་སོར་སྐྱབས་སུ་འགྲོ་ཚུལ་ཡང༌། སངས་རྒྱས་དཀོན་མཆོག་ནི་འཇིགས་པ་མེད་པའི་ལམ་སྟོན་པ་པོའམ་སྐྱབས་སྟོན་པ་པོ་དང༌། ཆོས་དཀོན་མཆོག་ནི་འཇིགས་པ་མེད་པའི་ལམ་དངོས་སམ་སྐྱབས་དངོས་དང༌། དགེ་འདུན་དཀོན་མཆོག་ནི་འཇིགས་པ་མེད་ པའི་ལམ་སྒྲུབ་པའི་གྲོགས་སམ་སྐྱབས་སྒྲུབ་པའི་གྲོགས་ཏེ་དེ་དང་དེ་དག་ཏུ་འཛིན་ཞིང་བསྟེན་པར་ཁས་ལེན་པ་ཡིན་ལ༑སྐྱབས་སུ་མཆི་ཞེས་པའི་ངེས་ཚིག་འཇིགས་པ་དང་སྡུག་བསྔལ་ལས་སྐྱོབ་པས་ན་སྐྱབས་དང་དེ་ལྟ་བུའི་སྐྱབས་དེ་དཔུང་གཉེན་དུ་བཟུང་ནས། གང་ཞིག་གང་ལ་སྐྱབས་སུ་འགྲོ་བ་དེ་ནི་དེའི་བཀའ་ལས་འདའ་བ་མ་ཡིན་པས་སོ་ཞེས་པ་བཞིན་དུ་དེའི་བཀའ་བཞིན་དུ་ཡོངས་སུ་བསྲུང་བ་ནི་མཆི་བའམ་འགྲོ་བའོ་ཞེས་བཤད་དོ། །དེའང་གཞན་རྒྱུད་ལ་གྲུབ་ཟིན་གྱི་ཐེག་པ་ཆེན་པོའི་མཆོག་གསུམ་ལ་འཇིགས་པ་དང་ སྡུག་བསྔལ་ལས་སྒྲོལ་བའི་རྟེན་དུ་འཛིན་རྒྱུའི་སྐྱབས་འགྲོ་དང༌། རང་རྒྱུད་ལ་འབྱུང་འགྱུར་གྱིམཆོག་གསུམ་ལ་འཇིགས་པ་དང་སྡུག་བསྔལ་ལས་སྒྲོལ་བའི་རྟེན་དུ་འཛིན་པ་འབྲས་བུའི་སྐྱབས་འགྲོ་ཡིན་པར་གསུངས་ལ། སྐབས་འདིར་ཡང་དེ་ལྟ་བུའི་གྲུབ་
Page: 117 ༄༅། །ཟིན་དང་འབྱུང་འགྱུར་གྱི་དཀོན་མཆོག་གསུམ་པོ་དམིགས་ཡུལ་དུ་བྱས་ཏེ་སྐྱབས་སུ་འགྲོ་དགོས་སོ། །སྐྱབས་འགྲོ་འདི་ཕྱག་འཚལ་བ་དང་རྗེས་སུ་འབྲེལ་བས་ན་མཆོད་པའི་ཁོངས་སུ་བསྡུས་ནས་བཤད་པ་ཡོད་ལ། འགྲེལ་ཆེན་དུ་སྡིག་ བཤགས་ཀྱི་སྔོན་འགྲོར་བཤད་དོ། །གང་ལྟར་ཡང་སེམས་བསྐྱེད་དང་སྡོམ་པའི་ཐུན་མོང་མ་ཡིན་པའི་རྒྱུའོ། །བཞི་པ་སྡིག་པ་བཤགས་པའི་ཡན་ལག་ལ་གཉིས། བཤགས་ཡུལ་མངོན་དུ་བྱ་བ། བཤགས་པས་བྱ་བ་དངོས་སོ། །དང་པོ་ནི། ཕྱོགས་རྣམས་ཀུན་ན་ སོགས་ཏེ། བཤགས་ཡུལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་ཀུན་ན་བཞུགས་པ་ཡི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགོས་དང་བཅས་པ་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་ དང་བཅས་པ་ལས་སྒྲོལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་མངའ་བ་རྣམས་མངོན་དུ་བྱས་ལ། །ཡིད་ཀྱིས་བཤགས་ཕུལ་རྣམས་ལ་དད་ཅིང་གུས་པ་དང་བཅས་པས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དྲག་པོ་དང༌། སྤྱོད་ལམ་ལུས་ཀྱིས་བཏུད་ནས་ལག་གཉིས་ཐལ་མོ་ སྦྱར་ཏེ་ངག་གིས་སྡིག་པ་བཤགས་པའི་ཚིག་སྙན་ལམ་དུ་གསོལ་བ་ནི་ཞེས་པ་སྟེ་ལུས་ངག་གི་རིག་བྱེད་དང་བཅས་ཏེ་བསམ་པ་ཐག་པས་བཤགས་དགོས་པར་བསྟན་པའོ། །གཉིས་པ་ལ་བཞི། སུན་འབྱིན་པའི་སྟོབས། རྟེན་གྱི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ། སོར་ཆུད་པའི་སྟོབས་སོ། ། དང་པོ་ནི། ཐོག་མ་མེད་ལྡན་སོགས་ཏེ། དེ་ལ། འདི་འགྱོད་པའི་སྟོབས་སམ་སུན་འབྱིན་པའི་སྟོབས་དེ་ཉིད་ཅུང་ཟད་རྒྱས་པར་འཆད་པ་ལ། དུས་དང་རྒྱུ་སོགས་བརྗོད་པའི་སྒོ་ནས་སྡིག་པ་སྤྱིར་བཤགས་པ་ནི། དུས་ཐོག་མེད་པ་སྟེ་དང་པོའི་
Page: 118 མཐའ་ཐུག་པ་མེད་པ་དང་ལྡན་པའི་འཁོར་བར་འཁོར་བ་ནས་བཟུང་སྟེ་རིམ་པར་བརྒྱུད་ནས་ད་ལྟར་གྱི་ཚེ་རབས་ཏེ་སྐྱེ་བ་འདིའམ་སྔོན་གྱི་ཚེ་རབས་གཞན་དག་ཏུ། བྱེད་པ་པོ་བདག་གིས་རྒྱུ་སྡིག་པའི་ལས་ཀྱི་ཉེས་དམིགས་མ་འཚལ་ཏེ་མ་ཤེས་ཤིང་ལས་འབྲས་ཀྱི་བླང་དོར་ལ་ རྨོངས་པ་དུད་འགྲོ་ལྟར་གྱུར་པའི་དབང་གིས། ངོ་བོ་སྡིག་པ་མི་དགེ་བའི་ཕྱོགས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བས་བསྡུས་པ། རྟེན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྦྱོར་བ་རང་གིས་དངོས་སུ་བགྱིས་པའམ་གཞན་དག་ལ་བགྱིད་དུ་སྩལ་བ་སྟེ་བྱེད་དུ་བཅུག་པ་ ཉིད་དང་ནི། ལས་དང་ལས་ཀྱི་རྣམ་སྨིན་ལ་རྨོངས་པའི་གཏི་མུག་འཁྲུལ་པས་བདག་རྒྱུད་ནོན་ཏེ་གཞན་གྱིས་སྡིག་པ་བྱས་པ་ལ་དགའ་བས་རྗེས་སུ་ཡི་རང་བ་གང་བགྱིས་པའི་བཤགས་བྱའི་ནོངས་པའམ་ཉེས་པ་དེ་ལ་ནི་རང་གིས་ཉེས་པར་མཐོང་ཞིང་རྟོགས་པར་བགྱིས་ཏེ། བཤགས་ཚུལ་འགྱོད་སེམས་བསྐྱེད་དེ་བསམ་པ་ཐག་པའམ་སྙིང་ཐག་པའི་སྒོ་ནས། བཤགས་ཡུལ་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་མཐོལ་ཞིང་བཤགས་ཏེ་མི་འཆབ་ཅིང་མི་སྦེད་དོ་ཞེས་པ་སྟེ། དེ་དག་ནི་དུས་དང་རྒྱུ་དང་རྣམ་པ་དང་བྱེད་པ་སོགས་ཀྱི་སྒོ་ ནས་བྱས་ཤིང་བསགས་པའི་སྡིག་པ་བཤགས་ཚུལ་སྤྱིར་བསྟན་པ་ཡིན་ནོ། །འགྲེལ་ཆེན་ལྟར་ན། གཏི་མུག་འཁྲུལ་པས་བདག་གནོད་ཕྱིར། །ཞེས་གཏི་མུག་འཁྲུལ་བས་བྱས་པའི་སྡིག་པའི་ལས་ཀྱི་འབྲས་བུ་བདག་ལ་སྨིན་ནས་གནོད་པའི་ཕྱིར་དེ་ལྟ་བུའི་ནོངས་པ་དེ་ནི་ མཐོང་ཞེས་སྦྱར་ཏེ་འཆད་དོ། ། ཡུལ་མཆོག་ལ་བརྟེན་པའི་སྡིག་པ་ལྕི་བ་བྱེ་བྲག་ཏུ་བཤགས་པ་ནི། རྨོངས་པ་བདག་གིས་ཡུལ་བླ་ན་མེད་པའི་ཡོན་ཏན་གྱི་ཞིང་ཁྱད་པར་ཅན་དཀོན་མཆོག་གསུམ་དང་ནི། ཕན་འདོགས་པའི་ཞིང་ཕ་དང་མའམ་བཀའ་དྲིན་གྱི་ཞིང་བླ་མ་སྟེ་
Page: 119 ༄༅། །མཁན་སློབ་གཞན་གང་ཡང་རུང་བ་དག་ལའང་དམིགས་ཏེ། རྒྱུ་ཉོན་མོངས་དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྒོ་ནས་སྦྱོར་བ་སྡིག་པ་འབྱུང་བའི་གནས་ལུས་དང་ངག་དང་ཡིད་ཀྱིས་གནོད་པའི་ལས་སམ་ནོངས་པའི་ལས་བགྱིས་པ་གང་ལགས་ པ་དེ་ནི་རྣམ་སྨིན་མི་བཟད་པ་རྒྱ་ཆེ་བ་འབྱིན་པའི་བྱེད་ལས་དང་ལྡན་པའི་ཕྱིར་སྤྱིར་འཁོར་བའི་སྡུག་བསྔལ་དང་ཁྱད་པར་ངན་སོང་གི་སྡུག་བསྔལ་གྱི་རྒྱུ་བྱེད་ཅིང་མཐོ་རིས་དང་ཐར་བའི་ལམ་གྱི་གེགས་བྱེད་པ་སོགས་ཀྱི་ཆ་ནས་ཉེས་པ་དུ་མའི་སྐྱོན་ཆགས་པ་ཞེས་སམ། ཡང་ན་དམྱལ་ སོགས་ཀྱི་སྡུག་བསྔལ་སྐྱེད་བྱེད་ཀྱི་རྒྱུ་ཆགས་སོགས་ཉོན་མོངས་པའི་ཉེས་པ་དུ་མའི་སྐྱོན་ཆགས་པའི་སྡིག་པ་ཅན་བདག་གིས་སྡིག་པ་མི་དགེ་བའི་ལས་གང་ཤིན་ཏུ་ལྕི་ཞིང་མནར་མེད་སོགས་ཀྱི་སྡུག་བསྔལ་དྲག་ལ་ཡུན་རིང་བསྐྱེད་པས་ཤིན་ཏུ་མི་བཟད་པ་བགྱིས་པ་དེ་ཐམས་ ཅད། བཤགས་ཡུལ་ངན་སོང་དང་འཁོར་བ་ནས་མཐོ་རིས་དང་ཐར་བའི་གནས་སུ་འདྲེན་པའི་འདྲེན་པ་ཐུགས་རྗེ་ཅན་རྣམས་ཀྱི་སྤྱན་སྔར་སོ་སོར་མཐོལ་ཞིང་བཤགས་པར་བགྱིའོ་ཞེས་པའོ། །འདི་དག་ནི་གསེར་འོད་ལས། བདག་གི་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་ བཟད་གང་བགྱིས་པ། །སྟོབས་བཅུའི་སྤྱན་སྔར་བདག་མཆིས་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཞེས་དང༌། ལུས་ཀྱིས་བགྱིས་དང་ངག་གིས་སྨྲས། །ཡིད་ཀྱིས་རྣམ་པར་བསམས་པ་དང་། །ལས་རྣམས་བཅུ་བོ་བགྱིས་པ་དག །དེ་དག་ཐམས་ཅད་བདག་ འཆགས་སོ། །ཞེས་སོགས་གསུངས་པ་ལྟར་ཡིན་ལ། ཤིན་ཏུ་མི་བཟད་ཅེས་པ་དག་གི་དོན་ནི། དེ་ཉིད་ལས། བདག་གི་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིད་པ། །ཞེས་པ་ལྟར་ངན་སོང་གི་སྡུག་བསྔལ་སོགས་མི་འདོད་པའི་འབྲས་བུ་སྟེར་བར་
Page: 120 བྱེད་པའི་རྒྱུ་མཚན་གྱིས་ཡིན་ལ། དེའི་ཚུལ་ཡང་ཚོམས་ལས། བྱིས་པ་ཤེས་རབ་ཆུང་ངུ་དག །བདག་ལ་དགྲ་བཞིན་བྱེད་པ་ཡིས། །གང་ཞིག་འབྲས་བུ་ཚ་འགྱུར་བའི། །སྡིག་ཅན་ལས་ནི་སྤྱོད་པར་བྱེད། །ཅེས་དང༌། ལྕགས་ལས་གཡའ་ནི་ལངས་གྱུར་པ། །ལངས་ པ་དེས་ནི་དེ་ཉིད་ཟ། །དེ་བཞིན་མ་བརྟགས་བྱས་པ་ཡི། །རང་གི་ལས་ཀྱིས་ངན་འགྲོར་འགྲོ། །ཞེས་དང་། །དྲན་པ་ཉེར་བཞག་ལས་ཀྱང་། །འཇིག་རྟེན་འདི་དང་ཕ་རོལ་གྱི། །འཇིག་རྟེན་དེ་བཞིན་འབྲང་བའི་དགྲ། །དགྲ་ཡི་ནང་ན་དགྲ་དང་པོ། །ངན་སོང་ཐམས་ཅད་རྣམ་ སྟོན་པ། །དུག་དང་མེ་དང་མཚོན་ལྟ་བུ། །རང་གི་བྱས་པ་ངན་པ་ཡིན། །ཁྱོད་ཀྱི་ལས་ནི་བྱས་པ་དག །ཁྱོད་ནི་རྗེས་སུ་སྤྱོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་སྡིག་པ་བཤགས་ཚུལ་སྤྱི་དང་བྱེ་བྲག་ཏུ་བསྟན་པའི་སྐབས་འདིར། སྦྱང་བྱ་སྡིག་པའི་ཁྱད་པར་ ལ། དུས་འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ། རྒྱུ་མ་རིག་པ་གཙོ་བོར་གྱུར་པའི་དུག་གསུམ་སོགས་ཉོན་མོངས་པ་གང་རུང་གིས་ཀུན་ནས་བསླངས་ཏེ། ཡུལ་མཆོག་གསུམ་དང་བླ་མ་ཕ་མ་སོགས་ལ་དམིགས་ནས། གཞི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ངོ་བོ་མི་ དགེ་བ་བཅུ་སོགས་བཅས་རང་གིས་བསྡུས་པའི་སྡིག་པ་དང་ལྟུང་བ། སྦྱོར་བ་དངོས་སུ་རང་གིས་བྱས་པ་གཞན་ལ་བསྐུལ་ནས་བྱེད་དུ་བཅུག་པ་རང་གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་གསུམ་གྱིས་བསྡུས་པ། བྱེད་ལས་འཁོར་བ་དང་ངན་སོང་དུ་འཕེན་ཅིང་མཐོ་ རིས་དང་ཐར་བ་ལ་གེགས་བྱེད་པ་སོགས་ཀྱི་ཁྱད་པར་དང་ལྡན་པའོ། །སྤྱོད་ཚུལ་གྱི་ཁྱད་པར་ནི། བླ་མ་མཆོག་གསུམ་གྱི་སྤྱན་སྔར་ཕྱག་མཆོད་བྱས་ནས། བསམ་པ་ཐག་པས་ཞེས་པ་ལྟར་སྔར་བྱས་ཀྱི་སྡིག་ལྟུང་ལ་འགྱོད་སེམས་དྲག་པོ་དང་ཕྱིས་འབྱུང་རྒྱུན་
Page: 121 ༄༅། །གཅོད་པའི་སྡོམ་སེམས་བརྟན་པོ་དང་བཅས་པས་ལེགས་པར་བཤགས་ཏེ་ཅིས་ཀྱང་དག་གོ་སྙམ་དུ་ཡིད་ཆེས་སྐྱེད་༌པའོ། །བཤགས་པའི་ཆོ་ག་ནི། གསེར་འོད་ལས་བྱུང་བའི་སངས་རྒྱས་རྐང་གཉིས་སོགས་ལྟར་རོ། །སྡིག་དང་བཅས་བཞིན་ དུ་འཆི་བས་འཇིགས་ནས་མྱུར་དུ་བསྐྱབ་པར་གསོལ་བ་ནི། དེ་ལ་སྡིག་པའི་ལས་དེ་བྱས་མ་ཐག་མྱུར་དུ་མ་བཤགས་ན། བདག་ནི་སྡིག་པའི་ལས་དེ་མ་བྱང་བར་ཏེ་བཤགས་ནས་མ་ཟད་པའི་སྔོན་དུ་སེམས་རྒྱུད་སྡིག་ལྟུང་གིས་སྦགས་ཏེ་ཉེས་པ་དང་བཅས་བཞིན་དུ་མྱུར་ དུ་འགུམ་པར་ཏེ་འཆི་༌བར་འགྱུར་དུ་མཆི་ལ། གལ་ཏེ་དེ་ལྟར་སྡིག་པ་མ་བཤགས་གོང་དུ་ཤི་ན་ངན་འགྲོར་སྐྱེས་ནས་སྡུག་བསྔལ་དྲག་བོ་མྱོང་བར་ངེས་པའི་ཕྱིར་དུ་ཐབས་ཇི་ལྟར་བྱས་ན་རྒྱུ་སྡིག་པའི་ལས་འདི་དང་འབྲས་བུ་ངན་སོང་གི་སྡུག་བསྔལ་འདི་ལས་ངེས་པར་ཏེ་ གདོན་མི་ཟ་བར་ཐར་བར་འགྱུར་ཏེ་ཐར་དཀའ་བས་ན་དེ་ལས་ཐར་བའི་ཕྱིར་དུ་ཤིན་ཏུ་རིངས་པར་མྱུར་བའི་ཚུལ་གྱིས་མི་དགེ་བའི་ལས་འབྲས་བུ་དང་བཅས་འདི་ལས་བསྐྱབ་ཏུ་གསོལ་ཞེས་སྡིག་པ་དང་སྡུག་བསྔལ་གྱིས་འཇིགས་ནས་དཀོན་མཆོག་ལ་སྐྱབས་བཙལ་ བའོ། །འགའ་ཞིག་གིས་འདིས་སྐྱབས་འཚོལ་དགོས་པའི་རྒྱུ་མཚན་བསྟན་ཞེས་རྟེན་གྱི་སྟོབས་ལ་སྦྱར་ནས་འཆད་ལ་འགྲེལ་བ་ཕལ་ཆེར་དུ་སྡིག་པ་དང་བཅས་བཞིན་དུ་འཆི་བས་འཇིགས་ནས་འགྱོད་པ་སྐྱེད་པ་ཞེས་སུན་འབྱིན་པའི་སྟོབས་སུ་འཆད་ཀྱང་མི་འགལ་ཏེ། འགྱོད་པ་དང་བཅས་པས་སྐྱབས་འཚོལ་བ་ཡིན་པས་སོ། །དེ་ཙམ་མྱུར་དུ་བསྐྱབ་ཅི་དགོས་སྡིག་པ་བཤ གས་ལོང་མེད་པར་ག་ལ་འཆི་སྙམ་ན། འདི་སྲིད་ཙམ་གྱི་བར་དུ་མི་འོང་ངོ་ཞེས་ཡིད་ཆེས་བརྟན་པོ་སུས་ཀྱང་བྱར་མི་རུང་བའི་འཆི་བདག་འདི་ནི་བདག་གིས་སྡིག་
Page: 122 སྦྱོང་སོགས་དང་ཚེ་འདིའི་བྱ་བ་གཞན་ཡང་སྔ་མ་བྱས་ཟིན་པ་དང་ད་དུང་བྱ་དགོས་པའི་བྱ་བ་ཕྱི་མ་མ་བྱས་པ་ལྟ་བུའི་དུས་ལ་མི་སྡོད་དེ་མི་སྒུག་ཅིང་བྱ་བ་ཚར་མ་ཚར་ལ་ཅུང་ཟད་ཀྱང་མི་ལྟོས་པས་ན་སྡིག་བཤགས་སོགས་བྱ་ལོང་མེད་པར་མྱུར་དུ་མི་འཆི་བའི་ངེས་པ་མེད་དོ། ། ནད་ལྟ་བུའི་འཆི་རྐྱེན་དྲག་པོས་མ་ཟིན་པས་ག་ལ་འཆི་སྙམ་ན། འབྱུང་འཁྲུགས་སོགས་ཀྱིས་ཟིན་པའི་ན་བ་དང་མི་ན་བར་སྟོབས་དང་ལང་ཚོ་ལྡན་ཞིང་བདེ་བར་གནས་པ་ཀུན་གྱིས་ཀྱང་རུང་སྟེ་འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བ་སོགས་ཀྱི་ཕྱིར་ན་ང་དེ་རིང་མི་འཆིའོ་ཞེས་པ་ དེ་ཙམ་ཡང་གློ་བུར་བའི་ཚེ་ལ་ཡིད་མི་བརྟན་ཏེ་ཡིད་ཆེས་བརྟན་པོ་བྱར་མི་རུང་ལ། རྒྱུ་དཔེ་དང་འགྲེལ་བར་ཡང་། གློ་བུར་ཚོལ་ཞེས་པ་ལ། གློ་བུར་ཐོག་ཆེན་ཞེས་འབྱུང་བ་ལྟར་མ་བསམ་པར་མགོ་ཐོག་ཏུ་ཐོག་ཆེན་པོ་བབས་པ་དང་འདྲ་ལ་རླུང་གིས་བཏབ་པའི་ཆུའི་ཆུ་ བུར་སོགས་དང་ཡང་འདྲ་བས་ན་མྱུར་དུ་སྡིག་སྦྱོང་སོགས་དགེ་བའི་ལས་ལ་འབད་པར་བྱའོ་ཞེས་པ་སྟེ་འདི་ནི་རྒྱུད་སྡིག་པས་སྔ་ཤས་བཞིན་དུ་འཆི་བས་འཇིགས་ནས་མྱུར་དུ་སྡིག་སྦྱོང་ལ་བསྐུལ་བའོ། །དེ་ལྟར་མཚན་མོ་བཟང་པོའི་མདོ་ལས། སང་ཙམ་ཤི་ཡང་སུས་ ཤེས་ཀྱི། །དེ་རིང་ཉིད་དུ་བསྟན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །བདག་ཏུ་བཤེས་པ་མ་ཡིན་ནོ། །ཞེས་གསུངས་ལ། རིན་ཆེན་ཕྲེང་བ་ལས་ཀྱང༌། འཆི་བདག་རྐྱེན་གྱི་ཁར་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན། །ཞེས་དང༌། འཆི་བའི་རྐྱེན་ནི་མང་པ་སྟེ། ། གསོན་པའི་རྐྱེན་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །ཞེས་དང༌། བཤེས་སྤྲིང་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཞེས་སོགས་གསུངས། ཐམས་ཅད་འབོར་དགོས་པ་མ་ཤེས་པས་དོན་མེད་དུ་སྡིག་བསགས་འགྱོད་པ་ནི། གལ་ཏེ་
Page: 123 ༄༅། །ཡིད་བརྟན་དུ་མེད་པར་ཆ་ཡོད་ན་སྡིག་པ་ཅིའི་ཕྱིར་བྱས་ཤེ་ན། འཆི་བའི་དུས་ལ་བབས་པ་ན་ལྷན་ཅིག་སྐྱེས་པའི་ལུས་དང་སེར་སྣས་བསམས་པའི་ལོངས་སྤྱོད་དང་ཡིད་དུ་མི་འོང་བའི་དགྲ་དང་སྙིང་དུ་སྡུག་པའི་གཉེན་ཐམས་ཅད་ཤུལ་དུ་བོར་ཏེ་ རང་ཉིད་གཅིག་པུ་གྲོགས་མེད་དུ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་ཕྱི་མའི་ལམ་དུ་ཆ་སྟེ་འགྲོ་དགོས་པར་བདག་གིས་ད་ལྟའི་དུས་སུ་དེ་ལྟར་མ་ཤེས་པས་ཚེ་འདི་ཙམ་ལ་མངོན་པར་ཞེན་ནས་མཛའ་བ་གཉེན་གྱི་ཕྱོགས་ལ་ཕན་བཏགས་ཏེ་གཅེས་སྨྲས་ཀྱིས་སྐྱོང་བ་ དང་མི་མཛའ་བ་དགྲའི་ཕྱོགས་ལ་སྦྱོར་བ་རྩུབ་མོས་གནོད་པ་བསྐྱལ་ཏེ་གཞོམ་པ་སོགས་ཀྱི་དོན་གྱི་ཕྱིར་ཆགས་སྔང་གིས་ཀུན་ནས་བསླངས་ཏེ་སྲོག་གཅོད་སོགས་སྡིག་པ་རྣམ་པ་སྣ་ཚོགས་བྱས་ཞེས་དགྲ་གཉེན་སོགས་ཀྱི་ཕྱིར་སྡིག་བསགས་པ་ལ་བསམས་ཏེ་འགྱོད་པ་ སྐྱེད་པ་དང༌། དེ་ལྟར་ཞེ་སྡང་སྐྱེ་ཡུལ་གྱི་མི་མཛའ་བ་དགྲ་རྣམས་ཀྱང་ཤི་ནས་མེད་པར་འགྱུར་ཞིང་ཆགས་ཞེན་སྐྱེ་ཡུལ་གྱི་མཛའ་བ་གཉེན་བཤེས་རྣམས་ཀྱང་ཤི་ནས་མེད་པར་འགྱུར་ལ། ཆགས་སྡང་གི་སྒོ་ནས་དགྲ་འདུལ་གཉེན་སྐྱོང་བྱེད་པ་པོའི་ཕོ་རྒོད་པོ་བདག་ཉིད་ ཀྱང་ཚེའི་དུས་བྱས་ནས་མེད་པར་འགྱུར་བ་སྟེ། དེ་བཞིན་དུ་སྡིག་སྡུག་དུ་མས་བསགས་པའི་ནོར་ལོངས་སྤྱོད་ཐམས་ཅད་དང་སྟོབས་དང་མངའ་ཐང་སོགས་ཐམས་ཅད་མེད་པར་འགྱུར་བས་ན་རྟག་བརྟན་ཅུང་ཟད་ཀྱང་མེད་ལ་ཡིད་བརྟན་ཆ་ཙམ་ཡང་བྱར་མི་རུང་བ་དེ་ དག་གི་ཆེད་དུ་ཆགས་སྡང་གིས་བསླངས་པའི་སྡིག་པ་བསགས་པ་ནི་དོན་མེད་པའོ་འཁྲུལ་བའོ་སྙམ་ནས་འགྱོད་བསྐྱེད་པ་དང་། དཔེར་ན་རྨི་ལམ་གྱི་སྐབས་སུ་བདེ་སྡུག་འབྱོར་རྒུད་སྣ་ཚོགས་ཤིག་ཉམས་སུ་མྱོང་ཡང་གཉིད་སད་ཚེ་དེ་ཐམས་ཅད་དྲན་པའི་ཡུལ་ཙམ་
Page: 124 དུ་འགྱུར་གྱི་དངོས་སུ་མཐོང་ཞིང་ཉམས་སུ་མྱོང་བར་མི་འགྱུར་བ་དེ་བཞིན་དུ་རྨི་ལམ་ལྟ་བུའི་ཚེ་འདིར་གཉེན་མཛའ་བཤེས་དང་ལྷན་ཅིག་ཏུ་ཟས་གོས་ནོར་སོགས་ལ་ལོངས་སྤྱད་ནས་བདེ་སྐྱིད་མྱོང་བ་དང་། དགྲ་དང་ལྷན་ཅིག་ཏུ་ཁྲོ་འཁྲུགས་འཐབ་རྩོད་སོགས་བྱས་ པས་སྡུག་བསྔལ་མྱོང་བ་ལྟ་བུའི་བདེ་སྡུག་དང་དེའི་རྒྱུར་གྱུར་པའི་ཟག་བཅས་ཀྱི་དངོས་པོ་གང་དང་གང་སྤྱད་པ་དེ་དང་དེ་ཐམས་ཅད་ཕྱིས་འཆི་བར་འགྱུར་བའི་ཚེ་རྨི་ལམ་རྨི་བཞིན་པ་ན་སད་པ་ལྟར་སྔར་དེ་དང་དེ་ལྟ་བུ་མྱོང་ངོ་ཞེས་དྲན་པའི་ཡུལ་ཙམ་དུ་འགྱུར་གྱི་གང་དང་གང་ འདས་པ་ཐམས་ཅད་མཐོང་ཞིང་མྱོང་བར་མི་འགྱུར་ཏེ། དེའི་དུས་ན་མྱོང་བྱ་དེ་དག་འགགས་ཟིན་པ་དེའི་ཕྱིར་རོ། །དེ་ལྟར་གང་དང་གང་འདས་ཟིན་པ་དེ་ཐམས་ཅད་སླར་མཐོང་ཞིང་མྱོང་བར་མི་འགྱུར་བར་དྲན་པའི་ཡུལ་དུ་འགྱུར་བ་ཙམ་དུ་ཟད་ལ་ཤི་ཟིན་པའི་འོག་ཏུ་ནི་ དྲན་པ་ཙམ་ཡང་མེད་དོ། །དེས་ན་རྨི་ལམ་ལྟ་བུའི་ཚེ་ཐུང་འདི་ཙམ་གྱི་རང་ལ་དོན་མེད་ཅིང་ཉེས་དམིགས་ཆེ་བའི་སྡིག་པ་སྣ་ཚོགས་གསོག་པ་འདི་མི་རིགས་པས་དེ་བས་ན་ད་ལྟ་ཉིད་ནས་ཆོས་འབའ་ཞིག་བྱ་དགོས་སྙམ་པའི་འཕེན་པ་ཡང་ཡང་གཏོང་ངོ༌། །ཚེ་འཕོས་ ནས་སྐྱེ་བ་གཞན་དང་གཞན་བརྒྱུད་པའི་སྐབས་སུ་ཡིད་བརྟན་མི་རུང་བ་ལྟ་ཞོག་རེ་ཤིག་གསོན་པའི་ཚེ་ད་ལྟ་མངོན་སུམ་དུ་གྲུབ་པ་འདི་ཉིད་ལའང་མཛའ་བ་དང་མི་མཛའ་བ་དུ་མ་ཞིག་ཚེའི་དུས་བྱས་ནས་སྔར་འདས་ལ། དེ་དག་དང་ལྷན་ཅིག་ཏུ་བདེ་སྡུག་སོགས་ཅི་དང་ཇི་ལྟ་ བུ་ལ་སྤྱོད་པ་ཡང་འདས་པའི་ཕྱིར་ད་ལྟ་མཐོང་བ་དང་མྱོང་བ་མེད་དེ། རྨི་ལམ་གྱི་དཔེས་བསྟན་ཏེ་བཤད་མ་ཐག་པ་ལྟར་ཡིན་པས་སོ། །འོ་ན་དེ་དགགི་དོན་དུ་སྡིག་པ་བསགས་པའང་མི་མྱོང་ངམ་ཞེ་ན། དགྲ་གཉེན་དེ་དག་གི་དོན་དུ་བྱས་པའི་སྡིག་པ་ན་རྣམས་འདས་ཟིན་
Page: 125 ༄༅། །ཀྱང་སྡིག་པའི་ལས་དེ་དག་གི་རྣམ་སྨིན་མི་བཟད་པ་ཡ་ང་བ་གཟོད་མྱོང་བར་འགྱུར་བ་གང་ཡིན་པ་དེ་ནི་མདུན་ན་སྒུག་པའི་ཚུལ་གྱིས་གནས་ཤིང་ལུས་ཀྱི་གྲིབ་མ་བཞིན་མི་འབྲལ་བར་ངེས་པ་བ་སྟེ། རྒྱལ་པོ་ལ་གདམས་པར། མཛའ་དང་མི་མཛའི་ དོན་དུ་སྔར་བྱས་པའི། །དགེ་སྡིག་ལས་ནི་རྨི་ལམ་ཡུལ་བཞིན་སྣང༌། །ཞེས་དང༌། ད་ལྟ་རང་གི་གནས་པའི་རིང་འདི་ལའང༌། །དགའ་བཤེས་གཉེན་འདུན་མཛའ་དང་མི་མཛའ་དང༌། །ན་ཚོད་མཐུན་དང་རྒན་གཞོན་ཇི་སྙེད་ཅིག །ཤི་བ་མཐོང་ཞིང་ཐོས་པ་མ་ཡིན་ནམ། ཞེས་དང་། དུས་ཀྱིས་ཉེན་ནས་རྒྱལ་པོ་འགྲོ་གྱུར་ན། །འཁོར་དང་ལོངས་སྤྱོད་གཉེན་བཤེས་རྗེས་མི་འབྲང༌། །སྐྱེས་བུ་དག་ནི་གང་དང་གར་སྐྱེས་ཀྱང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་སོ། །དེས་ན་དེ་དག་གི་དོན་དུ་སྡིག་པ་བྱས་པ་ལ་འགྱོད་པ་ཞེ་ཐག་ པ་ནས་ཡང་ཡང་བསྒོམ་པར་བྱའོ། །སྡིག་པའི་རྣམ་སྨིན་མི་བཟད་པ་རྗེས་སུ་འབྲང་བར་མཐོང་ན་ཅིའི་ཕྱིར་སྡིག་པ་བྱས་ཞེ་ན། དེ་ལྟར་བདག་ཉིད་ནི་ནམ་འཆི་ངེས་པ་མེད་ལ་འཆི་བའི་ཚེ་ལུས་ལོངས་སྤྱོད་དགྲ་གཉེན་ཐམས་ཅད་བོར་ནས་ཡུད་ཙམ་གྱིས་གློ་བུར་དུ་འགྲོ་བ་ གློ་བུར་མགྲོན་པོ་ལྟ་བུའོ་ཞེས་བདག་གིས་རྟོགས་ཤིང་ངེས་པར་མ་གྱུར་པའི་དབང་གིས་དགེ་སྡིག་གི་འཇུག་ལྡོག་ལ་རྨོངས་པའི་གཏི་མུག་དང་གཉེན་གྱི་ཕྱོགས་ལ་ཆགས་པའི་འདོད་ཆགས་དང་དགྲའི་ཕྱོགས་ལ་སྡང་བའི་ཞེ་སྡང་སྟེ་དེ་དག་གིས་ཀུན་བ་ནས་བསླངས་ ཏེ་སྲོག་གཅོད་སོགས་སྡིག་པ་མི་དགེ་བའི་ལས་ཀྱི་རྣམ་པ་དུ་མ་བྱས་ལ་དེ་ལྟ་བུའི་སྡིག་པ་དེ་དག་གི་རྣམ་སྨིན་ནི་མི་བཟད་པའོ་སྙམ་དུ་འགྱོད་པ་ཡང་ཡང་སྐྱེད་པར་བྱའོ། །ངེས་པར་འཆི་ཞིང་དེའི་ཚེ་སྐྱབས་གཞན་མེད་པ་ནི། འཆི་དགོས་ཀྱང་ཚེའི་ཚད་མ་རྫོགས་པར་མྱུར་
Page: 126 དུ་ག་ལ་འཆི། དེ་ཙམ་འཇིགས་མི་དགོས་སོ་ཞེ་ན། ཉིན་མཚན་ཀུན་ཏུ་འགྲོ་འདུག་ཉལ་འཆག་གང་གི་སྐབས་སུ་ཡང་དུས་སྐད་ཅིག་ཙམ་ཡང་སྡོད་པའི་གོ་སྐབས་ཡོང་མེད་པར་ཞེས་སམ། ཡང་ན་དུས་ཉིན་མཚན་གཉིས་གཅིག་རྗེས་སུ་གཅིག་རེས་མོས་ཀྱི་ཚུལ་དུ་འོང་ བ་ལ་སྐད་ཅིག་ཙམ་ཡང་སྡོད་པའམ་ངལ་གསོ་བའི་སྐབས་ལྟ་བུ་ཡོང་ཡེ་མེད་པར་ཚེ་ཡི་འདུ་བྱེད་འདི་ནི་རྟག་ཏུ་འགོད་པའམ་གོད་པ་སྟེ་འབྲི་བའམ་འཛད་བོར་འགྱུར་ཞིང་ཕར་ལ་ཇི་ཙམ་འཛད་པ་དེའི་ཚོད་ཙམ་གྱི་ཚུར་ལ་སྣོན་པ་བྱེད་པ་ཡང་གུད་ནས་ཅུང་ཟད་ཙམ་འོང་བ་མེད་ ན་བདག་ལྟ་བུ་ངེས་པར་མྱུར་དུ་འཆི་བར་རྒྱུ་མཚན་ཅིས་མི་འགྱུར་ཏེ་འགྱུར་ངེས་ལ། ཚེ་རིངདུ་ག་ནས་ཀྱང་གསོན་མཐའ་འཆི་བ་ལས་མ་འདས་ན་འཆི་བར་ངེས་པ་དང་ནམ་འཆི་ངེས་མེད་དྲན་པའི་སྒོ་ནས་རྟག་ཏུ་དང་མྱུར་དུ་སྡིག་པ་སྦྱོང་བ་དང་དགེ་བ་སྒྲུབ་པ་ལ་འབད་པར་༌བྱའོ། ། ཡང་འདིར་གོད་ཅེས་པ་འབྲི་ཤིང་འཛད་པའི་དོན་དང་འགོད་ཅེས་པ་ཉིན་མཚན་གྱིས་ཚེ་སོ་སོར་༧མ་འགོད་པའི་དོན་ཡིན་ཞེས་འཆད་པའང་སྣང་ལ། ཚེ་རིང་དུ་འཕེལ་བའི་ཐབས་ཀྱིས་སྣོན་པའང་མེད་ཅེས་པའང་འདུག་གོ། དེ་ལྟར་འདས་ཆེན་ལས། སྲོག་འདི་དགྲ་སྡང་བ་ དུ་མས་བསྐོར་ཏེ་སྐད་ཅིག་རེ་རེར་ཉམས་པར་བྱེད་ཀྱི་འཕེལ་བར་བྱེད་པ་ནི་གང་ཡང་མེད་དོ་ཞེས་དང༌། མི་རྟག་པའི་གཏམ་ལས་ཀྱང༌། །ལྟག་ཆུ་བཅད་པའི་རྫིང་བཞིན་དུ། །སྣོན་མེད་འབྲིད་པ་དང་བཅས་པས། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན། །གློ་བུར་ཚེ་ལ་སུ་ཡིད་ བརྟན། །ཞེས་དང༌། ཚོམས་ལས། །དཔེར་ན་ཐགས་ནི་བརྐྱང་བ་ལ། །སྤྱན་ནི་གང་དང་གང་བཅུག་པའི། །སྤུན་གྱི་གཏིང་ལ་གཏུགས་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཞེས་སོ། ། གཉེན་སོགས་ཀྱི་དོན་དུ་སྡིག་ལས་བྱས་ཀྱང་དེ་དག་གིས་སྡུག་བསྔལ་མྱོང་བའི་
Page: 127 ༄༅། །གྲོགས་བྱེད་པས་འཇིགས་མི་དགོས་སོ་ཞེ་ན། སྐྱེ་བ་ཕྱི་མའི་དུས་སུ་སྡུག་བསྔལ་མྱོང་པའི་གྲོགས་བྱེད་པ་མེད་པར་མ་ཟད་སྐྱེ་བ་འདི་ཉིད་དུ་ཡང་གྲོགས་བྱེད་པ་མེད་དེ། འདིར་རང་འཆི་བ་ལ་ཉེ་བར་ཕྱོགས་པའི་ཚེ་བདག་ནི་གང་དུ་ནད་ཀྱིས་ཐེབས་པའི་ མལ་ས་དེ་ན་འདུག་བཞིན་དུ་གཉེན་བཤེས་བརྩེ་གདུང་ཅན་ཐམས་ཅད་དང་སྨན་པ་དང་ནད་གཡོག་ལྟ་བུ་ཕན་འདོགས་བྱེད་པ་ཀུན་གྱིས་ཕྱོགས་མཐའ་ཐམས་ཅད་ཡོངས་སུ་བསྐོར་ནས་འདུག་ཀྱང་སྲོག་འཆད་པ་ཡི་གནས་སྐབས་ཀྱི་ཚོར་བ་རྩུབ་མོ་ཡིད་དུ་མི་འོང་བ་དག་ནི་བདག་ ཉིད་གཅིག་པུས་ཉམས་སུ་མྱོང་བར་འགྱུར་བ་ལས་གཉེན་བཤེས་སོགས་སུས་ཀྱང་སྡུག་བསྔལ་གྱི་བགོ་སྐལ་ལེན་པ་དང་སྡུག་བསྔལ་སེལ་བའི་གྲོགས་བྱེད་ཐབས་མེད་ལ། དེར་མ་ཟད་ཤིན་ཏུ་འཇིགས་སུ་རུང་བའི་ཤ་ཚུགས་ཅན་གྱི་གཤིན་རྗེའི་ཕོ་ཉས་དངོས་སུ་ཟིན་ཏེ་ སྐེ་ཞགས་པ་ལ་བཅིངས་ནས་རང་གཅིག་པུར་འཁྲིད་པས་ཉམ་ཐག་པར་གྱུར་པ་ལ་གཉེན་གྱིས་ཅི་ཕན་ཞེས་སམ་གཉེན་པོས་ཅི་ཞིག་ཕན་ལ་གྲོགས་མཛའ་བཤེས་རྣམས་ཀྱིས་ཀྱང་ཅི་ཞིག་ཕན་ཏེ་དེ་ལྟ་བུའི་སྡུག་བསྔལ་ལ་སུས་ཀྱང་བསྐྱབ་མི་ནུས་སོ། །འདིས་ནི་སྡིག་ཅན་ རྣམས་སྐྱེ་བ་ཕྱི་མར་ལྟ་ཞོག་འཆི་ཁ་ལྟ་བུའི་ཚེ་འདི་ཉིད་དུའང་སྲོག་འཆད་པའི་སྐབས་ཀྱི་སྡུག་བསྔལ་ནི་རང་ཁོ་ནས་མྱོང་དགོས་ཤིང༌། ཁྱད་པར་སྡིག་པ་ཚབས་ཆེན་བསགས་པ་ཡིན་ན་སྲོག་འགག་པའི་ཚེ་མེ་ཆུ་རླུང་གསུམ་འཁྲུགས་པའི་སྟོབས་ལས་གནད་གཅོད་པའི་ སྡུག་བསྔལ་གྱི་ཟུག་རྔུ་མཚོན་རྣོན་པོས་བཏབ་པ་ལྟ་བུའི་ཚོར་བ་དྲག་པོ་བསྲན་མི་བཟོད་པ་དང་སྐོམ་པ་དང་ལུས་ཚ་བ་ལ་སོགས་པའི་སྡུག་བསྔལ་ཡང་མྱོང་དགོས་པར་གསུངས་ལ། དེ་ལྟ་བུའི་སྡུག་བསྔལ་དེ་དག་ཀྱང་རང་གཅིག་པུས་ཉམས་སུ་བསྟར་བ་མ་གཏོགས་གཉེན་
Page: 128 གྲོགས་སོགས་སུས་ཀྱང་བསྐྱབ་ཐབས་མེད་དོ་ཞེས་བསྟན་ཏེ། མདོར་ན་དེའི་ཚེ་གནོད་བྱེད་ཀྱི་རྒྱུ་སྡིག་པ་རང་གིས་མ་སྤངས་ན་འབྲས་བུ་གནོད་པའི་སྡུག་བསྔལ་མྱོང་ཚེ་སུས་ཀྱང་དེ་བསལ་ཐབས་མེད་ཅེས་བསྟན་པའོ། །འོ་ན་དེའི་ཚེ་གང་གིས་ཕན་ཞིང་སྐྱོབ་ཅེ་ན། དེའི་ཚེ་ ཕན་ངེས་པ་ནི་བསོད་ནམས་དགེ་བའི་ལས་ཀྱི་དམ་པ་སྐྱབས་འགྲོ་དང་ཚུལ་ཁྲིམས་དག་པ་ལྟ་བུའི་དམ་པའི་ཆོས་གཅིག་པུ་ནི་སྐྱབས་ཀྱི་མཆོག་དུང་མགོན་གྱི་དམ་པར་གྱུར་པ་ཡིན་ནའང་བསོད་ནམས་དགེ་བའི་ལས་དེ་ཡང་དེ་སྔོན་བདག་གིས་མ་བསགས་ཤིང་རྒྱུད་ལ་མ་ བསྟེན་ཏོ་ཞེས་པ་སྟེ་འདི་དགེ་བ་མ་བསགས་པ་ལ་འགྱོད་པ་སྐྱེད་ཚུལ་ཡིན་ལ། མདོར་ན་དེའི་ཚེ་ཕན་བྱེད་ཀྱི་རྒྱུ་དམ་པའི་ཆོས་ངང་གིས་མ་བསྒྲུབས་ན་དེ་ལས་གཞན་པའི་ཕན་བྱེད་གཞན་མེད་དོ་ཞེས་བསྟན་པའོ། །རྒྱལ་བོ་ལ་གདམས་པའི་མདོར། འགྲོ་བ་གཞན་དག་ཏུ་ནི་ འགྲོ། མལ་གྱི་ཐ་མར་ནི་ཉལ། སྲོག་ནི་ཅུང་ཟད་ཅིག་ལུས། གཤིན་རྗེའི་སྐྱེས་བུས་ནི་འཇིགས་ཤིང་སྐྲགབྱུར་གྱི་དབང་དུ་ནི་སོང་། དབུགས་འགྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། ཕ་མ་དང་ཕུ་ནུ་དང་སྲིང་མོ་དང་བུ་མོས་ནི་བསྐོར། ནོར་རྣམས་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་མ་ཀྱི་ཧུད་ཕ་ཀྱི་ཧུད་བུ་ཞེས་ཟེར་བ་ན་དེའི་ཚེ་ཆོས་མ་གཏོགས་པ་སྐྱབས་གཞན་མེད་མགོན་གཞན་མེད་གནས་གཞན་མེད་དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང༌གནས་དང་མགོན་ དང་སྟོན་པར་འགྱུར་རོ་ཞེས་སོགས་དང་། འཆི་བ་རྣམས་ཀྱང་འདི་ལྟར་སྡུས། ་བསྔལ་ཏེ༑༑གཉེན་བཤེས་ཚོགས་ཀྱིས་ཆོ་ངེ་འདེབས་བྱེད་ཀྱང་། །དེ་ལ་ཉན་ལྟ་བསམ་པའི་ཡུལ་མེད་དེ། །གནད་གཅོད་པ་ནི་མཚོན་ཆས་གཏུབ་པ་འདྲ། །ཞེས་དང་། རྒྱ་ཆེར་རོལ་པ་
Page: 129 ༄༅། །ལས་ཀྱང༌། དགེ་བའི་ལས་བྱས་རྗེས་སུ་འབྲང་བྱེད་ཅིང་། །ཕྱི་བཞིན་འབྲང་བར་གྱུར་པ་མ་གཏོགས་པ། །འདུ་བྱས་དག་ལ་གྲོགས་ཡོད་མ་ཡིན་ཏེ། །སྐྱབས་མེད་གཉེན་བཤེས་མེད་ཅིང་འཁོར་ཡང་མེད། །ཅེས་དང་། བི་ཛ་ག་ཏ་མི་ ཏྲས་ཀྱང༌། ལྷ་ཅིག་ཇི་ལྟར་ཁྱོད་འབྱོར་ཀྱང་། །གཤེགས་ནས་འཇིག་རྟེན་གཞན་བཞུད་ཚེ། །མྱ་ངམ་ཐང་ལ་དགྲས་བཅོམ་ལྟར། །གཅིག་པུ་སྲས་མེད་བཙུན་མོ་མེད། །ན་བཟའ་མ་མཆིས་བཤེས་མ་མཆིས། །དཔག་མེད་མཐུ་དཔུང་མངའ་ལགས་ཀྱང༌། ། གཟིགས་སུ་མ་མཆིས་གསོན་མ་མཆིས། །གཅིག་ཙམ་ཉིད་ཅིག་ཕྱི་ཐག་གིས། །རྗེས་སུ་འབྲང་བའང་མི་མངའ་འོ། །མདོར་ན་ཉིད་ཀྱི་མཚན་ཙམ་ཡང་། །དེ་ཚེ་མེད་ན་གཞན་ཅི་སྨོས། །ཞེས་གསུངས་སོ། ། འཇིགས་ཆེན་བརྒྱུད་མར་འབྱུང་བ་དང་འཇིགས་ པའི་རྒྱུ་མཚན་དཔེས་བསྟན་པ་ནི། མགོན་པོ་ཞེས་སྐྱབས་གནས་རྣམས་ལ་བོས་ནས་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ལ་འཇུག་ལྡོག་ཕྱིན་ཅི་ལོག་ཏུ་བྱེད་པའི་བག་མེད་པའི་དབང་དུ་གྱུར་པ་ཞེས་སམ་རྒྱགས་པ་ལྔས་བག་མེད་དུ་གྱུར་པ་བདག་གིས་ནི་འཆི་ཁར་སྲོག་ འཆད་པའི་སྡུག་བསྔལ་དང་གཤིན་རྗེའི་ཕོ་ཉས་ཟིན་ཅིང་འཁྲིད་པའི་སྡུག་བསྔལ་དང་ཤི་བའི་འོག་ཏུ་ངན་འགྲོར་ལྟུང་བའི་སྡུག་བསྔལ་སོགས་འཇིགས་པ་ཆེན་པོ་གཅིག་རྗེས་སུ་གཅིག་བརྒྱུད་མར་འབྱུང་བ་འདི་འདྲ་བ་ཡོད་པ་མ་འཚལ་ཞིང་མ་ཤེས་ནས་མི་རྟག་ཅིང་ རིང་དུ་མི་གནས་ལ་སྙིང་པོ་ཅུང་ཟད་ཀྱང་མེད་པའི་ཚེ་ཐུང་འདིའི་རིང་ལ་ཟས་གོས་ལོངས་སྤྱོད་སོགས་འཚོ་བའི་ཐབས་ཙམ་སྒྲུབ་པ་དང་དགྲ་གཉེན་སོགས་དང་བཅས་པའི་ཆེད་དག་ཏུ་དགོས་པ་མེད་ལ་ཉེས་དམིགས་ཆེ་བའི་སྡིག་པ་མང་པོ་ཞིག་ཉེ་བར་བསྒྲུབས་ཤིང་
Page: 130 བསགས་སོ་ཞེས་འགྱོད་པ་སྐྱེད་པ་སྟེ་འདི་དག་ཕལ་ཆེར་ནི་སྡིག་པ་བྱས་པ་ལ་བསམས་ནས་འགྱོད་པ་སྐྱེ་བའི་ཚུལ་ཡིན་ལ། མདོར་ན་འཇིགས་པ་འབྱུང་བར་མ་ཤེས་ཀྱང་འཇིགས་རྒྱུ་རང་གིས་བསྒྲུབས་ཤིང་དེ་ཉིད་མ་སྦྱངས་ན་འཇིགས་པ་ལས་ཐར་ཐབས་མེད་ཅེས་ བསྟན་པའོ། །དེ་ཙམ་དུ་འཇིགས་ཤིང་སེམས་ཁྲལ་བྱེད་ཅི་དགོས། ཐམས་ཅད་ལ་འབྱུང་བས་སོ་ཞེ་ན། དགོས་ཏེ། སྐྱེ་བོ་ཉེས་པ་ཅན་འགའ་ཞིག་ལ་རྒྱལ་པོའི་ཆད་པ་ཕོག་ནས་ཡན་ལག་གཅོད་པའི་སར་དེ་རིང་སྐལ་མཉམ་གྱི་མི་འགའ་ཞིག་གིས་ཁྲིད་པར་གྱུར་པ་ ན་དེ་ལ་ངན་སོང་གི་སྡུག་བསྔལ་གྱི་ཆ་ཤས་ཙམ་ཞིག་མེད་ནའང་ཤིན་ཏུ་སྐྲག་ནས་བྲེད་པར་འགྱུར་ཞིང་སྐོམ་པས་གདུངས་ཏེ་ཁ་བསྐམས་པར་གྱུར་ལ་བཞིན་མདངས་ཉམས་པ་དང་མིག་རྩ་ངན་པ་སྟེ་ཉམ་ཐག་པའི་ལྟ་སྟངས་དང་ལུས་སྐམ་ཞིང་འདར་ལ་སྨྲེ་སྔགས་ འདོན་པ་སོགས་སྔ་མའི་ངང་ཚུལ་ལས་རྣམ་འགྱུར་གཞན་དུ་འགྱུར་བར་སྣང་ན། དེ་ལྟ་བུའི་འཇིགས་སྐྲག་དང་སྡུག་བསྔལ་གྱིས་བསྒྲུན་དུ་མེད་ཅིང་དེ་ལས་ཆེས་ཆེར་འཇིགས་སྐྲག་དང་སྡུག་བསྔལ་ཆེ་བའི་དམྱལ་བའི་གནས་སུ་སྐལ་བ་མི་མཉམ་པའི་གཤིན་རྗེའི་ཕོ་ ཉ་ཤིན་ཏུ་འཇིགས་འཇིགས་ལྟ་བུར་གྱུར་པའི་ཤ་ཚུགས་ཅན་བྱས་བཟུང་བར་གྱུར་ཏེ་སྐེ་ཞགས་པས་བཅིངས་ལུས་ལ་ཐོ་བས་བསྣུན་ནས་འབྲོག་དགོན་ཚེར་མ་སྟུག་པོ་ཅན་དང་ཕ་བོང་ཐག་ཐུག་ཅན་དུ་ལུས་གཅོད་ཅིང་བརྡུང་སྟེ་རང་གཅིག་པུར་ཁྲིད་ནས་ འཇིགས་ཤིང་སྐྲག་པའི་སྣང་བ་ཆེན་པོའི་ནད་ཀྱིས་ཐེབས་པར་གྱུར་པའི་ཚེ་རབ་ཏུ་ཉམ་ཐག་ཅིང་བྲེད་ནས་སྔར་ལས་རྣམ་འགྱུར་གཞུན་དུ་འགྱུར་བ་སྨོས་ཀྱང་ཅི་དགོས་ཞེས་པའམ། ཡང་ན་འཇིགས་ཆེན་འཆི་ཀའི་ནད་དྲག་པོ་ཉིད་ཀྱིས་ཐེབས་པར་གྱུར་པ་ན་ཞེས་
Page: 131 ༄༅། །སྒྱུར། རྒྱ་དཔེ་དང་འགྲེལ་བར། མི་གཙང་བྱུང་བསྒོས་སྨོས་ཅི་དགོས། ཞེས་གསུངས་ཏེ། བྲེད་ཅིང་ཉམ་ཐག་པས་བཤང་གཅི་ཤོར་བས་ལུས་ལ་བསྒོས་པ་ན་རྣམ་འགྱུར་གཞན་དུ་འགྱུར་བ་སྨོས་ཅི་དགོས་ཞེས་པའོ། །བཟང་སྐྱོང་གིས་ ཞུས་པར། དེ་དང་པོར་ཤི་འཕོས་ནས་དབང་མེད་པར་ཁྲིད་དེ་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་པས་མུན་པ་མུན་ནག་ཆེན་པོར་ཞུགས་ཏེ་མི་རྒོད་ཀྱིས་འཁྲིད་པ་བཞིན་དུ་འདི་སྙམ་དུ་སེམས་ཏེ། ཞེས་པ་ནས། དེ་ཡང་བདག་ཉིད་ཀྱི་མགུལ་ནས་ཞགས་པས་ བཏགས་པར་ཤེས་སོ་ཞེས་སོགས་གསུངས། དེས་ན་ད་ལྟ་ནས་སྡིག་བཤགས་དང་དགེ་སྒྲུབ་ལ་འབད་པར་རིགས་སོ། །འཇིགས་ཆེན་དངོས་སུ་བྱུང་ཚེ་སྐྱབས་བཙལ་ཡང་མི་རྙེད་པ་ནི། འཆི་བའི་དུས་ཀྱི་ཚེ་སྐྱབས་བཙལ་བས་ཆོག་མོད་སྙམ་ན། དེ་ལྟའི་འཇིགས་ སྐྲག་གི་སྣང་བ་ཆེན་པོ་མངོན་གྱུར་དུ་བྱུང་བའི་ཚེ་ཀྱི་ཧུད་ཅེས་སྨྲེ་སྔགས་དང་བཅས་ཏེ་སྐྱེས་བུ་སྙིང་རྗེ་ཅན་སུ་ཞིག་གིས་གཤིན་རྗེའི་ཕོ་ཉས་བཟུང་ཞིང་དམྱལ་བར་འགྲོ་བའི་འཇིགས་སྐྲག་ཆེན་པོ་འདི་ལས་ཕོངས་ཤིང་ཉམ་ཐག་པ་བདཀ་ལེགས་པར་ཡོངས་སུ་སྐྱོབ་ པར་བྱེད་པར་འགྱུར་ཞེས་ཤིན་ཏུ་འཇིགས་ཤིང་བྲེད་ཤ་ཐོན་པ་སྟེ་སྐྲག་པའི་ཉམས་འགྱུར་ཐོན་ཏེ་མིག་རྩ་ཞན་པས་མིག་རབ་ཏུ་བགྲད་ནས་ཕྱོགས་བཞིར་བལྟས་ནས་སྐྱབས་དག་འཚོལ་བར་བྱེད་ལ། དེ་ལྟར་ཕྱོགས་བཞིར་སྐྱབས་བཙལ་ཡང་བསོད་ནམས་མ་ བསགས་ཤིང་སྡིག་པ་མི་དགེ་བའི་ལས་ཚབས་ཆེན་བསགས་པ་དག་ཡིན་ན་དེའི་ཚེ་སྐྱབས་གནས་སུ་ཡང་མེད་པར་མཐོང་ནས་ནི་དེ་ནས་སླར་ཡང་དེ་བས་ཀྱང་རྣམ་པ་ཀུན་ཏུ་སེམས་ཞུམ་ཞིང་ཡི་མུག་པར་འགྱུར་རོ། །དེ་ལྟར་དམྱལ་བའི་གནས་འཇིགས་སུ་རུང་
Page: 132 བར་དངོས་སུ་ལྟུང་བའི་སྐབས་དེར་སྡིག་པ་ཆེན་པོ་བསགས་པ་རྣམས་ལ་འཇིགས་པ་དེ་ལས་སྐྱོབ་པར་བྱེད་པའི་སྐྱབས་སུ་ཡང་ཡོད་པ་མ་ཡིན་ན་དུས་དེའི་ཚེ་བདག་གིས་ཇི་ལྟར་བྱ་སྟེ་བྱ་བ་ཐམས་ཅད་ལ་ནུས་པ་མེད་པས་བཟློག་ཐབས་སོགས་ཀྱི་ཐབས་ཀྱིས་ཀྱང་བྱེད་རྒྱུ་མེད་ ལ་འགྱོད་ཀྱང་བཅོས་ཐབས་གཏན་ནས་མེད་དེ། །རྒྱལ་པོ་ལ་གདམས་པ་ལས། གཤིན་རྗེའིཕོ་ཉ་ཤིན་ཏུ་འཇིགས་པས་བསྐོར། བྱེད་ཤ་ཐོན་ནས་ཀུན་ཏུ་བལྟས་བྱས་ཀྱང་། མགོན་སྐྱབས་བྱེད་པ་སུ་ཡང་མ་མཐོང་སྟེ། ཤིན་ཏུ་འཇིགས་བཞིན་ཀུན་ཏུ་ཡི་ མུག་སྟེ། བདག་ཉིད་གར་འགྲོ་གཏོལ་མེད་བར་དོ་འབྱུང༌། ཞེས་དང༌། ཟུང་གི་མདོ་ལས་ཀྱང་། སྨན་གྱི་སྡེ་སེམས་ཅན་གང་དག་འཆི་བའི་དུས་ཀྱི་ཚེ་ད་ལྟར་སྨྲེ་སྔགས་འདོན་ཀྱང་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མ་གཏོགས་པ་དེ་དག་ གི་སྐྱོབ་པར་འགྱུར་བ་སུ་གང་ཡང་མེད་དོ་ཞེས་གསུངས་པས་སོ། །དེས་ན་ད་ལྟ་ནས་བག་ཟོན་བགྱིས་ཏེ་འཇིགས་པ་དང་འབྲལ་བའི་རྒྱུ་ཁྱད་པར་ཅན་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་སོགས་དགེ་བའི་ལས་ལ་འབད་པར་བྱ་དགོས་སོ་སྙམ་པའི་དམ་བཅའ་དང་ དངོས་སུ་སྡིག་སྤོང་དགེ་སྒྲུབ་ལའང་འཇུག་པར་བྱ་དགོས་སོ། ། གཉིས་པ་རྟེན་གྱི་སྟོབས་ནི། དེ་བས་རྒྱལ་བ་སོགས་ཏེ། དེ་ལ། སྤྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི། བཤད་མ་ཐག་པ་དེ་ལྟར་ངན་འགྲོར་དངོསཾ་སུ་སྐྱེ་བ་དང་སྐྱེས་པའི་ ཚེ་སྐྱབས་མེད་ཅིང་བཟློག་ཐབས་ཅི་ཡང་མེད་པའི་རྒྱུ་མཚན་དེ་ལྟ་བས་ན། བདུད་བཞིའི་དགྲ་ལས་རྒྱལ་བས་རྒྱལ་བ་འགྲོ་བའི་ཚོགས་ཉེ་རིང་མེད་པ་ཡོངས་ཀྱི་ཡིད་བརྟན་པའི་གནས་སུ་གྱུར་པའི་མགོན་གཅིག་ཏུ་གྱུར་པ། །ཕན་བཏགས་མ་བཏགས་
Page: 133 ༄༅། །པའི་འགྲོ་བ་སྐྱབས་མེད་རྣམས་གནོད་པ་ཐམས་ཅད་ལས་སྐྱོབ་པའི་དོན་དུ་བརྩོན་འགྲུས་བརྩམས་པ་མཐར་ཕྱིན་པ། རང་འཇིགས་པ་ཐམས་ཅད་ལས་གྲོལ་ཞིང་གཞན་འཇིགས་པ་ལས་སྐྱོབས་པའི་ནུས་མཐུ་ཐོགས་པ་མེད་པ་ མངའ་བས་སྟོབས་ཆེན་པོ། མ་བཅོལ་ཡང་གཞན་གྱི་འཇིགས་པ་དང་སྡུག་བསྔལ་མ་ལུས་པ་ཀུན་སེལ་བར་མཛད་པའི་སྐྱབས་བླ་ན་མེད་པ་སངས་རྒྱས་དཀོན་མཆོག་དེ་ཉིད་ལ་དུས་ཕྱིས་མ་འགྱང་བར་དེ་རིང་ཉིད་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་ མཆིའོ། །རྒྱལ་བ་དེ་ཡི་ཐུགས་སུ་ཆུད་ཅིང་མངོན་སུམ་དུ་བྱས་པའི་དམ་པའི་ཆོས་གང་གདུལ་བྱསརང་རྒྱུད་ལ་བསྟེན་ནས་ཉམས་སུ་བླངས་ན་ཆགས་སོགས་ཉོན་མོངས་པའི་གཉེན་པོ་བྱེད་ཅིང་འཁོར་བའི་འཇིགས་པ་ཐམས་ཅད་སེལ་བར་བྱེད་པའི་ཆོས་དཀོན་མཆོག་ དང༌། འཕགས་པའི་གོ་འཕང་མངོན་དུ་མཛད་པའི་བྱང་ཏུབ་སེམས་དཔའི་ཚོགས་ཏེ་དགེ་འདུན་དཀོན་མཆོག་ལ་ཡང་། སྔར་སྨོས་པ་དེ་བཞིན་དུ་དེ་རིང་ཉིད་ནས་གཡོ་སྒྱུ་དང་ཐེ་ཚོམ་མེད་པའི་ཡིད་ཆེས་ཀྱི་དད་པ་ཡང་དག་པས་སྐྱབས་སུ་མཆིའོ་ཞེས་པའོ། །དེ་ལྟའི་ མཆོག་གསུམ་ནི་ཐར་འདོད་ཀྱི་སྐྱབས་བླ་ན་མེད་པ་སྟེ། ཇི་སྐད་དུ། སངས་རྒྱས་ཆོས་དང་དགེ་འདུན་ནི༑ཐར་བ་འདོད་པ་རྣམས་ཀྱི་སྐྱབས། ཞེས་དང་། དྲི་མ་མེད་ཀྱིས་བྱིན་པས་ཞུས་པར། དཀོན་མཆོག་གསུམ་ཉིད་སྐྱབས་ཡིན་མ་གཏོགས་པར། ཁོ་མོའི་ སྐྱབས་རྟེན་སེམས་ཅན་འདི་ན་མེད། ཅེས་སོ། །དེ་ལྟར་སངས་རྒྱས་སོགས་ལ་སྐྱབས་སུ་འགྲོ་བ་ནི་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་མཆོག་སྟེ། ཉི་མའི་སྙིང་པོའི་མདོར། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་གསད་པར་
Page: 134 མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཡང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། ཞེས་དང༌། ཡང་མདོ་ལས། གང་དག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ངན་འགྲོར་མི་འགྲོ་སྟེ། །ལྷ་ཡི་ལུས་ནི་སྤངས་ནས་ཀྱང་། །ལྷ་ཡི་ལུས་སུ་སྐྱེ་བར་ འགྱུར། ཞེས་གསུངས་ལ། དེ་བཞིན་དུ་ཆོས་དང་དགེ་འདུན་ལའང་སྦྱར་ནས་ངན་འགྲོའི་འཇིགས་པ་ལས་བསྒྲལ་ནས་མཐོ་རིས་ཀྱི་ཏེན་ལ་འགོད་པར་གསུངས་སོ། །ཁྱད་པར་སྨོན་ལམ་གྱི་སྟོབས་ཅན་སེམས་དཔའ་རྣམས་ལ་སྐྱབས་སུ་འགྲོ་བ་ནི། གཙོ་བོར་གྱུར་ པའི་བྱང་སེམས་རྣམས་ལ་ལུས་ཕུལ་ནས་སྐྱབས་ཞུ་བ་སྟེ། བདག་ནི་སྤྱིར་འཁོར་བ་དང་ཁྱད་པར་དམྱལ་སོགས་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་པས་རྣམ་པར་སྐྲག་ནས་རྒྱལ་སྲས་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་བདག་ཉིད་ཀྱི་ལུས་སོགས་ངེས་པར་འབུལ་ ཞིང་དེ་བཞིན་དུ་རྗེ་བཙུན་འཇམ་པའི་དབྱངས་པའང་བདག་ཉིད་ཀྱིས་ཏེ་གཞན་གྱིས་བསྐུལ་བ་ལྟ་བུས་མ་ཡིན་པར་བདག་རང་ཉིད་ཀྱི་སེམས་དང་བས་པ་ན་གཅེས་པར་བཟུང་བའི་བདག་གི་ལུས་འདི་དབུལབར་བགྱིའོ། །ཐུགས་རྗེ་ཆེན་པོའི་སྒོ་ནས་གཞན་དོན་མཛད་པའི་བསམ་པ་ དང་སྤྱོད་པ་ཅུང་ཟད་ཙམ་ཡང་མ་འཁྲུལ་བ་མངའ་བའི་བདག་ཉིད་སྙིང་རྗེ་ཆེན་པོས་འགྲོ་བ་ཉམ་ཐག་པ་རྣམས་ལ་དུས་རྟག་ཏུ་སྤྱན་རས་ཀྱིས་འཚོ་ཞིང་གཟིགས་པར་མཛད་པའི་མགོཁང་པོ་དེ་ལ་ཡང་སྡུག་བསྔལ་གྱིས་འཇིགས་པས་ཉམ་ཐག་ཅིང་བྲེད་ནས་སྔར་ལངས་ པས་སྐད་གསང་མཐོན་པོར་བཏེགས་པའི་ང་རོས་མཚན་ནས་བརྗོད་དེ་འོ་དོད་འབོད་ཀྱི་སྡིག་པ་ཆེན་པོ་དང་ལྡན་པ་ཤི་ལ་ཐུག་ང་སོང་གི་འཇིགས་པ་མྱོང་བར་ངེས་པ་བདག་ལ་བསྐྱབ་ཏུ་གསོལ་ཞེས་པའོ། །ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པའི་ཕྲིན་ལས་ཀྱི་སྒོ་
Page: 135 ༄༅། །ནས་གཞན་དོན་མཛད་པའི་ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བ་ཅན་ཞེས་དར་ཊཱིཀ་ཏུའོ། །དེ་བཞིན་དུ་འཕགས་པ་ནམ་མཁའི་སྙིང་པོ་དང་སེམས་དཔའ་ས་ཡི་སྙིང་པོ་དག་དང་ནི་འཕགས་པ་བྱམས་པ་དང་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་ པར་སེལ་བ་ལ་སོགས་པ་ཐུགས་རྗེ་ཆེ་ལ་ཚད་མེད་པ་མངའ་བའི་མགོན་པོ་ས་བཅུའི་དབང་ཕྱུག་ཆེན་པོ་མཚན་ནས་མ་སྨོས་པ་རྣམས་དང་བཅས་པ་ཐམས་ཅད་ལ་ཡང་སྐུབས་འཚོལ་ཞིང་ཉམ་ཐག་པའི་སྐད་གདངས་ཀྱིས་སྙིང་ནས་འོ་དོད་འབོད་ཀྱི་བདག་འཇིགས་པ་ཐམས་ ཅད་ལས་བསྐྱབ་ཏུ་གསོལ། གཞན་སྡུག་བསྔལ་བས་སྡུག་བསྔལ་བར་འགྱུར་བས་ན་ཐུགས་རྗེ་ཆེ་མགོན་ཞེས་འགྲེལ་ཆེན་དུའོ། །སེམས་དཔའ་ཆེན་པོ་གང་ཞིག་མཐོང་བ་ཙམ་ནས་གཤིན་རྗེ་ཡི་ཕོ་ཉ་དམྱལ་བའི་སྲུང་མ་རྣམས་དང་གནོ་སྦྱིན་དང་སྲིན་པོ་ལ་སོགས་པ་ གཞན་ལ་གནོད་པ་བྱེད་འདོད་ཀྱི་སྒོ་ནས་སྡང་བའི་སེམས་དང་ལྡན་པ་རྣམས་རབ་ཏུ་འཇིགས་ཤིང་སྐྲག་ནས་ཕྱོགས་བཞིར་འབྱེར་ཞིང་འབྲོས་པར་མཛད་པར་བྱེད་པ་ཕྱག་ན་རྡོ་རྗེ་བསྣམས་པ་ཅན་དེ་ལའང་གུས་པས་སྐྱབས་སུ་མཆིའོ། །འདིའི་སྐྱབས་འགྲོ་ནི་སྡིག་བཤགས་ ཀྱི་སྟོབས་ཡིན་ལ་སྔར་བསྟན་པ་ནི་སྤྱིར་སྐྱབས་སུ་འགྲོ་བ་ཡིན་པས་མི་ཟློས་སོ། །འགྱོད་པས་གསོལ་བ་འདེབས་པ་ནི། རྨོངས་པ་བདག་ནི་སྔོན་ཆད་སངས་རྒྱས་བྱང་སེམས་ཁྱེད་རྣམས་ཀྱི་ཐུགས་བརྩེ་ཆེན་པོའི་སྒོ་ནས་སྡིག་པ་སྤོངས་ལ་དགེ་བ་སྒྲུབས་ཤིག་ཅེས་བསྒོ་ ཞིང་བཀའ་སྩལ་བ་ལས་འདས་པ་སྟེ་བརྒལ་ནས་སྡིག་པའི་ལས་ནི་བྱས་ཤིང་བསགས་ལ་དགེ་བ་མ་བྱས་པས་དུརིང་པོ་ཐོག་མ་མེད་པ་ནས་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གི་སྡུག་བསྔལ་དཔག་ཏུ་མེད་པ་ཞིག་མྱོང་ལ། ད་ནི་དེ་ལྟ་བུའི་སྡིག་པའི་འབྲས་བུ་མི་བཟད་
Page: 136 པའི་འཇིགས་པ་ཆེས་ཆེར་མཐོང་ནས་འཇིགས་ཤིང་སྐྲག་པར་གྱུར་པས་ན་དེང་ཕྱིན་ཆད་ནི་བཀའ་བཞིན་དུ་སྡིག་སྤོང་དགེ་སྒྲུབ་ཚུལ་བཞིན་བྱེད་པ་ལ་འཇུག་པའི་རྨོ་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ལ་སྐྱབས་སུ་མཆི་ལགས་ཀྱི་སྔོན་བསཔས་པའི་སྡིག་པའི་ འབྲས་བུ་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་ཐུགས་རྗེའི་སྟོབས་ཀྱིས་མྱུར་བ་ཉིད་དུ་བསལ་དུ་གསོལ་ཞེས་པའོ། །གསུམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་གཉིས། གཉེན་པོ་བསྟེན་དགོས་པའི་རྒྱུ་མཚན། གཉེན་པོ་བསྟེན་པ་དངོས་སོ། །དང་པོ་ནི། ཐ་མལ་ ནད་ཀྱིས་སོགས་ཏེ། དེ་ཡང་སྡིག་པའི་གཉེན་པོ་བསྟེན་པར་འབད་རིགས་པ་ལ། ནད་ཀྱི་དཔེས་གཉེན་པོ་བསྟེན་རིགས་པ་ནི། ད་ལྟར་སྐྱབས་སུ་སོང་བས་ཆོག་མོད་བཀའ་ལུང་མནོད་ཅི་དགོས་སྙམ་ན། རླུང་དང་མཁྲིས་པ་སོགས་ཆ་མ་སྙོམས་པར་འབྱུང་ཁམས་ འཁྲུགས་པ་རིང་དུ་མི་གནས་པའི་ཐ་མལ་པའི་ནད་ཀྱིས་ཐེབས་པ་ཙམ་ལ་འཇིགས་ཤིང་སྐྲག་པར་གྱུར་ན་ཡང་དེ་བཅོས་པའི་ཐབས་སུ་སྨན་པས་ཇི་ལྟར་བསྒོས་པའི་ངག་བཞིན་དུ་སྨན་དང་ཟས་དང་སྤྱོད་ལམ་སོགས་ཀྱི་གཉེན་པོ་ཚུལ་བཞིན་དུ་བསྟེན་པར་བྱས་ནས་དེ་ལས་ མི་འདའ་བར་བྱ་དགོས་ན། ཐོག་མ་མེད་པ་ནས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་གཅོང་ནད་ཆེན་པོ་ཉེས་པ་བརྒྱ་ཕྲག་མང་པོའི་འབྱུང་གནས་སུ་གྱུར་པ་ཡི་ནད་དྲག་པོ་སུས་ཀྱང་གསོ་དཀའ་བ་ཉིད་ཀྱིས་དུས་རྟག་ཏུ་སེམས་རྒྱུད་ལ་བཏབ་པ་ནད་དེ་སེལ་བའི་ སྨན་པ་མཆོག་སངས་རྒྱས་ཀྱི་བཀའ་ལས་མི་འདའ་བར་ཚུལ་བཞིན་དུ་གཉེན་པོ་བསྟེན་རིགས་པ་སྨོས་ཀྱང་ཅི་དགོས་ཏེ་ཉོན་མོངས་པའི་ནད་དེ་ནི་རྒྱུན་རིང་བ་གསོ་དཀའ་བ་སྡུག་བསྔལ་གྱི་ཟུག་རྔུ་དྲག་པོ་ཡང་སྐྱེད་པས་ན་ནད་སྔ་མ་ལས་ཀྱང་ཉེས་པ་ཆེ་ཞིང་སེལ་བྱེད་ཀྱི་
Page: 137 ༄༅། །གཉེན་པོའང་རྙེད་དཀའ་བས་སོ། །རྒྱ་དཔེ་དང་འགྲེལ་བ་དག་ཏུ། བཞི་བརྒྱ་བཞི་ཡིས་ལྷག་པ་ཡི། །ནད་ཀྱིས་བཟུང་བ་སྨོས་ཅི་དགོས། །ཞེས་གསུངས་ལ། དེ་ནི་བཞི་ཡིས་ལྷག་པའི་བཞི་བརྒྱ་སྟེ། རླུང་མཁྲིས་བད་ཀན་འདུས་པ་བཞི་ པོ་རེ་རེ་ལ་དུས་མིན་དུ་འཆི་བ་བརྒྱ་རྩ་རེ་དུས་སུ་འཆི་བ་རེ་རེ་སྟེ་ཐ་མལ་བའི་ནད་བཞི་བརྒྱ་རྩ་བཞི་ཡིན་ལ། དེ་བཞིན་དུ་ཉོན་མོངས་པའི་ནད་ལའང་དུག་གསུམ་རེ་རེ་བ་གསུམ་དང་ཆ་མཉམ་པ་གཅིག་སྟེ་བཞི་ལ་ཕྱེ་བའམ། ཡང་ན་དུག་གསུམ་ང་རྒྱལ་དང་ བཞི་པོ་རེ་རེ་ལའང་རེ་ཞིག་གཉེན་པོ་མེད་པ་བརྒྱ་རེ་གཉེན་པོ་ཡོད་པ་རེ་རེ་སྟེ་ཉོན་མོངས་བཞི་བརྒྱ་རྩ་བཞིའི་ནད་ཅེས་པའི་དོན་ཡིན་པར་འགྲེལ་བ་འགའ་ཞིག་ཏུ་བཤད་དོ། ། ནད་དེ་ཉེས་པ་ཆེ་བ་དང་དེ་སེལ་བྱེད་ཀྱི་སྨན་དཀོན་པ་ནི། ཆགས་སོགས་ཉོན་ མོངས་པའི་ནད་དེ་དག་ལས་གཅིག་གིས་ཀྱང་སྟེ་གཅིག་གཅིག་གིས་སམ་རེ་རེས་ཀྱང་འཛམ་བུའི་གླིང་ན་གནས་པའི་མི་ཀུན་དམྱལ་བ་སོགས་སུ་འཕངས་ནས་སྡུག་བསྔལ་ཤུགས་དྲག་ལ་ཡུན་རིང་བས་བརླག་པར་བྱེད་ན་ཞེས་ཏེ། བྱང་སེམས་ལ་དམིགས་ པའི་ཁོང་ཁྲོ་ལྟ་བུ་གཅིག་མི་བརྒྱའི་རྒྱུད་ལ་སྐྱེས་ན་བརྒྱ་པོ་དམྱལ་བར་སྐྱེ་ལ་དེ་བཞིན་དུ་འཛམ་གླིང་གི་མི་ཐམས་ཅད་ལ་སྐྱེས་ནའང་དེ་ཐམས་ཅད་དམྱལ་བར་འགྲོ་བས་མཚོན་ནས་བསྟན་པ་ཡིན་ལ། སྐབས་འདིར་འགྲེལ་ཆེན་དུ། ཡུལ་ཀ་ཤའི་རྒྱལ་པོ་ པདྨའི་དུས་སུ་འཛམ་བུ་གླིང་པ་རྣམས་ནད་ཆེན་པོས་བཏབ་པ་ལ་ཉ་རོ་ཧི་ཏའི་ཤ་མ་རྙེད་ནས་རྒྱལ་པོས་དེར་སྐྱེ་བ་བླངས་ནས་རང་གི་ཤས་ནད་གསོས་ལྟར་ཡིན་པར་བཤད་དེ་འཛམ་གླིང་གི་མི་ཀུན་ཐ་མལ་གྱི་ནད་གཅིག་གིས་༌་བརླག་པའི་དཔེས་མཚོན་པའོ། །
Page: 138 ཉོན་མོངས་དེ་དག་གསོ་བའི་སྨན་གཉེན་པོ་ཟག་མེད་ཀྱི་ལམ་ཇི་ལྟར་བསྟེན་པའི་ཚུལ་སོགས་ནི་རྒྱལ་བའི་བཀའ་བཞིན་སྒྲུབ་པ་ལས་གཞན་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ཀུན་ནས་བཙལ་ཡང་སུས་ཀྱང་ནམ་ཡང་མི་རྙེད་ན་སྟེ་ཤིན་ཏུ་དཀོན་པས་ རྙེད་མི་སྲིད་དོ། ། ཐ་མལ་གྱི་ནད་ལས་ཀྱང་ཉོན་མོངས་པའི་ནད་ཉེས་པ་ཆེ་བ་དང་དེ་སེལ་བྱེད་ཀྱི་སྨན་དང་སྨན་པ་རྙེད་དཀའ་བ་ནི། དྲན་པ་ཉེར་གཞག་ལས། །བད་ཀན་ལ་སོགས་སྐྱོན་མ་ཡིན། །སྐྱོན་གཞན་འདོད་ཆགས་ལ་སོགས་འདོད། །བད་ཀན་ སོགས་ཀྱིས་ངན་སོང་དུ། །ཡིད་ཅན་སྐྱེ་བར་འགྱུར་མ་ཡིན། །སེམས་ཀྱི་སྐྱོན་རྣམས་འདི་དག་གིས། །ངན་སོང་སྟོན་པར་བྱེད་པ་ཡིན། །དེ་ཕྱིར་དེ་དག་ཞི་བ་ཉིད། །མཆོག་ཡིན་བད་ཀན་སོགས་འདིར་མིན། ཞེས་དང༌། གང་སེམས་སྨན་པ་དེ་སྨན་པ། །ལུས་ ཀྱི་སྨན་པ་སྨན་པ་མིན། །ཡིད་འཆོས་པ་ནི་ཤེས་པར་དཀའ། ཞེས་གསུངས་པ་ལྟར་རོ། །དེས་ན་སྨན་པ་མཆོག་གི་བཀའ་བཞིན་སྒྲུབ་རིགས་པ་ནི། ཤིན་ཏུ་གསོ་དཀའ་བའི་ཉོན་མོངས་པའི་ནད་དེ་དག་གསོ་བའི་ཐབས་དེ་ལ་ནི་སྨན་པ་ཀུན་ལས་ཆེས་མཆོག་ཏུ་ གྱུར་པའི་སྟོན་པ་ཐམས་ཅད་མཁྱེན་པ་ཉོན་མོངས་པའི་ནད་ཀྱི་ཟུག་རྔུ་ཐམས་ཅད་རྩད་ནས་འབྱིན་པར་མཛད་པ་ཡི་བཀའ་ལུང་ལས་ཇི་སྐད་གསུངས་པ་ལྟར་གྱི་གཉེན་པོ་ཁྱད་པར་ཅན་བསྟེན་དགོས་པ་ལ་དེ་བསྟེན་པར་མི་བྱེད་པར་དེ་ལས་འདའ་བར་བྱེད་ཅིང་། དེ་ ལས་གཞན་དུ་ཕྱིན་ཅི་ལོག་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ལ་དུས་རྟག་ཏུ་སེམས་པ་ནི་ཤིན་ཏུ་ཐ་ཆད་པའི་བླུན་པོ་གཏི་མུག་ཅན་དམ་པ་རྣམས་ཀྱིས་ཆེས་ཆེར་སྨད་པར་བྱ་འོས་པའི་གནས་སུ་གྱུར་པ་སྟེ། སློབ་སྤྲིང་ལས། གང་ཞིག་སྐྱེ་དང་རྒ་ཤི་སེལ་བའི་བདུད་
Page: 139 ༄༅། །རྩི་དེ། །ཐོབ་པར་མི་བྱེད་མི་སྤྱོད་འཛིན་པར་མི་བྱེད་ན། །དེ་དག་ཉེས་མང་གཏི་མུག་ཐིབཔོས་བསླད་པ་སྟེ། །ཡུན་རིང་ནད་ཀྱིས་ཐེབས་པ་སྨན་ཆེན་མི་བསྟེན་བཞིན། ཞེས་སོ། །དེས་ན་སྨན་པ་མཚུངས་ཟླ་མེད་པ་ཐམས་ཅད་མཁྱེན་ པ་ཉིད་ལ་ཡིད་ཆེས་ཀྱི་དད་པས་སྐྱབས་སུ་བཟུང་ནས་དེ་ཉིད་ཀྱིས་ཇི་སྐད་བསྟན་པ་ལྟར་དུ་གཉེན་པོ་ཚུལ་བཞིན་དུ་བསྟེན་ནས་ཉམས་སུ་བླང་བར་རིགས་སོ། །གཡང་སའི་དཔེས་གཉེན་པོ་བསྟེན་པར་རིགས་པ་ནི། འོན་ཏེ་བཀའ་ནོད་པས་ཆོག་མོད། ཉམས་སུ་ བླངས་ནས་གཉེན་པོ་བསྟེན་པ་ལ་དེ་ཙམ་བསྒྲིམས་ཅི་དགོས་སྙམ་ན། གང་ལས་ལྟུང་ན་ཡན་ལག་དང་༣སཉིང་ལག་ཙམ་སྣང་བར་གྱུར་ཏེ་ན་བ་དང་འཆི་བའི་སྡུག་བསྔལ་ཙམ་འབྱུང་བའི་རི་དང་བྲག་ལ་སོགས་པའི་གཡང་ས་ཐ་མལ་པ་ཆུང་ངུ་ཙམ་ལའང་འགྲོ་འོང་ལ་ སོགས་པའི་སྐབས་ཐམས་ཅད་དུ་དེར་ལྷུང་གིས་དོགས་ནས་རྟག་ཏུ་སྤྱོད་ལམ་བག་ཡོད་པར་བྱ་བའམ་ཟོན་ཆེར་བྱས་ཏེ་གནས་པར་བྱ་དགོས་ན། དཔག་ཚད་སྟོང་དུ་ལྷུང་བ་ཡི་ཞེས་ཏེ་དཔག་ཚད་སྟོང་ཕྲག་གི་ཚད་ཀྱིས་བསྟན་ལ་དེ་ནི་གཡང་ས་ཤིན་ཏུ་ཆེ་བར་ མཚོན་པའི་དོན་ནོ། །ཡང་ན་དཔག་ཚད་སྟོང་ཕྲག་དུ་མ་ཞེས་པའི་དོན་ཏེ་དཔག་ཚད་སྟོང་ཕྲག་ཉི་ཤུའི་ཚད་ཙམ་དུ་ཡོད་པའི་འོག་ཏུ་ལྟུང་བར་འགྱུར་ཏེ་མནར་མེད་ལ་སོགས་པ་ཡི་གཡང་ས་ཤིན་ཏུ་ཆེན་པོར་བར་གྱི་བསྐལ་བ་གཅིག་ལྟ་བུའི་དུས་ཡུ་རིང་བོར་སྡུག་ བསྔལ་མི་བཟད་པ་མྱོང་དགོས་པ་དེ་འདྲ་བའིབ་ཡང་ས་ཉམ་ང་བ་དེར་ལྟ་གིས་དོགས་ནས་བག་ཟོན་ཆེས་ཆེར་བྱ་དགོས་པ་སྨོས་ཀྱང་ཅི་དགོས་པས་ན་བག་མེད་སྤངས་ཏེ་ཤིན་ཏུ་བག་ཡོད་པང་བྱས་ནས་རྒྱལ་བའི་བཀའ་ལུང་བཞིན་དུ་མྱུར་དུ་ཉོན་མོངས་པའི་གཉེན་
Page: 140 པོ་བསྟེན་པ་ལ་འབད་པར་བྱའོ། །དེའང་མཛོད་དུ། འདི་འོག་དཔག་ཚ་ས་སྟོ༌༌་ཕྲག་ཉི་ཤུ་ན་མནར་མེད་ཡོད་པར་གསུངས་ཤིང་། སའི་དངོས་གཞིར་འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་ན་ཡང་སོས་ཡོད་ལ་དེ་ནས་དཔག་ཚད་བཞི་སྟོང་བཞི་སྟོང་གིས་ཆོད་པ་ན་གཞན་བདུན་ ཡོད་པ་དང༌། ཡང་འདི་ནས་དཔག་ཚ༌ཀུམ་ཁྲི་ཉིས་སྟོང་གི་འོག་ན་ཆུ་བུར་ཅན་ཡོད་ལ་དེ་ནས་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་ཆོད་པ་ན་གཞན་དུན་ཡོད་པར་གསུངས་ཤིང༌། ཚ་གྲང་གི་གནས་དང་པོ་གཉིས་ཐད་སོར་ཡོད་པ་ནས་འོག་མ་གཉིས་ཀྱང་ཐད་སོར་ཡོད་པར་ གསུངས་སོ། །འགའ་ཞིག་གིས་མཛོད་དང་ས་སྡེ་ནས་དེ་ལྟར་བཤད་པ་གཉིས་འགལ་བར་དོགས་ནས་དེ་གཉིས་གཞུང་ཐ་དད་ཀྱི་དགོངས་པ་ཡིན་པས་མི་འགལ་ཞེས་འགལསྤོང་མཛད་ལ། འགའ་ཞིག་གིས་དེ་གཉིས་མི་འགལ་བར་སྒྲུབ་ཅིང་། དེར་མ་ཟད་ས་ སྡེ་རང་ནས་ཚ་གྲང་གི་གནས་དེ་དག་གི་ཚད་སོགས་དེ་ལྟར་བཤད་པ་མི་འགལ་བའི་ཚུལ་ལེགས་པར་གསུངས་ཏེ་གཞན་དུ་ཤེས་པར་བྱའོ། །། དེ་ལྟ་བུའི་ངན་སོང་གི་གཡང་ས་ནས་ཐར་དཀའ་བ་ནི། སློབ་སྤྲིང་ལས། གལ་ཏེ་ཀླ་ཀློ་དམྱལ་བའི་སྲུང་མ་སྤྱོད་མཚུངས་ སམ། དུད་འགྲོ་ཕན་ཚུན་ཟ་བར་བྱེད་པའི་ནང་དག་ཏུ། སྐྱ་བ་ཐོབ་པར་གྱུར་ན་གང་གི་ཕྱིར་ཡང་ནི། གཡང་དུ་ལྟུང་བར་འགྱུར་བའི་ངང་ཚུལ་དེ་ཉིད་བསྟན། ཞེས་སོ། མྱུར་དུ་སྡིག་པའི་གཉེན་པོ་བསྟེན་པ་ལ་འབད་རིགས་པ་ལ། ཚེ་ལ་ཡིད་བརྟན་མེད་པས་འཆི་ བའི་འཇིགས་པ་ལས་ཐར་ཐབས་མེད་པ་ནི། སྡིག་པ་ཉེས་པ་ཆེ་ཡང་ད་ལྟ་རང་མི་འཆི་བས་ག་ལེ་བཤགས་པས་ཆོག་གོ་ཞེ་ན། མི་ཆོག་སྟེ། ཅིའི་ཕྱིར་ན། དེ་རིང་ཙམ་ཁོ་ན་ལ་བདག་མི་འཆིའོ་ཞེས་དེ་རྒྱུ་མཚན་དུ་བྱས་ནས་གཉེན་པོ་ལ་མི་འབད་པར་ལེ་ལོའི་ངང་ལ་
Page: 141 ༄༅། །སོས་དལ་དུ་བག་བརྐྱང་སྟེ་ཡིད་བདེ་བར་༌འདུག་པ་ནི་རྣམ་པ་ཀུན་ཏུ་རིགས་པ་མ་ཡིན་ཏེ། དེ་རིང་ཙམ་ལའང་མི་འཆི་བའི་ཡིད་བརྟན་མེད་པས་བདག་ཉིད་ནི་ཤི་ནས་མེད་པར་འགྱུར་བའི་སང་གི་དུས་དེ་ནི་ངེས་པར་གདོན་མི་ཟ་བར་འབྱུང་བར་འགྱུར་ལ་ དེའང་ནམ་འབྱུང་གི་ངེས་པ་མེད་པས་སོ། །དེ་ལྟར་ཀ་ནི་ཀའི་སྤྲིང་ཡིག་ལས། །འཆི་བདག་སུ་དང་མི་བཤེས་པས། གློ་བུར་དག་ཏུ་འབབ་འགྱུར་བས། སང་དག་བྱ་ཞེས་མ་གཞེས་པར། དམ་པའི་ཆོས་ལ་བསྒྱུར་ཏེ་མཛོད། འདི་སང་དེ་ནི་འདི་བྱ་ཞེས། བྱ་བ་མི་ལ་ བཟང་པོ་མིན། ནམ་ཞིག་ཁྱོད་ནི་མེད་འགྱུར་བའི། སང་དེ་གདོན་མི་ཟ་བར་འོང་། ཞེས་སོ། །དེ་ལྟར་ནམ་འཆི་ལ་ངེས་པ་མེད་པ་དེས་ན་སོས་དལ་དུ་ལེ་ལོ་མི་བྱ་བར་དེ་རིང་ཉིད་ནས་ཉོན་མོངས་དང་སྡིག་པའི་གཉེན་པོ་ལ་འབད་པར་བྱའོ། །འདིར་བདག་མེད་པར་གྱུར་པའི་ སང་གི་དུས་དེ་ངེས་པར་འབྱུང་ཞེས་སྦྱར་དགོས་ཏེ་སྤྱིར་བདག་མེད་པའི་དུས་འབྱུང་ཞེས་པའི་དོན་མིན་གྱི་སྔ་ཕྱི་ནམ་ཡིན་ཡང་དེ་རིང་གི་དུས་ཤིག་ལ་ཤི་ནས་མེད་པར་གྱུར་པའི་སང་གི་དུས་ངེས་པར་འབྱུང་བ་དེའི་དོན་ཡིན་པས་སོ། །དེ་ལྟ་ནའང་འཆི་བ་ལ་འཇིགས་ཤིང་སྐྲག་པས་ ཅི་ཕན། འཇིགས་མི་རིགས་སོ་ཞེ་ན། གཞན་ཐམས་ཅད་འཆི་ཞིང་སྡིག་པའི་ལས་ཅན་ནམ་ངན་སོང་དུ་ལྟུང་ཡང་ཁྱོད་ནི་མི་འཆིའོ། །ཤི་ནའང་ངན་འགྲོར་མི་འགྲོ་བས་འཇིགས་མི་དགོས་སོ་ཞེས་བདག་ལ་མི་འཇིགས་པ་སྐྱེས་བུ་སུ་ཡིས་བྱིན་ཏེ་སྦྱིན་ནུས་པ་སུ་ཡང་ མེད་པའི་ཕྱིར་དང་། དེར་མ་ཟད་དེ་དག་ལས་ཐར་བའི་ཐབས་ཤིག་ཡོད་ན་མི་འཇིགས་པར་སྡོད་རིགས་ནའང་འཆི་བའི་འཇིགས་པ་དང་སྡིག་ལྟུང་དང་བཅས་བཞིན་དུ་ཤི་བ་ངན་སོང་དུ་ལྟུང་བའི་འཇིགས་པ་འདི་དག་ལས་ནི་ཐབས་ཅི་དང་ཅི་འདྲ་བ་ཞིག་བྱས་ན་ཡང་
Page: 142 ཇི་ལྟར་ན་ངེས་པར་ཐར་བར་ཏེ་ཐར་ཐབས་གཏན་ནས་མེད་པའི་ཕྱིར་གདོན་མི་ཟ་བར་ཤི་ནས་མེད་པར་འགྱུར་ངེས་པ་སྡིག་པའི་ལས་༌ཀྱིས་ངན་སོང་དུའང་འགྲོ་བར་ངེས་པ་ཡིན་ན་སྡིག་པའི་གཉེན་པོ་ལ་མི་འབད་པར་རྒྱུ་མཚན་ཅིའི་ཕྱིར་བདག་ཡིད་བདེ་བར་སོས་ དལ་དུ་བག་ཕབ་ནས་འདུག་སྟེ་འདུག་མི་རིགས་པས་ད་ལྟ་ནས་གཉེན་པོ་བསྟེན་པ་ལ་འབད་པར་བྱ་དགོས་སོ་ཞེས་པའོ། །དཔེ་འགར། །ཇི་ལྟར་བ་དྲུག་ཡིད་བདེ་བར་འདུགཅེས་ཡོད་དོ། །དེ་ལྟར་མདོ་ལས། གསོན་པ་ཐམས་ཅད་འཆི་བའི་མཐར་གཏུགས་པར་ འགྱུར་རོ་ཞེས་དང་། མྱ་ངན་བསལ་བར་ཡང༌། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བ་འམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། ཞེས་དང༌། འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་སྟེ། ། ཀུན་ཀྱང་འཕོ་བར་གནས་པའི་ཕྱིར། །མྱ་ངན་བྱ་བར་འོས་པ་ཡིན། ཞེས་དང༌། ཀ་ནི་ཀའི་སྤྲིང་ཡིག་ལས། འཆི་བདག་བརྩེ་བ་མེད་པ་ཅན། །སྐྱེས་རྩལ་དོན་མེད་གསོད་གྱུར་པ། །གསོད་པ་མངོན་དུ་འོང་བཞིན་དུ། །མཁས་པ་སུ་ཞིག་བག་རྐྱོང་བྱེད། ། དེ་སླད་དཔའ་ཆེན་བཟོད་མེད་དེས། །མདའ་ནི་མི་བཟད་འཆོར་མེད་པ། །དེ་ནི་ཇི་སྲིད་མ་འཕངས་པ། །དེ་སྲིད་རང་གི་དོན་ལ་འབོད། ཅེས་སོ། །དེས་ནི་སྐྱེས་མཐའ་འཆི་བ་ལས་མ་འདས་ཤིང་སྡིག་ཅན་ངན་འགྲོར་འགྲོ་བ་ལས་ཀྱང་མ་འདས་པས་དེ་དག་ལ་འཇིགས་ ཤིང་སྐྲག་མི་དགོས་ཞེས་དབུགས་འབྱིན་པ་སུའང་མེད་པར་བསྟན་ལ་དེས་ན་སོས་དལ་དུ་བག་བརྐྱང་སྟེ་ཡིད་བདེ་བར་འདུག་པ་མི་རིགས་ཞེས་ཀྱང་བསྟན་ཏོ། ། ལོངས་སྤྱོད་དང་གཉེན་སོགས་ལ་ཡིད་བརྟན་མེད་པས་ཆགས་མི་རིགས་པ་ནི། བདག་ནི་འདོད་ཡོན་ལ་
Page: 143 ༄༅། །ཅི་དགར་སྤྱོད་ནས་ཀཉེན་དང་ལྷན་ཅིག་ཏུ་ཡིད་བདེ་བར་ཅིའི་ཕྱིར་མི་འདུག་ཅེ་ན། སྔོན་ཆད་འཁོར་བ་ཐོག་མེད་ནས་ཡིད་བརྟན་རང་སྙིང་པོ་མེད་ཅིང་སྤྱད་པས་མི་ངོམས་པའི་འདོད་པའི་ཡོན་ཏན་གྱི་ལོངས་སྤྱོད་འདི་འདྲ་བ་དང་འདི་ལས་ལྷག་ པའང་ཡང་ཡང་མྱོང་སྟེ་ཞིག་པར་གྱུར་ན། ད་དུང་སྔར་གྱི་དེ་ལས་བདག་ལ་ལྷག་པར་གྱུར་པ་སྙིང་པོ་དང་བཅས་པས་ངོམས་ཤིང་ཚིམ་པའང་སྐྱེད་ནུས་པའི་ལོངས་སྤྱོད་ཁྱད་པར་དུ་འཕགས་པ་ཅི་ཡོད་ན་སྟེ་ཅི་ཡང་མེད་ན་བདག་ནི་ཡིད་བརྟན་མེད་པའི་ལོངས་སྤྱོད་དེ་ལ་ མངོན་པར་ཆགས་ཤིང་ཞེན་ནས་བླ་མ་རྒྱལ་བ་སྲས་དང་བཅས་པའི་བཀའ་ལས་འདས་ཤིང་འགལ་བར་བྱས་ནས་ཤིན་ཏུ་མི་རིགས་པའི་སྡིག་པ་ཆེན་པོ་བསགས་སོ་སྙམ་དུ་འགྱོད་པ་དྲག་པོ་བསྐྱེད་དེ་དེང་ནས་བཀའ་བཞིན་སྒྲུབ་པ་ལ་འབད་པར་བྱ་རིགས་སོ་ཞེས་པའོ། ། བུ་མོ་བདུན་གྱི་རྟོགས་བརྗོད་ལས། མི་ཡི་བདག་པོ་ལྷ་ཡུལ་ས་སྟེང་ན། །བརྒྱ་ཕྲག་སྟོང་དུ་སྤྱད་པར་མ་བྱས་པའི། །བདེ་བ་གཞན་ཡང་ཅི་ཡང་ཡོད་མིན་ཏེ། ཞེས་དང་། ཡུལ་ལ་ལྷག་པར་སྲེད་ཅིང་གོམས་པས་ནི། །དབང་པོ་རྣམས་ནི་ཡུལ་གྱིས་ངོམས་པ་མེད། ། ཅེས་སོགས་དང༌། སློབ་སྤྲིང་ལས་ཀྱང༌། སྔོན་ཆད་ལན་མང་མ་མྱོང་བདེ་བ་དེ་གང་ཞིག །ཅེས་སོགས་གསུངས་པ་ལྟར་རོ། །འདིས་ནི་འདོད་པའི་ལོངས་སྤྱོད་ཕན་བདེའི་རྒྱུར་མི་འགྱུར་ཞིང་ཉེས་པའི་གཞིར་འགྲོ་བས་དེ་ལ་ཆགས་ནས་ཡིད་བདེ་བར་འདུག་པ་མི་ རིགས་ཞེས་བསྟན་ཏོ། །དེ་ལྟ་ནའང་གཉེན་བཤེས་སོགས་ཀྱིས་འཆི་དུས་སུ་ཕན་པའི་གྲོགས་བྱེད་པས་ད་ལྟ་བདེ་བར་འདུག་གོ་སྙམ་ན། བདག་ཉིད་འཚོ་ཞིང་གསོན་པའི་གནས་སྐབས་ཀྱི་ཚེ་སྲོག་ཆུ་བུར་ལྟ་བུ་འདི་དང༌། དེ་བཞིན་དུ་ཕ་མ་སོགས་ཀྱི་གཉེན་དང་མཛའ་
Page: 144 བཤེས་ཀྱི་གྲོགས་ནོར་ལོངས་སྤྱོད་དང་བཅས་པ་རྣམས་ཀྱང་སྤངས་ནས་གྲོགས་སུ་ཡང་མེད་པར་རང་གཅིག་པུ་རྒྱུས་མེད་ཅིང་ངེས་པ་མེད་པའི་ཕྱོགས་གཤེད་ཅིག་ཏུ་རང་དབང་མེད་པར་ལས་ཀྱི་ཕྱི་བཞིན་དུ་ངེས་པར་འགྲོ་དགོས་པ་ཡིན་ན་མཛའ་བ་གཉེན་དང་མི་ མཛའ་བ་དགྲ་སོགས་ཐམས་ཅད་ཀུན་གྱིས་ཅི་ཞིག་རུང་སྟེ་སྐྱབས་དང་གྲོགས་བྱེད་པ་སུ་ཡང་མེད་ལ་ལོངས་སྤྱོད་སོགས་ཀྱིས་ཀྱང་ཅི་ཡང་མི་ཕན་པས་ན་དེ་དག་ལ་ཆགས་ཤིང་ཞེན་པར་བྱེད་པ་ནི་དོན་མེད་ཅིང་མི་རིགས་པས་ད་ནི་ལམ་སྒྲུབ་པ་ལ་ཅི་ནས་ཀྱང་འབད་པར་བྱ་ རིགས་ཀྱི་དལ་བར་འདུག་པ་མི་རིགས་སོ། །དེ་ལྟར་རྒྱལ་པོ་ལ་གདམས་པར། སྐད་ཅིག་ཙམ་ཡང་འབྲལ་བར་མི་ཕོད་པའི། །གཉེན་དང་ནོར་རྫས་ཡུལ་མཁར་ཀུན་བོར་ནས། །བདག་ཉིད་གཅིག་པུ་འཇིགས་པའི་ལམ་དུ་འགྲོ། །ཇི་ཙམ་སྡིག་དང་བསྡོས་ནས་ནོར་ བསགས་ཀྱང་། །སྡིག་པའི་རྣམ་སྨིན་རྨོངས་པ་བདག་ཉིད་འཁུར། །བསགས་པའི་ནོར་ནི་ཁོང་དག་བུ་ཚས་ཁྱེར། །དེ་ཕྱིར་བསགས་པའི་ནོར་གྱིས་ཅི་ཞིག་ཕནཱ། ཞེས་དང༌། དཔས་བྱིན་གྱིས་ཞུས་པ་ལས་ཀྱང་། །སྲིད་གསུམ་འཇིགས་པ་འདི་ན་བཤེས་ཀྱང་མེད། ། དེ་བཞིན་བུ་དང་ཆུང་མ་རྩ་ལག་མེད། །ཕ་མ་སྤུན་དང་བུ་དང་ཆུང་མ་དང༌། །བྲན་དང་ནོར་དང་རྩ་ལག་ཚོགས་ཀྱི་རྣམས། །ཤི་བའི་གཤིན་ཕྱིར་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་བྱིས་པ་འགྲོ། །ཞེས་དང༌། ལུང་གཞིར། འཆི་བ་ལ་ནི་ ནོར་རྗེས་འབྲང་མི་འགྱུར། །ཉེ་དུ་མ་ཡིན་གྲོགས་མིན་བུ་མ་ཡིན། ཞེས་སོགས་དང༌། འདི་ན་སྐྱེ་བ་ན་ཡང་གཅིག་པུ་སྐྱེ། །འཆི་ན་ཡང་གཅིག་པུ་འཆི་འགྱུར་ཞིང་། །གཅིག་པུས་སྡུག་བསྔལ་ཉམས་སུ་འདིར་མྱོང་འགྱུར། །སྐྱེ་བོ་འཁོར་བར་གྲོགས་ཡོད་མ་
Page: 145 ༄༅། །ཡིན་ནོ། །ཞེས་སོ། །གཉིས་པ་གཉེན་པོ་བསྟེན་པ་དངོས་ནི། མི་དགེ་བ་ལས་སོགས་ཏེ། དེ་ལ། བསམ་པའི་སྒོ་ནས་གཉེན་པོ་བསྟེན་པ་ནི། སུ་དང་ཅིས་ཀྱང་མི་ཕན་པས་ན་རྒྱུ་སྲོག་གཅོད་པ་ལ་སོགས་པ་སྡིག་པ་མི་དགེ་བ་བྱས་པ་ལས་ འབྲས་བུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ངེས་པར་འབྱུང་ལ། དེ་ལྟ་བུའི་འབྲས་བུ་སྡུག་བསྔལ་དང་རྒྱུ་མི་དགེ་བའི་ལས་དེ་ལས་ཐབས་ཇི་ལྟར་བྱས་ན་ངེས་པར་ཐར་བར་འགྱུར་ཞེས་དུས་ཉིན་མཚན་རྟག་ཏུ་བདག་གིས་ནི་རྒྱུ་མི་དགེ་བའི་ལས་ལས་འབྲས་བུ་ཡིད་དུ་མི་འོང་བ་ འབྱུང་བའི་ཚུལ་ལ་ཡིད་ཆེས་ཀྱི་དད་པ་སྐྱེད་པ་འདི་ཉིད་འབའ་ཞིག་རྣམ་པ་ཀུན་ཏུ་བསམ་པའི་རིགས་ཀྱི་གཞན་ཚེ་འདི་དང་གཉེན་དང་ལོངས་སྤྱོད་སོགས་གང་ཡང་བསམ་པར་མི་རིགས་སོ་ཞེས་པ་སྟེ། དུས་རྟག་ཏུ་རྒྱུ་སྡིག་པ་དང་འབྲས་བུ་སྡུག་བསྔལ་ལས་ཐར་པའི་ཐབས་ ཁོ་ན་བསམས་ནས་འཛེམ་བག་བྱ་དགོས་པར་བསྟན་པའོ། །དེ་བཞིན་དུ་རྒྱུ་དགེ་བ་ལས་འབྲས་བུ་ཡིད་འོང་འབྱུང་བ་ལའང་ཡིད་ཆེས་པའི་ངེས་ཤེས་བརྟན་པོ་བསྟེན་པའང་ཤིན་ཏུ་གལ་ཆེ་སྟེ། ལས་འབྲས་ཀྱི་བླང་དོར་ཚུལ་བཞིན་བྱེད་པའང་དེ་ལྟ་བུའི་ཡིད་ཆེས་ཀྱི་དད་པ་ ལ་རག་ལས་ཤིང་འགྱོད་སྡོམ་གྱི་བསམ་པ་དང་གཉེན་པོ་ཀུན་ཏུ་སྤྱོད་པ་འབྱུང་བའང་དེ་ཉིད་ལ་རག་ལས་སོ། །ཟུང་གི་མདོར། གང་ཞིག་དགེ་བའི་ལས་བྱེད་པ། །དེ་ནི་དགེ་བར་འགྱུར་བ་ཡིན། །གང་ཞིག་མི་དགེའི་ལས་བྱེད་པ། །དེ་ཡང་སྡུག་བསྔལ་ཉིད་དུ་འགྱུར། ། ཞེས་དང་། ལས་བརྒྱ་པར་ཡང་། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲ་བ་འདི་ཆེའོ། །
Page: 146 ཞེས་གསུངས། འདི་ཡང་ཡང་བསམ་དགོས་པ་ནི། ལུང་རྣམ་འབྱེད་ལས། སངས་རྒྱས་བསྟན་པ་དྲན་བྱེད་ན། །ལུས་ཀྱི་ལས་དང་ངག་ལས་དང་། །ཡིད་ཀྱི་ལས་ལ་མང་དུ་ནི། །སོ་སོར་རྟོག་ཅིག་སྒྲ་གཅན་ཟིན། །འདི་ནི་དགེ་སྦྱོང་ལས་ཡིན་ཏེ། །འདི་ ལ་སློབས་ཤིག་སྒྲ་གཅན་ཟིན། །འདི་ལ་ཁྱོད་ནི་སློབ་བྱེད་ན། །དགེ་བར་འགྱུར་ཞིང་སྡིག་མེད་ཡིན། ཞེས་སོ། །ལས་འབྲས་ལ་ཡིད་ཆེས་པའི་དད་པ་དེ་འདྲ་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བརྗོད་ལ་སྙིང་ནས་ཡིད་ཆེས་པའི་དད་པ་ཡོད་ན་ཉེས་པ་དང་ལྟུང་ བས་ཀྱང་དམྱལ་བར་འཕེན་མི་ནུས་པར་གསུངས་ཏེ། བཞི་བརྒྱ་པར། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་བསྐལ་པ་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་སོ། །དེ་ལྟར་ལས་འབྲས་ལ་སྙིང་ཐག་པ་ནས་ཡིད་ཆེས་ ཀྱི་དད་པ་བརྟན་པོ་བསྐྱེད་དེ་ངེས་པ་རྙེད་པའི་ཐབས་ལ་ཅི་ནས་ཀྱང་འབད་པ་གལ་ཆེ་སྟེ༑ལས་འབྲས་ལ་ཡིད་ཆེས་སྐྱེས་ན་སྡིག་པ་སྤོང་བ་དང་དགེ་བ་སྒྲུབ་པ་ལ་ངང་གིས་འཇུག་པ་འོངཞིང་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱང་འདི་ལ་བརྟེན་ ནས་ངེས་པར་འབྱུང་དགོས་པའི་ཕྱིར་རོ། ། སྦྱོར་བའི་སྒོ་ནས་གཉེན་པོ་བསྟེན་པ་ནི། བདག་ནི་ཕན་གནོད་ཀྱི་རྒྱུ་དགེ་སྡིག་གི་བླང་དོར་ལ་རྨོངས་པའི་བྱིས་པ་མི་ཤེས་པ་མི་གསལ་བ་གཏི་མུག་གི་དབང་དུ་གྱུར་པས་རང་བཞིན་གྱི་ཁ་ན་མ་ཐོ་བ་སྟེ་བཅས་པའི་རྟེན་ཅན་ཡིན་ མིན་གྱི་གང་ཟག་སུས་སྤྱད་ཀྱང་སྡིག་པར་འགྱུར་བ་མི་དགེ་བ་བཅུ་ལྟ་བུའམ། །བཅས་པའི་སྡིག་པ་སྟེ་སྡོམ་པ་བླངས་པ་བཅས་པའི་རྟེན་ཅན་ཁོ་ན་ལ་སྡིག་ཏུ་འགྱུར་བ་ཆང་འཐུང་བ་དང་། ི་དྲོའི་ཟས་ཟ་བལྟ་བུའི་ཁ་ན་མ་ཐོ་བ་གང་ཡིན་པ་རྣམས་ལས་བྱ་བ་ངན་པ་གང་ཡང་
Page: 147 ༄༅། །རུང་བ་ལུས་ངངག་ཡིད་གསུམ་ཅི་རིགས་པའི་སྒོ་ནས་བགྱིས་པ་རྣམས་ ཞེས་བཤགས་བྱའི་ཉེས་པ་ངོས་བཟུང་ནས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ཡིད་ཀྱིས་མངོན་སུམ་དུ་འཁོད་ནས་ལུས་ཀྱིས་ བཏུད་དེ་ཐལ་མོ་སྦྱར་ནས་སྙིང་ཐག་པ་ནས་སྡིག་པའི་འབྲས་བུ་མྱོང་འགྱུར་གྱི་སྡུག་བསྔལ་ལ་འཇིགས་པའི་སེམས་ཀྱིས་འགྱོད་པ་ཤུགས་དྲག་དང་བཅས་པས་ཡང་དང་ཡང་དུ་ཕྱག་འཚལ་ཏེ་སྡིག་པ་དང་ལྟུང་བ་དེ་དང་དེ་དག་ཐམས་ཅད་བླུན་པོ་བདག་གིས་བྱས་སོ་ཞེས་ ཁས་བླངས་པའི་སྒོ་ནས་སོ་སོར་མཐོལ་ཞིང་བཤགས་པར་བགྱིའོ་ཞེས་ལུས་ངག་གི་རིག་བྱེད་དང་བཅས་པའི་འགྱོད་སེམས་ཀྱིས་བཤགས་ཚུལ་དངོས་བསྟན་པའོ། །དེ་ལྟར་ཕྱག་འཚལ་ནས་སྡིག་པ་བཤགས་པ་ནི་ཉེ་བར་འཁོར་གྱིས་ཞུས་པ་ལས། ཕྱག་འཚལ་ནས་ སྡིག་པ་བཤགས་སོ་ཞེས་གསུངས་པ་ལྟར་ཡིན་ལ། མི་དགེ་བའི་གཉེན་པོར་དགེ་བའི་ལས་བྱས་པས་ཉེས་པ་ལས་གྲོལ་པ་ནི། ལུང་རྣམ་འབྱེད་ལས། གང་གིས་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་འགོག་བྱེད་དེ། །ཉི་ཟླ་སྤྲིན་ལས་བྱུང་བ་བཞིན། །འཇིག་རྟེན་ འདིར་ནི་དེ་སྣང་འགྱུར། །ཞེས་གསུངས་ལ། མ་སྐྱེས་དགྲའི་འསྤྱོད་པ་བསལ་བའི་མདོ་སོགས་ལས་ཀྱང་གསུངས་སོ། ། བཞི་པ་སོར་ཆུད་པའི་སྟོབས་ནི། འདྲེན་པ་ཞེས་སོགས་ཏེ། འདྲེན་པ་རྒྱལ་བ་སྲས་བཅས་རྣམས་ཀྱི་བདག་གི་རྒྱུད་ལ་བཅས་རང་གི་ཁ་ན་མ་ཐོ་ བའི་སྡིག་པ་གང་ཡོད་པ་དེ་རྣམས་ནོངས་པའམ་ཉེས་པ་ལགས་པས་ན་དེ་ཉིད་ནོངས་ཤིང་ཉེས་པ་དེ་ཉིད་ལེགས་པར་བཟུང་ཞིང་མཁྱེན་པར་མཛད་དུ་གསོལ་ཞེས་སམ། ཡང་ན་དམན་པ་བདག་ནོངས་པའམ་ཉེས་པ་ཅན་ཉིད་ལགས་པར་བཟུང་ཞེས་སྦྱར། འདི་ནི་འཆབ་
Page: 148 སེམས་མེད་པར་ཉེས་པ་ལ་ཉེས་པར་མཐོང་ནས་འགྱོད་པས་བཤག་པ་ལ་དེ་ལྟར་དགོངས་པར་མཛོད་ཅིག་ཅེས་གསོལ་བ་ཡིན་ནོ། །དེ་ལྟ་བུའི་སྡིག་ལྟུང་འདི་ནི་རྣམ་སྨིན་མི་བཟད་པ་དང་བཅས་པས་ན་འཕགས་མིན་གྱི་ལས་དམ་པས་སྨད་པར་བྱ་བའི་བྱ་བ་ཐ་ཆད་ཡིན་ གྱི་བྱ་བ་བཟང་པོ་མ་ལགས་པས་ན་དེང་ནས་བཟུང་སྟེ་སླན་ཆད་བདག་གིས་ནི་ཤེས་ཤིང་མཐོང་བཞིན་དུ་སྲོག་ལ་བབས་ཀྱང་ཡོང་ཡེའམ་རྣམ་ཀུན་ཏུ་མི་བགྱིད་པར་རྒྱུན་གཅོད་ཅིང་ལེགས་པར་སྡོམ་པར་བྱེད་དོ་༌ཞེས་ཉེས་པ་ལས་ལྡོག་པར་དམ་འཆའ་བའོ། ། འདི་ལ་སྡོམ་པའི་སྟོབས་དང་ཉེས་པ་ལས་ལྡོག་པའི་སྟོབས་ཞེས་ཀྱང་བྱའོ། །བཤགས་ཡུལ་སྡོམ་ལྡནལྟ་བུའི་གང་ཟག་གི་དྲུང་དུ་བཤ གས་ཚེ་མཐོང་སྡོམ་འདྲི་བའི་ཚུལ་ཡང་ཚིགས་བཅད་འདིས་བསྟན་ཏོ། །དེ་ལ་སྦྱང་བྱ་སྡིག་པའི་ཁྱད་པར་དང་སྦྱོང་ཚུལ་གྱི་ ཁྱད་པར་སྔར་བཤད་ཟིན་ལ། །སྦྱོང་བྱེད་གཉེན་པོའི་ཁྱད་པར་ནི། གོང་དུ་བཤད་པ་ལྟར་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་དགོས་ཏེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་ བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། །འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། སོར་ཆུད་པར་བྱེད་པའི་སྟོབས་དང༌། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་སྤྱད་ན་དེ་ལ་འགྱོད་པ་མང་བ་ཡིན་ནོ། །དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །དེ་ལ་སོར་ཆུད་པར་བྱེད་པའི་སྟོབས་ནི་སྡོམ་པ་ཡང་དག་པར་བླངས་པས་མི་བྱེད་པའི་
Page: 149 ༄༅། །སྡོམ་པ་ཐོབ་པའོ། །དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་སྟོབས་དེ་དང་ལྡན་པ་ལ་བརྟེན་པས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ་ཞེས་གསུངས་ སོ། །དེ་དག་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་གསུངས་པའི་བྱས་ཤིང་བསགས་པའི་ལས་ནི་མྱོང་ངེས་ཀྱི་ལས་ཡིན་པས་དེའང་ཟིལ་གྱིས་གནོན་ནུས་ན་མྱོང་བར་མ་ངེས་པ་ལྟ་ཅི་སྨོས། དེ་དག་གི་ངོས་འཛིན་ཅུང་ཟད་འོག་ཏུའང་ འཆད་དོ། །དེ་ལྟར་སྡིག་པ་སྦྱངས་པས་འདག་ཚུལ་གྱི་ཁྱད་པར་ནི། གསེར་འོད་དམ་པ་ལས། གང་གིས་བསྐལ་བ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་འབྱུང་བར་འགྱུར། ཞེས་དང༌། བྱམས་པའི་སེང་གེའི་སྒྲ་བསྟན་པ་ལས་ཀྱང་། །མི་ཤེས་པས་ནི་གང་བྱས་པའི། །སྡིག་པའི་ལས་ནི་བཤགས་པར་གྱིས། །མཁས་པས་ཉེས་པ་བཤགས་ན་ནི། །ལས་དང་ལྷན་ཅིག་མི་གནས་སོ། །ཞེས་དང༌། །ལས་རྣམ་འབྱེད་ལས། ཤིན་ཏུ་མི་བཟད་ ལས་རྣམས་བྱས་པ་ནི། །བདག་ལ་རྣམ་པར་སྨོད་པས་བསྲབས་པར་འགྱུར། །རབ་ཏུ་བཤགས་དང་སྡོམ་པར་བྱེད་པ་ཡིས། །དེ་དག་ཤིན་ཏུ་རྩད་ནས་བཏོན་པ་བཞིན། ཞེས་སྟོབས་བཞི་ཚང་མ་རྩད་ནས་འདག་པར་གསུངས་པ་ལྟར་རོ། །དེ་ལྟར་ཉོན་མོངས་ པའི་ཀུན་ནས་བསླངས་པའི་ལས་འགྱོད་བཤགས་ཚུལ་བཞིན་དུ་བྱ་ཞིང་ཁོང་ཁྲོ་སོགས་ཉོན་མོངས་དང་དེ་དག་གིས་བསྐྱེད་པའི་སྡིག་ལྟུང་ལ་སྡོམ་སེམས་བརྟན་པ་བསྟེན་པ་འདི་ནི་དམ་པའི་ཆོས་ཀྱི་ཉམས་ལེན་ཁྱད་པར་ཅན་ལ་སློབ་པ་སྟེ། སྡུད་པར།
Page: 150 སེམས་འདི་བཟང་བ་མིན་སྙམ་དྲན་པ་སྐྱེད་བྱེད་ཅིང་། སོ་སོར་འཆགས་པར་བྱེད་ཅིང་ཕྱིས་ཀྱང་སྡོམ་བྱེད་ལ། དགའ་བར་མི་བྱེད་དེ་ནི་སངས་རྒྱས་ཆོས་འདིར་སློབ། ཅེས་གསུངས། བློ་གྲོས་མི་ཟད་པའི་མདོ་ལས་བདག་གཞན་གྱི་སྡིག་པ་བཤགས་པ་ནི་བསོད་ནམས་ཀྱི་ ཚོགས་སུ་བརྗོད་པས་འདི་ཉིད་བསོད་ནམས་གསོག་པའི་ཐབས་ཀྱང་ཡིན་ལ། དེའི་རྒྱུ་མཚན་གྱིས་བསླབ་བཏུས་སུ་བསོད་ནམས་སྤེལ་བའི་སྐབས་བསྟན་པ་ཡིན་ལ། འདུལ་བ་ལུང་ལས་ཀྱང་། འདི་ལྟར་ཉེས་པ་ཤེས་ཤིང་ཉེས་པ་མཐོང་ལ་དེ་མཐོང་ནས་ཀྱང་བཤགས་ ནས་ཕྱིས་སྡོམ་པར་བྱེད་ན་ཁྱོད་ཀྱི་༌དགེ་བའི་ཆོས་རྣམས་མི་ཉམས་ཤིང་འཕེལ་བ་ཉིད་དུ་འདོད་པར་བྱའོ། །ཞེས་སོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སོགས་ཏེ། འདི་ལ་ཕྱག་མཆོད་སོགས་ཡོད་ཀྱང་སྡིག་བཤ གས་གཙོ་བོར་སྟོན་པས་ན་སྡིག་ བཤགས་ཀྱི་ལེའུ་ཞེས་བསྟན་ཏེ་གཉིས་པའོ། ༈ །
ལེའུ་གསུམ་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ།
[edit]གསུམ་པ་བྱང་སེམས་ཡོངས་བཟུང་གི་ལེའུ་ལ་གཉིས། ལེའུའི་གཞུང་། དང་པོ་ལ་གསུམ། སྦྱོར་བ་སྔོན་འགྲོའི་ཆོས། དངོས་གཞི་དམ་བཅའ་བ། ལེའུའི་མཚན་ནོ། །རྗེས་དགའ་བསྒོམ་པའོ། །གཅིགསྦྱོར་བ་སྔོན་འགྲོའི་ཆོས། དང་པོ་ ལ་གཉིས། བྱང་ཆུབ་སེམས་རང་རྒྱུད་ལ་སྐྱེ་བའི་ལྷན་ཅིག་བྱེད་རྐྱེན་ཚོགས་བསགས། དེའི་ཉེར་ལེན་གྱི་རྒྱུ་བློ་སྦྱོང་བའོ། །དང་པོ་ལ་བཞི། རྗེས་སུ་ཡི་རང་། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ། དགེ་རྩ་གཞན་དོན་དུ་བསྔོ་ བའི་ཡན་ལག་གོ། །དང་པོ་ནི། སེམས་ཅན་ཀུན་གྱི་སོགས་ཏེ། དེ་ལ། མངོན་མཐོ་རྒྱུ་འབྲས་ཀྱི་དགེ་བ་ལ་ཡི་རང་བ་ནི། སྲིད་པར་འཁྱམས་པའི་སེམས་ཅན་ཀུན་གྱི་ནང་ནས་ངན་སོང་གསུམ་པོ་དག་གི་གནས་རྣམས་སུ་སྡུག་བསྔལ་ཡུན་རིང་བར་མྱོང་བས་ལུས་སེམས་
Page: 151 ༄༅། །ངལ་ཞིང་དུབ་པར་གྱུར་པ་རྣམས་རེ་ཞིག་དུས་ཅུང་ཟད་ཙམ་དུ་ངལ་གསོ་བའི་མངོན་མཐོའི་རྟེན་ཁྱད་པར་ཅན་འཐོབ་བྱེད་ཀྱི་རྒྱུར་གྱུར་པ་འཇིག་རྟེན་པའི་བསོད་ནམས་ཆ་མཐུན་གྱི་དགེ་བ་དང༌། དེའི་འབྲས་བུ་ངན་སོང་གི་སྡུག་བསྔལ་ཅན་དག་དེ་ལས་ ཐར་ནས། གནས་སྐབས་མངོན་མཐོ་ལྷ་མིའི་བདེ་བར་ལོངས་སྤྱོད་ཅིང་གནས་པ་ལ་བསམ་པ་ཕྲག་དོག་སྤངས་ནས་ཨ་རེ་ལེགས་སྙམ་དུ་ཡིད་བདེ་དང་མཚུངས་ལྡན་གྱི་དང་བའི་དད་པ་སྐྱེད་ཅིང་དགའ་ཞིང་མགུ་བས་རྗེས་སུ་ཡི་རང་ངོ༌། །འདིར་སེམས་རབ་ཏུ་དང་བས་དགའ་བ་ དང་ལུས་འདར་ཞིང་མཆི་མ་འབྱུང་ལ་སྤུ་ཟིང་བྱེད་པ་དང་ངག་གིས་ལེགས་པར་བྱས་སོ་བཟང་པོ་ཞིག་བྱས་སོ་ཞེས་སྒོ་གསུམ་ཀ་ནས་ཡི་རང་བྱ་བར་འགྲེལ་ཆེན་སོགས་ལས་བཤད་དོ། །ཐར་པ་ཙམ་གྱི་རྒྱུ་འབྲས་ལ་ཡི་རང་བ་ནི། ངེས་ལེགས་བྱང་ཆུབ་གསུམ་ལས་ཉན་རང་གི་བྱང་ ཆུབ་འཐོབ་བྱེད་ཀྱི་རྒྱུར་གྱུར་པའི་ཐར་བ་ཆ་མཐུན་གྱི་དགེ་བ་ཚོགས་གཉིས་ཀྱིས་བསྡུས་པ་ཉེ་བར་བསགས་པ་གང་ཡིན་པ་དེ་དག་ཀུན་ལ་དགའ་ཞིང་རྗེས་སུ་ཡི་རང་ངོ༌། །དེའི་འབྲས་བུ་ལུས་ཅན་སེམས་ཅན་གང་དག་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཕྲ་མོ་དང་བཅས་པའི་འཁོར་ བའི་སྡུག་བསྔལ་མཐའ་དག་ལས་ངེས་པར་ཐར་ནས་ཉན་རང་གི་བྱང་ཆུབ་ཐོབ་བ་དེ་ལ་དགའ་ཞིང་རྗེས་སུ་ཡི་རང་ངོ༌། །འགའ་ཞིག་ཏུ་ཚིགས་བཅད་འདི་བྱང་ཆུབ་གསུམ་ཐུན་མོང་བའི་རྒྱུ་འབྲས་ལ་སྦྱར་ནས་འཆད་དོ། །བླ་མེད་བྱང་ཆུབ་རྒྱུ་འབྲས་ལ་ཡི་རང་བ་ནི། ། མཐར་ཐུག་གི་འབྲས་བུ་འགྲོ་བ་གཞན་རྒྱུད་པ་ཀུན་ལས་སྐྱོབ་པར་བྱེད་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐོབ་བྱར་གྱུར་པ་ཉིད་ཀྱི་རྫོགས་པའི་བྱང་ཆུབ་དང་གནས་སྐབས་ཀྱི་འབྲས་བུ་རྒྱལ་སྲས་རྣམས་ཀྱི་ས་བཅུ་དང་ལམ་ལྔར་གཏོགས་པའི་ཚོགས་གཉིས་ཀྱི་དགེ་བ་
Page: 152 རྣམས་ལའང་རྗེས་སུ་ཡི་རང་ངོ༌། །ཡང་ན་རྣམ་འགྲེལ་ལས། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །ཞེས་པ་ལྟར། རང་གིས་ཐུགས་སུ་ཆུད་པའི་ལམ་གཞན་ལ་སྟོན་ཕའི་སྐྱོབ་པ་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཞེས་སྦྱར་རོ། །རྒྱ་དཔེར། བྱང་སེམས་ཉིད་ དང་སངས་རྒྱས་ཉིད། །སྐྱོབ་རྣམས་ལ་ཡང་རྗེས་ཡི་རང༌། །ཞེས་ཡོད་ཀྱི་སའི་སྐད་དོད་མེད་དོ་ཞེས་ཀྱང་བཤད་དོ། །དེ་དག་འཐོབ་བྱེད་ཀྱི་རྒྱུ་བསམ་པ་ཁྱད་པར་ཅན་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཀུན་ཏུ་༌བདེ་བར་མཛད་པའི་ཆེད་དུ་སྨོན་པའི་ སྒོ་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་ཚེ་སྐད་ཅིག་རེ་རེར་འབྱུང་བའི་དགེ་བའི་རྩ་བ་ཡང་མཐའ་དང་གཏིང་མི་དཔོག་པ་རྒྱ་མཚོ་ལྟ་བུ་འབྱུང་བ་དེ་དང༌། སྦྱོར་བ་ཁྱད་པར་ཅན་ཕར་ཕྱིན་དྲུག་དང་བསྡུ་བཞི་སོགས་ཀྱི་སྤྱོད་པ་ཉམས་སུ་ལེན་པའི་བྱ་བ་ཁྱད་པར་ ཅན་གྱིས་དངོས་སུ་ཟིན་པའི་འཇུག་པ་སེམས་བསྐྱེད་ཀྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་དངོས་སུ་ཕན་པ་དང་བདེ་བ་སྐྱེད་པར་མཛད་པའི་དགེ་བ་ལ་ཡང་སེམས་རབ་ཏུ་དང་ལ་དགའ་ཞིང་མགུ་བས་རྗེས་སུ་ཡི་རང་ངོ༌། །སེམས་དང་པོ་བསྐྱེད་པའི་བྱང་སེམས་སོགས་ ཀྱི་དགེ་བ་ཁྱད་པར་ཅན་ལ་རྗེས་སུ་ཡི་རང་བ་ལ་ཕན་ཡོན་དཔག་ཏུ་མེད་པ་འཐོབ་སྟེ། སྡུད་པ་ལས། མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་ཡི། །སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་ན། །སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་ རུང༌། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། ཞེས་གསུངས་སོ། །གཞན་གྱི་དགེ་བ་ལ་ཡི་རང་སྒོམ་པ་ནི་འབད་པ་ཆུང་ངུས་ཚོགས་རླབས་པོ་ཆེ་རྫོགས་པའི་ཐབས་དང་རང་གི་དགེ་བ་ལ་ཡི་རང་བྱེད་པ་ནི་རང་གི་དགེ་བ་གོང་ནས་གོང་དུ་སྤེལ་བའི་ཐབས་ཡིན་པར་གསུངས་
Page: 153 ༄༅། །ལ་དེའི་བྱིས་འདི་བྱང་སེམས་ཀྱི་ཐབས་མཁས་ཡིན་པར་ཐབས་ལ་མཁས་པའི་མདོར་གསུངས་སོ། །གཉིས་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། ཕྱོགས་རྣམས་སོགས་ཏེ། ཕྱོགས་བཅུའིའཇིག་རྟེན་གྱི་ཁམས་རྣམས་ཀུན་ གྱི་ཞིང་ན་ད་ལྟ་སངས་རྒྱས་ནས་རིང་དུ་མ་ལོན་པ་གསོལ་བ་མ་བཏབ་པར་ཆོས་མི་གསུང་བར་ཐུགས་ལས་ཆུང་ངུར་བཞུགས་པ་རྣམས་ལ་ཞུ་བའི་རྟེན་དུ་གསེར་གྱི་འཁོར་ལོ་དང་ཆོས་དུང་ལྟ་བུ་འབུལ་བར་མོས་ཤིང་ལུས་གུས་ཐལ་མོ་སྦྱར་ཏེ་ཡིད་རབ་ཏུ་དང་བ་དང་བཅས་ པས་ངག་གི་སྒོ་ནས་གསོལ་བ་གདབ་པ་ནི། སེམས་ཅན་གང་དག་འབྲས་བུ་སྡུག་བསྔལ་སྣ་ཚོགས་པས་མནར་ཞིང་རྒྱུ་མ་རིག་པའི་མུན་པས་ཤེས་རྒྱུད་བསྒྲིབས་ཤིང་འཐིབས་པར་གྱུར་ནས་ལམ་དང་ལམ་མིན་བླང་བྱ་ད་ང་དོར་བྱ་གང་ཡང་མི་ཤེས་པ་རྣམས་ལ་རང་རང་ གི་སྐལ་བ་དང་འཚམས་པའི་དམ་པའི་ཆོས་ཀྱི་སྒྲོན་མེ་ཆེན་པོ་སྦར་ཏེ་མི་ཤེས་པའི་མུན་པ་བསལ་ནས་བླང་དོར་གྱི་གནས་ཐམས་ཅད་ཇི་ལྟ་བ་བཞིན་དུ་སྣང་ཞིང་གསལ་བར་མཛད་ནས་ཡང་དག་པའི་ཐར་བའི་ལམ་བསྟན་དུ་གསོལ་ཞེས་པའོ། །གསུམ་པ་མྱ་ངན་ལས་ མི་འདའ་བར་གསོལ་བའི་ཡན་ལག་ནི། རྒྱལ་བ་ཞེས་སོགས་ཏེ། རྒྱལ་བ་རྫོགས་པའི་སངས་རྒྱས་གང་དག་གཟུགས་ཀྱི་སྐུ་དངོས་ཀྱི་གདུལ་བྱར་གྱུར་པ་རྣམས་ཀྱི་དོན་དུ་མཛད་པ་མཐར་ཕྱིན་ནས་གདུལ་བྱ་གཞན་སྐྱོ་བ་སྐྱེད་པ་སོགས་ཀྱི་ཆེད་དུ་མཛད་པ་ཐ་མ་མྱ་ངན་ ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་རྣམས་ལ་ལུས་གུས་པས་བཏུད་ནས་ཐལ་མོ་སྦྱར་ཏེ་ངག་གིས་གསོལ་བ་འདེབས་པ་ནི། འགྲོ་བ་འདི་རྣམས་བླང་དོར་ལ་ལྟ་བའི་བློ་གྲོས་ཀྱི་མིག་མ་རིག་པའི་མུན་པས་ལྡོངས་པར་ཏེ་མིག་ལོང་བ་ལྟ་བུའི་གནས་སུ་མི་འགོད་
Page: 154 ཅིང་མི་ཤེས་པའི་མུན་པ་བསལ་ནས་འཇུག་ལྡོག་གི་གནས་ཇི་ལྟ་བ་བ་བཞིན་དུ་གསལ་བར་བགྱི་བའི་ཆེད་དུ་བསྐལ་བ་གྲངས་མེད་པའི་བར་དུ་མྱ་ངན་ལས་མི་འདའ་བར་བཞུགས་པར་མཛད་དུ་གསོལ་ཞེས་པ་སྟེ་བླང་དོར་སྟོན་པ་པོ་མེད་ན་སྤང་བླང་མི་ཤེས་པའི་ ཕྱིར་དེ་སྐད་གསོལ་བའོ། །བཞི་བ་བསྔོ་བའི་ཡན་ལག་ནི། དེ་ལྟར་འདི་དག་སོགས་ཏེ། དེ་ལ། སེམས་ཅན་གྱི་སྡུག་བསྔལ་སེལ་བའི་ཆེད་དུ་སྤྱིར་བསྔོ་བ་ནི། སྔར་བཤད་པ་དེ་ལྟར་མཆོད་པ་འབུལ་བ་ནས་མི་འདའ་བར་བཞུགས་པར་གསོལ་བའི་བར་གྱི་ཡན་ལག་ འདི་དག་ཀུན་སྔོན་དུ་ལེགས་པར་བསྒྲུབས་པར་བྱས་ཏེ། རྣམ་པར་དཀར་བའི་དགེ་བ་བདག་གིས་ཉེ་བར་བསགས་པ་གང་ཡིན་པའི་བསོད་ནམས་ དེས་ནི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སྤྱིར་འཁོར་བ་དང་བྱེ་བྲག་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལྷག་མེད་དུ་ བསལ་ནས་བྱང་བར་ཤོག་ཅེས་པའོ། །བྱེ་བྲག་ཏུ་བསྔོ་བ་ལ། ནད་ཞི་བའི་ཆེད་དུ་བསྔོ་བ་ནི། དགེ་བ་བདག་གིས་གང་བསགས་པ་དེའི་མཐུས་འགྲོ་བ་ནད་སྣ་ཚོགས་ཀྱི་ཟུག་རྔུས་གདུངས་ཤིང་མནར་བས་ཉམ་ཐག་པ་སྙིང་རྗེའི་གནས་སུ་གྱུར་པ་སྤྱི་དང་ཁྱད་པར་ཚེ་ ལོ་ཉི་ཤུ་པའི་དུས་སུ་ཟླ་བ་བདུན་དང་ཞག་བདུན་གྱི་རིང་ལ་འགོ་བའི་ཡམས་ནད་དྲག་པོ་གསོར་མི་རུང་བས་བཏབ་ནས་ཕལ་ཆེར་འཆི་བའི་ནད་ཀྱི་བསྐལ་བ་བར་མ་འབྱུང་བར་ས་སྡེ་ལས་བཤད་པ་དེ་ལྟ་བུའི་དུས་ཀྱི་ནད་པ་དང་བཅས་པ་རྣམས་ཇི་སྲིད་དུ་ནད་ལས་གྲོལ་ ནས་སོས་པར་འགྱུར་གྱི་བར་དུ་ནི་ བདག་ཉིད་ནད་སེལ་བར་བྱེད་པའི་སྨན་ཆེན་པོ་དང་ནད་པ་གསོ་བའི་སྨན་པ་མཁས་ཤིང་བཟང་བ་ཉིད་དག་དང་སྤྱོད་ལམ་འཇམ་པོའི་སྒོ་ནས་ནད་པ་དེ་ཡི་ནད་གཡོག་དང་རིམ་གྲོ་སོགས་སྒྲུབ་པའི་སྒོ་ནས་དེ་ལ་ཕན་འདོགས་བྱེད་པར་ཤོག་
Page: 155 ༄༅། །ཅིག་ཅེས་ཏེ་སྲོག་ཆགས་དེས་པའི་སྐྱེས་རབས་ལྟར་ནད་ཞི་བའི་སྨན་དང་རྒྱལ་པོའི་བུ་མོ་ཡེ་ཤེས་ལྡན་ལྟར་སྨན་སྟེར་པའི་སྨན་པ་ཉིད་དུ་འགྱུར་བར་སྨོན་པའོ། །བཀྲེས་སྐོམ་ཞི་བའི་ཆེད་དུ་བསྔོ་བ་ནི། བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་གྱིས་ ཉམ་ཐག་པའི་སེམས་ཅན་རྣམས་ལ་བཟའ་བའི་ཟས་དང་བཏུང་བའི་སྐོམ་ཕུན་སུམ་ཚོགས་པ་ལྷའི་ཡུལ་གྱི་བདུད་རྩི་ལྟ་བུའི་ཆར་རྒྱུན་ཟད་མི་ཤེས་པར་ཕབ་སྟེ་ཟས་འདོད་པས་གདུངས་ཏེ་བཀྲེས་ཤིང་ལྟོགས་པ་དང་བཏུང་བ་འདོད་པས་གདུངས་ནས་སྐོམ་པར་གྱུར་པའི་ གནོད་པ་མཐའ་དག་བསལ་ནས་ངོམས་ཤིང་ཚིམ་པ་ཉིད་དུ་བྱེད་ནུས་པར་སྨོན་པདང་། ཁྱད་པར་ཚེ་ལོ་སུམ་ཅུ་པའི་དུས་སུ་ལོ་བདུན་ཟླ་བ་བདུན་ཞག་བདུན་དང་བཅས་པའི་རིང་ལ་མུ་གེའི་བསྐལ་བ་བར་མ་འབྱུང་བར་ས་སྡེར་བཤད་ལ། དེ་བྱུང་བའི་ཚེ་གབ་ཚེའི་ སྣོད་དུ་འབྲུའི་ས་བོན་རེཙམ་བཞག་ནས་རིན་པོ་ཆེ་ལྟར་སྲུང་བས་གབ་ཚེ་བ་དང༌། ཤི་ནས་རུས་པ་སྣུམ་མེད་དཀར་པོར་འགྲོ་བ་དང་དེ་ལྟ་བུའི་རུས་པ་ཆུར་བསྐོལ་ནས་འཐུང་བས་རུས་གོང་དཀར་པོ་བ་དང༌། ཐུར་མའི་རྩེ་མོས་སྣོད་སོགས་ནས་འབྲུ་རེ་རེ་ཙམ་བྲུས་ ནས་དེ་ཆུར་བསྐོལ་ནས་འཐུང་བས་སམ་ཐུར་མའི་རྩེས་ཟས་འགྱེད་པས་ཐུར་མས་འཚོ་བ་པ་ཞེས་ཏེ་དེ་རྣམས་ཟས་སྐོམ་མེད་པས་བཀྲེས་ཤིང་ཉམ་ཐག་པས་ས་ལ་འགྱེལ་ནས་ལྡང་མི་ནུས་པར་འཆི་བར་འགྱུར་བ་དེ་ལྟ་བུའི་དུས་སུ་བདག་ནི་ཟས་དང་སྐོམ་ཅི་འདོད་སྣ་ ཚོགས་པ་ཉིད་དུ་གྱུར་ཏེ་བཀྲེས་སྐོམ་གྱི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་ནུས་པར་གྱུར་ཅིག་ཅེས་ཏེ། སྟོན་པའི་སྐྱེས་རབས་སུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བླངས་ནས་ཟམ་སྐོམ་གྱི་ཆར་ཕབ་པ་བཞིན་དུ་འགྱུར་བར་སྨོན་པའོ། །དེ་བཞིན་དུ་ཚེ་ལོ་བཅུ་པའི་དུས་
Page: 156 སུ་མཚོན་གྱི་བསྐལ་པ་བར་མ་འབྱུང་ཞིང་དེའི་བཚེ་ཞག་བདུན་གྱི་རིང་ལ་གཅིག་གིས་གཅིག་མཐོང་བ་ན་ཕན་ཚུན་གསོད་སེམས་དྲག་པོ་སྐྱེས་ནས་རྩི་ཤིང་རྡོ་སོགས་ལག་ཏུ་གང་བླངས་ཐམས་ཅད་མཚོན་ཆ་རྣོན་པོར་གྱུར་ནས་གཅིག་གིས་གཅིག་གསོད་པར་འགྱུར་ བར་གསུངས་པ་དེའི་ཚེ་བདག་གི་བསོད་ནམས་ཀྱི་མཐུ་ལས་མཚོན་ཆ་རྣམས་མེ་ཏོག་གི་ཆར་དུ་བསྒྱུར་ནུས་པར་ཤོག་ཅིག་ཅེས་སྨོན་པར་བྱ་སྟེ་འདི་རྩ་ཚིག་གིས་མ་ཟིན་ཀྱང་སྔ་མ་དག་གིས་ནཚོན་ནས་བསྟན་པས་དེ་ལྟར་སྦྱར་དགོས་པར་གསུངས་སོ། །དེའང་མཛོད་ ལྟར་ན། དེ་ནས་ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་ལོ་ནི་བཅུ་ཡིན་ནོ། །བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏོ། །ཞག་རྣམས་དང་ནི་ཟླ་བ་དང་། །ལོ་བདུན་དག་ཏུ་གོ་རིམ་བཞིན། ཞེས་ཚེ་ལོ་བཅུ་པའི་དུས་སུ་བསྐལ་བ་བར་མ་གསུམ་ ཀ་རིམ་པར་འབྱུང་བར་གསུངས་ཏེ་འདི་ནི་གདགས་པའི་བསྟན་བཅོས་ཀྱི་དགོངས་པའོ། །དགེ་འདུན་ལ་ཨ་རུ་ར་རྡོག་ཅིག་ཙམ་དང་ཟས་ནལ་ཟེ་གང་ཙམ་ཕུལ་བ་དང་སེམས་ཅན་ལ་བྱམས་པ་ལན་ཅིག་བསྒོམ་པས་རིམ་པར་ནད་མུག་མཚོན་གྱི་བསྐལ་པ་བར་མ་ གསུམ་དུ་མི་སྐྱེ་བར་ཁང་བུ་བརྩེགས་པའི་མདོར་བཤད་དོ། །དབུལ་ཕོངས་ཞི་བའི་ཆེད་དུ་བསྔོ་བ་ནི། ནོར་ལོངས་སྤྱོད་སོགས་ཀྱི་ཡོ་བྱད་མེད་པའི་སེམས་ཅན་ཕོངས་ཤིང་དབུལ་བར་གྱུར་པ་རྣམས་ལ་བདག་ནི་ཅི་ཙམ་ལོངས་སྤྱད་ཀྱང་ནམ་ཡང་མི་ཟད་པའི་གཏེར་ ཆེན་པོར་གྱུར་ཏེ་ཟས་གོས་གནས་མལ་འབྲུ་སྨན་རྒྱན་དང་བཞོན་པ་སོགས་གང་ལ་གང་དགོས་པའི་ཅི་འདོད་ཀྱི་ཡོ་བྱད་མཁོ་དགུ་སྣ་ཚོགས་སུ་གྱུར་ཏེ། ཆེད་དུ་སྒྲུབ་པའི་འབད་རྩོལ་ཅི་ཡང་མི་དགོས་པར་རང་རང་གི་མདུན་ན་གང་མཁོ་ཐམས་ཅད་འབད་མེད་དུ་ཉེ་
Page: 157 ༄༅། །བར་གནས་པར་གྱུར་ཅིག་ཅེས་པ་སྟེ་འདི་ཀླུ་གཏེར་སྟོན་གྱི་སྐྱེས་རབས་བཞིན་ནོ་ཞེས་གསུངས་ལ་དེ་ནི་མདོ་སྡེ་པད་དཀར་ལས༌གསུངས་པའི་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྐྱེས་རབས་ལས་བྱུང་བ་དེའོ། །དོན་འདི་དག་ནི་དྲི་མ་མེད་པར་གྲགས་པས་བསྟན་ པ་ལས། ནད་ཀྱི་བསྐལ་བ་བར་མ་ལ། །དེ་ནི་རྩི་མཆོག་དམ་པར་འགྱུར། །དེས་ནི་སེམས་ཅན་རྣམ་གྲོལ་ཞིང༌། །ནད་རྣམས་མེད་ཅིང་བདེ་བར་འགྱུར། །མུ་གེའི་བསྐལ་བ་བར་མ་ལ། །ཟས་དང་སྐོམ་དུ་བསྒྱུར་ནས་སུ། །བཀྲེས་ཤིང་སྐོམ་པ་མེད་བྱས་ཏེ། །སྲོག་ ཆགས་རྣམས་ལ་ཆོས་སྟོན་ཏོ། །མཚོན་གྱི་བསྐལ་པ་བར་མ་ལ། །དེ་དག་བྱམས་པ་སྒོམ་འགྱུར་ཏེ། །སེམས་ཅན་བྱེ་བ་བརྒྱ་མང་པོ། །གནོད་སེམས་མེད་ལ་འཛུད་པར་བྱེད། ཅེས་དང་། སེམས་ཅད་དབུལ་པོ་རྣམས་ལ་ནི། །ཟད་མི་ཤེས་པའི་གཏེར་དུ་ འགྱུར། །གང་ལ་སྦྱིན་པ་བྱིན་པ་ཡང་། །དེ་དག་བྱང་ཆུབ་སེམས་བསྐྱེད་བཙུད། ཅེས་བྱང་སེམས་ཀྱི་ཡོན་ཏན་བསྟན་པའི་སྐབས་སུ་འབྱུང་བ་དང་། རྒྱས་པར་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་སོགས་ལས་འབྱུང་བ་ལྟ་བུའོ། །བསྔོ་བས་ནི་དགེ་བ་ཉུང་དུ་ཡང་ མང་པོར་སྤེལ་བ་དང་གནས་སྐབས་འབྲས་བུ་ཕྱུང་སྟེ་ཟད་པར་འགྱུར་བ་རྣམས་ཀྱང་ནམ་ཡང་མི་ཟད་པར་བྱེད་པར་གསུངས་ལ། བསྔོ་བ་འདི་ཉིད་བྱང་སེམས་ཀྱི་ཐབས་ལ་མཁས་པ་ཡིན་པར་ཐབས་ལ་མཁས་པའི་མདོར་གསུངས་སོ། །གཉིས་པ་བྱང་ཆུབ་ ཀྱི་སེམས་དེའི་ཉེར་ལེན་གྱི་རྒྱུ་བློ་སྦྱོང་བ་ལ་བཞི། བློ་སྦྱོང་བ་དངོས། དེའི་འཐད་པ་དགོད་པ། ལུས་བྱེ་བྲག་ཏུ་གཏོང་བ། བློ་སྦྱོང་གི་འབྲས་བུ་གཞན་དོན་དུ་སྨོན་ལམ་གདབ་པའོ། །དང་པོ་ནི། །ལུས་དང་ཞེས་སོགས་ཏེ། བདག་གི་སེམས་ཅན་གྱི་ཆེད་དུ་
Page: 158 གཅེས་པར་བཟུང་བའི་ལུས་དང་དེ་བཞིན་དུ་ཟས་གོས་གནས་ཁང་རྟ་གླང་སོགས་ནོར་ལོངས་སྤྱོད་ཅི་ཡོད་དང་གཞི་གསུམ་གྱིས་བསྡུས་ཤིང་དུས་གསུམ་དུ་འབྲེལ་བའི་དགེ་བ་གང་ཡོད་ཐམས་ཅད་ཀུན་ཀྱང་ སེམས་ཅན་ཀུན་གྱི་གནས་སྐབས་མངོན་མཐོ་དང་ མཐར་ཐུག་ངེས་ལེགས་ཀྱི་དོན་མཐའ་དག་བསྒྲུབ་པར་བྱ་བའི་ཕྱིར་དུ་སེར་སྣ་དང་ཆགས་ཞེན་གྱིས་གཏོང་མི་བྱ་སྙམ་པའི་ཕངས་པའི་སེམས་དང་ལན་དང་རྣམ་སྨིན་སོགས་གང་༌་ལའང་ལྟོས་པ་མེད་པར་ཡོངས་སུ་གཏང་བར་བྱའོ་ཞེས་ཐམས་ཅད་གཏོང་བའི་ བསམ་པ་སྙིང་ཐག་པ་ནས་སྦྱོང་བ་སྟེ་བདག་གིར་བཟུང་བ་ཐམས་ཅད་གཞན་ལ་གཏོང་ཚུལ་ལོ། །ལུས་ལོངས་སྤྱོད་ནི་འདས་པ་རྣམས་ཞིག་ཟིན་པས་མེད་ལ་མ་འོངས་པའང་ད་ལྟ་མེད་པས་མ་སྨོས་ལ་དགེ་བ་འདས་ཟིན་པ་ལའང་འབྲས་བུ་རྣམ་སྨིན་ད་དུང་མ་ ཕྱུངས་པ་ཡོད་པས་དེ་ཉིད་གཏོང་བའི་སེམས་བསྐྱེད་པ་ཡིན་ལ། མ་འོངས་པའི་དགེ་རྩ་ད་ལྟ་མེད་ཀྱང་། ཕྱི་ནས་དགེ་རྩ་རྒྱ་ཆེན་པོ་ཅི་ནུས་སུ་བསྒྲུབ་པར་བྱ་ཞིང་དེ་ཡང་ཞེན་པ་བཅད་ནས་སེམས་ཅན་ལ་གཏོང་སྙམ་པའི་བསམ་པ་ད་ལྟ་ནས་སྦྱོང་བ་ཡིན་ཏེ། བློ་ གྲོས་མི་ཟད་པའི་མདོ་ལས། དགེ་བའི་རྩ་བ་སེམས་དང་སེམས་ལས་བྱུང་བ་རྣམས་རྗེས་སུ་དྲན་ལ་རྗེས་སུ་དྲན་ནས་ཀྱང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་འདས་པ་ལ་མཁས་པའོ། །གང་མ་འོངས་པའི་དགེ་བའི་རྩ་བ་ངེས་པར་སེམས་ཤིང་བྱང་ཆུབ་ལ་མངོན་ དུ་ཕྱོགས་པའི་ལས་སེམས་པ་སྟེ། །བདག་ལ་དགེ་བའི་སེམས་བསྐྱེད་པ་འབྱུང་བ་གང་ཡིན་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་མ་འོངས་པ་ལ་མཁས་པའོ། །ཞེས་སོགས་གསུངས་སོ། །དེ་ཡང་སེར་སྣ་ནི་
Page: 159 ༄༅། །འདོད་ཆགས་ཀྱི་ཆར་གཏོགས་ཡིན་ལ་དེའི་ས་བོན་དང་བཅས་པ་མ་ལུས་པར་སྤངས་པ་ནི་ཉན་རང་དགྲ་བཅོམ་གཉིས་ལའང་ཡོད་དོ། །དེས་ན་ལུས་ལོངས་ཙྩོད་སོགས་ལ་སེར་སྣ་མ་ལུས་པ་བཅོམ་པ་ཙམ་གྱིས་སྦྱིན་པའི་ཕར་ཕྱིན་དུ་མི་འགྱུར་ ལ། དེར་འགྱུར་བ་ལ་སྦྱིན་པའི་གེགས་སེར་སྣའི་ཀུན་འཛིན་བསལ་བ་ཙམ་དུ་མ་ཟད་ལུས་ལོངས་སྤྱོད་སོགས་བདོག་པ་ཐམས་ཅད་གཞན་ལ་གཏོང་བའི་བསམ་པ་སྙིང་ཐག་པ་ནས་བསྐྱེད་དེ་ཡང་ཡང་བློ་སྦྱོང་དགོས་སོ། །གཞན་ཡང་བསམ་པ་ཐག་པ་ནས་དང་བའི་ སྒོ་ནས་སྦྱིན་བྱའི་ཡོ་བྱད་དཔག་མེད་བློས་སྤྲུལ་ནས་སེམས་ཅན་ལ་གཏོང་བར་མོས་པའི་བསམ་པ་སྦྱོང་བ་ནི་ཚོགས་ཆུང་ངུས་བསོད་ནམས་དཔག་མེད་འཕེལ་པའི་ཐབས་དང་བྱང་སེམས་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་བྱང་ས་ལས་གསུངས་པར་བཤད་དོ། ། གཉིས་པ་དེའི་འཐད་པ་དགོད་པ་ནི། ཐམས་ཅད་བཏང་བས་སོགས་ཏེ། བདག་གི་དོན་དུའང་ལུས་སོགས་ཅུང་ཟད་སྲུང་བར་རིགས་སོ་སྙམ་ན་མི་རིགས་ཏེ། ལུས་ལོངས་སྤྱོད་དགེ་རྩ་ཐམས་ཅད་ལ་ཆགས་ཞེན་གྱི་འཁྲི་བ་བཅད་ནས་སེམས་ཅན་སྤྱི་དོན་དུ་བཏང་བས་མྱ་ངན་ལས་ འདའ་བ་འཐོབ་ནུས་ལ་བདག་གི་བློ་ཡང་མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་དེ་དོན་དུ་གཉེར་ནས་བསྒྲུབ་པར་འདོ་པའི་ཕྱིར། དེ་ལྟར་འགྲེལ་ཆེན་དུ་ཟག་བཅས་ཀྱི་ས་ལུས་སོགས་ཐམས་ཅད་ཀྱི་མྱ་ངན་ལས་འདས་པ་ནི་ཐར་པ་ཡིན་ལ་བདག་གི་སེམས་པ་ནི་དེ་དོན་དུ་ གཉེར་པ་ཡིན་ཏེ་ཞེས་སོ། །དེར་མ་ཟད་མཐར་འཆི་བའི་ཚེ་ནི་གཏོང་བར་མི་འདོད་ཀྱང་རང་དབང་མེད་པར་ལུས་ལོངས་སྤྱོད་ཐམས་ཅད་ཅམ་གྱིས་བཞང་ནས་གཏོང་བར་ཆབས་གཅིག་པ་སྟེ་མཉམ་དུ་གཏོང་བར་འདྲ་ལ། གཞན་དོན་དུ་མ་བསྔོས་པའི་དགེ་བའང་འབྲས་བུ་ལན་ཅིག་
Page: 160 སྨིན་ནས་ཟད་པར་འགྱུར་བ་ཆུ་ཤིང་དང་འདྲ་བས་ན་དེ་ཐམས་ཅད་དོན་མེད་དུ་བཏང་ན་ས་ཟད་པར་འགྱུར་ལ། ད་ལྟ་ནས་ཕངས་སེམས་བཅད་ནས་སྦྱིན་པའི་ཞིང་མཆོག་ཏུ་གྱུར་པའི་སེམས་ཅན་རྣམས་ལ་ཕན་པའི་དོན་དུ་ཅི་དགར་བཏང་བ་ནི་རང་གཞན་གྱི་དོན་ཆེན་པོ་སྒྲུབ་པའི་ ཐབས་ཀྱི་མཆོག་ཡིན་པས་ན་སེར་སྣའི་རྒྱུས་འདི་དག་བཟུང་བས་ཅི་ཞིག་བྱ་སྟེ། ཐམས་ཅ་བཏང་བ་ལས་སངས་རྒྱས་འཐོབ་པར་འགྱུར་པའི་ང་སོད་ནམས་འབྱུང་གི་མ་བཏང་བར་ཡོངས་སུ་བཟུང་བས་མྱ་ངན་ལས་འདས་པ་འཐོབ་པར་མི་ནུས་པས་སོ། །དེས་ན་སྲིད་པའི་ སྡུག་བསྔལ་གྱི་རྒྱུ་ཡོངས་སུ་འཛིན་པ་དང་འབྲས་བུ་སྡུག་བསྔལ་གསུམ་གྱི་འཆིང་བ་ལས་གྲོལ་བ་ལ་ཐར་བའམ་མྱང་འདས་ཞེས་བརྗོད་པ་ཡིན་ལ་དེའི་ཕྱིར་སྲིད་པར་འཆིང་བྱེད་དེ་དག་ཅི་ནས་ཀྱང་གཏོང་རིགས་ཏེ། འཇམ་དཔལ་ཞིང་བཀོད་ལས། ཤ་རིའི་བུ་འདི་ལ་བྱང་ ཆུབ་སེམས་དཔའ་ནི་སྦྱིན་པ་པོ་སྦྱིན་བདག་ཏུ་འགྱུར་བ་སྟེ། དེ་དངོས་པོ་གང་ཕངས་པ་ཡིད་དུ་འོང་བ་མངོན་པར་འདོད་པར་འགྱུར་བ་དེ་དག་ཡོངས་སུ་གཏོང་ཡང་ཞུམ་པར་མི་འགྱུར་ཞིང་ཡིད་དགའ་བ་དང་མགུ་བ་དང་ཞེས་སོགས་དང༌། ཀུན་ཏུ་འཛིན་པའི་སེམས་ཀྱིས་ནི་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པར་མི་ནུས་སོ་སྙམ་དུ་རྟོག་གོ། དེས་དེ་ལྟར་བརྟགས་ནས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་འགྱུར་ཏེ་དེས་ལུས་དང་སྲོག་ཡོངས་སུ་བཏང་ཡང་ཡིད་མི་བདེ་བར་མི་འགྱུར་ན་གཞན་ནོར་གྱི་རྣམ་པ་དང་ཆུང་མ་དང་བུ་ཕོ་དང་ བུ་མོ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་ལ། སྐྱེས་རབས་ལས་ཀྱང་། སྦྲུལ་ནག་ཁྲོས་པའི་གདེངས་ཀ་བཏེགས་འདྲ་བ། །ཡོངས་སུ་བཟུང་བ་རྩོད་པའི་རྒྱུར་གྱུར་པ། །སྤང་འོས་དེ་འདྲ་སྤང་བར་བགྱིད་པ་ལགས། །ལྷན་ཅིག་བདག་ནི་བཟློག་པར་མི་རིགས་སོ། །ཞེས་
Page: 161 ༄༅། །གསུངས། བཏང་བའི་ཕན་ཡོན་སོགས་ནི། ཀླུ་སྒྲུབ་ཀྱིས། བདོག་ཀུན་གཏོང་སེམས་འཆང་བ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །བསོད་ནམས་མཁའ་འདྲ་དཔག་མེད་སྐྱེ། །ཞེས་དང་། ཕར་བསྡུས་ལས་ཀྱང་། བདག་མེད་ འཇིག་ལ་སྙིང་པོ་མེད་པའི་ལུས། །སྡུག་བསྔལ་དྲིན་མེད་རྟག་ཏུ་མི་གཙང་བའི། །ལུས་ཀྱི་གཞན་ལ་ཕན་ཐོགས་འགྱུར་བ་ལ། །དགའ་བར་མི་འགྱུར་དེ་ནི་མཁས་མ་ཡིན། །ཞེས་དང་། གང་བྱིན་དེ་ལ་འཇིགས་པ་སྐྱེ་མི་འགྱུར། །ཁྱིམ་ན་གང་བཞག་དེ་ལས་འཇིགས་པ་ འབྱུང་། མི་ཆོག་ཐུན་མོང་རྟག་ཏུ་བསྲུང་དགོས་ཏེ། །བྱིན་ན་ཉེས་པ་དེ་དག་གནོད་མི་འགྱུར། །བྱིན་པས་འཇིག་རྟེན་ཕ་རོལ་བདེ་བ་འགྲུབ། །མ་བྱིན་ཚེ་འདི་ཉིད་ལའང་སྡུག་བསྔལ་སྐྱེད། །ཅེས་སོགས་གསུངས་ལ་བསླབ་བཏུས་ལས་གསུངས་པ་ཅུང་ཟད་འོག་ཏུ་འཆད་ དོ། །གསུམ་པ་ལུས་བྱེ་བྲག་ཏུ་གཏོང་བ་ནི། བདག་གིས་སོགས་ཏེ། བདག་གིས་ལུས་ཅན་སེམས་ཅན་ཐམས་ཅད་ལ་རང་རང་གི་ཅི་དང་ཅི་དགོས་པའི་ཆ་རྐྱེན་དུ་རང་གི་ལུས་འདི་ཅི་བདེར་ལྟོས་མེད་དུ་བྱིན་ཟིན་གྱིས་ ད་ནི་ལུས་འདི་ལ་སེམས་ཅན་དེ་དག་གིས་རྟག་ཏུ་མཚོན་ སོགས་ཀྱིས་གསོད་པ་དང་མི་བསྔགས་པ་བརྗོད་པས་སྨོད་པའམ་རྡོ་དབྱུག་སོགས་ཀྱིས་བརྡེག་པ་དང་བཤགས་མ་དང་ལྷུག་མ་སོགས་ཀྱིས་བྲབ་པ་དང༌། མི་གཙང་བ་ས་ལུད་དང་བཤང་གཅི་འཐོར་བ་སོགས་རང་རང་གིས་ཅི་དགར་བྱེད་ལ་རག་ཞེས་ཏེ་ཅི་དགའ་བ་ཅི་འདོད་པ་ དེ་ལྟར་བྱེད་དུ་ཆུག་ཅིག་དང་ལུས་ལ་ཆགས་པས་གཞན་ལ་ཁྲོ་བ་སོགས་ཀྱི་རྣམ་འགྱུར་ཙམ་ཡང་རྣམ་པ་ཀུན་ཏུ་མི་བྱ་ལ། ་དེང་ཕྱིན་ཆད་ནས་བདག་གི་ལུས་འདི་ལ་གཞན་གང་དག་གིས་ལུས་ཀྱིས་རྩེད་མོས་རྩེ་བར་བྱེད་དམ་ངག་གིས་མཐོ་འཚམས་པའི་ཅོ་འདྲི་བ་དང་
Page: 162 བཞད་གད་དམ་ག་ཞའི་རྒྱུ་བྱེད་ཀྱང་རུང་སྟེ་བདག་གི་ལུས་འདི་ཞེས་སམ་བདག་གིས་ནི་ལུས་འདི་སེམས་ཅན་རྣམས་ལ་ཞེ་ཐག་པ་ནས་བསྔོས་ཤིང་བྱིན་ནས་རྣམ་པ་ཐམས་ཅད་དུ་བཏང་ཟིན་པ་ཡིན་གྱིས་ང་ནི་ལུས་འདི་ཡི་ཁ་ཏས་ཏེ་འདི་ལ་གནོད་པ་དང་སྡུག་བསྔལ་སྲུང་བ་དང་ ཕན་པ་དང་བདེ་བ་སྒྲུབ་པ་སོགས་ཀྱི་གཉེར་ཁའམ་བདག་གཉེར་བྱས་པས་ཅི་ཞིག་བྱ་སྟེ་ལྟོས་མེད་དུ་བཏང་ནས་གཞན་གྱི་ཡོ་བྱད་ལྟར་བདག་གི་བར་བཟུང་བ་མེད་པས་སོ། །འོ་ན་བསླབ་བཏུས་སུ་ལུས་བཏང་ནས་སྲུང་དགོས་པར་བཤད་པ་དང་འགལ་ཞེ་ན་མི་འགལ་ཏེ། དེ་ནི་དོན་མེད་པའི་གནོད་པ་ལས་སྲུང་བའི་དོན་ཡིན་ལ་འདི་ནི་དེ་ལས་བཟློག་པ་ཡིན་པས་སོ། །འོན་ཀྱང་བྱིན་ཟིན་པའི་བདག་གི་ལུས་དེ་ལ་རང་གཞོན་ལ་འཕྲལ་དང་ཡུན་དུ་གནོད་པའི་རྒྱུར་མི་འགྱུར་ཞིང་འདི་ཕྱི་ཀུན་ཏུ་ཕན་བདེའི་རྒྱུར་འགྱུར་བའི་དགེ་བའི་ལས་གང་ཡིན་པ་ དེའང་བྱེད་དུ་ཆུག་ཅིག་ཅེས་པའོ། །བསླབ་བཏུས་ལས། ལུས་ལོངས་སྤྱོད་སོགས་བདག་གིར་བཟུང་བའི་ཉེས་པ་དང་བཏང་བའི་ཕན་ཡོན་བསམ་པའི་སྒོ་ནས་གཏོང་བ་ལ་སྤྲོ་བ་སྐྱེད་ཚུལ་བསྟན་པའི་སྐབས། །ལུས་སྲོག་སོགས་ཡོངས་སུ་བཟུང་བའི་ཉེས་དམིགས་ནི། ཏིང་ རྒྱལ་ལས། རུལ་བར་གྱུར་པའི་ལུས་འདི་དང༌། །སྲོག་ཀྱང་གཡོ་བ་དབང་མེད་ཅིང་། །རྨི་ལམ་སྒྱུ་མ་འདྲ་བ་ལ། །བྱིས་པ་འདི་དག་ཆགས་པས་ན། །ཤིན་ཏུ་མ་རུངས་ལས་བྱས་ཏེ། །སྡིག་པའི་དབང་དུ་སོང་བ་དང༌། །མི་མཁས་འཆི་བདག་བཞོན་པས་སོང་། །དེ་ དག་མི་བཟད་སེམས་དམྱལ་འགྲོ། །ཞེས་དང༌། །སྒོ་མཐའ་ཡས་པའི་གཟུངས་ལས་ཀྱང༌། སེམས་ཅན་གང་དག་ཁ་ཅིག་རྩོད་འགྱུར་བ། དེ་ཡི་གཞི་རྩ་ཡོངས་སུ་འཛིན་པ་སྟེ། །དེ་ལྟས་གང་ལ་སྲེད་པར་འགྱུར་བ་སྤོངས། །སྲེད་པ་སྤང་བར་བྱས་ནས་གཟུངས་སུ་འགྱུར། །
Page: 163 ༄༅། །ཞེས་སོ། །དྲག་ཤུལ་ཅན་གྱིས་ཞུས་པར། གང་བྱིན་པ་དེ་ནི་བསྲུང་བར་བྱ་བ་མ་ཡིན་པའོ། །གང་ཁྱིམ་དུ་བཞག་པ་དེ་ནི་བསྲུང་བར་བྱ་བའོ། །གང་བྱིན་པ་དེ་ནི་སྲིད་པ་ཟད་པར་འགྱུར་བའོ། །གང་ཁྱིམ་ན་བཞག་པ་དེ་ནི་སྲིད་པ་རྣམ་པར་འཕེལ་བའོ། ། ཞེས་སོགས་བཏང་བའི་ཕན་ཡོན་དང་བཟུང་བའི་ཉེས་དམིགས་མ་དུ་གསུངས་ལ། ཡང་བུ་སྡུག་པ་ལྟ་བུ་གཏོང་མ་ནུས་ན་རང་གི་སེམས་ལ་སྤྲོ་བ་གསུམ་བྱ་ཞིང་དེ་མི་སྡུག་པར་བལྟ་བ་དང༌། བུ་ལས་གཞན་པའི་དངོས་པོ་གཏོང་མ་ནུས་ན་འཆི་ཚེ་མི་འདོད་བཞིན་དུ་ངེས་པར་དངོས་པོ་ འདིས་བདག་འདོར་བདག་གིས་ཀྱང་དངོས་པོ་འདི་འདོར་དགོས་ཚུལ་བསམ་ནས་རང་དབང་ཡོད་དུས་བཏང་ནས་སྙིང་པོ་བླང་བར་བྱ་སྙམ་པའི་བསམ་པ་སྐྱེད་དགོས་པ་དང་། དེ་ལྟར་བསམས་ཀྱང་གལ་ཏེ་དངོས་པོ་དེ་གཏོང་མ་ནུས་ན་སློང་མོ་བ་ལ་གོ་བར་བྱ་བ་གསུམ་གྱིས་བརྡའ་སྤྲོད་དགོས་ པར་དེ་ཉིད་ལས་གསུངས་ལ། དེ་ལྟར་བྱས་ན་སེར་སྣས་ཆོས་ནོར་མི་སྟེར་བའི་རྩ་ལྟུང་ཁེགས་པར་གསུངས་སོ། །གཞན་ཡང་ལུས་སྲོག་སོགས་བཏང་བའི་ཕན་ཡོན་བསམ་ཚུལ་བསླབ་བཏུས་ཉིད་ལས། ་འདི་ལྟར་བདག་གི་ལུས་དང་སེམས། །སྐད་ཅིག་རེ་རེས་འགྲོ་བ་ཉིད། ། གལ་ཏེ་མི་རྟག་དྲི་༢བབ་པའི། །ལུས་ཀྱིས་རྟག་ཅིང་དྲི་མེད་པའི། །བྱང་ཆུབ་ཐོབ་པར་འགྱུར་ན་ནི། །དེ་ནི་རིན་མེད་རྙེད་མིན་ནམ། །ཞེས་པ་ལྟར་བསམ་དགོས་པར་གསུངས་ལ། ད་ལྟ་ནས་བསམ་པའི་སྒོ་ནས་ལུས་སྲོག་གཞན་ལ་བཏང་ཡང་མོས་པ་མ་སྨིན་ཞིང་སྟོབས་ཆུང་ བའི་ཕྱིར་ལུས་ཀྱི་ཡན་ལག་སོགས་དངོས་སུ་སྟེར་མི་རུང་མོད། འོན་ཀྱང་ད་ལྟ་ནས་ལུས་སྲོག་གཏོང་བའི་བསམ་པ་ཡང་ཡང་མ་སྦྱངས་ན་གཏོང་སེམས་ལ་གོམས་པ་མི་འབྱུང་ལ། དེའི་ཕྱིར་ཕྱི་ནས་ཀྱང་གཏོང་མི་ནུས་པར་བསླབ་བཏུས་ཉིད་དུ་གསུངས་པས་ད་ལྟ་ནས་ལུས་སོགས་
Page: 164 གཏོང་བའི་བསམ་པ་སྦྱོང་བ་ཤིན་ཏུ་གལ་ཆེའོ། །དེ་ནས་གཏོང་བ་དངོས་ཀྱི་སྐབས་སུ། བཏང་དཀའ་བ་ལུས་ཀྱང་བཏང་དགོས་ན་དངོས་པོ་ལྟ་ཅི་སྙམ་དུ་བསམ་ཚུལ་དང་། རྣམ་སྨིན་སོགས་ལ་རེ་བ་མེད་པའི་སྒོ་ནས་གཏོང་བ་དང༌། ས་སོགས་འབྱུང་བ་རྣམས་དང་འདྲ་བར་སྒོ་ དུ་མ་ནས་རྣམ་པ་སྣ་ཚོགས་པའི་ལོངས་སྤྱོད་དུ་གཏོང་ཚུལ་དང་། བདག་ཉིད་སེམས་ཅན་གྱི་མགོན་དང་དཔུང་གཉེན་སོགས་སུ་གཏོང་བ་དང༌། ལུས་ཀྱི་ཡན་ལག་སོགས་གཏོང་བ་དང་དགེ་རྩ་གཏོང་ཚུལ་སོགས་མདོ་དུ་མའི་ལུང་གིས་བསྒྲུབས་ནས་བསྟན་ཏེ་རྒྱས་པར་དེ་ཉིད་ལས་ ཤེས་པར་བྱའོ། །དེ་ལྟར་སྦྱིན་པ་ལ་སློབ་ཚུལ་འདིར་ཕྱོགས་ཙམ་སྨོས་པ་ཡིན་ལ། འོག་ཏུ་ཟང་ཟིང་དང་ཆོས་ཀྱིས་བསྡུ་ཚུལ་འཆད་པ་དང་། སྙིང་རྗེའི་བསམ་པ་མ་དག་པར། ལུས་སྦྱིན་པར་མི་བྱ་སྟེ། ཞེས་དང༌། ཆོས་གོས་གསུམ་མ་གཏོགས་པ་སྦྱིན། ཞེས་སོགས་ དམིགས་བསལ་གསུངས་པ་རྣམས་ཀྱང་སྦྱིན་པ་ལ་སློབ་ཚུལ་ཡིན་ལ་དེ་དག་ཀྱང་རྒྱས་པར་བསླབ་བཏུས་ལས་ཤེས་པར་བྱའོ། །བཞི་པ་བློ་སྦྱོང་གི་འབྲས་བུ་གཞན་དོན་དུ་སྨོན་ལམ་གདབ་པ་ནི། བདག་ལ་དམིགས་ནས་ཞེས་སོགས་ཏེ། དེ་ལ། བདག་ལ་དམིགས་པའི་ བསམ་སྦྱོར་ཐམས་ཅད་དོན་ཡོད་པའི་རྒྱུར་སྨོན་པ་ནི། སེམས་ཅན་གང་དག་བདག་ལ་དམིགས་ནས་ཅི་ཞིག་དོན་དུ་གཉེར་བ་ཡིན་ཀྱང་འདི་ཕྱིའི་དུས་ནམ་ཡང་སེམས་ཅན་འགའ་སུ་ལ་ཡང་རང་གི་འདོད་པའི་དོན་དེ་མི་འབྱུང་བའི་དོན་མེད་པ་ཉིད་དུ་མ་གྱུར་ཅིག་ཅི་འདོད་པའི་ དོན་དེ་ཡིད་བཞིན་དུ་འབྱུང་བར་གྱུར་ཅིག་ཅེས་སྤྱིར་སྨོན་པ་ཡིན་ལ། བྱེ་བྲག་ཏུ་སྨོན་པ་ལ་བསམ་པའི་སྒོ་ནས་བདག་ལ་དམིགས་ནས་སེམས་ཅན་གང་དག་གིས་རང་རྒྱུད་ལ་ཀུན་ནས་མནར་སེམས་པའི་ཁོང་ཁྲོ་སྐྱེད་པའམ་རབ་ཏུ་དང་བའི་དད་པའི་སེམས་བྱུང་ན་ཞེས་སམ་
Page: 165 ༄༅། །འགྲེལ་ཆེན་ལྟར་ན་མ་དད་པའི་སེམས་བྱུང་ན་ཞེས་བཤད་ལ། གང་ལྟར་ཡང་ཁོང་ཁྲོའམ་དད་པའམ་མ་དད་པ་ལྟ་བུའི་བསམ་པ་གང་དང་གང་སྐྱེས་པ་དེ་ཉིད་རྟག་ཏུ་སེམས་ཅན་དེ་དག་གི་མཐོ་རིས་དང་ཐར་བ་སོགས་འཕྲལ་དང་ཡུན་གྱི་དོན་གང་ འདོད་ཀུན་བདེ་བླག་ཏུ་འགྲུབ་པའི་རྒྱུར་གྱུར་ཅིག་སྙམ་དུ་བློ་སྦྱོང་བ་ནི་བསམ་པ་དོན་ཡོད་པར་སྨོན་པ་དང་། སྦྱོར་བའི་སྒོ་ནས་སེམས་ཅན་གང་དག་གིས་བདག་ལ་ངག་གིས་དངོས་སུ་སྨོད་ཅིང་སྐུར་པ་འདེབས་པའི་ཁ་ངན་དུ་ཟེར་རམ་གཞན་གང་དག་གིས་ལུས་ཀྱིས་བདག་ལ་ བརྡུང་བརྡེཀ་སོགས་ཀྱིས་གནོད་པ་བྱེད་པའམ། དེ་བཞིན་དུ་གཞན་གྱི་དྲུང་དུ་ལྐོག་ཏུ་སྐྱོན་བརྗོད་ནས་འཕྱུར་ཀ་སྣ་ཚོགས་གཏོང་ཡང་རུང་སྟེ་དེ་ལྟར་བྱེད་པའི་སྐྱེ་བོ་དེ་དག་གིས་སྨོད་པ་སོགས་ཀྱི་སྦྱོར་བ་གང་བྱས་དེ་ཐམས་ཅད་མཐར་ཐུག་བྱང་ཆུབ་ཆེན་པོ་འཐོབ་པའི་སྐལ་བ་དང་ལྡན་ པའི་རྒྱུར་གྱུར་ཅིག་སྙམ་དུ་བློ་སྤྱོང་བ་ནི་སྦྱོར་བ་དོན་ཡོད་པར་སྨོན་པའོ། །བདག་ཕན་བདེ་ཐམས་ཅད་ཀྱི་རྒྱུར་སྨོན་པ་ནི། བདག་ནི་སྐྱེ་བོ་མགོན་མེད་པ་རྣམས་ཀྱི་མགོན་སྐྱབས་དམ་པ་དང་འགྲོན་པོ་ལམ་དུ་ཞུགས་པ་རྣམས་ཀྱི་དོན་བྱེད་པའི་གཙོ་བོ་དེད་དཔོན་དང༌། ཆུ་བོ་ ལས་བརྒལ་ནས་ཕ་རོལ་གྱི་འགྲམ་དུ་འགྲོ་བར་འདོད་པ་རྣམས་ཀྱི་དོན་དུ་ཆུ་ཀླུང་ཆེན་པོ་ལས་སྒྲོལ་བའི་གྲུ་དངནི་རྒྱ་མཚོ་ལས་སྒྲོལ་བའི་གཟིངས་ཆེན་པོ་དང་ཆུ་ཕྲན་ལས་སྒྲོལ་བའི་ཟམ་པ་ལྟ་བུ་གང་དངགང་དགོས་པ་དེ་དང་དེ་དག་ཉིད་དུ་གྱུར་ཅིག །ཆུ་མཚོ་ཆེན་པོའི་ བར་གྱི་སྐམ་སའི་གླིང་དོན་དུ་གཉེར་བ་རྣམས་ལ་གླིང་དང་ནི་མུན་པར་ཞུགས་པ་མར་མེ་འདོད་པ་རྣམས་ལ་མར་མེའམ་སྒྲོན་མེ་དང༌། གནས་ཁང་དང་མལ་སྟན་འདོད་པ་ལ་གནས་མལ་ཕུན་སུམ་ཚོགས་པ་དང་བདག་ནི་ལུས་ཅན་བྲན་གཡོག་འདོད་པ་ཀུན་གྱི་ཅི་བསྒོ་
Page: 166 བའི་ལས་བྱེད་པའི་བྲན་སོགས་དེ་དང་དེ་དག་ཉིད་དུ་ཡང་འགྱུར་བར་ཤོག་ཅིག་སྙམ་དུ་བློ་སྦྱོང་ངོ༌། །གླིང་དོན་གཉེར་ལ་ཞེས་པ་རྒྱ་དཔེ་དང་འགྲེལ་པར་མེད་ལ། མར་མེའི་སྐད་དོད་དཱི་བ་ཞེས་པ་གླིངགི་སྐད་དོད་དྷཱི་པ་ཞེས་པར་བཀླག་ནས་འགའ་ཞིག་གིས་བཅུག་པའང་སྲིད་ ཅེས་ས་བཟང་པ་གསུང་ལ། ཡང་མར་མེ་འདོད་པ་ཞེས་པ་ད་པེ་ཁ་ཅིག་ལ་མེད་པར་ཡང་གསུངས་པས་སྐད་དོད་ཀྱི་དབང་ལས་དེ་གཉིས་གང་རུང་གཅིག་ལས་མེད་པར་ངེས་ཏེ་ཚིག་རྐང་གི་གྲངས་ཀྱིས་ཀྱང་ཤེས་པས་སོ། རྐུད་པ་ཐམས་ཅད་སེལ་ཞིང་ཅི་འདོད་འབྱུང་བའི་ ཡིད་བཞིན་གྱི་ནོར་བུ་དང་གང་འདོད་དེ་ཉིད་ལེན་པའི་བསམ་པས་ནང་དུ་ལག་པ་བཅུག་སྟེ་བླངས་པ་ན་ཅི་འདོད་པ་ཐམས་ཅད་ཕུན་སུམ་ཚོགས་པ་འབྱུང་བའི་བུམ་པ་བཟངཔོ་དང་། ཞིབ་དང་རྒྱས་པ་ལ་སོགས་པའི་དངོས་གྲུབ་ཅི་འདོད་ཐམས་ཅད་ལ་རིག་སྔགས་བཀླག་ པ་ཙམ་གྱིས་འགྲུབ་པའི་རིག་སྔགས་གྲུབ་པ་དང་ནད་ཀྱི་ཟུག་རྔུ་དང་གནོད་པ་ཐམས་ཅད་ཞི་བར་བྱེད་པའི་སྨན་ཆེན་པོ་བཅུད་ཀྱི་ལེན་དང༌། ཟས་གོས་སོགས་བློས་དཔག་ཅིང་བསམ་པའི་དགོས་འདོད་ཐམས་ཅད་རང་གི་ཡིད་བཞིན་དུ་འབྱུང་བའི་དཔག་བསམ་གྱི་ནི་ ཤིང་དག་དང༌། ལུས་ཅན་རྣམས་ཀྱིས་གང་འདོད་ཐམས་ཅད་བཞོས་པ་ལས་འབྱུང་བའི་འདོད་འཇོའི་བར་ཡང་གྱུར་ཅིག་སྙམ་དུ་ཡང་ཡང་སྨོན་པའི་སྒོ་ནས་བློ་སྦྱོང་བར་བྱའོ། །འགྱུར་བར་ཤོག་དང་གྱུར་ཅིག་ཅེས་པ་དག་གོང་མ་ཐམས་ཅད་ཀྱི་མཐར་རེ་རེ་ནས་སྦྱར་ དགོས་པར་གསུངས་ལ། ལུས་ཅན་ཞེས་པའང་སྦྱར་ཞེས་ཁ་ཅིག་བཤད་དོ། །དེ་དག་ནི་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས། དེ་ལྟར་བྱང་ཆུབ་སེམས་དཔའ་བདག་ཉིད་སེམས་ཅན་ཐམས་ཅད་ལ་གཏོང་བ་ནི། དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཕན་འདོགས་པས་སེམས་ཅན་
Page: 167 ༄༅། །ཐམས་ཅད་ལ་དགེ་བའི་རྩ་བ་དག་གིས་སེམས་པར་བྱེད་པ་དང༌། བདག་ཉིད་མར་མེ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་ཉེ་བར་བཞག་པ་དང༌། བདག་ཉིད་བདེ་བ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབས་པ་དང༌། བདག་ ཉིད་ཆོས་ཀྱི་གནས་དང་འདྲ་བར་འགྲོ་བ་ཐམས་ཅད་ཡང་དག་པར་འཛིན་པ་དང། བདག་ཉིད་སྣང་བ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང༌། ཞེས་སོགས་དང༌། ཡབ་སྲས་མཇལ་བ་ལས། དེ་དག་ནི་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཇི་ལྟར་ན་བདག་ ལྷ་དང་བཅས་པའི་འཇིག་རྟེན་གྱི་མིག་དང་སྒྲོན་མ་དང་མར་མེ་དང་སྣང་བ་དང་གྲུ་དངངོགས་དང་འབབ་སྟེགས་དང་འདྲེན་པ་དང་ཡོངས་སུ་འདྲེན་པ་དང་སྟོན་པ་དང་དེད་དཔོན་དང་སྔོན་དུ་འགྲོ་བར་འགྱུར་སྙམ་པ་དང་ཞེས་སོགས་གསུངས་ཏེ་རང་གིས་བདག་མེད་ཀྱི་དོན་ཁོང་དུ་ ཆུད་པ་ན་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེའི་དབང་གིས་དེ་ལྟར་སྨོན་པའིམ་དེ་མིན་ཀྱང་སྤྱིར་སྙིང་རྗེའི་ཤུགས་ཀྱིས་དེ་ལྟར་སྨོན་ནས་ཡིད་ལ་འཇོག་དགོས་པར་གསུངས་པ་ལྟར་རོ། །བྱེད་ལས་རྒྱ་ཆེ་ཞིང་དུས་རིང་བའི་སྒོ་ནས་རང་ སེམས་ཅན་ལ་ཕན་བདེའི་རྒྱུར་སྨོན་པ་ནི། གཞན་ཡང་ས་སོགས་འབྱུང་བ་ཆེན་པོ་བཞི་ལས་ས་ཆེན་པོ་འདིས་སེམས་ཅན་དང་སེམས་ཅན་གྱི་ལོངས་སྤྱོད་ལོ་ཏོག་དང་སྨན་དང་མེ་ཏོག་དང་རྩྭ་དང་ཤིང་ལ་སོགས་པ་རྣམས་ཀྱི་རྟེན་བྱེད་ཅིང་ཆུས་སྡུད་པ་དང་མེས་སྨིན་པ་དང་ རླུང་གིས་མི་འདྲུལ་བར་བྱེད་པ་སོགས་ཀྱི་སྒོ་ནས་དེ་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱས་ཏེ་སེམས་ཅན་རྣམས་ཀྱི་ཉེར་འཚོ་བྱེད་པ་དང༌། ནམ་མཁའ་ཡིས་ཀྱང་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་བྱ་བ་ཅི་བྱེད་ཐམས་ཅད་ཀྱི་གོ་སྐབས་འབྱེད་པའི་སྒོ་ནས་སེམས་ཅན་གྱི་ཉེར་
Page: 168 འཚོའི་རྐྱེན་བྱེད་པ་དེ་བཞིན་དུ་བདག་ཉིད་ཀྱང་དུས་རྟག་པར་ཡང་ སེམས་ཅན་དཔག་ཏུ་མེད་ཅིང་མཐའ་ཡས་པ་ཡི་རྟེན་བྱེད་ས་ལ་སོགས་པ་བྱེད་ལས་ཀྱི་རྣམ་པ་མང་པོའི་སྒོ་ནས་ཉེ་བར་འཚོ་བའི་ཆ་རྐྱེན་ཐམས་ཅད་ཀྱི་གཞིའམ་རྒྱུར་འགྱུར་བར་ཡང་ཤོག་ཅིག་ཅེས་པའོ། །ཡུལ་དུས་ ཆད་པ་མེད་པའི་སྒོ་ནས་སེམས་ཅན་ལ་ཕན་འདོགས་པར་སྨོན་པ་ནི། སྔ་མ་དེ་བཞིན་དུ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་ཁྱབ་པའི་སེམས་ཅན་གྱི་ཁམས་རྒྱ་ཆེ་ཞིང་རྒྱུན་རིང་རྣམས་ལ་རྣམ་ཀུན་ཏུ་སྟེ་སྒོ་མཐའ་ཡས་པ་ནས་སེམས་ཅན་ཐམས་ཅད་འཁོར་བའི་ སྡུག་བསྔལ་ལས་གྲོལ་ནས་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་ཀྱི་བར་རམ་མ་ཐོབ་ཀྱི་བར་དུ་བདག་ནི་སེམས་ཅན་དེ་དག་གང་ལ་ཅི་དགོས་པའི་ཉེར་འཚོའི་ལོངས་སྤྱོད་ཟད་མི་ཤེས་པའི་གཞིའམ་རྒྱུར་ཡང་ཤོག་ཅིག་སྙམ་དུ་ཡང་ཡང་བསམ་ནས་བློ་སྦྱོང་ བར་བྱའོ། །སྔ་ཕྱིའི་དོན་དེདག་ཀྱང་བསླབ་བཏུས་སུ་བློ་གྲོས་མི་ཟད་པའི་མདོ་དྲངས་པ་ལས། ལུས་འདི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་དེངས་པར་བྱ་སྟེ། དཔེར་ན་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་དང་ འབྱུང་བ་ཆེན་པོ་བཞི་པོ་འདི་དག་སྒོ་སྣ་ཚོགས་པ་དང་རྣམ་གྲངས་སྣ་ཚོགས་དང་དམིགས་པ་སྣ་ཚོགས་དང་ཡོ་བྱད་སྣ་ཚོགས་དང་སྤྱོད་པ་སྣ་ཚོགས་ཀྱིས་ཉེ་བར་ལོངས་སྤྱོད་པ་དང་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དེ་བཞིན་དུ་བདག་གིས་ཀྱང་འབྱུང་བ་ཆེན་པོ་བཞི་འདུས་པའི་ ལུས་འདི་སྒོ་སྣ་ཚོགས་དང་རྣམ་གྲུངས་སྣ་ཚོགས་དང་དམིགས་པ་སྣ་ཚོགས་དང་ཡོ་བྱད་སྣ་ཚོགས་དང་ལོངས་སྤྱོད་སྣ་ཚོགས་ཀྱིས་༌རྒྱ་ཆེར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་སྙམ་སྟེ་ཞེས་སོགས་དང༌། དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ཆུ་
Page: 169 ༄༅། །དང་མེ་ཡང་རབ་འགྱུར་ཏེ། །ས་དང་རླུང་དུའང་དེ་བཞིན་ནོ། །ཞེས་དང༌། དཀོན་བརྩེགས་སོགས་ལས་ཀྱང་བྱང་སེམས་འབྱུང་བ་ལྔ་ལྟར་སེམས་ཅན་གྱི་དོན་བྱེད་པར་གསུངས་སོ། །ལུས་དང་དེ་བཞིན་ལོངས་སྤྱོད་དང། ཞེས་པ་སོགས་འགའ་ ཞིག་གིས་བསྔོ་བའི་ཡན་ལག་ཏུ་བཤད་ཀྱང་དེ་ནི་འགྲེལ་པ་རྣམས་སུ་བསྔོ་བ་ལས་ཐ་དད་དུ་བཤད་པ་དང་འགལ་ལ། དེ་བཞིན་དུ་འགའ་ཞིག་གིས་སྨོན་སེམས་སུ་བཞེད་ནའང་འདི་དག་གཞན་ལ་ཕན་པའི་རྒྱུར་སྨོན་པ་ཙམ་ཡིན་ཀྱང་བདག་སངས་རྒྱས་སུ་གྱུར་ཅིག་ཅེས་ སྨོན་པ་མེད་པས་སྨོན་སེམས་སུ་མི་རིགས་ལ། འགའ་ཞིག་གིས་དངོས་གཞིའི་ཆོ་གར་བྱེད་ཀྱང་འགྲེལ་བ་རྣམས་ནས་སྦྱོར་ཆོག་ཏུ་བཤད་པ་དང་འགལ་ཞེས་བུ་སྟོན་གསུངས་ལ། དེས་ན་ཤནྟི་བས་རྒྱུ་ནི་སྙིང་རྗེས་སེམས་ཅན་རྗེས་སུ་འཛིན་པར་ཡིད་ལ་བྱེད་པ་དང་། རྐྱེན་ནི་ཕྱག་འཚལ་བཤགས་པ་ཡི་རང་བསྔོ་བ་སྨོན་ལམ་ཞེས་ཐ་དད་དུ་བཤད་པ་ལྟར་རིགས་པར་ཡང་གསུངས་སོ། །དེ་ལྟར་སྐྱབས་འགྲོ་སྔོན་དུ་འགྲོ་བའི་སྡིག་བཤགས་སོགས་འགལ་རྐྱེན་མི་མཐུན་ཕྱོགས་སྦྱོང་པ་དང་། མཆོད་པ་དང་ཡི་རང་སོགས་མཐུན་ རྐྱེན་ཚོགས་བསགས་པ་དང༌། བསོད་ནམས་རླབས་པོ་ཆེ་གསོག་པའི་ཐབས་ལུས་སོགས་གཏོང་བ་དང་སྨོན་ལམ་གདབ་པ་སོགས་ཉེར་ལེན་གྱི་རྒྱུ་གཞན་དོན་དོན་གཉེར་གྱི་ལྷག་བསམ་ཁྱད་པར་ཅན་སྐྱེད་ཚུལ་ཏེ་དེ་རྣམས་ནི་སེམས་བསྐྱེད་ཀྱི་སྔོན་དུ་འགྲོ་བའི་ ཆོས་མེད་དུ་མི་རུང་བ་སྟེ། གང་ཟག་སྡིག་པ་ཅན་དང་བསམ་པ་ངན་པ་དང་བསོད་ནམས་མ་བསགས་ཤིང་དགེ་རྩ་ངན་ངོན་ཙམ་ལས་མེད་པ་རྣམས་ལ་བྱང་ཆུབ་ཀྱི་སེམས་སྐྱེ་དཀའ་བ་དང་། གཞན་དོན་དོན་གཉེར་དང་བྱང་ཆུབ་དོན་གཉེར་ལྟ་བུའི་དགེ་སེམས་ཁྱད་པར་
Page: 170 ཅན་དང་ལྡན་པ་ལ་འབད་མེད་དུ་སྐྱེ་བར་གསུངས་པའི་ཕྱིར་ཏེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་མ་རབས་ཀྱི་འབྱུང་ཁུངས་ནས་མི་འབྱུང་གི་རྡོ་རྗེའི་འབྱུང་ཁུངས་སམ་གསེར་གྱི་འབྱུང་ཁུངས་ནས་འབྱུང་ངོ༌། །དེ་བཞིན་དུ་ཐམས་ཅད་མཁྱེན་ པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་ལྟ་བུ་ཡང་སེམས་ཅན་རྩ་བབསམ་པའི་དགེ་བའི་རྩ་བ་མ་རབས་ཀྱི་རིན་པོ་ཆེའི་འབྱུང་གནས་ནས་མི་སྐྱེ་སྟེ། བགཞན་དུ་སེམས་ཅན་ཡོངས་སུ་སྐྱོབ་པའི་སྙིང་རྗེ་ཆེན་པོའི་རྡོ་རྗེའི་འབྱུང་ཁུངས་སམ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ ལྷག་པར་དམིགས་པའི་གསེར་གྱི་འབྱུང་ཁུངས་ཆེན་པོ་ནས་འབྱུང་ངོ་ས་དང། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་སྐྱེ་བོ་མ་རབས་ཀྱི་ལག་ཏུ་ཕྱིན་པར་མི་འགྱུར་རོ། །དེབཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་ཡང་མ་རབས་ སྤྱི་བསམ་པ་དང་ལྡན་པ་དགེ་བའི་རྩ་བ་ངན་ངོན་ཅན་གྱི་ལྷ་དང་མིའི་ལག་ཏུ་ཕྱིན་པར་མི་འགྱུར་རོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་དངོས་གཞི་དམ་བཅའ་བ་ནི། ཇི་ལྟར་སོགས་ཏེ། དེ་ལའང་། སློབ་དཔོན་ལས་ལན་ན་ཐེག་པ་ཆེན་པོའི་དགེ་བའི་བཤེས་ གཉེན་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་ཐུགས་རྒྱུད་ལ་མངའ་བ་སོགས་ཀྱི་མཚན་ཉིད་དང་ལྡན་པ་མངོན་དུ་གྱུར་པའམ་རྟེན་ལས་ལེན་ན་རྒྱལ་བ་སྲས་བཅས་ཐམས་ཅདམདུན་མཁར་བྱོན་ནས་བཞུགས་པར་མོས་ཏེ། ཡུལ་དེ་དག་ལ་དགོངས་སུ་གསོལ་ཞེས་པ་སྔོན་ དུ་བཏང་སྟེ་དཔང་པོར་གསོལ་ནས་དད་པ་དང་སྙིང་རྗེ་ཆེན་པོའི་བསམ་པ་མངོན་དུ་བྱས་ལ། ཇི་ལྟར་སྔོན་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུ་པའི་ཕྱིར་དུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་
Page: 171 ༄༅། །ཅིག་ཅེས་སྨོན་པའི་སྒོ་ནས་ཐུགསུའུ་བསྐྱེད་པར་མཛད་པ་དང༌། བྱང་སྡོམ་ལེན་པའི་ཆེད་དུ་སེམས་བསྐྱེད་པའི་གང་ཟག་གིས་གང་ལ་བསླབ་པའི་སྒོ་ནས་རྟག་ཏུ་ཉམས་སུ་བླང་བར་བྱ་འོས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་དེ་དག་ གིས་རིམ་པ་བཞིན་དུ་བསླབ་ཅིང་གནས་པ་ལྟར་ཞེས་སྔོན་གྱི་ཚུལ་དཔེར་བརྗོད་ནས། བདག་གིས་ཀྱང་དེ་བཞིན་དུ་འགྲོ་བ་ཀུན་ལ་གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བ་བསྒྲུབ་པའི་དོན་དུ་བསམ་པའི་སྒོ་པ་ནས་སྨོན་པའི་བྱང་ཆུབ་ཀྱི་སེམས་ནི་བསྐྱེད་པར་བགྱི་ཞིང༌། དེ་བཞིན་དུ་ནི་འཇུག་པ་སེམས་བསྐྱེད་བླངས་ཏེ་སྦྱོར་བའི་སྒོ་ནས་ཇི་ལྟར་བླངས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལའང་རིམ་པ་བཞིན་དུ་བསླབ་པར་བགྱིའོ་ཞེས་རང་གིས་ཀྱང་དེ་དག་གི་རྗེས་སུ་སློབ་པར་བརྗོད་པ་སྟེ་ཚུལ་དེ་ལྟར་སྙིང་ཐག་པ་ནས་ལན་ གསུམ་གྱི་བར་རྗེས་ཟློས་དངོས་སམ་རྗེས་སུ་ཟློས་པར་མོས་པའི་སྒོ་ནས་ཐེག་ཆེན་སེམས་བསྐྱེད་དང་བྱང་སྡོམ་ལྷན་ཅིག་ཏུ་གཟུང་བར་བྱའོ། །སྨོན་འཇུག་སོ་སོར་ལེན་ན། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །དེ་བཞིན་འགྲོ་ལ་ ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པ་ལན་གསུམ་གྱིས་སྨོན་སེམས་དང༌། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་དུ་ནི་བསླབཔ་ལའང་། །རིམ་པ་བཞིན་དུ་ བསླབ་པར་བགྱི། །ཞེས་པ་ལན་གསུམ་གྱིས་འཇུག་སེམས་དང་སྡོམ་པ་ལེན་པར་བྱའོ། །རིམ་བཞིན་གནས་དང་བསླབ་ཅེས་པ་ནི་ལས་དང་པོ་བས་རང་གིས་སློབ་པར་ནུས་པ་རྣམས་ལ་ཐོག་མར་སློབ་ཀྱི་དཀའ་བའི་གནས་བྱ་མི་ནུས་པ་རྣམས་ལ་རེ་ཞིག་མི་སློབ་ཅིང་མོས་
Page: 172 སྤྱོད་དང་ས་ཐོབ་པ་ནས་དེ་དང་དེའི་སྐབས་སུ་བྱ་བར་ནུས་པ་རྣམས་ལ་མཐར་གྱིས་སློབ་པའི་དོན་ཡིན་ཏེ། དཔེར་ན་ལུས་གཏོང་བ་ལ་སྙིང་རྗེའི་བསམ་པ་མ་དག་པར་འཇུག་པར་མི་བྱེད་ཅིང་བྱས་ན་ཉེས་པར་འགྱུར་བ་དང་བསམ་པ་དག་པས་བཏང་ན་ཚོགས་ཆེན་པོར་འགྱུར་བའི་དུས་ སུ་ཉེས་པ་མེད་པར་མ་ཟད་ངེས་པར་གཏོང་དགོས་པར་གསུངས་པ་ལྟ་བུའོ། །གཞན་དུ་སྡོམ་པའི་ཚུལ་ཁྲིམས་སོགས་ཚུལ་ཁྲིམས་གསུམ་ལ་རིམ་ཅན་དུ་སློབ་པའི་དོན་དུ་འཆད་པ་ནི་དོན་མིན་ནོ། །བསླབ་བཏུས་སུ་ཐོཔ་མགར་བྱང་ཆུབ་ཀྱི་སེམས་སོ་སྐྱེ་ལ་སྐྱེ་བར་བསྒྲུབས་ནས་ དེའི་རྗེས་སུ་སླར་ཡང་བྱང་སྡོམ་སོ་སྐྱེ་ལ་སྐྱེ་བར་བསྒྲུབ་པར་མཛད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ཉིད་བྱང་སྡོམ་དུ་ལདོད་པ་མི་རིགས་ལ། འཇུག་སེམས་ལེན་པ་ཉིད་བྱང་སྡོམ་ལེན་པ་ཡིན་གྱི་འཇུག་སེམས་དང་འཇུག་སྡོམ་ལེན་པའི་ཆོ་ག་ཐ་དད་དུ་བྱེད་པའང་མི་རིགས་པར་ གསུངས་སོ། །ཐོག་མར་སྨོན་སེམས་བླངས་དེ་ནས་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་འདོད་ཀྱི་བསམ་པ་སྦྱངས་ནས་གཟོད་འཇུག་སེམས་ལེན་པ་ནི་དང་པོ་ནས་བསླབ་པ་ལ་སློབ་མི་ནུས་པའི་གང་ཟག་གི་རིགས་ལ་ཐབས་མཆོག་ཏུ་གྱུར་པ་ཡིན་ལ། དེ་ཡང་སྨོན་སེམས་ ཀྱི་བསླབ་བྱ་ལ་སློབ་ནུས་མི་ནུས་གང་ཡིན་ཀྱང་སེམས་ཅན་གྱི་དོན་དུ་བདག་སངས་རྒྱས་སུ་འགྱུར་བར་བྱའོ་སྙམ་པ་ཙམ་ནི་ཆོ་གའི་སྒོ་ནས་ཀྱང་བསྐྱེད་རུང་ལ། དེ་ལྟ་བུ་སེམས་དེ་བྱང་ཆུབ་མ་ཐོབ་བར་དུ་མི་གཏོང་སྙམ་དུ་དམ་བཅའི་ལྕགས་ཀྱུ་གཉིས་པས་ཟིན་པ་ནི་ཆོ་ག་ལ་ བརྟེན་ནས་བསྐྱེད་པར་བྱ་དགོས་ལ་དེ་ནི་སྨོན་སེམས་ཀྱི་བསླབ་བྱ་ལ་སློབ་མི་ནུས་པ་ལ་བྱ་མི་རུང་ངོ། །སྨོན་སེམས་ལ་དེ་ལྟར་གཉིས་རུང་ཡང་འཇུག་སེམས་ཆོ་གས་ལེན་པ་ནི་དེ་ནི་བསླབ་བྱ་རྣམས་ལ་མིསློབ་བྱ་མི་རུང་ངོ། །ཐོག་མ་ནས་འཇུག་སེམས་ཀྱི་བསླབ་པ་ལ་
Page: 173 ༄༅། །སློབ་ནུས་པ་ཡིན་ན་སྨོན་འཇུག་གཉིས་སྟབས་གཅིག་ཏུ་ལེན་དུ་རུང་ལ་ལེན་ཚུལ་གཞུང་དུ་བསྟན་པ་ལྟར་རོ། །གསུམ་པ་མཇུག་དགའ་བ་སྒོམ་པ་ལ་གཉིས། རང་དགའ་བ་སྒོམ་པ། གཞན་དགའ་བ་སྒོམ་དུ་གཞུག་པའོ། །དང་པོ་ནི། དེ་ལྟར་ བློ་དང་སོགས་ཏེ། དེ་ལ། མཚམས་སྦྱར་ཏེ་མདོར་བསྟན་པ་ནི། ་དེ་ལྟར་སྦྱོར་དངོས་གཉིས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་རང་རྒྱུད་ལ་ལེན་པའི་ཚུལ་ལ་མཁས་པའི་བློ་གྲོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ཡིས་གཞན་གྱི་གཡམ་ལ་རྒྱུག་པ་དང་འདོད་རྒྱལ་ ལྟ་བུ་མ་ཡིན་པར་བྱངཆུབ་སེམས་ཀྱི་ཕན་ཡོན་མཐོང་ནས་རང་ཉིད་ཀྱི་ཡིད་རབ་ཏུ་དང་བའི་དགའ་བ་དང་དད་པ་ཆེན་པོས་ཀུན་ནས་བསླངས་ཏེ་བྱང་ཆུབ་ཀྱི་སེམས་གཉིས་རང་རྒྱུད་ལ་ལེགས་པར་བཟུང་ཟིན་པའི་རྗེས་དེ་ནས་སྔར་སྦྱོར་དངོས་གཉིས་ཚང་ཞིང་རྒྱས་པར་བྱས་ པ་བཞིན་དུ་ མཇུག་གི་ཆོ་ག་དག་ཀྱང་རྒྱས་པར་བྱ་བ་ལ་སེམས་དེ་མི་ཉམས་ཤིང་བརྟན་པ་དང་འཕེལ་བར་བྱ་བའི་ཕྱིར་དུ་རང་གི་སེམས་ནི་འདི་ལྟར་འཆད་འགྱུར་གྱི་ཕན་ཡོན་དེ་རྣམས་བསམ་པའི་སྒོ་ནས་དགའ་སྤྲོ་ཁྱོད་པར་ཅན་བསྐྱེད་ནས་གཟེངས་བསྟོད་དོ་ཞེས་པ་སྟེ་སྦྱོར་ དངོས་ཀྱི་ཆོ་ག་རྒྱས་པར་བྱས་ཀྱང་མཇུག་མ་ཚང་ན་ཆོ་ག་མ་རྫོགས་པས་འབྲས་བུའང་མི་བརྟན་པའམ་ཉམས་པར་འགྱུར་བས་ན་ཆོ་གའི་མཇུག་རྫོགས་ཤིང་འབྲས་བུ་སེམས་བསྐྱེད་པ་དེ་བརྟན་ཞིང་གོང་འཕེལ་དུ་བྱ་དགོས་པར་བསྟན་པའོ། །དེའང་སེམས་བསྐྱེད་པའི་ འོག་ཏུ་དེ་ལ་འགྱོད་པ་དང་མ་གུས་པ་བྱས་ན་འཛད་ཅིང་ཉམས་པར་འགྱུར་ལ། ཕན་ཡོན་བསམས་ཏེ་རྗེས་སུ་ཡི་རང་གི་སྒོ་ནས་དགའ་སྤྲོ་བསྐྱེད་དེ་ལེགས་པར་ཉམས་སུ་ལེན་འདོད་ཀྱི་བསམ་པ་སྦྱངས་པ་ནི་སེམས་དེ་སྲུང་བ་དང་དག་པ་དང་སྤེལ་བ་སོགས་ཀྱི་ཐབས་ཁྱད་
Page: 174 པར་ཅན་དུའགྱུར་རོ། །དེ་ནས་ཕན་ཡོན་བསམས་པས་དགའ་བ་བསྐྱེད་དེ་གཟེངས་བསྟོད་པ་དངོས་རྒྱས་པར་འཆད་དེ། དེལ་རང་དོན་གྲུབ་པས་དགའ་བ་སྐྱེད་པ་ལ། དོན་ཆེན་འགྲུབ་པ་ལ་བསམ་ནས་དགའ་བ་སྒོམ་པ་ནི། བྱམས་མགོན་གྱིས་ནོར་བཟང་ལ། ཁྱོད་ཀྱིས་དེ་ལྟར་སེམས་བསྐྱེད་པ་ནི་ཁྱོད་ཀྱིས་ཐོབ་པར་བྱ་བ་ལེགས་པར་ཐོབ་པོ། །ཁྱོད་ཀྱིས་མི་ལུས་ལེགས་པར་ཐོབ་པོ། །འཚོ་བའི་འཇིག་རྟེན་དུ་ཁྱོད་ལེགས་པར་འཚོས་སོ་ཞེས་སོགས་གསུངས་པ་ལྟར་སེམས་བསྐྱེད་ནས་སྡོམ་པ་བཟུང་བའི་དེང་གི་དུས་ འདིར་ནི་བདག་གི་གསོན་པའི་ཚེའམ་འཚོ་བའི་སྲོག་གི་རྒྱུན་འདི་དོན་གྱི་འབྲས་བུ་ཆེན་པོ་ཡོད་པ་ཉིད་དུ་གྱུར་དཅིང་མི་ཡི་སྲིད་པ་སྟེ་སྐྱེ་བ་འདི་ལ་སྔོན་གྱི་སྐྱེ་བ་རྣམས་སུ་ཐོབ་མ་མྱོང་ལ་ནམ་ཡང་རྙེད་པར་དཀའ་བའི་རིན་ཆེན་བྱང་ཆུབ་ཀྱི་སེམས་འདི་ད་རེས་ཐོབ་པས་ན་དལ་ འབྱོར་དང་ལྡན་པའི་རྟེན་འདི་ལེགས་པར་ཐོབ་པ་ཡིན་ལ། དུས་དེ་རིང་ནས་སངས་རྒྱས་ཀྱི་རིགས་སུ་སྐྱེས་པ་སྟེ་བྱང་ཆུབ་སེམས་དཔའ་ཉིད་དུ་གྱུར་ལ་སྔོན་བདག་རྒྱལ་བའི་སྲས་སུ་ནམ་ཞིག་གི་ཚེ་འགྱུར་སྙམ་དུ་སྨོན་པའི་གནས་སངས་རྒྱས་རྣམས་ཀྱི་གདུང་གསོབ་ པའི་སྲས་སུ་ཡང་ད་ལྟ་ནས་གྱུར་ཏོ་སྙམ་དུ་དགའ་བསྐྱེད་དེ་ཞུམ་པ་སེལ་བའི་ང་རྒྱལ་སྒོམ་པའོ། །འདིར་སངས་རྒྱས་ཀྱི་རིགས་སུ་སྐྱེས་ཞེས་པ་ནི་སངས་རྒྱས་ལ་མོས་པའི་རིགས་སམ་ཀུན་རྫོབ་སེམས་བསྐྱེད་སྐྱེས་པའི་དབང་དུ་བྱས་པ་སྟེ། གོང་དུ། བྱང་ ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། ཞེས་བཤད་པ་ལྟར་རོ། །སྔར་ས་དང་པོ་ཐོབ་པའི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུ་སྐྱེས་པར་བཤད་པ་ནི་འཚང་རྒྱ་བར་ངེས་པའི་རིགས་སམ་དོན་དམ་
Page: 175 ༄༅། །སེམས་བསྐྱེད་སྐྱེས་པའི་སྐབས་ལ་དགོངས་པ་ཡིན་ནོ། །བག་ཡོད་པས་དམ་བཅའ་བརྟན་པོར་བྱ་བ་ནི། དེ་ལྟར་སངས་རྒྱས་ཀྱི་རིགས་དང་སྲས་སུ་སྐྱེས་པ་ཙམ་གྱིས་མི་ཆོག་པས་ད་ཕྱིན་ཆད་ནི་བདག་གིས་ངེས་པར་ཅི་ནས་ཀྱང་སངས་རྒྱས་བྱང་ སེམས་རྣམས་ཀྱི་རིགས་དེ་དང་རྗེས་སུ་མཐུན་པའི་སྒོ་གསུམ་གྱི་ལས་བརྩམས་ཏེ། བསམ་པའི་ངོས་ནས་གཞན་དོན་གཉེར་གྱི་ཡིད་བྱེད་ཁོ་ན་ལས་རང་དོན་དུ་ཞི་བདེ་དོན་གཉེར་གྱི་བསམ་པ་ལྟ་བུའི་སྐྱོན་གཏན་ནས་མེད་པའི་རིགས་དང༌། སྤྱོད་པའི་ངོས་ནས་རྒྱལ་སྲས་ རྣམས་ཀྱིས་གང་ལ་བསླབ་པར་བྱ་བའི་བསླབ་བྱ་རྣམས་ལ་ཚུལ་བཞིན་སློབ་པ་ལས་གཞན་དུ་བསླབ་བྱ་དང་འགལ་བའི་ཉེས་ལྟུང་གི་དབང་ལས་བསླབ་ཁྲིམས་འཆལ་བར་གྱུར་པ་ལྟ་བུར་གཏན་ནས་མ་གོས་པའི་བཙུན་པའི་རིགས་ཏེ། དེ་ལྟ་བུའི་སངས་རྒྱས་བྱང་སེམས་ ཀྱི་རིགས་ཁྱད་པར་ཅན་ཐོག་མཐའ་བར་གསུམ་དུ་སྐྱོན་མེད་ཅིང་བཙུན་པས་རྣམ་པར་དག་པ་དེའི་རིགས་སུ་སྐྱེས་པའི་སྐལ་བ་བཟང་པོ་ཐོབ་པ་འདི་ལ། །བག་ཡོད་པར་བྱས་ཏེ་བསམ་སྤྱོད་གཉིས་ཀའི་ངོས་ནས་མི་མཐུན་ཕྱོགས་ཀྱི་དྲི་མས་རྙོག་པར་མི་འགྱུར་བ་དེ་ལྟར་ ལེགས་པར་བསྒྲུབ་པར་བྱའོ་ཞེས་གཅེས་སྤྲས་ཀྱི་བསམ་པས་དམ་བཅའ་བ་སྟེ་ཚིགས་བཅད་དེ་དེ་ལྟར་བཤད་ཀྱང་ཆོག་སྙམ་མོ། །ཤིན་ཏུ་རྙེད་དཀའ་རྙེད་པས་དགའ་བ་སྒོམ་པ་ནི། ཕོངས་ཤིང་དབུལ་བའི་སྐྱེ་བོ་མིག་དང་མི་ལྡན་པའི་ལོང་བས་ཕྱག་དར་བྱས་པ་ བོར་བའི་ཉལ་ཉིལ་གྱི་ཕུང་པོ་ལས་ཇི་ལྟར་ནོར་བུ་རིན་ཐང་ཆེན་པོ་ཅན་རྙེད་པར་གྱུར་ན་ནི་རྙེད་མཁན་རྙེད་ཡུལ་རྙེད་རྒྱུའི་དངོས་པོ་གང་ལ་བརྟགས་ནའང་ཤིན་ཏུ་དཀོན་པས་ངོ་མཚར་ཆེ་བ་ལྟར་ཞེས་དེ་ཉིད་དཔེར་བཀོད་ནས། དེ་བཞིན་དུ་ཕྱག་དར་གྱི་ཕུང་པོ་ལྟ་བུའི་ལས་
Page: 176 དང་ཉོན་མོངས་པའི་རྡུལ་གྱི་ཕུང་པོ་སྟུག་པོའི་ཁྲོད་ནས་ཇི་ཞིག་ལྟར་ཏེ་སངས་རྒྱས་ཀྱི་བྱིན་རླབས་ཀྱི་མཐུ་དང་རང་གི་བསོད་ནམས་ཀྱི་སྟེས་དབང་ལེགས་པ་ལ་བརྟེན་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་འདི་འཕཀས་ནོར་གྱིས་དབུལ་ཞིང་ཡེ་ ཤེས་ཀྱི་མིག་དང་བྲལ་བའི་ལོང་བ་ལྟ་བུའི་སོ་སྐྱེ་བདག་གིས་རྙེད་པའམ་བདག་ལ་སྐྱེས་པ་དེ་འདྲ་ནི་ཕྱོགས་གང་ལ་བརྟགས་ནའང་ཤིན་ཏུ་དཀོན་པས་ངོ་མཚར་བའི་གནས་སུ་བཟུང་ནས་གཅེས་སྤྲས་ཀྱི་སྒོ་ནས་བསྐྱང་བར་བྱ་རིགས་སོ་ཞེས་པའོ། །གཞན་དོན་འགྲུབ་ པས་དགའ་བ་སྐྱེད་པ་ལ། འགྲོ་བའི་སྡུག་བསྔལ་སེལ་པས་དགའ་བ་སྒོམ་པ་ནི། ལས་ཉོན་གྱི་དབང་གིས་སྐྱེ་བའི་གནས་ཐ་དད་དུ་འགྲོ་བའི་སེམས་ཅན་གྱི་ཚོགས་མ་ལུས་པའི་སྲོག་གི་དབང་པོ་རང་དབང་མེད་པར་འཕྲོག་པར་བྱེད་པའི་འཆི་བདག་གི་བདུད་རྨེག་མེད་དུ་ འཇོམས་པར་བྱེད་ཅིང་ལས་ཉོན་གྱི་དབང་གིས་སྲིད་པ་རྒྱུད་ལྔར་སྐྱེ་བའི་རྒྱུན་བཅད་ནས་བྱང་ཆུབ་དམ་པ་རྒ་ཤི་མེད་པར་སྟེར་བར་བྱེད་པའི་འཆི་མེད་ཀྱི་བདུད་རྩིའི་མཆོག་གམ་སྨན་ཆེན་པོ་བཅུད་ཀྱི་ལེན་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ནོ། །དེ་ལ་བཅུད་ ཀྱི་ལེན་ཞེས་པ་ནི། སྨན་གྱི་ཁྱད་པར་སྣ་ཚོགས་ལེགས་པར་སྦྱར་བ་གང་ཞིག་ཆོ་ག་བཞིན་དུ་བསྟེན་ན་རྒ་ཤི་ལས་གྲོལ་བར་འགྱུར་ཞེས་འཇིག་རྟེན་ན་གྲགས་པ་དེ་ཡིན་པར་བཤད་དོ། །ཆོས་དང་ཟང་ཟིང་གི་ཡོ་བྱད་ནམ་མཁའ་མཛོད་ལྟ་བུ་ལ་དབང་ཐོབ་ནས་འགྲོ་བའི་ དབུལ་བ་མ་ལུས་པ་སེལ་བར་བྱེད་པ་ཡི་ཕྱིར་ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོ་ཡང་བྱང་ཆུབ་ཀྱི་སེམས་འདི་ཡིན་ནོ། །ལས་ཉོན་སྡུག་བསྔལ་དང་བཅས་པས་མནར་བའི་འགྲོ་བའི་ཚོགས་ཀྱི་ལུས་སེམས་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་ཕྱིར་སྨན་ཆེན་པོ་
Page: 177 ༄༅། །ཀུན་གྱི་ནང་ནས་བལྟ་ན་སྡུག་པ་ལྟ་བུའི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་འདི་ཡིན་ནོ། །ཐོག་མེད་ནས་ལས་ཉོན་གྱི་དབང་གིས་སྲིད་པ་རྒྱུད་ལྔའི་ལམ་དུ་འཁྱམས་ཤིང་སྡུག་བསྔལ་སྣ་ཚོགས་མྱོང་བས་ལུས་སེམས་ངལ་ཞིང་དུབ་པ་སེལ་ བར་བྱེད་པའི་ཕྱིར་འགྲོ་བའི་འགྲོན་པོ་རྣམས་ངལ་གསོ་བའི་གནས་སུ་བསིལ་གྲིབ་སྟེར་བའི་ལྗོན་ཤིང་ཆེན་པོའང་བྱང་ཆུབ་ཀྱི་སེམས་འདི་ཡིན་ནོ། །ཡང་ན་ཐོག་མེད་ནས་ལས་ཉོན་གྱི་དབང་གིས་སྔོན་དུས་ཀྱི་སྲིད་པ་འཆི་སྲིད་བར་སྲིད་སྐྱེ་སྲིད་དེ་སྲིད་པ་བཞིའི་ལམ་དུ་ བརྒྱུད་མར་འཁྱམས་ཤིང་ཞེས་སྦྱར་རོ། །ངན་འགྲོར་འཕེན་བྱེད་ཀྱི་རྒྱུ་སྡིག་པ་ཆེན་པོ་གསོག་པར་བྱེད་པའི་འགྲོ་བ་ཐམས་ཅད་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་ཆུ་མཚོ་ཆེན་པོའམ་འདམ་རྫབ་སྟུག་པོ་ལས་སྒྲོལ་བར་བྱེད་ཅིང་མཐོ་རིས་དང་ཐར་པའི་སྐམ་སར་ཕྱིན་ པར་བྱེད་པའི་ཕྱིར་སྤྱི་སྟེགས་ཏེ་བཟང་ངན་མཐོ་དམན་ཀུན་གྱི་ཐུན་མོང་བའི་སྟེགས་སམ་ཟམ་བར་གྱུར་པའང་བྱང་ཆུབ་ཀྱི་སེམས་འདི་ཡིན་ནོ་ཞེས་པའོ། །འགྲོ་བའི་སྡུག་བསྔལ་གྱི་རྒྱུ་སེལ་བས་དགའ་བ་སྒོམ་པ་ནི། འགྲོ་བའི་རང་དོན་དུ་ཐར་པ་ཙམ་ཡང་ཐོབ་བྱེད་ཀྱི་ གེགས་ཉོན་མོངས་པའི་སྒྲིབ་པའི་ཚ་གདུང་ཐམས་ཅད་སེལ་བའི་ཕྱིར་བྱང་ཆུབ་སེམས་ཀྱི་ཟླ་བ་བསིལ་བའི་འོད་ཟེར་ཅན་འདི་རང་རྒྱུད་ལ་ཤར་བ་ཡིན་ནོ། །འགྲོ་བའི་གཞན་དོན་དུ་ཐམས་ཅད་མཁྱེན་པ་ཐོབ་བྱེད་ཀྱི་གེགས་ཉོན་མོངས་ཅན་མ་ཡིན་པའི་མི་ཤིས་པ་ཤེས་ སྒྲིབ་ཀྱི་མུན་པའི་རབ་རིབ་དག་དཔྱིས་ནས་འབྱིན་པའམ་དྲུངས་ནས་འབྱིན་པར་བྱེད་པའི་བྱང་ཆུབ་སེམས་ཀྱི་ཉི་མ་ཆེན་པོ་རང་རྒྱུད་ལ་ཤར་བ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་འདི་སོགས་ཐབས་ཀྱི་ཆ་རྒྱ་ཆེན་པོས་ཟིན་པའི་དེ་ཁོ་ན་ཉིད་ཕྲ་མོ་རྟོགས་པའི་ཤེས་རབ་ཀྱིས་ཤེས་
Page: 178 སྒྲིབ་ཀྱི་ས་བོན་སྤོངནུས་པས་སོ། །འདི་དག་ནི་སྡོང་པོ་བཀོད་པར། འཆི་བ་མེད་པའི་དབྱིངས་སུ་ཕྱིན་པར་བྱེད་པའི་བདུད་རྩི་ལྟ་བུའོ། །དབུལ་བ་ཐམས་ཅད་ཡོངས་སུ་སེལ་བས་ངལ་བསོས་པོ་ལྟ་བུའོ། །བསོད་ནམས་མི་ཟད་པའི་གཏེར་ལྟ་བུའོ། །ཤིན་ཏུ་ནད་མེད་ པར་བྱེད་པའི་དུག་སྨན་ལྟ་བུའོ། །ཉོན་མོངས་པའི་ནད་ཐམས་ཅད་འཇོམས་པས་སྨན་གྱི་རྒྱལ་བོ་བལྟ་ན་སྡུག་པ་ལྟ་བུའོ་ཞེས་སོགས་དཔེ་དུ་མས་བསྟན་པ་ལྟར་རོ། །སེམས་ཅན་རྣམས་ཕན་བདེས་ཚིམ་པར་བྱེད་པས་དགའ་བ་སྒོམ་པ་ནི། དམ་པའི་ཆོས་སྡེ་སྣོད་ གསུམ་གྱིས་བསྡུས་པའི་གསུང་རབ་འོ་མའི་རྒྱ་མཚོ་ཆེན་པོ་ལྟ་བུ་ཐོས་བསམ་གྱི་ཤེས་རབ་སྲུབ་ཤིང་ལྟ་བུས་ལེགས་པར་བསྲུབས་པ་ལས་ནད་འངའ་ཞིག་ལ་ཕན་པའི་རོ་ནུས་དང་ལྡན་པའི་མར་གྱི་ཉིང་ཁུ་ཕྱུང་བ་ལྟར་དམ་པའི་ཆོས་ཀྱི་སྙིང་པོ་ལས་ཀྱང་ཆེས་ཆེར་སྙིང་པོར་གྱུར་ པའི་ཉིང་ཁུ་ཕྱུང་བ་སེམས་ཅན་ཡོངས་ཀྱི་ལས་ཉོན་གྱི་ནད་ཐམས་ཅད་ཞི་བར་བྱེད་ཅིང་ཕན་པ་དང་བདེ་བ་མཐའ་དག་སྟེར་བའི་སྒོ་ནས་ཚིམ་པར་བྱེད་ནུས་པའི་ནུས་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་འདི་ཉིད་ད་རེས་རྙེད་པ་ཡིན་པས་དགའ་བ་བསྐྱེད་ དེ་འདི་སྲུང་བ་དང་སྤེལ་བའི་ཐབས་སོགས་ལ་འབད་པར་བྱའོ། །དེ་བཞིན་དུ་ཡུན་རིང་མོ་ནས་ལས་ཉོན་གྱི་དབང་གིས་འཁོར་བར་འཐུན་པའི་འགྲོ་བའི་འགྲོན་པོ་སྲིད་པ་གསུམ་མམ་སྲིད་པ་བཞིའི་ལམ་༌༌བགྲོད་པར་དཀའ་བ་གཅིག་ནས་བརྒྱུད་དེ་གཅིག་ཏུ་རྒྱུ་ཞིང་སྡུག་ བསྔལ་སྣ་ཚོགས་ལ་སྤྱོད་པས་ཉམ་ཐག་པར་གྱུར་པ་ལས་གནས་སྐབས་ལྷ་མིའི་བདེ་བ་དང་མཐར་ཐུག་ཟག་མེད་ཀྱི་བདེ་བའི་ལོངས་སྤྱོད་རྒྱ་ཆེན་པོ་ལ་སྤྱད་པར་འདོད་པ་རྣམས་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ནི་དེ་ལྟ་བུའི་ཕུན་སུམ་ཚོགས་པའི་བདེ་བ་མཐའ་དག་
Page: 179 ༄༅། །སྒྲུབ་པའི་ཐབས་མཆོག་ཏུ་གྱུར་པ་ཉིད་དུ་ཉེ་བར་གནས་ཏེ། རྒྱུ་མཚན་དེའི་ཕྱིར་བྱུང་ཆུབ་ཀྱི་སེམས་འདིས་ནི་ཁམས་གསུམ་གྱི་གནས་རིས་དེ་དང་དེར་རྟག་ཏུ་འགྲོ་འོང་བྱེད་པའི་སེམས་ཅན་གྱི་འགྲོན་པོ་ཆེན་པོ་སྟེ་འགྲོ་བའི་གནས་དེར་སླེབ་ཟིན་ པའི་དུས་མེད་པ་སྐད་ཅིག་ཀྱང་སྡོད་མི་སྲིད་པ་འགྲོ་མཁན་ལ་གྲངོས་བཟུང་དུ་མེད་པ་འགྲོ་བའི་ཡུལ་ལ་མཐའ་མེད་པ་དེ་ལྟ་བུ་རྣམས་ལ་འཕྲལ་དང་ཡུན་གྱི་བདེ་བའི་ལོངས་སྤྱོད་ཀྱི་བསྙེན་བཀུར་གྱ་ནོམ་པ་ཐམས་ཅད་ཀྱིས་ཚིམ་པར་བྱེད་པ་ཡིན་པས་དགའ་བ་བསྐྱེད་ནས་ གཅེས་སྤྲས་ཀྱི་སྒོ་ནས་མི་ཉམས་པར་སྲུངས་ཤིག་ཅེས་པའོ། །སྲིད་པར་འཁྱམས་ཚུལ་ནི། བུམ་ནང་གི་བུང་བ་དང་རྫ་མཁན་གྱིའཁོར་ལོ་ལྟ་བུ་ཡིན་པར་རྒྱ་ཆེར་རོལ་པ་ལས་གསུངས་ལ། སློབ་སྤྲིང་ལས་ཀྱང་། གང་ཞིག་འཁོར་བའི་འཁོར་ལོ་རྟག་ཏུ་འཁོར་ འགྱུར་བའི། །ནང་དུ་ཞུགས་ནས་བསྟི་བ་ཙམ་ཡང་བདེ་སེམས་པ། །དེ་ནི་ངེས་པར་རི་དབང་རིམ་གྱིས་བརྒྱ་ཕྲག་ཏུ། །འགྲོ་བ་མཉམ་དང་མི་མཉམ་ཀུན་ཏུ་འཁྱམས་པར་འགྱུར། །འཕགས་པའི་མགྲོན་པོ་དང་བྲལ་ལམ་རྒྱུས་མི་ཤེས་པ། །འབྲོག་དགོན་ འཁྱམས་ན་ཅི་སྟེ་ཡུན་རིང་གདུང་མི་བྱེད། །ཅེས་སོ། །བདེ་བའི་ལོངས་སྤྱོདཀྱིས་ཚིམ་པར་བྱེད་ཚུལ་ཡང་སྡོང་པོ་བཀོད་པར་དཔེ་ཉིས་བརྒྱ་དངཉི་ཤུ་ལས་ལྷག་པའི་སྒོ་ནས་བསྟན་པ་ལས་མང་དུ་འབྱུང་ངོ་། །འདི་ནི་བདེ་བའི་མཆོག་ཅེས་པ་ནི་སེམས་བསྐྱེད་ སྐྱེས་པ་འདི་བདེ་བའི་རྒྱུ་ཡིན་པའི་ཕྱིར་འབྲས་མིང་རྒྱུ་ལ་བཏགས་པ་སྟེ་ཆར་བབས་པ་ན་༌༌༌འབྲས་ས་ལུ་སྐྱེས་སོ་ཟེར་བ་ལྟར་དང་། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །ཞེས་སོགས་དང་འདྲའོ། །འགྲེལ་བ་འགའ་ཞིག་ཏུ་
Page: 180 ཚིགས་བཅད་འདི་གཞན་དགའ་བ་སྐྱེད་པ་ལ་མར་སྦྱར་ནས་བཤད་དོ། །གཉིས་པ་གཞན་དགའ་བ་སྒོམ་དུ་གཞུག་པ་ནི། བདག་གིས་དེ་རིང་སོགས་ཏེ། བདག་གིས་དུས་དི་རིང་གི་ཚེ་སྐྱེ་དགུ་ཐམས་ཅད་ཀྱི་དཔང་པོར་གྱུར་པའི་སྐྱོབ་པ་རྒྱལ་བ་སྲས་དང་བཅས་པ་ ཐམས་ཅད་ཀྱི་སྤྱན་སྔར་ཏེ་མདུན་དུ་མཁའ་ཁྱབ་ཀྱི་འགྲོ་བ་ཀུན་མཐར་ཐུག་བདེ་སྐྱིད་ཐམས་ཅད་ཀྱི་མཐར་སོན་པ་བདེ་བར་གཤེགས་པའི་ཟག་པ་མེད་པའི་བདེ་བ་བླ་ན་མེད་པ་དེ་ཉིད་དང་ནི། དེ་མ་ཐོབ་ཚུན་ཆད་ཀྱིབར་དུ་མངོན་མཐོ་ལྷ་མིའི་བདེ་བ་རྒྱ་ཆེན་པོ་ལ་ཅི་ དགར་ལོངས་སྤྱད་པས་ཆོག་པ་ལ་མགྲོན་དུ་བོས་ཟིན་གྱིས། དེ་ལྟར་བདག་སེམས་ཅན་ཐམས་ཅད་ལ་ཕན་བདེ་ཟད་མི་ཤེས་པས་ཚིམ་པ་སྐྱེད་པར་བྱེད་པའི་གཞི་ལ་ཞུགས་པ་འདི་ལ་ལྷ་དང་མི་དང་ལྷ་མིན་དང་གནོད་སྦྱིན་དང་ཀླུ་ལ་སོགས་པ་ཐམས་ཅད་ཀྱང་ཡིད་རབ་ ཏུ་དང་བའི་སྒོ་ནས་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་གཞན་དགའ་བ་སྐྱེད་དུ་གཞུག་གོ། །བསླབ་བཏུས་ལས་ནི། སྔར་བཤད་པ་ལྟར་སོ་སྐྱེ་ལ་བྱང་སྡོམ་སྐྱེ་ན། གང་ལས་བླང་བའི་ཡུལ་ལ་ཇི་ལྟ་བུ་དགོས་སྙམ་ན། སློབ་དཔོན་ལས་ ལེན་ན་ཐེག་ཆེན་ལ་མཁས་པ་དང་བྱངསྡོམ་ལྡན་པ་སྟེ་ཆོས་གཉིས་ལྡན་དགོས་པ་དང༌། དེ་ལྟའི་བཤེས་གཉེན་མེད་ན་སངས་རྒྱས་བྱང་སེམས་རྣམས་མངོན་དུ་བྱས་ནས་བླང་དགོས་པར་གསུངས་ལ། ལེན་ཚུལ་ཇི་ལྟར་ཡིན་སྙམ་ན། བསྲུང་བྱའི་སྡོམ་པ་ དང་བདག་ཉིད་ཀྱིས་ཀྱང་བསྲུང་ཅི་ནུས་བརྟགས་ནས་གཟུང་དགོས་པར་བསྟན་ཅིང་། ཁས་བླངས་ལས་ཉམས་ན་ཅིར་འགྱུར་སྙམ་ན། །སངས་རྒྱས་བྱང་སེམས་དང་ལྷར་བཅས་བསླུས་པའི་ཉེས་པ་འབྱུང་བར་དྲན་པ་ཉེར་གཞག་སོགས་ཀྱི་ལུང་གིས་བསྒྲུབས་
Page: 181 ༄༅། །ནས་བསྟན་ཏེ་དེ་ནི་འོག་ཏུ་འཆད་དོ། །གལ་ཏེ་བྱང་སྡོམ་གཟུང་མི་ནུས་ཀྱང་སྨོན་པ་ཙམ་ལ་མི་གནས་པར་དགེ་རྩ་སྣ་དེ་ཙམ་དང་དུས་ཀྱང་ཇི་སྲིད་འཚོའམ་ཉིན་ཞག་སོགས་སུའང་གཟུང་བར་བྱའི་མ་བཟུང་ན་ཉེས་པར་འགྱུར་ཚུལ་སའི་སྙིང་ པོའི་ལུང་གིས་བསྒྲུབས་ཤིང༌། བསླབ་བྱ་སྣ་རེཙམ་དང་དུས་ཀྱང་ཇི་སྲིད་ནུས་པ་དེ་སྲིད་དུ་གཟུང་རུང་བར་སྨན་མདོའི་ལུང་གིས་བསྒྲུབས་ལ། དེ་ནི་བསླབ་བྱ་ལ་རིམ་གྱིས་སློབ་ཚུལ་ཙམ་ཡིན་གྱི་ཡན་ལག་དང་དུས་ངེས་པའི་ཕྱིར་བྱང་སྡོམ་དངོས་མིན་ནོ། །བྱང་སྡོམ་ གཟུང་བར་འདོད་པ་ན། དེ་བསྲུངས་པའི་ཕན་ཡོན་དང་མ་བསྲུངས་པའི་ཉེས་དམིགས་དང་བྱང་སེམས་ཀྱིསྤྱོད་པ་སྤྱད་དཀའ་བ་རྣམས་ཤེས་པར་བྱས་ནས། སྦྱོར་བའི་དུས་དགེ་བའི་བཤེས་གཉེན་གྱིས་བློ་རིམ་བཞིན་དུ་ཁྲིད་དེ་བྱུང་ཆུབ་ཀྱི་སེམས་ལ་མྱོང་བ་ཅུང་ཟད་སྐྱེས་པ་ དེས་ཕྱག་མཆོད་སོགས་ཡན་ལག་བདུན་པ་དང་བཤེས་གཉེན་ལ་གསོལ་གདབ་རྣམས་བྱ་ལ། དངོས་གཞིའི་དུས་སློབ་དཔོན་གྱི་ཚིག་གི་རྗེས་སུ་ཟློས་པའམ་བདག་ཉིད་ཀྱིས་བརྗོད་པས་དགོངས་གསོལ་སྔོན་དུ་བཏང་ནས་བདག་གི་མིང་སྨོས་ཏེ། འཇམ་དཔལ་ཞིང་བཀོད་ ཀྱི་མདོ་ལས་འབྱུང་བའི་ཆོ་གའི་ཚིག་ཚང་བའམ་མགོའི་ཚིགས་བཅད་གཉིས་ལན་གསུམ་བརྗོད་ནས་ལེན་དགོས་པར་གསུངས་ལ། དེ་རྣམས་ལག་ཏུ་ལེན་ཚུལ་བདེ་ལ་རྒྱས་པ་ནི་གཞུང་འདིའི་སྦྱོར་དངོས་རྗེས་གསུམ་ཐམས་ཅད་གོང་དུ་བཤད་པ་ལྟར་བྱའོ། །འདིར་ཆོ་གའི་ ཚིག་རང་གིས་བརྗོད་པས་ཆོག་པར་བཤད་པ་ནི་བྱང་ས་དང་མི་འདྲ་བར་གསུང་ངོ༌། །དེ་ལྟར་བྱང་ཆུབ་སྙིང་པོའི་བར་བྱང་སྡོམ་གཟུང་བ་ཡིན་ན་ཚེ་རབས་ཕྱི་མ་རྣམས་སུའང་ལྟུང་བ་འབྱུང་བས་དེ་གཟུང་མི་ནུས་སོ་སྙམ་དུ་དོགས་པར་མི་བྱ་སྟེ། དེ་ལྟར་བཟུང་བའི་བྱང་སེམས་
Page: 182 དེས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྨོན་ལམ་ལྟར་ཚེ་རབས་ཐམས་ཅད་དུ་རབ་བྱུང་ཐོབ་པའི་སྨོན་ལམ་བཏབ་པའི་མཐུས་སངས་རྒྱས་འཇིག་རྟེན་དུ་བྱུང་མ་བྱུང་ལ་མི་ལྟོས་པར་དུས་རྟག་ཏུ་རབ་ཏུ་༌འབྱུང་བར་འགྱུར་ཞིང་། དེ་ལྟར་གྱུར་ན་སྡོམ་པའི་མི་མཐུན་ཕྱོགས་ ཉོན་མོངས་པའི་རྐྱེན་དང་བྲལ་བས་སྡོམ་པ་བསྲུང་ནུས་པར་འགྱུར་བས་ཉེས་པ་མེད་པར་གསུངས་པས་སོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སོགས་ཏེ། འདི་ལ་ཡི་རང་སོགས་ཡོད་ཀྱང་སེམས་བསྐྱེད་ཀྱི་ཡན་ལག་ཡིན་པས་གཙོ་བོར་བྱང་ཆུབ་ཀྱི་སེམས་ཡོངས་ སུ་གཟུང་བའི་ལེའུ་ཞེས་བསྟན་ཏེ་གསུམ་པའོ། ༈ །
ལེའུ་བཞི་པ། བག་ཡོད་པ་བསྟན་པ།
[edit]གཉིས་པ་བྱང་ཆུབ་ཀྱི་སེམས་སྐྱེས་པ་མི་ཉམས་པར་སྲུང་བའི་ཐབས་ལ་གསུམ། བག་ཡོད་ཀྱི་ལེའུ། ཤེས་བཞིན་གྱི་ལེའུ། བཟོད་པའི་ལེའུའོ། །དང་པོ་ལ་གཉིས། སྤྱིའི་དོན། གཞུང་གི་དོན་ནོ། ། དང་པོ་ནི། དེ་ལ་ཐེག་ཆེན་གྱི་སྒོར་ཞུགས་པ་དག་གིས་སྨོན་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཚུལ་བཞིན་དུ་སློབ་ནུས་པར་མཐོང་བ་ན་བྱང་སྡོམ་བཟུང་སྟེ་བསྲུང་ཚུལ་བཤད་པ་ལ་གཉིས། སྨོན་སེམས་ཆོ་གས་བཟུང་ནས་དེའི་བསླབ་བྱ་ལ་སློབ་ཚུལ་བཤད་ པ། འཇུག་སྡོམ་བླངས་ནས་དེའི་བསླབ་བྱ་ལ་སློབ་ཚུལ་བཤད་པའོ། །དང་པོ་ལ་གསུམ། མ་ཐོབ་པ་ཐོབ་བྱེད། ཐོབ་པ་མི་ཉམས་པར་བསྲུང་ཐབས། ཉམས་ན་ཕྱིར་བཅོས་པའི་ཚུལ་ལོ། །དང་པོ་ལ་གསུམ་ལས། དང་པོ་གང་ལས་བླངས་པའི་ཡུལ་ནི། སྨོན་སེམས་ལྡན་ཞིང་དེའི་བསླབ་བྱ་ལ་གནས་པ་ཙམ་གྱིས་མི་ཆོག་པར་བྱང་སེམས་ཀྱི་སྡོམ་ལྡན་དགོས་པར་བཞེད་པ་ལྟར་ལེགས་༌ལ། དེ་འདྲའི་བླ་མ་རྙེད་ན་ལེན་པ་དང་གསོ་བ་ཐམས་ཅད་དེའི་དྲུང་དུ་བྱ་ལ། དེ་ལྟ་བུ་མེད་ན་ཤཱཀྱ་ཐུབ་པ་སོགས་ཕྱོགས་བཅུའི་
Page: 183 ༄༅། །སངས་རྒྱས་ཡིད་ལ་བྱས་ནས་ཕྱག་མཆོད་སྐྱབས་འགྲོ་སོགས་སྔོན་དུ་བཏང་ནས་དཀོན་མཆོག་གི་དྲུང་དུ་བླངས་རུང་བར་གསུངས་སོ། །གཉིས་པ་གང་གིས་ལེན་པའི་རྟེན་ནི། ལྷ་ཀླུ་སོགས་ལུས་དང་བསམ་པའི་སྒོ་ནས་རྫོགས་བྱང་དོན་གཉེར་གྱི་ སེམས་སྐྱེ་རུང་ཐམས་ཅད་སྨོན་སེམས་ལེན་པའི་རྟེན་དུ་རུང་ན་ཡང༌། བྱང་སྡོམ་གྱི་དངོས་རྟེན་མཚན་ཉིད་ཚང་བར་སོང་བའི་སྨོན་སེམས་ཆོ་གས་འཛིན་པའི་རྟེན་ལ་ནི་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་བསམ་པ་སྦྱང་བ་དང་མར་ཤེས་སོགས་རྒྱུ་འབྲས་མན་ངག་བདུན་ལ་བློ་ ལེགས་པར་སྦྱངས་པས་བྱང་ཆུབ་ཀྱི་སེམས་ལ་ཡིད་འགྱུར་གྱི་མྱོང་བ་ཅུང་ཟད་རྒྱུད་ལ་སྐྱེས་པ་ཡན་ཆད་ཅིག་དགོས་པར་གསུངས་སོ། །གསུམ་པ་ཇི་ལྟར་ལེན་པའི་ཆོ་ག་ལ། སྦྱོར་བ་ནི། ཕྱག་མཆོད་སོགས་ཡན་ལག་བདུན་པ་ཚང་བར་བྱ་བར་ཇོ་བོ་རྗེས་བླ་མའི་ བྱ་བའི་རིམ་པ་ལས་གསལ་བར་གསུངས་ལ། ཀླུ་སྒྲུབ་དང་ཞི་བའི་ལྷའི་ལུགས་ལའང་དེ་བཞིན་གསུངས་པས་ལུགས་དེ་གཉིས་གང་ལས་བརྒྱུད་ཀྱང་འདྲ་སྟེ། ཐེག་ཆེན་ཐུན་མིན་གྱི་མཆོག་གསུམ་ལ་སྐྱབས་འགྲོ་ཡན་ལག་བདུན་པ་ད་ང་བྱམས་སྙིང་རྗེའི་དམིགས་ རྣམ་གསལ་བཏབ་ནས་བློ་སྦྱོང་པ་སྟེ་སྦྱོར་ཆོག་གསུམ་སྔོན་དུ་གཏོང་དགོས་སོ། །ཁ་ཅིག་ཐོགས་མེད་དང་ཇོ་བོ་ནས་བརྒྱུད་པ་ལ་ཕྱག་མཆོད་ཙམ་མ་གཏོགས་སྡིག་བཤགས་མི་བྱེད་དེ་བྱེད་ན་འགྱོད་དགོས་པས་ཡིད་མི་དགའ་ལ་སེམས་ཡིད་དགའ་སྤྲོ་ལྡན་པ་ལ་ སྐྱེ་དགོས་སོ་ཞེས་བཤད་པ་མི་རིགས་ཏེ། ལམ་སྒྲོན་དུ། སྨོན་སེམས་ཀྱི་སྦྱོར་ཆོག་ཏུ། ཀུན་བཟང་སྤྱོད་ལས་གསུངས་པ་ཡི། །མཆོད་པ་རྣམ་པ་བདུན་དག་ཀྱང་། །ཞེས་གསུངས་པ་ཡན་ལག་བདུན་པ་ཡིན་པར་འགྲེལ་པས་བཤད་པས་སོ། །ཞེས་ཤར་བས་
Page: 184 གསུངས་སོ། །སྡིག་བཤགས་ལ་འགྱོད་དགོས་པ་སོགས་ཀྱིས་བྱ་མི་རིགས་ན་ཀླུ་སྒྲུབ་དང་ཞི་བའི་ལྷའི་ལུགས་ལའང་སྡིག་བཤགས་བྱེད་མི་རིགས་པར་ཐལ་ལོ། །དངོས་གཞི་ནི། བྱང་སྡོམ་གྱི་རྟེན་དུ་གྱུར་པའི་སྨོན་སེམས་ཆོ་གས་འཛིན་པ་ལ་ནི་སེམས་ཅན་ཐམས་ཅད་ཀྱི་ དོན་དུ་བདག་གིས་རྫོགས་བྱང་བསྒྲུབ་པར་བྱའོ་ཞེས་ཁས་བླངས་པ་ཙམ་གྱིས་མི་ཆོག་གིས། ལམ་སྒྲོན་ལས། ལྡོག་པ་མེད་པར་དམ་འཆའ་བས། བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། ཞེས་གསུངས་པ་ལྟར། བླ་མའམ་དཀོན་མཆོག་གི་དྲུང་དུ་སེམས་ཅན་ཐམས་ཅད་ ཀྱི་དོན་དུ་རྫོགས་བྱང་བསྒྲུབ་པར་བྱའོ་ཞེས་དམ་བཅས་པའི་སེམས་དེ་ལ་དམིགས་ནས་སེམས་འདི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདག་གིས་བཏང་བར་མི་བྱ་སྙམ་དུ་དམ་འཆའ་ཞིང་ཁས་ལེནཔས་འཛིན་པཡིནཔས་དེའི་བསམ་པ་ཆོ་ག་ལ་བརྟེན་ནས་བསྐྱེད་པར་བྱའོ། ། འོན་ཀྱང་སྨོནསེམས་ཀྱི་བསླབ་བྱ་ལ་སློབ་མི་ནུས་པ་ཡིན་ན་སྦྱོར་བའི་ཆོས་དེ་དག་སྔོན་དུ་བཏང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་འཐོབ་པར་བྱའོ་སྙམ་པ་ཙམ་ཞིག་བསྐྱེད་དུ་འཇུག་པའང་མི་རུང་བ་མེད་ལ། ཐེགཆེན་སེམས་བསྐྱེད་ཀྱི་བག་ཆགས་ འཇོག་པའི་དགོས་པའང་ཡོད་དོ། །མཇུག་གི་བྱ་བ་ནི། སློབ་དཔོན་གྱིས་སྨོན་སེམས་ཀྱི་བསླབ་བྱ་རྣམས་སློབ་མ་ལ་བརྗོད་པར་བྱ་བ་གཙོ་བོ་ཡིན་ནོ། །དེ་ལྟར་སྨོནསེམས་ཆོ་གས་གསར་དུ་བསྐྱེད་པའང་ཡོད་མོད། ཕལ་ཆེར་སྐྱེས་ཟིནཆོ་གས་བླངས་ནས་དཀར་ ཆོས་བཞི་བསྟེན་པ་དང་ནག་ཆོས་བཞི་སྤོང་བ་སོགས་ཀྱི་བསླབ་བྱ་ལ་སློབ་པར་བྱེད་པ་ཡིན་གྱི་བར་མ་རབ་བྱུང་བཞིན་དུ་སྨོན་པའི་སྡོམ་པ་མཚན་ཉིད་པ་མེད་དེ། དེའི་སྤང་བྱ་བཤད་པ་མེད་པས་བར་མའི་དགེ་བ་ཙམ་དུ་འགྱུར་བའི་ཕྱིར་རོ། །བྱང་སྡོམ་གྱི་བསླབ་བྱ་ལ་
Page: 185 ༄༅། །སློབ་མི་ནུས་པ་ལ་སྡོམ་པ་འབོགས་མི་རུང་བ་བཞིན་དུ། ན་ཆོས་སྤོང་བ་དང་དཀར་ཆོས་བསྟེན་པར་མི་ནུས་པ་ལ་སྨོན་སེམས་ཆོ་གས་འཛིན་དུ་འཇུག་མི་རུང་ཞེས་ཀྱང་ཁ་ཅིག་གསུང་ངོ་། །གཉིས་པ་བར་དུ་ཐོབ་པ་མི་ཉམས་པར་བསྲུང་བ་ ལ་གཉིས་ལས། དང་པོ་ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུ་ལ་བསླབ་པ་ལ། སེམས་བསྐྱེད་ལ་སྤྲོ་ཤུགས་འཕེལ་བའི་ཕྱིར་ཉིན་ཞག་རེ་བཞིན་སེམས་བསྐྱེད་ཀྱི་ཕན་ཡོན་དུས་དྲུག་ཏུ་དྲན་པར་བྱ་བ་དང༌། ཅིར་སོང་ཡང་སྨོན་སེམས་མི་ཉམས་པར་བྱ་སྙམ་དུ་གོ་ ཆ་བསྒོ་ཞིང་སེམས་བསྐྱེད་དངོས་འཕེལ་བའི་ཕྱིར་སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པའམ། དེ་མ་གྲུབ་ན། སངས་རྒྱས་ཆོས་ཚོགས་མ་དོན་དྲན་བཞིན་པས་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དུས་དྲུག་ཏུ་བྱས་ཏེ་སེམས་བསྐྱེད་པ་དང་། རང་གི་སེམས་ལ་མི་འཐད་པ་ བྱས་པ་སོགས་རྐྱེན་འགའ་ཞིག་ལ་བརྟེན་ནས་ད་ནི་དུས་ནམ་ཡང་གང་ཟག་འདིའི་དོན་མི་བྱའོ་སྙམ་པ་ལྟ་བུའི་སེམས་ཅན་བློས་སྤོང་མ་བྱུང་བར་བྱ་བ་དང༌། སེམས་བསྐྱེད་མི་ཉམས་ཤིང་འཕེལ་བའི་རྒྱུར་དཀོན་མཆོག་མཆོད་པ་སོགས་ཚོགས་གཉིས་གསོག་པ་ལ་ ཡང་ཡང་འབད་པ་སྟེ་བཞིའོ། །གཉིས་པ་སྐྱེ་བ་གཞན་དུ་སེམས་བསྐྱེད་དང་མི་འབྲལ་བའི་རྒྱུ་ལ་བསླབ་པ་ལ་གཉིས་ལས། དང་པོ་སྐྱེ་བ་གཞན་དུ་སེམས་བསྐྱེད་བརྗེད་ཅིང་མངོན་དུ་མི་འགྱུར་བའི་རྒྱུ་ནག་ཆོས་བཞི་སྤོང་བ་ནི། མཁན་སློབ་བླ་མ་སོགས་མཆོད་ འོས་གང་ཡང་རུང་བ་ལ་བརྫུན་གྱིས་བསླུ་བའི་སེམས་ཀྱིས་དབུ་བསྐོར་ཐབས་བྱས་པ་དང་པོ་ཡིན་ལ་འདི་ལ་བསླུ་ཐུབ་པ་མི་དགོས། རང་ཟག་ཕ་རོལ་པོ་གཞན་དགེ་བ་བྱས་ཤིང་དེ་ལ་འགྱོད་པ་དང་མི་ལྡན་པ་ལ་དགེ་བའི་བྱ་བ་དིས་འགྱོད་དུ་གཞུག་པའི་བསམ་པས་འགྱོད་
Page: 186 པའི་གནས་མ་ཡིན་པ་ལ་འགྱོད་པ་སྐྱེད་པ་གཉིས་པ་ཡིན་ལ་འདི་ལ་འགྱོད་པ་སྐྱེད་ཐུབ་པ་མི་དགོས། ཐེག་ཆེན་ལ་ཞུགས་པ་སེམས་བསྐྱེད་སྐྱེས་ལ་མ་ཉམས་པ་ལ་སྣང་སེམས་ཀྱིས་མི་བསྔགས་པའམ་མི་སྙན་པ་བརྗོད་པ་གསུམ་པ། སེམས་གཞན་གང་ ཡང་རུང་བ་ལ་སྒྱུ་དང་གཡོས་ཉེར་བར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པའམ་བསམ་པ་དྲང་པོས་མི་སྤྱོད་པ་བཞི་པ་ཡིན་ལ་གཡོ་སྒྱུ་ནི་བྲེ་སྲང་ལ་སྒྱུ་བྱེད་པ་སོགས་ལོག་ཐབས་གང་ཡང་རུང་བ་བྱེད་པ་ལྟ་བུ་ཡིན་པར་གསུང་ལ། ཡང་ཀུན་བཏུས་ལས། སྒྱུ་ནི་ཡོན་ ཏན་མེད་བཞིན་དུ་ཡོད་པ་ལྟར་སྟོན་པ་དང་གཡོ་ནི་རང་གི་ཉེས་པ་ཐབས་ཀྱིས་མི་མངོན་པར་བྱེད་པ་ལ་བཤད་དོ། །གཉིས་པ་སྐྱེ་བ་གཞན་དུའང་མི་བརྗེད་པར་མངོན་དུ་འགྱུར་བའི་རྒྱུ་དཀར་པོའི་ཆོས་བཞི་ལ་སློབ་པ་ནི། ནག་ཆོས་དང་པོའི་གཉེན་པོར་སེམས་ཅན་ཡིན་ནོ་ ཅོག་གི་མདུན་དུ་སྲོག་གམ་ཐ་ན་བཞད་གད་ཀྱི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་དུ་མི་སྨྲ་བ་དང་པོ། ནག་ཆོས་བཞི་པའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་གཡོ་དང་སྒྱུས་མ་ཡིན་པར་བསམ་པ་དྲང་པོས་གནས་པ་གཉིས་པ། ནག་ཆོས་གསུམ་པའི་གཉེན་པོར་བྱང་སེམས་ ཐམས་ཅད་ལ་སྟོན་པ་དང་འདྲ་བའི་འདུ་ཤེས་སྐྱེད་ཅིང་དེ་དག་གི་དོན་གནས་ཀྱི་བསྔགས་པ་ཉན་པ་པོ་འོས་སུ་གྱུར་པ་སྐབས་བབ་ཀྱི་ཚེ་ཕྱོགས་བཞིར་བརྗོད་པ་གསུམ་པ། ནག་ཆོས་གཉིས་པའི་གཉེན་པོར་རང་གིས་སྨིན་པར་བྱ་བའི་གདུལ་བྱ་ཉི་ཚེ་བའི་ཐེག་པ་ལ་ མི་འགོད་པར་རྫོཔགས་པའི་བྱང་ཆུབ་ལ་སྦྱོར་བ་བཞི་པའོ། །གསུམ་པ་ཉམས་ན་ཕྱིར་བཅོས་ཚུལ་ལ། དེ་ལྟ་བུའི་ནག་ཆོས་བཞི་ནི་ཚེ་འདིར་སེམས་བསྐྱེར་གཏོང་རྒྱུ་མིན་སྤྱི་སྐྱེ་བ་གཞན་དུ་མངོན་དུ་འགྱུར་བའི་གེགས་ཡིན་པས་དེའི་ཕྱིར་སྐྱེ་བ་གཞན་དུ་སེམས་
Page: 187 ༄༅། །བསྐྱེད་མི་བརྗེད་པར་མངོན་དུ་འགྱུར་བའི་ཆེད་དུ་དེའི་གེགས་ནག་ཚོས་བཞི་ཚེ་འདིར་སྤོང་དགོས་པ་ཡིན་ཏེ༑ལས་སྒྲོན་ལས། འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། ཇི་སྐད་བཤད་པའི་བསླབ་པ་ཡོངས་སུ་བསྲུང་། །ཞེས་གསུངས་ཏེ། ཇི་སྐད་བཤད་པ་ཞེས་པ་འོད་སྲུང་གིས་ཞུས་པའི་མདོ་ལས་ཇི་སྐད་བཤད་པའི་དག་ཆོས་བཞི་སྤོང་བ་དང་དཀར་ཆོས་བཞི་བསྟེན་པའོ། །དོན་འདི་ཉིད་མདོའི་དགོངས་པ་འཁྲུལ་མེད་ཡིན་ཏེ། དེ་ཉིད་ལས། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་། ལྡན་པ་སྐྱེ་བ་ཐམས་ ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འཇུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ་ཞེས་དཀར་ཆོས་བཞིའི་སྐབས་སུ་གསལ་བར་གསུངས་པས་ན་ཚེ་ཕྱི་མའི་དབང་དུ་བྱས་པར་ངེས་སོ། །འོན་ཀྱང་ཚེ་འདིར་ཡང་ནག་ ཆོས་རྣམས་བསྟེན་ན་སེམས་བསྐྱེད་མཐུ་ཆུང་དུ་འགྲོའོ། །དེས་ན་སྨོན་སེམས་བཏང་བ་དང་སེམས་ཅན་བློས་སྤོང་བ་གཉིས་མ་གཏོགས་པའི་བསླབ་བྱ་དེ་དག་ལས་༢གོལ་བ་ནི་སེམས་བསྐྱེད་ཀྱི་གཏོང་རྒྱུ་མ་ཡིན་ཞིང༌། ཇི་སྲིད་འཇུག་པ་སེམས་བསྐྱེད་ཆོ་གས་ མ་བཟུངགི་བར་བྱང་སྒོམ་དང་མི་ལྡན་པས་སྡོམ་པ་དང་འགལ་བའི་ལྟུང་བ་མེད་ཀྱང་བར་མའི་དགེ་བ་ཁས་བླངས་པའི་བསླབ་བྱ་དང་འགལ་བ་ཡོད་པས་ཉེས་སྤྱོད་དུ་འགྱུར་བ་སྟོབས་བཞིས་བཤགས་པར་བྱ་དགོས་ཤིང༌། བྱང་སྡོམ་ཐོབ་ནས་ནི་སྡོམ་པའི་བསླབ་བྱ་དང་ འགལ་བའི་ལྟུང་བར་འགྱུར་བས་ལྟུང་བའི་ཕྱིར་བཅོས་ཇི་ལྟར་གསུངས་པ་ལྟར་བྱས་པས་ཆོག་ཅིང་འཇུག་སྡོམ་གྱི་བསླབ་བྱའི་ནང་དུ་འདུས་ཀྱི་དེ་ལས་ཟུར་དུ་མེད་ལ། འོན་ཀྱང་སེམས་བསྐྱེད་ལན་དྲུག་ལེན་པ་ནི་སྨོན་སེམས་ཀྱི་བསླབ་བྱ་ཐུན་མོང་མ་ཡིན་པ་ཡིན་པར་
Page: 188 གསུངས་སོ། །འགའ་ཞིག་ནག་ཆོས་བཞི། སེམས་ཅན་བློས་སྤོང་། སངས་རྒྱས་སྒྲུབ་མི་ནུས་སྙམ་ནས་སེམས་བསྐྱེད་འདོར་བ་དང་དྲུག་པོ་གང་རུང་བྱུང་བ་འགྱོད་པས་མ་སླེབས་པར་ཐུན་ཚོད་འདས་ན་སྨོན་སེམས་གཏོང་ལ། ཐུན་ཚོད་ཀྱི་ནང་དུ་འགྱོད་པས་སླེབ་ ན་དེ་དག་སེམས་བསྐྱེད་ཉམས་པའི་རྒྱུ་ཙམ་ཡིན་གྱི་གཏོང་རྒྱུ་མིན་ལ། སེམས་བསྐྱེད་ལན་དྲུག་ལེན་པ་ཚོགས་གཉིས་ལ་སློབ་པ་ཉམས་པ་ནི་ཐུན་ཚོད་ལས་འདས་ཀྱང་སེམས་བསྐྱེད་ཉམས་རྒྱུ་ཙམ་ཡིན་གྱི་གཏོང་རྒྱུ་མིན་ནོ། །གཏོང་རྒྱུ་བྱུང་ན་སྨོན་སེམས་ལེན་ པའི་ཆོ་ག་སྐྱོར་དགོས་ལ་ཉམས་རྒྱུ་ཙམ་བྱུང་བ་ལ་ལེན་ཆོག་བསྐྱར་མི་དགོས་ཀྱི་བཤགས་པས་འདག་གོ་ཞེས་སྨྲ་ནའང་། མི་རིགས་ཏེ། སངས་རྒྱས་སྒྲུབ་མི་ནུས་སྙམ་ནས་སེམས་བསྐྱེད་དོར་ཡང་ཐུན་ཚོད་མ་འདས་པར་སེམས་བསྐྱེད་མི་གཏོང་བར་འདོད་པ་ནི་ ཐུན་ཚོད་མ་འདས་གོང་དུ་སེམས་བསྐྱེད་བཏང་ཡང་སེམས་བསྐྱེད་མི་གཏོང་ཞེས་སྨྲས་པའི་དོན་དུ་སོང་བས་དངོས་སུ་འགལ་ལོ། །དེས་ན་དེ་ལྟ་བུའི་སེམས་དེ་སྐྱེས་ན་དེ་མ་ཐག་ནས་གཏོང་བས་ཐུན་ཚོད་ལ་ལྟོས་གཏན་མི་དགོས་སོ། །གཞན་ཡང་གོང་ལྟར་འདོད་ ན། བྱང་སྡོམ་ལྡན་པས་བཞད་གད་ཀྱིས་ཕྱིར་བརྫུན་ཅུང་ཟད་ཙམ་སྨྲས་པ་དང་སེམས་ཅན་ལ་གཡོ་སྒྱུ་ཅུང་ཟད་ཙམ་བྱས་པ་སོགས་ལའང་འགྱོད་པ་མེད་པར་ཐུན་ཚོད་འདས་ན་བྱང་སྡོམ་གཏོང་བར་འགྱུར་ཏེ། དེ་དག་གིས་སྨོན་སེམས་གཏོང་ལ་དེ་བཏང་ན་སྡོམ་པ་ གཏོང་བར་བྱང་ས་དང་བསླབ་བཏུས་གཉིས་ནས་གསུངས་པའོ། །དེ་ལྟར་འདོད་ན་ནི་དེ་དག་ཀྱང་རྩ་ལྟུང་དུ་བཞག་དགོས་ན་དེ་འདྲ་གང་ནས་ཀྱང་མ་བཤད་པས་མི་འཐད་པར་གསུངས་སོ། །དེས་ན་ན་ག་ཆོས་བཞི་སེམས་བསྐྱེད་གཏོང་རྒྱུ་མིན་པར་གོང་དུ་
Page: 189 ༄༅། །བཤད་པ་ལྟར་འདོད་རིགས་སོ། །གཉིས་པ་འཇུག་སྡོམ་བླངས་ནས་དེའིབསླབ་བྱ་ལ་སློབ་ཚུལ་བཤད་པ་ལ་གཉིས། སློབ་དགོས་པའི་ཚུལ། ཇི་ལྟར་སློབ་ཚུལ་ལོ། །དང་པོ་ནི། དེ་ལྟར་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་རྟེན་གྱི་ གཙོ་བོ་སྨོན་སེམས་ལ་བློ་ལེགས་པར་སྦྱངས་ནས་མྱོང་བ་ཅུང་ཟད་སྐྱེས་པ་ན་དེ་ཆོ་གས་བཟུང་ནས་སྨོན་པའི་བསླབ་བྱ་ལ་སློབ་པ་གཞིར་བཞག་ནས། ཕྱིན་དྲུག་སོགས་ཀྱི་བསླབ་བྱ་མཐའ་དག་ལ་བསླབ་དགོས་པའི་རྒྱུ་མཚན་བསླབ་པའི་ཕན་ཡོན་དང་མ་བསླབ་པའི་ ཉེས་དམིགས་རྣམས་ཡང་ཡང་ཡིད་ལ་གོམས་པར་བྱས་ནས་བྱང་སེམས་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་ལ་སློབ་འདོད་ཀྱི་སྤྲོ་ཤུགས་དྲག་པོ་སྐྱེས་པ་ན་། བྱང་སེམས་ཀྱི་སྡོམ་པ་ཆོ་གས་བླངས་ནས་ཕྱིན་ཆད་དེ་དང་འགལ་བའི་ལྟུང་བ་མཐའ་དག་ལ་མི་མཐུན་པར་བལྟས་ ཏེ་དྲན་ཤེས་རྒྱུན་ཆགས་སུ་བསྟེན་ནས་འགོག་ཅིང་ཁྱད་པར་རྩ་ལྟུང་ལ་སྲོག་བསྡོས་བྱས་ཏེ་བསྲུང་བ་དང༌། བསླབ་བྱའི་གནས་མཐའ་དག་ལའང་ནན་ཏན་སྙིང་པོར་བྱས་ནས་བརྩོན་དགོས་ཏེ། སེམས་བསྐྱེད་དང་སྡོམ་པ་བླངས་ཀྱང་བསླབ་པ་ལ་ནན་ཏན་གྱིས་མི་ སློབ་ན་རྫོགས་བྱང་ཐོབ་མི་སྲིད་པའི་ཕྱིར། དེ་ལྟར་འཕགས་པ་སྡོམ་པ་གསུམ་བསྟན་པ་ལས། འོད་སྲུང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་ཞིག་ཆོས་དེ་དག་ཐོས་མ་ཐག་ཏུ་ནན་ཏན་གྱིས་མི་བསྒྲུབ་ན་ དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ནན་ཏན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཀྱི་ནན་ཏན་མེད་པས་ནི་མ་ཡིན་པའི་ཕྱིར་རོ་ཞེས་སོགས་རྒྱ་
Page: 190 ཆེར་གསུངས་པའི་ཕྱིར་རོ། །འདིར་ནན་ཏན་ཞེས་པ་ནི་བསླབ་པ་ལ་སློབ་པ་ལ་ནན་ཏན་སྙིང་པོར་བྱེད་པའོ། །གལ་ཏེ་བྱང་སྡོམ་བཟུང་ནས་དེའི་བསླབ་བྱ་ཉམས་སུ་ལེན་པ་ནི་ཕ་རོལ་དུ་ཕྱིན་པའི་ཐེག་པ་ལ་འཇུག་ན་ཡིན་གྱི་གསང་སྔགས་ཀྱི་སྒོ་ནས་འཇུག་པ་ལ་མི་དགོས་ པས་བྱང་སེམས་ཐམས་ཅད་ཀྱི་ལམ་མིན་ནོ་སྙམ་ན། འདི་ནི་སྔགས་ཀྱི་རྩ་བ་འབྱིན་པའི་ལོག་རྟོག་སྟེ། རྒྱུད་རྡོ་རྗེ་རྩེ་མོ་སོགས་སུ། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །ཞེས་སོགས་སྔགས་ སྡོམ་འཛིན་པ་ན་སེམས་བསྐྱེད་ནས་ཚུལ་ཁྲིམས་གསུམ་ལ་སློབ་པར་ཁས་ལེན་པ་དང་སྦྲེལ་ནས་རིགས་ལྔའི་སྡོམ་པ་འཛིན་དགོས་པར་གསུངས་པ་དང༌། དཀྱིལ་ཆོག་ཚད་ལྡན་དུ་མར་ཡང་ཐུན་མོང་དང་ཐུན་མོང་མིན་པའི་སྡོམ་པ་གཉིས་འཛིན་དགོས་པར་གསུངས་ པའི་ཐུན་མོང་བ་ནི་བྱང་སྡོམ་ཡིན་པའི་ཕྱིར་དང༌། སེམས་བསྐྱེད་ནས་བྱང་སེམས་ཀྱི་བསླབ་པ་བཟུང་སྟེ་ཁས་བླངས་པ་ལྟར་ཚུལ་ཁྲིམས་གསུམ་དང་ཕྱིན་དྲུག་སློབ་པ་ལས་གཞན་པའི་༣ལམ་ཕར་ཕྱིན་ཐེག་པ་ལའང་མེད་ཅིང་ཚུལ་དེ་ནི་སྔགས་ཀྱི་རྒྱུད་སྡེ་བཞི་གང་ གི་སྒོར་འཇུག་ཀྱང་ངེས་པར་དགོས་པའི་ཕྱིར་སེམས་བསྐྱེད་དང་ཕྱིན་དྲུག་གི་ལམ་ནི་རྡོ་རྗེ་ཐེག་པ་དང་ཕར་ཕྱིན་ཐེག་པ་གཉིས་ཀའི་ལམ་ཐུན་མོང་བ་ཡིན་པས་སྔགོས་ཀྱི་ཐེག་པ་བདག་གིས་རྣམ་པ་ཐམས་ཅད་དུ་འདོར་དུ་མི་རུང་ངོ༌། །དེ་ལྟར་ཡང་འཇམ་དཔལ་རྩ་རྒྱུད་ ལས། ཆོས་གསུམ་དང་ལྡན་ན་སྔགས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། གསུམ་པོ་གང་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཉིད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བསྲུང་པ་དང་རང་གི་སྔགས་ཡོངས་སུ་མི་གཏོང་བ་ཉིད་
Page: 191 ༄༅། །དོ། །ཞེས་དང༌། རྩེ་མོ་ལས། ཕ་རོལ་ཕྱིན་དྲུག་སྤྱོད་པ་ལ། །གོ་རིམ་བཞིན་དུ་བསླབ་པར་བྱ། །སེམས་ཅན་གྱི་ནི་དོན་ལྡན་པས། །བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད། ཅེས་གསུངས་ལ་དེ་བཞིན་དུ་རྒྱུད་གཞན་དུ་མ་ལས་ཀྱང་གསུངས་སོ། །དེས་ ན་ཐེག་པ་དེ་གཉིས་ལ་གནང་བཀག་མི་འདྲ་བ་འགའ་རེ་ཡོད་ཀྱང་ཕལ་ཆེར་མཐུན་པ་ཡིན་པས་དེ་གཉིས་ཕན་ཚུན་ཚ་གྲང་ལྟར། འགལ་བར་མི་འཛིན་པར་དེ་གཉིས་གང་གི་སྒོར་འཇུག་ཀྱང་སྡོམ་པ་འདི་ངེས་པར་གཟུང་དགོས་པར་ཤེས་པར་བྱའོ། །གཉིས་པ་ཇི་ ལྟར་སློབ་ཚུལ་ལ་གསུམ། ༡བླང་བྱའི་ཚུལ་ཁྲིམས། བླང་བྱའི་ཚུལ་ཁྲིམས། སྡོམ་པ་ལེན་ཚུལ། བླངས་ནས་ཇི་ལྟར་བསྲུང་ཚུལ་ལོ། །དང་པོ་ལ་གསུམ་ལས། དང་པོ་དབྱེ་བ་ལའང༌། རྟེན་གྱི་སྒོ་ནས་དབྱེ་ན། བྱིམ་པའི་རྟེན་ཅན་གྱི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང༌། རབ་ བྱུང་གི་རྟེན་གྱི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གཉིས་ཡོད་ལ། ངོ་བོའི་སྒོ་ནས་དབྱེ་ན། སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ཡོད་ལ་བསྲུང་བྱའི་ཚུལ་ཁྲིམས་ཐམས་ཅད་ཀྱང་གསུམ་ པོ་འདིར་འདུས་སོ། །དེའི་ཕྱིར་དེ་གསུམ་དུ་གྲངས་ངེས་ཏེ། བྱང་སེམས་ཀྱི་བྱ་བ་མཐའ་དག་ནི་རང་དང་གཞན་གྱི་རྒྱུད་སྨིན་པར་བྱེད་པ་གཉིས་སུ་ངེས་ལ། དེ་ཡང་རང་རྒྱུད་སྨིན་བྱེད་ལ་ཉེས་སྤྱོད་སྤོང་བ་དང་ལེགས་སྤྱོད་བསྡུ་བ་གཉིས་སུ་ངེས་པའི་ཕྱིར་དེའི་དབང་དུ་ བྱས་ནས་ཚུལ་ཁྲིམས་དང་པོ་གཉིས་བཞག་ལ། གཞན་རྒྱུད་སྨིན་བྱེད་ཀྱི་དབང་དུ་བྱས་ནས་ཚུལ་ཁྲིམས་ཕྱི་མ་བཞག་པའི་ཕྱིར་རོ། །དེ་གསུམ་གྱི་གོ་རིམ་ཡང་དེ་ལྟར་ངེས་ཏེ། ཉན་ཐོས་དང་ཐུན་མོང་བ་སྡོམ་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཕྱི་མ་གཉིས་ཀྱི་
Page: 192 གཞི་རྟེན་ཡིན་ཞིང་། མདོ་ལས་བདག་མ་གྲོལ་བས་གཞན་དགྲོལ་བར་མི་རིགས་བདག་མ་ཞི་བས་གཞན་ཞི་བར་མི་འགྱུར་ཞེས་གསུངས་པ་ལྟར་རང་རྒྱུད་ལ་ཉེས་སྤྱོད་སྡོམ་པ་དང་དགེ་བ་སྡུད་པ་དང་པོར་མ་བྱས་པར་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་བྱེད་མི་ནུས་པའི་ ཕྱིར་རོ། །གཉིས་པ་ཚུལ་ཁྲིམས་གསུམ་གྱི་རང་བཞིན་ལ་གསུམ་ལས། སྡོམ་པའི་ཚུལ་ཁྲིམས་ཀྱི་རང་བཞིན་ནི། །བྱང་སེམས་རབ་བྱུང་གི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་ཀྱིས་ཡང་དག་པར་ཟིན་པའི་རབ་བྱུང་སྡེ་ལྔའི་༌་སྡོམ་པ་གང་རུང་དང༌། བྱང་སྡོམ་ལྡན་པའི་ ཁྱིམ་པ་ཡིན་ན་དེའི་རྒྱུད་ཀྱི་དགེ་བསྙེན་ཕ་མའི་སྡོམ་པ་གང་རུང་དང༌། ལྷ་ལྟ་བུ་སོ་ཐར་གྱི་རྟེན་དུ་མི་རུང་བའི་བྱང་སྡོམ་ལྡན་པ་ཡིན་ན་དེའི་རྒྱུད་ཀྱི་མི་དགེ་བཅུ་སྤོང་ངམ་ལུས་ངག་གི་མི་དགེ་བ་བདུན་སྤོང་བ་ལྟ་བུ་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི་ཚུལ་ཁྲིམས་སོ་ཐར་དང་ ཐུན་མོང་དུ་གྱུར་པ་རྣམས་སོ། །རྒྱུ་མཚན་དེ་ལྟ་བུ་རྣམས་ལ་དགོངས་ནས། ལམ་སྒྲོན་ལས། སོ་སོར་ཐར་པ་རིས་བདུན་གྱི། །རྟག་ཏུ་སྔོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས། འོན་ ཀྱང་བྱང་སྡོམ་གྱི་རྟེན་དུ་སོ་ཐར་རིས་བདུན་ངེས་པར་དགོས་པ་དང་བྱང་སྡོམ་དང་སོར་སྡོམ་རྣམ་པ་ཀུན་ཏུ་མི་འགལ་བར་འདོད་པ་ནི་མིན་ཏེ། དེ་ལྟར་ཡིན་ན་ལུང་རིགས་དང་འགལ་བའི་སྐྱོན་ཡོད་པའི་ཕྱིར་ཏེ་འོག་ཏུ་འཆད་དོ། །དེས་ན་ལུང་དེའི་དོན་ཇོ་བོ་ཉིད་ཀྱིས་མཛད་པའི་ གཞུང་དེའི་འགྲེལ་བའི་མཚམས་སྦྱོར་དུ། ད་ནི་ཚུལ་ཁྲིམས་ཀྱི་སྡོམ་པའི་རྟེན་ཁྱད་པར་ཅན་བསྟན་པར་འདོད་ནས་ཞེས་གསུངས་པ་ལྟར་ལས་དང་པོ་བ་ལ་སོ་ཐར་རིས་བདུན་གང་རུང་ཅིག་མེད་ན་བྱང་སེམས་ཀྱི་སྡོམ་པ་ཙམ་དང་དེ་ཁྱད་པར་བ་གཉིས་སུ་ཕྱེ་བའི་ནང་ནས་
Page: 193 ༄༅། །ཁྱད་པར་ཅན་སྐྱེ་བའི་སྐལ་བ་མེད་ཅེས་བསྟན་ནས་བྱང་སྡོམ་སྐྱེ་བའི་རྟེན་ཁྱད་པར་ཅན་ངོས་འཛིན་པ་ཡིན་གྱི་རྟེན་ཙམ་ངོས་འཛིན་པ་མིན་ལ་དེ་བཞིན་དུ་སོ་ཐར་དང་ཐུན་མོང་བ་རང་བཞིན་གྱི་༌ཁ་ན་མ་ཐོ་སྤོང་བ་མེད་ན་བྱང་སྡོམ་ཙམ་ཡང་སྐྱེ་བའི་ སྐལ་བ་མེད་ཅེས་སྟོན་པའང་ཡིན་གྱི་རིས་བདུན་མཚན་ཉིད་པ་ཅིག་མེད་ན་བྱང་སྡོམ་མི་སྐྱེ་བར་སྟོན་པ་མིན་ནོ། །དོན་འདི་ལ་སྔོན་དུས་སུ་ལུགས་གཉིས་བྱུང་བར་གསུངས་ཏེ། བྱང་སྡོམ་སྐྱེ་བ་དང་གནས་པ་ལ་སོ་ཐར་རྟེན་དུ་དགོས་པར་བཞེད་པ་རྟེན་ཅན་པ་དང༌། སོ་ཐར་ གང་ཡིན་ཉན་ཐོས་ཀྱི་ཡིན་པར་བཟུང་ནས་བྱང་སྡོམ་གྱི་གེགས་སུ་འདོད་པའི་རྟེན་མེད་པ་གཉིས་བྱུང་ལ། རྟེན་ཅན་པ་དག་འདི་སྐད་སྨྲ་སྟེ་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ཞེས་གསུངས་པས་ཐེག་པ་ཆེ་ཆུང་གཉིས་ཀའི་སོ་ཐར་རིས་བདུན་བདུན་ཡོད་ལ་གཞན་ལ་ གནོད་པ་ལས་ལོག་པའི་སོ་ཐར་རིས་བདུན་སྤྱི་ཙམ་པ་ཞིག་རྟེན་དུ་དགོས་ཏེ་ཕན་འདོགས་པ་ལ་བནོད་པ་ལས་ལོག་པས་ཁྱབ་པས་སོ་ཞེས་སོགས་ཟེར། འོན་ཀྱང་དེ་མི་རིགས་ཏེ། སོ་ཐར་རིས་བདུན་གང་རུང་བྱུངསྡོམ་སྐྱེ་བའི་རྟེན་དུ་ངེས་བར་དགོས་ན་བྱང་སྡོམ་སྐྱེ་ བའི་ལྷ་མི་སྲིད་པར་ཐལ་བ་དང་། གནས་པའི་རྟེན་དུ་དགོས་པ་དང་ཤི་འཕོས་པས་ཀྱང་མི་གཏོང་བའི་རྒྱུན་ཆབཔ་ཡིན་ན་ལྷ་དང་དུད་འགྲོའི་དགེ་སློང་སོགས་ཀྱང་སྲིད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེས་ན་བྱང་སྡོམ་སྐྱེ་བ་སོགས་ཀྱི་རྟེན་དུ་སོ་ཐར་རིས་ བདུན་དགོས་པར་མ་ངེས་ཏེ། བྱང་ས་ལས། དེའི་ཕྱིར་སོ་སོ་ཐར་པའི་སྡོམ་པ་གཞན་དང་ལྡན་པ་འདིས་ཞེས་སོགས་ཀྱི་ལུང་གིས། སོ་ཐར་རིས་བདུན་གང་རུང་དང་ལྡན་པའི་ལེན་པ་པོ་ནི་མཆོག་ཡིན་ཞིང་དེ་ལ་སྲོག་གཅོད་སྤོང་བ་ལྟ་བུའང་དེའི་ནང་དུ་འདུས་པས་དེ་
Page: 194 སྤོང་བ་ཁས་ལེན་པ་ཟུར་དུ་མི་དགོས་ལ། སོར་སྡོམ་དང་མི་ལྡན་ན་སྔོན་དུ་སྲོག་གཅོད་སྤོང་བར་ཁས་བླངས་ཏེ་དེ་ནས་བྱང་སྡོམ་སྦྱིན་དགོས་ཀྱི། དེ་ཙམ་ལས་ཀྱང་ལྡོག་འདོད་མེད་པ་ལ་བྱང་སྡོམ་མི་སྐྱེ་བས་ཞེས་གསལ་བར་གསུངས་པས་ན་སོ་ཐར་རིས་བདུན་གང་ རུང་བྱང་སྡོམ་གྱི་རྟེན་དུ་ངེས་པར་དགོས་པ་བྱང་སའི་ལུགས་མ་ཡིན་པར་གྲུབ་ལ། བྱང་སའི་རྗེས་སུ་འབྲང་ནས་བྱང་སྡོམ་གྱི་རྣམ་གཞག་འཆད་པའི་ཐུབ་པ་དགོངས་རྒྱན་ལས་ཀྱང་སོ་ཐར་རིས་བདུན་གང་རུང་སྔོན་དུ་མ་སོང་ན་བྱང་སྡོམ་མི་སྐྱེ་ཟེར་བ་ཐེག་པ་ཆེན་པོ་ལ་ ཡོངས་སུ་ངལ་བ་མ་བྱས་པ་ཡིན་པ་སོགས་གསུངས་ལ། །དགེ་བཤེས་ཤ་ར་བའི་ལམ་རིམ་དུ་ཡང་། བྱང་ས་ལས་སྦོམ་པའི་ཚུལ་ཁྲིམས་སོ་ཐར་རིས་བདུན་ཡིན་པར་གསུངས་ཀྱི་དེ་སྔོན་དུ་མ་སོང་བ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་མི་སྐྱེ་བར་གསུངས་པ་མེད་དོ། ། གལ་ཏེ་མི་སྐྱེ་ན། སྨོན་སེམས་མེད་ན་སྡོམ་པ་མི་སྐྱེ་བས་བྱང་ཆུབ་སེམས་དཔའ་ཡིན་ནམ་བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ་ཞེས་གསུངས་པ་བཞིན་དུ། སོ་སོ་ཐར་བ་དང་ལྡན་ནམ་ཞེས་ཀྱང་གསུངས་རིགས་ཏེ་དེ་མེད་ན་མི་སྐྱེ་བར་མཚུངས་པའི་ཕྱིར་ཞེས་ སོགས་གསུངས་པས་ན་འཕགས་པ་ཐོགས་མེད་ཀྱི་ལུགས་ལ་བྱང་སྡོམ་གྱི་རྟེན་དུ་རིས་བདུན་ངེས་པར་སྔོན་དུ་འགྲོ་དགོས་པས་མ་ཁྱབ་པར་ངེས་སོ། །རྟེན་མེད་བདག་ཀྱང་འདི་སྐད་ཟེར་ཏེ། རང་དོན་ཡིད་བྱེད་ཀྱི་བསམ་པ་མ་ལོག་ན་བྱང་སྡོམ་མི་སྐྱེ་ལ། བྱང་ སེམས་ཀྱི་སྡོམ་ལྡན་ལ་བསམ་པ་དེ་སྐྱེས་ན་བྱང་སྡོམ་གཏོང་བའི་ཕྱིར་སོར་སྡོམ་ནི་བྱངསྡོམ་མ་སྐྱེས་པ་སྐྱེ་བའི་གེགས་ཀྱང་ཡིན་ལ་སྐྱེས་ཟིན་གནས་པའི་གེགས་ཀྱང་ཡིན་ནོ་ཞེས་འཆད་དོ། །དེ་ནི་སོར་སྡོམ་དང་ཐེག་དམ་གྱི་བསམ་པ་གཉིས་སོ་སོར་མ་ཕྱེད་
Page: 195 ༄༅། །པའི་འཁྲུལ་བ་སྟེ། ལུས་ངག་གི་ཉེས་སྤྱོད་སྤོང་བའི་སེམས་པ་རང་དོན་ཡིད་བྱེད་དང་དོན་གཅིག་པར་བཟུང་བས་སོ། །དེས་ན་བྱང་སྡོམ་སྐྱེ་བ་ལ་ཐེག་དམན་གྱི་བསམ་པ་བཏང་བ་དགོས་ཀྱང་སོ་ཐར་བཏང་བ་མི་དགོས་ལ། བྱང་སྡོམ་ལྡན་ པས་ཐེག་དམན་གྱི་བསམ་པ་བསྐྱེད་ན་ཐེག་ཆེན་ལས་ཉམས་ནའང་སོ་ཐར་མི་གཏོང་སྟེ་དེ་དེའི་གཏོང་རྒྱུ་མིན་པའི་ཕྱིར་དང་སོ་ཐར་ཐེག་པ་ཆེ་ཆུང་གཉིས་ཀའི་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེར་མ་ཟད་དགེ་སློང་གི་སྡོམ་པ་སྔགས་སྡོམ་སྐྱེ་བའི་རྟེན་མཆོག་ ཏུ་གྱུར་པ་ཡིན་པ་སོགས་དུས་འཁོར་རྩ་རྒྱུད་ལས་གསུངས་པས་སྡོམ་པ་གོང་མ་ལ་གནས་པར་རློམ་ནས་འོག་མ་འདོར་བར་བྱེད་པ་ནི་བསྟན་པའི་རྩ་བ་གཅོད་བྱེད་ཀྱི་ལོག་རྟོག་ཤིན་ཏུ་ཆེ་བ་ཡིན་ལ། འདི་ལྟ་བུའི་ལོག་རྟོག་འབྱུང་བ་བཟློག་པའི་ཕྱིར་དུ་འཕགས་ པ་སྡོམ་པ་གསུམ་བསྟན་པའི་མདོ་ལས། དེས་ཇི་སྐད་དུ་བསྟན་པའི་སོ་སོར་ཐར་པ་དང་མཐུན་པར་བྱའོ། །འོད་སྲུངས་གང་དག་སོ་སོར་ཐར་པ་དང་མི་མཐུན་པར་བྱ་བར་སེམས་པ་དེ་དག་ནིསངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་དང་མི་མཐུན་པར་བྱ་བར་ སེམས་པའོ། །ཞེས་སོགས་དེའི་ཉེས་དམིགས་བཅས་གསུངས་པ་དང༌། དཔུང་བཟང་གིས་ཞུས་པ་ལས་ཀྱང་། ཇི་ལྟར་ལོ་ཐོག་ཐམས་ཅད་ས་ལ་ནི། ཞེས་སོགས་དང༌། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཞེས་སོགས་གསུངས་ཏེ་འདི་དག་རྒྱས་པར་བྱང་སའི་ ཚུལ་ཁྲིམས་ལེའུའི་རྣམ་བཤད་ལས་ཤེས་པར་བྱའོ། །འགའ་ཞིག་གིས་བྱང་སྡོམ་ལ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོགས་གསུམ་དུ་དབྱེར་ཡོད་པར་འདོད་ནའང་མི་ལེགས་ཏེ། བྱང་སྡོམ་ལེན་དུས་ཚུལ་ཁྲིམས་གསུམ་ལ་སློབ་པར་ཁས་བླངས་པའི་སྒོ་ནས་ལེན་པ་ཡིན་
Page: 196 ཀྱང་ཚུལ་ཁྲིམས་གསུམ་རེ་རེ་ནས་བྱང་སྡོམ་དུ་འཇོག་མི་རིགས་པའི་ཕྱིར། སྡོམ་པའི་ཚུལ་ཁྲིམས་ཉིད་བྱང་སྡོམ་ཡིན་མོད་སྙམ་ན་མིན་ཏེ། དེ་ལྟ་ན་དགེ་སློང་བྱང་སྡོམ་ལྡན་པའི་རྒྱུད་ཀྱི་སྡོམ་པའི་ཚུལ་ཁྲིམས་ཉིད་བྱང་སྡོམ་ཡིན་དགོས་པ་ལས་དེ་མ་ཡིན་པའི་ ཕྱིར་ཏེ་དེ་ཉིད་སོ་སོ་ཐར་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར། འོན་ཀྱང་སྡོམ་པའི་ཚུལ་ཁྲིམས་གང་ཡིན་སོ་ཐར་དུ་འཇོག་མི་རུང་སྟེ་ལྷའི་རྟེན་ཅན་གྱི་བྱང་སེམས་ཀྱི་རྒྱུད་ཀྱི་སྡོམ་པའི་ཚུལ་ཁྲིམས་ཡོད་པས་སོ། །དེས་ན་སོ་སོ་ཐར་པའི་བཅས་པ་རྣམས་ནི་བྱང་ཆུབ་སེམས་དཔའི་ སྡོམ་ལྡན་རབ་ཏུ་བྱུང་བའི་བསླབ་བྱའི་ཕྱོགས་གཅིག་ཡིན་པས་བྱང་ཆུབ་སེམས་དཔའི་བསླབ་བྱ་ལས་ཟུར་ན་ཡོད་པ་མ་ཡིན་ལ། ཚུལ་ཁྲིམས་གསུམ་གྱི་ནང་ནས་ཀྱང་སྡོམ་པའི་ཚུལ་ཁྲིམས་སོ་ཐར་གྱི་བཅས་པ་དངོས་སམ་དེ་དང་ཐུན་མོང་བ་ལ་འཇུག་ལྡོག་བྱེད་པ་ཉིད་བྱང་ཆུབ་ སེམས་དཔའ་ལ་ཐོག་མར་གལ་ཆེ་སྟེ་བསྲུངས་ན་གཞན་དག་ཀྱང་བསྲུངས་པར་འགྱུར་ལ་དེ་མ་བསྲུངས་ན་གཞན་དག་ཀྱང་མ་བསྲུངས་པར་འགྱུར་བས་བྱང་སེམས་ཀྱི་སྡོམ་པའི་ཚུལ་ཁྲིམས་ཉམས་ན་སྡོམ་པ་ཐམས་ཅད་ཉམས་པ་ཡིན་པར་བསྡུ་བ་ལས་གསུངས་སོ། །དགེ་བ་ཆོས་ སྡུད་ཀྱི་ཚུལ་ཁྲིམས་ཀྱི་རང་བཞིན་ནི། མདོར་ན་བྱང་སེམས་ཀྱི་སྡོམ་པ་ཡང་དག་པར་བླངས་པའི་འོག་ཏུ་དེའི་རྒྱུད་ཀྱི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱིས་ཡང་དག་པར་ཟིན་པའི་སྒོ་ནས་ཐར་ཕྱིན་དྲུག་ལ་སོགས་པ་སྒོ་གསུམ་གྱིས་དགེ་བ་བསགས་པ་གང་ཅི་ཡང་རུང་བ་དེ་དག་ ཐམས་ཅད་དོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱི་རང་བཞིན་ནི། མདོར་བསྡུ་ན་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། བྱང་སྡོམ་
Page: 197 ༄༅། །ཡང་དག་པར་ཐོབ་ནས་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་གྲོགས་བྱ་དགོས་པ་དང་ཐབས་ལ་རྨོངས་པ་དང་ཕན་འདོགས་པ་དང་འཇིགས་པས་ཉེན་པ་དང་མྱ་ངན་གྱིས་གཟིར་པ་དང་ཡོ་བྱད་ཀྱིས་ཕོངས་པ་དང་གནའ་འཆའ་བར་ འདོད་པ་དང་བློ་མཐུན་པར་འདོད་པ་དང་ཡང་དག་པར་ཞུགས་པ་དང་། ལོག་པར་ཞུགས་པ་དང་རྫུ་འཕྲུལ་གྱིས་གདུལ་བར་བྱ་བ་རྣམས་ཀྱི་དོན་ཇི་ལྟར་རིགས་པ་བསྒྲུབ་པའོ། །གསུམ་པ་ཕུན་སུམ་ཚོགས་པའི་རྒྱུ་ནི། དུས་གསུམ་གྱི་འདོད་པ་ལ་མི་ལྟ་བ་ སོགས་དང་ཕྱིན་དྲུག་གི་མི་མཐུན་ཕྱོགས་དང་དུ་མི་ལེན་པ་དང་གཞན་གྱི་བྱ་བ་བྱེད་པའི་གྲོགས་བྱེད་པ་སྡུག་བསྔལ་བའི་གྲོགས་བྱེད་པ་སོགས་གསུམ་ནི་རིམ་པར་ཚུལ་ཁྲིམས་གསུམ་ཕུན་སུམ་ཚོགས་པར་བྱེད་པའི་རྒྱུ་ཡིན་ནོ། །དེ་ཡང་བྱང་སེམས་དེའི་རྒྱུད་ལ་ སྡོམ་པའི་ཚུལ་ཁྲིམས་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གཉིས་དང་ལྡན་ན་དུས་དེའི་ཚེ་དངོས་སུ་སྤང་བྱ་སྡོམ་པའི་སེམས་པ་དང་བྱ་བ་བྱེད་པའི་གྲོགས་བྱེད་པ་སོགས་སེམས་ཅན་གྱི་དོན་དངོས་སུ་བྱེད་པའི་སེམས་པ་ཡོད་མི་དགོས་ཏེ། སེམས་གཞན་ དུ་གཡེངས་པ་དང་གཉིད་ལོག་པའི་ཚེ་ཡང་ཚུལ་ཁྲིམས་དེ་གཉིས་ཡོད་པར་དངོས་སུ་བྱང་ཆུབ་གཞུང་ལམ་ལས་དངོས་སུ་གསུངས་པའི་ཕྱིར། དེས་མཚོན་ནས་བྱང་ཆུབ་ཀྱི་སེམས་མ་ཉམས་པར་རྒྱུད་ལ་ལྡན་བཞིན་པའི་ཚེ་ཡང་སེམས་ཅན་དོན་དུ་རྣམ་མཁྱེན་དོན་ གཉེར་གྱི་དྲན་འདུན་དུ་རེ་བ་དངོས་སུ་ཡོད་མི་དགོས་ཏེ། དེ་ལྟ་ན་འོག་ནས་འཆད་པའི་རྩ་ལྟུང་འབྱུང་དོན་མེད་པའི་ཕྱིར་རོ། །༢སྡོམ་པ་ལེན་ཚུལ། གཉིས་པ་སྡོམ་པ་ལེན་ཚུལ་ནི། ཇོ་བོས་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་སོ་སོར་མཛད་ལ་དེ་ཡང་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་
Page: 198 མེད་གཉིས་དང་རྒྱལ་སྲས་ཞི་བའི་ལྷ་དང་གསུམ་ཀའི་ལུགས་ཡིན་པར་ལམ་སྒྲོན་འགྲེལ་པར་གསུངས་པས་ན་ཀླུ་ཐོགས་གཉིས་སྡོམ་པ་ལེན་པའི་ཆོ་ག་ལ་དོན་ལ་ཁྱད་པར་མེད་དོ། །ལུགས་དེ་གཉིས་ལ་དབུ་མ་ལུགས་དང་སེམས་ཙམ་ལུགས་ཀྱི་ཐ་སྙད་མཛད་པ་ སོགས་མི་འཐད་པར་དགེ་བཤེས་ཤ་ར་བའི་ལམ་རིམ་དུ་བཤད་དོ། དེ་ཉིད་ལས། ལྟ་བ་ཐ་དད་པས་ཀྱང་ཁྱད་པར་དེ་དག་སྒྲུབ་པར་མི་ནུས་པས་དབུ་མ་པ་དང་སེམས་ཙམ་གྱི་སེམས་བསྐྱེད་པ་གཉིས་མི་མཐུན་པར་འདོད་པ་གཞུང་གི་དགོངས་པ་མ་ཡིན་ནོ། །ཞེས་དང་། འཕགས་པ་ཐོགས་མེད་ཀྱིས་གསུངས་པའི་ཆོ་ག་སེམས་ཙམ་ཁོ་ནའི་ལུགས་སུ་ངེས་ན་དབུ་མ་པས་དེ་མི་བྱེད་པར་འགྱུར་ན། ཇོ་བོ་རྗེ་དབུ་མ་པ་ཡིན་ཡང་ཆོ་ག་དེའི་ལུགས་སུ་མཛད་པ་དང་། སློབ་དཔོན་ཀ་མ་ལ་ཤི་ལས་སྒོམ་རིམ་བར་པ་ལས་ཚུལ་ཁྲིམས་ལེའུ་ལས་ བསྟན་པའི་ཆོ་གས་སེམས་བསྐྱེད་པར་བཤད་པས་ལུགས་ངེས་པ་མེད་པར་གསལ་ལོ། །ཞེས་གསུངས། གཞན་ཡང་སློབ་དཔོན་བྱང་ཆུབ་བཟང་པོ་དང་མཁས་པ་ཆེན་པོ་ཨ་བྱཱ་ཀ་རས་ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་བསྲེས་ནས་མཛད་པ་དང་། གཞན་དག་ དབུ་མ་ལུགས་ཀྱི་ཕྱོགས་སུ་འདོད་པའི་སློབ་དཔོན་ཇོ་ཏ་རིས་ཀྱང་སྨོན་སེམས་དང་སྡོམ་པ་བཟུང་བའི་རིམ་པ་གཉིས་མཛད་ལ། མདོ་ཀུན་བཏུས་ཀྱི་འགྲེལ་པ་དང་སྤྱོད་འཇུག་གི་འགྲེལ་བར་ནག་པོ་བས་ཀྱང་སྨོན་འཇུག་གི་ཆོ་ག་སོ་སོ་པའི་རྣམ་གཞག་མཛད་པ་ ལྟར་བཀའ་གདམས་གོང་མའི་བཤེས་གཉེན་རྣམ་པ་ཕྱག་ལེན་ལ་སྨོན་སེམས་ཆོ་གས་སྔོན་དུ་བླངས་ནས་བརྟན་པར་བྱས་ཏེ་ཕྱིས་སྡོམ་པའི་ཆོ་ག་མཛད་པ་ནི་སྡོམ་པ་བརྟན་པར་འགྱུར་བའི་ཐབས་བཟང་པོ་བླ་མེད་ཡིན་པར་རྗེ་རིན་པོ་ཆེ་ཙོང་ཁ་པས་གསུངས་སོ། །དེ་
Page: 199 ༄༅། །ནས་བྱང་སྡོམ་མམ་འཇུག་སྡོམ་ལེན་པ་ལ། སོ་ཐར་དང་སྔགས་ཀྱི་སྡོམ་པ་གཉིས་བླ་མ་མེད་པར་བླངས་ཐབས་མེད་ནའང་དེ་དག་དང་མི་འདྲ་བར་འདིར་བླ་མ་ཡོད་པའི་ཆོ་ག་དང་མེད་པའི་ཆོ་ག་གཉིས་གསུངས་པ་ལས། དང་པོ་ནི། སྡོམ་ པ་ལེན་པར་འདོད་པའི་བྱང་སེམས་ཀྱིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་ཆེན་དང༌། སྡེ་སྣོད་ཀྱི་མ་མོ་བྱང་ས་དང༌། དེ་ཙམ་མ་ནུས་ན་མ་མོ་བསྡུས་པ་བྱང་སའི་ཚུལ་ཁྲིམས་ལེའུ་ཙམ་རེ་ངེས་པར་མཉན་ནས་བསྲུང་ནུས་མི་ནུས་ལེགས་པར་བརྟགས་ནས་སྤྱོད་ པ་ལ་སློབ་པར་ནུས་ན་བྱང་སྡོམ་བླང་བར་བྱ་ཞིང་མི་ནུས་ན་བླང་བར་མི་བྱ་བའི་ཚུལ་ནི། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་འདི་ལྟར་བྱ་བ་མང་བ་བྱེད་པ་མང་བས་ཉིན་མཚན་དུ་སྦྱིན་པ་ནས་ཤེས་རབ་ཀྱི་བར་ལ་སློབ་པར་མི་ནུས་ཏེ། དེ་ བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དང་བ་དང་དོན་དུ་གཉེར་བ་དང་སྨོན་པ་རྟག་པ་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་སྒོམས་ཤིག་ཅེས་སོགས་བསླབ་བྱ་ལ་སློབ་མི་ནུས་ན་སེམས་བསྐྱེད་པ་ཙམ་ལའང་བསོད་ནམས་མང་པོ་འགྲུབ་པར་ གསུངས་ལ། སྒོམ་རིམ་དང་པོ་ལས་ཀྱང་དེ་ཉིད་ཁོངས་སུ་མཛད་ནས། གང་ཕ་རོལ་དུ་ཕྱིན་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་ཐམས་ཅད་ཀྱིས་སློབ་པར་མི་ནུས་པ་དེས་ཀྱང་འབྲས་བུ་ཆེ་བའི་ཕྱིར་ཐབས་ཀྱིས་ཡོངས་སུ་ཟིན་པར་སེམས་བསྐྱེད་པར་བྱ་སྟེ་ཞེས་ བསླབ་བྱ་ལ་མི་སློབ་པ་ལ་སེམས་བསྐྱེད་བྱ་རུང་བ་དང་སྡོམ་པ་བཟུང་དུ་མི་རུང་བར་ཆེས་གསལ་བར་གསུངས་སོ། །སྨོན་སེམས་ཀྱི་བསླབ་བྱ་ལ་སློབ་ནུས་མི་ནུས་གཉིས་ཀས་ཀྱང་དེ་ཆོ་གའི་སྒོ་ནས་འཛིན་རུང་ཡང་འཇུག་སེམས་ཆོ་གས་ལེན་པ་ལ་བསླབ་བྱ་ལ་
Page: 200 ཡེ་མི་སློབ་ན་རྣམ་པ་ཐམས་ཅད་དུ་བྱ་མི་རུང་བར་གསུངས་ལ། དེའི་ཕྱིར་སྡོམ་པ་ཡང་དག་པར་བླང་བར་འདོད་པའི་བྱང་སེམས་ལ་བློ་བརྟན་པར་བྱ་བའི་སློབ་དཔོན་གྱིས་སྡོམ་པ་སྤྲིན་པའི་སྔ་རོལ་ནས་བྱང་སེམས་ཀྱི་བསླབ་གཞི་རྣམས་དང་ཉེས་པའི་གནས་གང་དག་ བྱང་སེམས་ཀྱི་སྡེ་སྣོད་དག་ལས་བསྟན་པ་དེ་དག་བསྒྲུབ་པར་བྱས་ནས་ནུས་སམ་མི་ནུས་སྙིང་ནས་བརྟགས་ཤིང་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་སྡོམ་པ་ལེན་པ་ལ་སྤྲོ་བར་གྱུར་ལ། རང་མི་འདོད་བཞིན་དུ་ཕ་རོལ་བོས་ཡང་དག་པར་འཛིན་དུ་བཅུག་པའི་ ཕྱིར་ཡང་མ་ཡིན་ཕ་རོལ་པོ་དང་འགྲན་པའི་ཕྱིར་ཡང་མ་ཡིན་ན་བྱང་སེམས་བརྟན་པོར་རིག་པར་བྱ་སྟེ་དེ་ལ་བྱང་སྡོམ་འདི་ཡང་དག་པར་སྦྱིན་པར་གསུངས་ཤིང་། འདི་འདུལ་བ་དང་མི་འདྲ་བས་སྡོམ་པ་མ་བཟུང་བའི་གོང་དུ་བསླབ་བྱ་རྣམས་མཐའ་དག་ལེགས་ པར་མཉན་ནས་ཤེས་པར་བྱ་ལ་དེ་དག་ལ་སློབ་འདོད་སྦྱངས་པས་བསླབ་པ་ལ་བློ་བརྟན་པར་གྱུར་པ་ན་བླང་བར་བྱ་སྟེ་བསམ་པ་དེ་དག་དང་ལྡན་ན་སྡོམ་པ་སྐྱེའི་མི་ལྡན་ན་མི་སྐྱེ་བར་བསྡུ་བ་ལས་གསུངས་ལ། །བྱང་སེམས་ཀྱི་བསླབ་པ་ལ་སློབ་འདོད་ མེད་པ་དང་སྨོན་སེམས་མ་བསྐྱེད་པ་ལ་སྦྱིན་པར་མི་བྱ་བར་ཚུལ་ལེའི་རྣམ་བཤད་དུ་གསུངས་སོ། །དེ་ནས་ལེགས་པར་བསྲུང་ནུས་པར་མཐོང་བ་ན་གང་ལ་སྡོམ་པ་ནོད་པར་བྱ་བའི་ཡུལ་དུ་འོས་པའི་བླ་མ་ཡང་སྨོན་སེམས་བསྐྱེད་ཅིང་བྱང་སེམས་ཀྱི་སྡོམ་པ་ལ་གནས་ པ། ཐེག་ཆེན་ལ་མཁས་པ། སྡོམ་པ་འབོགས་ནུས་ཤིང་གསོལ་བ་བཏབ་པའི་ཚིག་འབྲུ་འཛིན་ནུས་པ་ཞིག་ལ། བདག་རིགས་ཀྱི་བུ་ཁྱོད་ལས་ཞེས་སོགས་ཀྱིས་གསོལ་བ་ལན་གསུམ་གདབ་ལ། དེ་ནས་ཕྱོགས་བཅུའི་སངས་རྒྱས་མངོན་སུམ་དུ་བཞུགས་
Page: 201 ༄༅། །པ་ལྟ་བུར་དམིགས་པ་དང་བླ་མ་སེང་གེའི་ཁྲི་ལ་བཞུགས་པ་ལ་མེ་ཏོག་ལ་སོགས་པའི་མཆོད་པ་དང་ཕྱག་དང་བསྐོར་པ་སྔོན་དུ་འགྲོ་བས་མཎྜལ་སོགས་ཕུལ་བའི་ཚོགས་གསོག་པ། དེ་ནས་བདག་ལ་སྡོམ་པ་མྱུར་དུ་སྩལ་དུ་གསོལ་ཞེས་སོགས་ཀྱིས་མྱུར་དུ་ བསྐུལ་པ། དེ་ནས་ད་ནི་བདག་རིང་པོར་མི་ཐོགས་པར་བསོད་ནམས་ཀྱི་གཏེར་ཆེན་པོ་བླ་ན་མེད་པ་ཟད་མི་ཤེས་པའི་འབྱུང་གནས་བྱང་སེམས་ཀྱི་སྡོམ་པ་ཐོབ་པར་འགྱུར་སྙམ་དུ་སྤྲོ་བ་སྒོམ་པ། དེ་ནས་འབོགས་པ་པོས་ནོད་པ་པོ་དེ་ལ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ་ཞེས་སོགས་འདྲི་ བ་བར་ཆད་འདྲི་བ་སྟེ་སྦྱོར་པའི་ཆོས་ལྔ་རྫོགས་པར་བྱའོ། །དེ་དག་གི་དོན་བསྡུས་ཏེ་སྡོམ་པ་ཉི་ཤུ་བར་གསུངས་པ་ནི། རྒྱལ་བ་སྲས་དང་བཅས་རྣམས་ལ། །གུས་པས་ཕྱག་འཚལ་ཅི་ནུས་མཆོད། །ཅེས་སྦྱོར་ཆོག་གི་ཕྱག་མཆོད་དང་། ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཁྲིམས། །བསོད་ནམས་ཀུན་གྱི་གཏེར་གྱུར་གང་། ཞེས་བླང་བྱའི་ཚུལ་ཁྲིམས་དང༌། དེ་ནི་བསམ་པ་དམ་པ་ཡིས། ཞེས་ལེན་པའི་བསམ་པ་དང༌། །བླ་མ་སྡོམ་ལ་གནས་ཤིངམཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་སྔར་བཤད་པ་ལྟར་ བླང་བའི་ཡུལ་མཚན་ཉིད་ལྡན་པ་ལས་བླང་བར་བྱའི། མཁས་པ་ཡིན་དུ་ཟིན་ཀྱང་དད་པ་མེད་ཅིང་མ་གུས་པ་ཆེ་འབྲིང་ཆུང་གསུམ་གྱིས་བསམ་པ་ཉམས་པ་དང༌། སེར་སྣའི་ཟིལ་གྱིས་ནོན་པ་སོགས་ཕྱིན་དྲུག་གི་མི་མཐུན་ཕྱོགས་དང་དུ་ལེན་པས་སྦྱོར་བ་ཉམས་པ་ལས་ བླང་དུ་མི་རུང་བར་བྱང་ས་ལས་གསུངས་སོ། །དེ་ནས་དངོས་གཞིའི་སྐབས་སུ་བླ་མས་སྡོམ་པ་ཕོག་པའི་ཚིག་ལན་གསུམ་བཟླས་པ་ལན་དང་བཅས་པ་བརྗོད་པ་ལས་འཇུག་སེམས་དང་འཇུག་སྡོམ་ཅིག་ཅར་དུ་ཐོབ་པར་འགྱུར་ལ། དེ་ཡང་འཇུག་སེམས་ནི་གཙོ་སེམས་དང་
Page: 202 འཇུག་སྡོམ་ནི་དེའི་འཁོར་དུ་གྱུར་པའི་སེམས་བྱུང་ཡིན་ནོ། །དེ་ལྟར་སྡོམ་པ་བཟུང་ནས་ནི་སེམས་བསྐྱེད་ཐམས་ཅད་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པའི་འཇུག་སེམས་སུ་འགྲོ་བར་ལམ་རིམ་སོགས་ལས་གསུངས་སོ། །དེ་ལྟ་བུའི་བྱང་སྡོམ་ནི་སྔགས་སྡོམ་གྱི་རྟེན་དུ་ ངེས་པར་དགོས་ཤིང༌། དེ་གཉིས་ཀའི་རྟེན་དུ་སྨོན་སེམས་བསྐྱེད་པ་དང༌། སོ་ཐར་དངོས་སམ་དེ་དང་ཐུན་མོང་བའི་སྤོང་བ་དགོས་ཀྱི་དེ་ལས་གཞན་དུ་སྨྲ་བ་ནི་མི་རིགས་སོ། །དེ་ལྟར་སྡོམ་པ་ཐོབ་ནས་མཁྱེན་པར་གསོལ་བ་དང་ཕན་ཡོན་གྱི་གཟེངས་བསྟོད་པ་དང་གཏང་རག་གི་ མཆོད་པ་དང་སྡོམ་པ་གྱ་ཚོམས་སུ་མི་བསྒྲགས་པ་སྟེ་མཇུག་གི་ཆོ་ག་བཞི་པོ་རིམ་པར་བྱའོ། །སྡོམ་པ་ཉི་ཤུ་བར། དེ་ཚེ་དེ་ལ་དགེ་བའི་ཕྱིར། །སངས་རྒྱས་སྲས་དང་བཅས་རྣམས་ཀྱི། །དགེ་བའི་ཐུགས་ཀྱིས་རྟག་པ་ཡང་། །བུ་སྡུག་འདྲ་བར་དགོངས་པར་འགྱུར། །ཞེས་ཕན་ཡོན་གྱི་ གཟེངས་བསྟོད་པ་སྟེ་མཇུག་གི་མཚོན་བྱེད་དོ། །སྡོམ་པ་ལེན་ཚུལ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །བླ་མ་མེད་པའི་ཆོ་ག་ནི་དངོས་གཞིའི་ཆོ་གའི་ཚིག་རིས་མི་འདྲ་བ་ཙམ་དང་གཞན་དྲི་བ་བྱ་བའི་སྐོར་དང་མཁྱེན་གསོལ་དང་སྡོམ་པ་གྱ་ཚོམ་དུ་མི་བསྒྲགས་པའི་སྐོར་འཇོག་པ་མ་གཏོགས ་ལྷག་མ་གཞན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས་སྤྱན་སྔར་བླ་མ་ཡོད་པའི་ཆོ་ག་བཞིན་དུ་རིག་པར་བྱའོ། །བླ་མ་ཡོད་མེད་ནི་ལུས་སྲོག་ཚངས་སྤྱོད་ཀྱི་བར་ཆད་དུ་འགྲོ་ན་ཐག་ཉེ་ཡང་མེད་པ་ཡིན་ལ་དེ་དག་དང་མི་ལྡན་ན་ཐག་རིང་པོ་ན་ཡོད་ཀྱང་བཙལ་ དགོས་པར་གསུངས་སོ། །དེ་ལྟར་བྱང་སེམས་ཀྱི་སྡོམ་པ་འདི་ཐོབ་ན་ཚེ་དོན་ཡོད་པ་དང་མི་ལུས་ཐོབ་པ་སྙིང་བོ་བླངས་པ་དང་སངས་རྒྱས་ཀྱི་སྲས་ཀྱི་གསེབ་ཏུ་ཚུད་དོ་ཞེས་སྤྱོད་འཇུག་ལས་གསུངས་པ་ལྟར་བསམ་ལ་ད་ནི་ཅི་ལ་ཐུག་ཀྱང་ཉེས་ལྟུང་གི་རྟོག་པས་
Page: 203 ༄༅། །རང་རྒྱུད་ལ་མ་གོས་པར་བྱ་སྙམ་པའི་བསམ་པའང་བསྐྱེད་དོ། །གསུམ་པ་བླངས་ནས་ཇི་ལྟར་སྲུང་ཚུལ་ལ་གཉིས། སྲུང་ཚུལ་སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བསླབ་བཏུས་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། རྒྱས་པར་ཐེག་པ་ཆེ་ལས་འབྱུང་ཞེས་དང༌། །དགེ་བའི་བཤེས་གཉེན་མི་བཏང་ཞིང་། །མདོ་སྡེ་རྣམས་ལ་རྟག་བལྟ་བས། །ཞེས་མདོ་སྡེ་བལྟ་བ་དང་བཤེས་གཉེན་བསྟེན་པའི་ཐབས་དེ་དག་གི་སྒོ་ནས་བསྲུང་བར་གསུངས་ཏེ། དེ་ཡང་བྱང་སེམས་ཀྱི་བསླབ་པའི་ གནས་རྣམས་ལ་རང་ཉིད་གོམས་པ་ལྷུར་བྱེད་ཅིང་གདུལ་བྱ་དག་ཀྱང་དེ་ལ་སྦྱོར་བའི་བཤེས་གཉེན་དམ་པ་མི་གཏོང་བར་གུས་པས་བསྟེན་པ་ནི་བསྲུང་ཐབས་ཀྱི་གཙོ་བོ་ཡིན་ལ། དེ་ཉིད་བསྟེན་ཚུལ་ཡང༌། སྤྱོད་འཇུག་ལས། དཔལ་འབྱུང་བ་ཡི་རྣམ་ཐར་ལས། བླ་མ་བསྟེན་པའི་ཚུལ་ལྟར་བསླབ། །ཞེས་པ་ལྟར་དང༌། གཞན་ཡང་། དེ་ཉིད་ལས། མདོ་སྡེ་རྣམས་ལས་བསླབ་པ་སྣང་། །དེ་བས་མདོ་སྡེ་བཀླག་པར་བྱ། །ཞེས་པ་ནས། །གཉིས་པོའང་འབད་པས་བལྟ་བར་བྱ། །ཞེས་པའི་བར་གྱིས་བསྟན་པ་ལྟར། མདོ་སྡེ་རིན་པོ་ཆེ་སྤྱི་དང་ཁྱད་པར་རྩ་ལྟུང་ལ་སྲོག་བསྡོས་དགོས་པ་དེའི་ཕྱིར་ཐོག་མར་དེ་སྟོན་པའི་ནམ་མཁའི་སྙིང་པོའི་མདོ་དང་གཞན་ཡང་བསླབ་བཏུས་མདོ་བཏུས་གཉིས་གོང་སྨོས་ལྟར་བྱང་ས་སོགས་ཀྱི་བསྟན་བཅོས་རྣམས་མཉན་ནས་དེ་དག་ལ་ཐོས་བསམ་གྱིས་སྒྲོ་ འདོགས་ཆོད་ཅིང་མཁས་པར་བྱ་བ་ཤིན་ཏུ་གལ་ཆེར། མཁས་པར་བྱས་པ་དེས་ཀྱང་ཤེས་པ་ཙམ་ལ་མ་བཞག་པར་ནུས་པ་ཅི་ཡོད་ཀྱིས་འབད་ནས་བསླབ་བྱ་ལ་ལེགས་པར་སློབ་དགོས་ཀྱི། དབུལ་པོས་ཕྱུག་པོའི་ནོར་བགྲང་བ་ལྟར་བྱས་པས་མི་འོང་སྟེ། ཚོམས་
Page: 204 ལས། །གལ་ཏེ་རིགས་བཅས་མང་དུ་སྨྲ་བྱེད་ཀྱང་། །བག་མེད་མི་དག་དེ་ལྟར་བྱེད་མི་འགྱུར། །དཔེར་ན་ཕྱུགས་རྫིས་གཞན་གྱིས་བྱུགས་བགྲང་ལྟར། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་མ་ཡིན། །གལ་ཏེ་རིགས་བཅས་ཉུང་དུ་སྨྲ་བྱེད་ཀྱང་། །མོས་ཀྱི་རྗེས་སུ་ ཆོས་ལ་སྤྱོད་པ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་སྤོང་བྱེད་པ། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་པ་ཡིན། ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀླགས་པ་ཙམ་གྱིས་ ནི། །ནད་པ་དག་ལ་ཕན་འགྱུར་རམ། ཞེས་གསུངས་པའི་ཕྱིར། འོ་ན་ལས་དང་པོ་བས་མདོ་སྡེ་དག་ལས་འབྱུང་བའི་བསླབ་བྱ་རྣམས་ལས་ཅི་ཙམ་ཞིག་ལ་བསླབ་པར་བྱ་སྙམ་ན། །ས་མལས་དང་པོ་བས་རྒྱལ་བས་དངོས་སུ་བཀ ག་པ་དང་མ་བཀག་ཀྱང་ལས་དང་པོ་པའི་ སྐབས་སུ་དངོས་སུ་ཉམས་སུ་བླང་མི་རུང་བ་གཉིས་མ་གཏོགས་པའི་བྱང་སེམས་ཀྱི་བསླབ་བྱ་མཐའ་དག་ལ་མ་བསླབས་ན་ཉེས་པར་འགྱུར་བས་བསླབ་བཏུས་ལས་གསུངས་ཤིང་དེ་ལྟ་བུའི་དམིགས་བསལ་གཉིས་མ་གཏོགས་པ་ལ་སློབ་པ་ན་མ་ནུས་པ་ལ་ལྟུང་མེད་དུ་ འགྲོ་བར་ཡང་དེ་ཉིད་ལས་གསུངས་སོ། །བསླབ་པ་དེ་དག་ལ་སློབ་པ་ན་ལྟུང་བར་འགྱུར་མི་འགྱུར་གྱི་ཚུལ་ལ་གཉིས་ལས། དང་པོ་ནི། སེམས་ཅན་གྱི་བདེ་བ་དང་ཡིད་བདེ་ཐམས་ཅད་སྐྱེད་པ་དང་སྡུག་བསྔལ་དང་ཡིད་མི་བདེ་ཐམས་ཅད་ཞི་བའི་ཕྱིར་དུ་སྙིང་ཐག་ པས་བརྩོན་པར་མི་བྱེད་པར་ཡལ་བར་བོར་ན་ལྟུང་བ་དང་བཅས་པ་སྟེ་དུས་སྐད་ཅིག་མ་གཅིག་ཙམ་ཡལ་བར་བོར་ཡང་འདྲའོ། །ནན་ཏན་གྱིས་བརྩོན་ཀྱང་དེའི་མཐུན་རྐྱེན་ཚོགས་པ་མི་ཚོལ་བ་དང༌། བརྩོན་པ་དེའི་འགལ་རྐྱེན་གྱི་གཉེན་པོ་ལ་མི་འབད་པར་ཡལ་བར་
Page: 205 ༄༅། །བོར་ན་ཡང་སྔར་བཞིན་ལྟུང་བ་དང་བཅས་པའོ། །སྡུག་བསྔལ་དང་ཡིད་མི་བདེ་ཆུང་དུས་དེ་གཉིས་ཆེན་པོའི་གཉེན་པོ་མི་སྐྱེད་པ་དང་དོན་ཆེན་པོ་སྒྲུབ་ཕྱིར་དོན་ཆུང་ངུ་ཉམས་པར་མི་བྱེད་པར་སྐད་ཅིག་ཙམ་ཡལ་བར་དོར་ཡང་ལྟུང་བ་དང་ བཅས་པའོ། །རང་གིས་མི་ནུས་པའི་བསླབ་པ་རྣམས་མ་བསྒྲུབས་པ་ལ་ལྟུང་བ་མེད་དེ་དེ་ལ་བསླབ་པ་བཅས་པ་མེད་པའི་ཕྱིར་ཏེ་དགོས་པ་མེད་པས་སོ། །གལ་ཏེ་དེ་ལ་བརྩོན་པར་བྱེད་ན་ལྟུང་བར་འགྱུར་ལ་ལྟུང་བ་དེའང་སྤྱིར་སྡིག་པ་བཤགས་པའི་ནང་དུ་འདུས་ པས་སྒོས་བཤགས་མི་དགོས་པར་དེ་ལས་གྲོལ་བར་འགྱུར་ལ། ནུས་པ་རྣམས་ལ་བརྩོན་པར་མ་བྱས་ན་ཉེས་པར་འགྱུར་རོ། །འདི་རང་བཞིན་གྱི་ཁ་ན་མ་ཐོ་བར་གསུངས་པ་ནི་ཤེས་བཞིན་དུ་ཞུགས་པའི་ཆ་ནས་ཡིན་ནོ། །ལྟུང་བར་འགྱུར་ཚུལ་གཉིས་ པ་ནི། ཡང་མདོར་ན་བྱང་སེམས་ཀྱི་ལྟུང་བ་གཉིས་ཏེ་མ་བརྟགས་པར་ཞུགས་པའི་ལྟུང་བ་དང་བརྟགས་ཀྱང་འོས་པ་ལས་འདས་པའི་ལྟུང་བའོ། །དང་པོ་ནི། བྱ་རིགས་མི་རིགས་ཅི་ནུས་ཀྱིས་མ་བརྟགས་པར་དེ་རྩོམ་པའམ་ལྡོག་པའམ་བཏང་སྙོམས་ སུ་འཇུག་ཀྱང་ལྟུང་བའོ། །གཉིས་པ་ནི། བྱ་རིགས་མི་རིགས་བརྟགས་ཏེ་འཇུག་པ་ལྡོག་པ་བཏང་སྙོམས་སུ་བཞག་པར་འོས་པ་ལས་འདས་ཏེ། དེ་དག་ལས་ལོག་པར་སྤྱད་ན་ཐ་ན་གདོལ་བའི་བྲན་གྱིས་འཐུས་པ་ལས་འདས་ནའང་ལྟུང་བ་དང་བཅས་ པའོ་ཞེས་བསླབ་བཏུས་སུ་བསླབ་པ་སྤྱིའི་ཁོག་ཏུ་གསུངས་སོ། །བྱ་བའི་ཆ་དང་བྱ་བའི་ཆ་མ་ཡིན་པ་མདོར་བསྡུས་པ་སྡོམ་པ་ཉི་ཤུ་བ་ལས་འབྱུང་བ་ནི། གཞན་རྣམས་དང་ནི་བདག་ལའང་རུང༌། །སྡུག་བསྔལ་ཡིན་ཡང་གང་ཕན་དང༌། །ཕན་དང་བདེ་
Page: 206 བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་པ་ལྟར་རང་གཞན་ལ་འཕྲལ་དུ་བདེ་ལ་ཕུགས་སུ་ཕན་པ་ནི་བྱ་བར་ངེས་པ་དང་། འཕྲལ་དུ་སྡུག་བསྔལ་ཕུགས་སུ་གནོད་པ་ནི་མི་བྱ་བར་ངེས་ཤིང་འཕྲལ་དུ་སྡུག་བསྔལ་ཡང་ཕྱི་མར་ཕན་པ་ཡིན་ ན་བྱ་དགོས་ཏེ་དཔེར་ན་སྨན་རོ་མི་ཞིམ་པས་འཕྲལ་དུ་གནོད་པ་ལྟར་སྣང་ཡང་ནད་ལ་ཕན་པས་བསྟེན་དགོས་པ་བཞིན་ནོ། །ལོག་གཡེམ་ལྟ་བུ་འཕྲལ་དུ་བདེ་བར་སྣང་ཡང་ཕྱི་མར་སྡུག་བསྔལ་མང་པོ་འཕེལ་བ་ནི་དུག་བཅས་ཀྱི་འབྲས་ཆན་ཞིམ་པོ་བཞིན་དུ་དགག་ དགོས་སོ། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བཞི། སྤང་བྱའི་ལྟུང་བ། དེ་ལས་སེམས་བསྲུང་ཚུལ། ཉམས་ན་ཕྱིར་བཅོས་པའི་ཐབས། བསྲུངས་པའི་ཕན་ཡོན་ནོ། །དང་པོ་ནི། འཆད་འགྱུར་གྱི་ལྟུང་བ་འདི་དག་སྐྱེད་པ་ལ་བྱང་ཆུབ་སེམས་དཔའི་སྡོམ་ པ་ཐོབ་ལམ་བཏང་བ་དང་། སྨྱོ་བ་སོགས་མ་ཡིན་པར་བསམ་པ་རྣལ་དུ་གནས་པ་སྟེ་ཆོས་གཉིས་དང་ལྡན་པ་དགོས་ཤིང་། རྟེན་དེ་ལ་བསྐྱེད་པའི་སྤང་བྱའི་ལྟུང་བ་ལ་ཡང་སྡེ་ཚན་ནམ་རིས་ནི་ཕམ་པའི་རིས་དང་ཉེས་བྱས་ཀྱི་རིས་གཉིས་གང་རུང་དུ་ངེས་པ་ཡིན་ གྱི་སོ་ཐར་ལྟར་ལྟུང་བ་རིས་མང་པོ་མེད་དོ། །དེས་ན་དེ་དག་འཆད་པ་ལ་གཉིས། ཕམ་པའི་སྡེ་ཚན། ཉེས་བྱས་ཀྱི་སྡེ་ཚན་ནོ། །དང་པོ་ལ་ལྔ། ཕམ་པ་སོ་སོའི་རང་བཞིན། དེ་དག་གི་བྱེད་པ། ཀུན་དཀྲིས་གསུམ་གྱི་དབྱེ་བ། གསོར་རུང་བའི་ཁྱད་པར། གཏོང་བའི་རྒྱུ་བསྟན་པའོ། །དང་པོ་ལ་གཉིས། བྱང་ས་ནས་འབྱུང་བ། ནམ་སྙིང་གི་མདོ་ནས་འབྱུང་བའོ། །དང་པོ་ལ་གཉིས་ལས། དང་པོ་སྤྱིར་བསྟན་པ་ནི། བྱང་སའི་དོན་ལྟར་སྡོམ་པ་ཉི་ཤུ་བར། ཉོན་མོངས་དྲག་ལས་བྱུང་བ་ཡི། །སྡོམ་པ་
Page: 207 ༄༅། །ཞིག་པར་གང་གྱུར་པ། །དེ་ཡི་ཉེས་པ་བཞི་བོ་ནི། །ཕམ་པ་འདྲ་བར་དགོངས་པ་ཡིན། །ཞེས་གསུངས་ཏེ། ཉོན་མོངས་དྲག་པོ་ནི་ཀུན་དཀྲིས་ཆེན་པོ་ཡིན་ལ་དེ་ལས་བྱུང་བ་ཡི་སྟེ་དེས་ཀུན་ནས་བསླངས་པ་བྱང་ཆུབ་སེམས་དཔའི་སྡོམ་པ་ ཞིག་པར་གང་གིས་གྱུར་པའི་བྱང་སེམས་དེ་ཡི་ཉེས་པ་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་འདི་དག་གིས་ནི་དགེ་སློང་གི་ཕམ་པ་བཞི་གང་རུང་བྱུང་བས་སྡོམ་པ་གཏོང་བ་དང་འདྲ་བར་བྱང་ཆུབ་སེམས་དཔའི་སྡོམ་པ་གཏོང་བའི་རྒྱུ་ཙམ་དུ་མཚུངས་པས་ན་ཕམ་ པ་དང་འདྲ་བར་དགོངས་ནས་དེ་སྐད་ཅེས་བརྗོད་པར་མཛད་པ་ཡིན་གྱི་ཁྱད་པར་གཏན་ནས་མེད་པ་མིན་ཏེ་བྱང་སེམས་མིན་པའི་དགེ་སློང་ཕམ་པ་བྱུང་བ་ཕྱིར་བླང་དུ་མེད་ལ་བྱང་སྡོམ་ནི་སླར་ཡང་བླང་དུ་ཡོད་པའི་ཕྱིར་རོ། །གཉིས་པ་སོ་སོར་བཤད་པ་ནི། སྔ་ མ་ལས། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང༌། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང་། །ཐེག་ པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་ཏེ། ཕམ་པའི་གནས་ལྟ་བུའི་ཆོས་དང་པོ་རྙེད་བཀུར་ལ་ཆགས་པའི་ཕམ་པ་ནི། ཉན་ཐོས་ཆགས་སེམས་ཀྱིས་འཁྲིག་པ་སྤྱོད་ན་ཕམ་པར་འགྱུར་བ་བཞིན་དུ་འདིར་ཡང་། ཆགས་ཡུལ་རང་དང་ནོར་མི་གཅིག་པའི་ཟས་གོས་གནས་ཁང་སོགས་ཀྱི་རྙེད་པ་དང་ཁྲི་སྟན་སོགས་ཀྱི་བཀུར་སྟི་གང་ཡང་རུང་བ་ལ། ཡུལ་ཅན་ཆགས་པའི་ཚད་མ་ཆོཊ་པ་དང་གཞན་དོན་ལྟ་བུ་མ་ཡིན་པར་རྙེད་བཀུར་རང་གི་ངོ་བོའི་སྒོ་ནས་ལྷག་པར་ཆགས་
Page: 208 པ་ཡིས་ཀུན་ནས་བསླངས་ཏེ། ཡུལ་རང་ལས་རྒྱུད་ཐ་དད་ཅིང་སྨྲ་ཤེས་དོན་གོ་རང་དང་རིས་མཐུན་གྱི་འགྲོ་བ་ལ། བརྗོད་བྱ་བདག་ལ་ཡོན་ཏན་གྱི་སྒོ་ནས་བསྟོད་པའམ་ཡོན་ཏན་གྱི་ངོས་ནས་བཀུར་འོས་གཞན་ལ་སྐྱོན་བརྗོད་པའི་སྨོད་ཚིག་གང་རུང་སྨྲས་ པ་ཕ་རོལ་པོས་དོན་གོ་བ་ན་རིམ་པ་བཞིན་བདག་བསྟོད་དང་གཞན་སྨོད་ཀྱི་ཕམ་པར་འགྱུར་རོ། །འདིར་བསྟོད་སྨད་སོ་སོར་ཕྲལ་བ་དང་རྙེད་བཀུར་གང་རུང་ལ་ཆགས་པས་ཆོག་གོ། །རྩ་ལྟུང་འདིར་འགྱུར་བ་ལ་བཤད་མ་ཐག་པའི་ཡན་ལག་ཐམས་ཅད་ཚང་བ་ དགོས་ཏེ། དཔེར་ན་སྨྲ་ཡུལ་རང་དང་རིས་མི་གཅིག་པའི་འགྲོ་བ་ལ་སྨྲས་ན་ཡན་ལག་གཞན་རྣམས་ཚང་ཡང་རྩ་ལྟུང་དུ་མི་འགྱུར་བ་ལྟ་བུའོ། །དེས་འོག་མ་རྣམས་ལའང་འགྲེའོ། །ཕམ་པའི་གནས་ལྟ་བུའི་ཆོས་གཉིས་པ་ལོངས་སྤྱོད་ལ་སེར་སྣ་བྱེད་པའི་ ཕམ་པ་ནི། ཉན་ཐོས་ཆགས་པས་གཞན་གྱི་ནོར་རིན་ཐང་ཚང་བ་བརྐུས་ན་ཕམ་པར་འགྱུར་བ་བཞིན་དུ་འདིར་ཡང་། སློང་བ་པོ་ཆོས་དང་ནོར་གྱི་ལོངས་སྤྱོད་གང་རུང་གིས་ཕོངས་ཤིང་བཀྲེན་པས་སྡུག་བསྔལ་བ་དང་ཆོས་ནོར་སྟེར་པའི་མགོན་གཞན་མེད་ པར་གྱུར་པ་དག་བསམ་པ་ཐག་པ་ནས་རང་ལ་སློང་ཞིང་དོན་དུ་གཉེར་ནས་རང་གི་དྲུང་དུ་འོངས་པ་ལ། སྦྱིན་རྒྱུའི་དངོས་པོ་དེ་དག་རང་ལ་ཡོད་བཞིན་དུ་གནོད་བ་དང་འབྲེལ་བའི་ཚེ་མཚོན་དང་དུག་ལྟ་བུ་མི་རུང་བ་མིན་པ། ཀུན་སློང་སེར་སྣས་ཟིལ་གྱིས་ནོན་ ནས་རང་གི་ངེས་པའི་ཆོས་སམ་རང་ལ་ཡོད་པའི་ནོར་སྟེར་འོས་པ་དེ་དང་དེ་མི་སྟེར་བར་ཐག་བཅད་པ་ན་རིམ་པ་བཞིན་ཆོས་དང་ནོར་མི་སྟེར་བའི་ཕམ་པར་འགྱུར་རོ། །ཕམ་པའི་གནས་ལྟ་བུའི་ཆོས་གསུམ་པ་སེམས་ཅན་ལ་གནོད་པར་སེམས་པའི་ཕམ་པ་
Page: 209 ༄༅། །ནི། ཉན་ཐོས་མིའམ་མིར་ཆགས་པ་བསད་པས་ཕམ་པར་འགྱུར་བ་བཞིན་དུ་འདིར་ཡང་། ཡུལ་ཕ་རོལ་བོ་གཞན་གྱིས་སྔར་རང་ལ་གནོད་པ་བྱས་པ་ལ་ད་ལྟ་འགྱོད་ནས་དེ་འདྲའི་ཉེས་པ་དེ་བསམ་པ་ཐག་པ་ནས་ཚུལ་མཐུན་གྱིས་ ཤད་སྦྱང་བྱེད་འདོད་པས་དུས་དང་མཐུན་པ་དང་ཆོས་དང་མཐུན་པས་བཟོད་གསོལ་བཤགས་པ་བྱས་ནས་བརྡ་སྤྲད་ཀྱང་། ཀུན་སློང་སྔར་གྱི་གནོད་པ་བྱས་པ་ལ་འཁོན་དུ་བཟུང་ནས་གནོད་སེམས་ཀྱིས་བསླངས་ཏེ། ངོ་བོ་དེའི་ངག་མི་ཉན་པར་བྱེད་པའམ་ བཟོད་གསོལ་མི་ལེན་ལ་ཁྲོ་བ་ཡང་མི་གཏོང་བ་དང༌། ཡང་བསམ་པ་ཁོང་ཁྲོས་ཀུན་ནས་བསླངས་ནས། ཡུལ་རང་དང་རིས་མཐུན་པའི་འགྲོ་བ་སྨྲ་ཤེས་དོན་གོ་གཞན་ལ་ངག་གིས་ཚིག་རྩུབ་སྨྲ་ཞིང་དེ་ཙམ་གྱིས་ཁྲོས་པའི་རྒྱུན་མི་གཏོང་བར་འཕེལ་བར་བྱེད་ ཅིང་དེས་ཟིལ་གྱིས་ནོན་པའི་དབང་གིས། །སྦྱོར་བ་ལུས་དངོས་སམ་དེས་འཕངས་པའམ་དེ་དང་འབྲེལ་བས་བརྡེག་ཅིང་འཚོག་པ་དང་གོ་རར་འཇུག་པ་དང་ལྕག་གིས་བཞུ་བ་དང་འཆིང་བ་སོགས་ཀྱིས་མཐོ་འཚམས་པར་བྱེད་ན་རིམ་པར་ཤད་སྦྱང་མི་ལེན་པ་ དང་འཚོག་པའི་ཕམ་པར་འགྱུར་རོ། །ཕམ་པའི་གནས་ལྟ་བུའི་ཆོས་བཞི་པ་ཆོས་ལ་ལོག་པར་སྒྲུབ་པའི་ཕམ་པ་ནི། ཉན་ཐོས་མེད་བཞིན་དུ་མི་ཆོས་བླ་མའི་བརྫུན་སྨྲས་པས་ཕམ་པར་འགྱུར་བ་བཞིན་དུ་འདིར་ཡང་། བསམ་པ་ཆོས་ལ་ལོག་སྒྲུབ་ཀྱི་ རྨོངས་པས་ཀུན་ནས་བསླངས་ཏེ། ཞི་ཐེག་པ་ཆེན་པོའི་སྡེ་སྣོད་ཟབ་པ་སྟོང་ཕྱོགས་དང་རྒྱ་ཆེ་བ་ཐབས་ཀྱི་ཆ་ཕྱོགས་རེ་བ་མ་ཡིན་པར་གཉིས་ཚོགས་བརྗོད་བྱར་སྟོན་པ་ལ། སྐུར་བ་འདེབས་ཚུལ་འདི་ནི་དེ་བཞིན་གཤེགགས་པས་གསུངས་པ་མ་ཡིན་ཞེས་
Page: 210 སྐུར་པ་འདེབས་པའམ་དེ་བཞིན་དུ་བརྗོད་བྱ་དམན་པའམ་ཚོགས་གཉིས་ཀྱི་རྟེན་མིན་པའམ་འགྲོ་བའི་ཕན་བདེའི་རྒྱུར་མི་འགྱུར་ཞེས་པ་ལྟ་བུའི་སྐུར་འདེབས་ཀྱིས་སྤོང་བར་བྱེད་པ་དང༌། ཡང་སྟོན་རྒྱུ་ཆོས་མ་ཡིན་པ་བསྟན་པའམ་དམ་ཆོས་འདྲར་སྣང་ངམ་ལྟར་ སྣང་གི་ནག་པོ་བསྟན་པ་དང་རྗེས་སུ་མཐུན་པ་ལ། སྟོན་ཚུལ་རང་ཉིད་དེ་ལ་དགའ་བཞིན་དུ་གཞན་ལ་སྟོན་ཞིང་གཞན་དེ་ལྟར་ལྟ་བ་ལ་འཛུད་ན་རིམ་པ་བཞིན་ཐེག་ཆེན་སྤོང་བ་དང་དམ་ཆོས་ལྟར་སྣང་སྟོན་པའི་ཕམ་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ ལས་རྩ་བའི་ལྟུང་བ་བཞི་ཁོ་ནའོ་ཞེས་པ་། ལྟར་འདིར་བསམ་པའི་ངོས་ནས་ཕམ་པ་བཞིར་ཕྱེ་བ་ཡིན་ཏེ། འདི་ལྟར་རྙེད་བཀུར་ལ་ཆགས་པའི་བསམ་པ་དང་ལོངས་སྤྱོད་ལ་སེར་སྣ་བྱེད་པའི་བསམ་པ་དང་སེམས་ཅན་ལ་གནོད་པའི་བསམ་པ་དང་ཆོས་ལ་ལོག་པར་ སྒྲུབ་པའི་རྨོངས་པའི་བསམ་པ་སྟེ་བཞི་ལས་བྱུང་བའི་ཆ་ནས་བཞག་པས་སོ། །ཐུབ་པའི་དགོངས་རྒྱན་ལས་ཕམ་པ་བརྒྱུད་དུ་མཛད་ཅིང་མདོ་ཀུན་བཏུས་ཀྱི་འགྲེལ་བར་ཡང་ཕམ་པ་བརྒྱད་དུ་ཁ་གསལ་བར་ཐོགས་མེད་ཀྱིས་བཤད་ཅེས་འབྱུང་ལ། དེ་བཞིན་དུ་ ཇོ་བོ་ཆེན་པོ་ཨ་ཏི་ཤ་ནས་བརྒྱུད་པའི་བཤེས་གཉེན་སྔ་མ་རྣམས་ཀྱང་ཕམ་པ་བརྒྱུད་དུ་འབྱེད་པ་ལྟར་སྦྱོར་བའི་ངོས་ནས་སོ་སོར་ཕྱེ་བས་ཕམ་པ་བརྒྱད་དུ་ཡང་འགྱུར་ཏེ། བདག་ལ་བསྟོད་པ། གཞན་ལ་སྨོད་པ། །ཆོས་མི་སྟེར་བ། ནོར་མི་སྟེར་བ། ཤད་ སྦྱང་མི་ཉན་པ། སེམས་ཅན་ལ་འཚོགས་པ། ཐེག་ཆེན་གྱི་ཆོས་སྤོང་བ། དམ་ཆོས་ལྟར་སྣང་སྟོན་པ་སྟེ་རེ་རེ་ལ་ཕམ་པར་བྱས་པའོ། །འོན་ཀྱང་དབྱེ་བསྡུ་ཙམ་མ་གཏོགས་སྔ་མ་བཞིར་གསུངས་པ་དང་མི་འགལ་ཏེ་དོན་གྱི་གནད་གཅིག་པའི་ཕྱིར་རོ། །
Page: 211 ༄༅། །གལ་ཏེ་དེ་ལྟར་ཡ་གྱལ་རེ་རེ་ལ་ཕམ་པར་བྱས་ནས་ཕམ་པ་བརྒྱད་དུ་འཇོག་ན། ཆོས་འདོད་པ་ལ་སྦྱིན་མི་བྱེད། །ཅེས་དང༌། ནོར་འདོད་པ་ལ་སྦྱིན་མི་བྱེད། །ཅེས་དང༌། གཤེ་ལ་ལན་དུ་གཤེ་ལ་སོགས། །ཞེས་དང༌། ཕ་རོལ་ཤད་ ཀྱིས་འཆགས་པ་སྤོང༌། །ཞེས་དང༌། ཐེག་པ་ཆེན་པོ་སྤོང་བར་བྱེད། །ཅེས་དང་། བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། །བརྩོན་པར་བྱས་ཀྱང་དེ་ལ་དགའ། །ཞེས་གསུངས་པ་རྣམས་ཀྱང་རེ་རེ་ནས་རྩ་ལྟུང་དུ་འགྱུར་དགོས་པས་འགལ་ལོ་ཞེ་ན། མི་ འགལ་ཏེ། ཆོས་ནོར་མི་སྟེར་བའི་ཕམ་པ་ལ་ནི་འཁོན་འཛིན་ཡོད་ལ་ཉེས་བྱས་ལ་དགོས་ཀྱང་ཉེས་བྱས་ཀྱི་དེ་གཉིས་ལ་སེར་སྣའི་ཀུན་སློང་མེད་པ་དགོས་ལ། ཕམ་པར་འགྱུར་བའི་བརྡེག་པ་ལན་ལ་མི་ལྟོས་ཤིང་ཉེས་བྱས་ནི་བརྡེག་པའི་ལན་ཡིན་པ་དང༌། ཤད་སྦྱང་མི་ལེན་པའི་ཕམ་པ་ལ་ནི་འཁོན་འཛིན་ཡོད་ལ་ཉེས་བྱས་ལ་དེ་མེད་པ་དང༌། ཐེག་ཆེན་སྤོང་བའི་ཕམ་པ་ནི་ཐེག་ཆེན་གྱིསྡེ་སྣོད་ཀུ་སྤངས་པ་ཡིན་ལ་ཉེས་བྱས་ནི་མདོ་སྡེའི་ཕྱོགས་ཉི་ཚེ་བ་ལ་སྐུར་པ་བཏབ་པ་ལ་བྱེད་པ་དང༌། དམ་ཆོས་ལྟར་སྣང་ སྟོན་པའི་ཕམ་པ་ནི་ཕྱི་རོལ་པའི་བསྟན་བཅོས་ལ་རང་དགའ་བཞིན་དུ་སྒྲུབ་པར་བྱེད་ཅིང་གཞན་ཡང་སྒྲུབ་པ་ལ་འཛུད་པར་བྱེད་པ་ཡིན་ལ་ཉེས་བྱས་གཉིས་ནི་སངས་རྒྱས་ཀྱི་གསུང་ལ་བརྩོན་པ་བྱར་ཡོད་བཞིན་དུ་མི་བརྩོན་པར་ཕྱི་རོལ་པའི་གཞུང་ལ་བརྩོན་ པའི་ཉེས་པ་དང༌། ཡང་སངས་རྒྱས་ཀྱི་གསུང་ལ་ཉིས་འགྱུར་དུ་བརྩོན་པར་བྱེད་ཅིང་བློ་མི་འགྱུར་བའི་དབང་རྣོན་ལ་མུ་སྟེགས་ཀྱི་གཞུང་ལ་བརྩོན་པ་གནང་ཡང་དགའ་བཞིན་དུ་བརྩོན་པ་མ་གནང་བ་ལ་དགའ་བཞིན་དུ་འཇུག་ན་ཉེས་བྱས་སུ་གསུངས་པ་
Page: 212 ཡིན་པའི་ཕྱིར་རོ། །རྩལྟུང་དུ་འགྱུར་བའི་ཐེག་ཆེན་གྱི་ཆོས་སྤོང་བ་ལ་ཟབ་རྒྱས་གཉིས་ཀ་བརྗོད་བྱར་སྟོན་པའི་ཐེག་ཆེན་གྱི་བཀའ་སྤོང་བ་དགོས་ལ། ཉེས་བྱས་ཀྱི་ཐེག་ཆེན་སྤོང་བ་ལ་ཟབ་རྒྱས་གང་རུང་དེ་བརྗོད་བྱར་སྟོན་དགོས་ཞེས་དང༌། བདག་ལ་བསྟོད་ཅིང་ གཞན་ལ་སྨོད། ཅེས་རྩ་ལྟུང་དུ་འགྱུར་བའི་བདག་བསྟོད་གཞན་སྨོད་ཀྱི་ཀུན་སློང་ལ་རྙེད་བཀུར་ལ་ཆོགས་བ་དགོས་ལ་ཉེས་བྱས་ཀྱི་བདག་བསྟོད་གཞན་སྨོད་ཀྱི་ཀུན་སློང་ལ་རྙེད་བཀུར་ལ་ཆགས་པ་མིན་པར་ཁོང་ཁྲོའམ་ང་རྒྱལ་གང་རུང་དགོས་སོ། །གཉིས་པ་ནམ་སྙིང་གི་ མདོ་ནས་འབྱུང་བ་ནི། མདོའི་དོན་བསླབ་བཏུས་སུ་བཀོད་པ་རྣམས་ཏེ། དཀོན་མཆོག་དཀོར་འཕྲོག་ནས་ཁྲིམས་ངན་འཆའ་བ་སོགས་ཀྱི་བར་ཕམ་པའི་བར་བཅུ་བཞི་དང༌། ཐབས་ལ་མཁས་པའི་མདོར་གསུངས་པའི་བྱང་ཆུབ་སེམས་འདོར་གྱི་རྩ་ལྟུང་བསྣན་པའི་བཅོ་ལྔ འོ། །དེ་ལ་དང་པོ་དཀོན་མཆོག་དཀོར་འཕྲོག་གི་ཕམ་པ་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །ཅེས་གསུངས་ཏེ། རྫས་བདག་སངས་རྒྱས་དངོས་སམ་དེའི་སྐུ་གཟུགས་སོགས་སྐུ་གསུང་ཐུགས་རྟེན་དང༌། ཆོས་ལུང་རྟོགས་ གང་རུང་དང༌། དགེ་འདུན་འཕགས་པ་ཡིན་ན་གང་ཟག་རེ་རེ་པའམ་སོ་སྐྱེ་ཡིན་ན་དགེ་སློང་ལྟ་བུ་བཞིར་ལོངས་པ་ཡན་ཆད་དེ་དེ་ལྟ་བུའི་དཀོན་མཆོག་གསུམ་གང་རུང་ལ་རྫས་བདག་གིས་བསྔོས་ཟིན་པ་ཡན་གྱི་དཀོར་དཀོན་མཆོག་དེ་དག་ལ་དབང་པའི་གནས་སམ་བཟའ་ བཏུང་བཞོན་པ་སོགས་ཡོ་བྱད་དུ་བགྲང་དུ་རུང་བའི་རྫས་ཁབ་སྐུད་ལྟ་བུ་གང་ཡང་རུང་བ་ཇི་ཙམ་བླངས་པས་མ་བྱིན་ལེན་པའི་ལས་ལམ་དུ་འགྱུར་བའི་མ་མཐའ་ཡན་ཆད། །རྐུ་བ་པོའི་རྟེན་ནི། དགེ་འདུན་ལ་རྐུ་བའི་ཚེ་རང་ཉིད་དེའི་གསེབ་ཏུ་མི་གཏོགས་པ། བསམ་པ་ལ་
Page: 213 ༄༅། །འདུ་ཤེས་མ་འཁྲུལ་བ་དང༌། ཀུན་སློང་དཀོན་མཆོག་གི་ཡིན་པ་རང་མི་དབང་ཡང་གཏན་དུ་དཔྲལ་དགོས་སྙམ་པས་རང་གི་ཆེད་དུའམ། ཡང་ན་ཀུན་སློང་ཉོན་མོངས་ཅན་གྱི་སེམས་ཀྱིས། སྦྱོར་བ་རང་ངམ་གཞན་ལ་བཅོལ་བ་གང་རུང་གིས་ འཇབ་བུས་རྐུ་བའམ་མཐུས་འཕྲོག་པ་གང་རུང་གིས་བླངས་པ་ལ་ཐོབ་བློ་སྐྱེས་པ་ན་རྩ་བའི་ལྟུང་བར་འགྱུར་རོ། །གཞུང་གཞན་ལས་སངས་རྒྱས་དཀོན་མཆོག་སངས་རྒྱས་དངོས་ཁོ་ན་དང་ཆོས་དཀོན་མཆོག་འགོག་ལམ་ཁོ་ན་དང་དགེ་འདུན་དཀོན་མཆོག་འཕགས་ པ་སློབ་པ་ཁོ་ནར་བཤད་པ་ལྟར་འདིར་མི་གཟུང་ངོ༌། །འདི་ལ་སོགས་པའི་ལྟུང་བ་རྣམས་ལ་རྩ་ལྟུང་དང་ཕས་ཕམ་པ་ཡི་ལྟུང་བ་ཞེས་གསུངས་པ་ནི་ད་ལྟ་ཕ་རོལ་པོ་ཉོན་མོངས་པ་རྒྱལ་ནས་གཉེན་པོ་སྡོམ་པ་རྩ་བ་ནས་གཅོད་ཅིང་ཕམ་པར་བྱེད་ལ་ཕྱི་མར་ངན་འགྲོའི་ གནས་སུ་ལྟུང་བར་བྱེད་པ་སོགས་ཉེས་པ་ཤིན་ཏུ་བ༠ལྕི་བས་དེ་སྐད་དུ་བརྗོད་པར་འདོད་དོ། །འདི་ལ་སངས་རྒྱས་ཀྱི་དཀོར་འཕྲོག་པ་སོགས་ཕམ་པ་གསུམ་མོ། །གཉིས་བ་དམ་ཆོས་སྤངས་པའི་ཕམ་པ་ནི། དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་ གསུངས་བ་ཡིན། །ཞེས་གསུངས་ཏེ། ཡུལ་ཐེག་པ་གསུམ་གྱི་ནང་ནས་ཉན་རང་གི་ཐེག་པ་ལས་ཚུལ་བདེན་བཞི་དང་རྟེན་འབྲེལ་ལྟ་བུའི་སོ་སོའི་ལམ་གྱི་ཆ་ཤས་རྫོགས་པར་སྟོན་པའམ་ཐེག་པ་ཆེན་པོ་ལས་ཟབ་པ་དང་རྒྱ་ཆེ་བའི་ཕྱོགས་གཉིས་ཀ་རྫོགས་པར་སྟོན་པ་སྟེ་ ཐེག་གསུམ་རང་རང་གི་ལམ་གྱི་ཆ་རྫོགས་པར་སྟོན་པའི་སྡེ་སྣོད་གང་ཡང་རུང་བ་ལ་དམིགས་ནས། སྤོང་ཚུལ་འདི་ནི་དེ་བཞིན་ག་ཤེགས་པས་གསུངས་པ་མ་ཡིན་ནོ་ཞེས་སྐུར་བ་འདེབས་པའི་སྒོ་ནས་དམ་པའི་ཆོས་ནི་སྤོང་བར་བྱེད་པ་གང་ཡིན་པ་དེ་ནི་ཕས་ཕམ་པ་
Page: 214 གཉིས་པར་འགྱུར་བར་ཐུབ་པས་གསུངས་པ་ཡིན་ནོ། །འདིར་ལམ་གྱི་ཆ་རྫོགས་པར་སྟོན་པ་དགོས་ལ་དེའི་ཕྱིར་འོག་ཏུ། ཐེག་པ་ཆེན་པོ་སྤོང་བར་བྱེད། །ཅེས་ཉེས་བྱས་སུ་འཆད་པ་ནི་ཐེག་ཆེན་གྱི་དོན་གྱི་ཕྱོགས་ཆ་རེ་སྤངས་པ་ལ་འཇོག་ཅིང་ཉན་རང་གི་ཐེག་པ་གཉིས་ལ འང་དེ་དང་འདྲའོ། །འོ་ན་འོག་ཏུ། ཉན་ཐོས་ཐེག་པ་སྤོང་བར་བྱེད། །ཅེས་ཉེས་བྱས་སུ་བཤད་པ་དང་འགལ་ཞེ་ན། དེ་ནི་ཁྱད་དུ་གསོད་པ་ཙམ་ཡིན་གྱི་སངས་རྒྱས་ཀྱིས་གསུངས་པ་མིན་ནོ་ཞེས་སྤངས་པ་མིན་པས་མི་འགལ་ལོ། །ཟབ་རྒྱས་གང་རུང་སྟོན་པའི་ཐེག་ ཆེན་སྤོང་བ་ཉེས་བྱས་སུ་བཤད་པ་དང་། །ཐེག་དམན་གྱི་བཀའ་སྤོང་བ་རྩ་ལྟུང་དུ་འཆད་པ་འགལ་ཏེ། ཕྱི་མ་སྤངས་པ་ལས་སྔ་མ་སྤངས་པ་ཉེས་པ་ཆེ་བའི་ཕྱིར་སྙམ་ན། སྐྱོན་མེད་དེ། སྡོམ་པ་གོང་འོག་གང་གི་སྐབས་སུའང་ཉེས་པ་ཆེ་བས་བཅས་པ་ཆེ་བ་དང་ཉེས་ པ་ཆུང་བས་བཅས་པ་ཅུང་བར་མ་ངེས་ཏེ། དཔེར་ན་ལྷ་མཐོང་ངོ་ཞེས་པའི་བརྫུན་ལ་ཕམ་པ་དང་། །དགེ་འདུན་འཁོར་ལོའི་དབྱེན་ལ་ལྷག་མར་བཅས་པ་ལྟ་བུ་ཡིན་པའི་ཕྱིར་ཞེས་འགའ་ཞིག་ཏུ་བཤད་དོ། །འདི་ལ་ཐེག་ཆེན་སྤོང་བ་སོགས་ཀྱི་ཕམ་པ་གསུམ་མོ། ། འདིའི་ཐེག་ཆེན་སྤོང་བའི་རྩལྟུང་དང་བྱང་སའི་ཆོས་སྤོང་གི་རྩ་ལྟུང་གཉིས་དོན་གཅིག་པས་བྱང་སའི་དེ་འདིར་འདུ་ལ། དེའི་ཕྱིར་བསླབ་བཏུས་སུ་བྱང་སའི་རྩ་ལྟུང་འདི་ལོགས་སུ་མ་སྨོས་སོ། །གསུམ་པ་རབ་བྱུང་ལ་འཚེ་བའི་ཕམ་པ་ནི། ཚུལ་ཁྲིམས་འཆལ་ བའི་དགེ་སློང་ལའང་། ངུར་སྨྲིག་འཕྲོག་དང་བརྡེག་པ་དང༌། །བཙོན་རར་འདུག་པར་བྱེད་པ་དང་། །རབ་ཏུ་བྱུང་ལས་འབེབས་པ་དང༌། ཞེས་གསུངས་ཏེ། གང་ལ་འཚེ་བའི་ཡུལ་ནི། སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་བྱུང་བ་ཚུལ་ཁྲིམས་རྣམ་དག་དང་ལྡན་
Page: 215 ༄༅། །པར་མ་ཟད་ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང༌། ཀུན་སློང་གནོད་ཅིང་འཚེ་བའི་བསམ་པ་ཉོན་མོངས་དང་ལྡན་པས། སྦྱོར་བ་གོས་ངུར་སྨྲིག་འཕྲོག་པ་དང་བརྡེག་པ་དང་བཙོན་རར་འཇུག་པར་བྱེད་པ་དང་རབ་ཏུ་བྱུང་བ་ལས་འབེབས་ པའམ་ཕབ་སྟེ་ཁྱིམ་ན་གནས་པ་བྱེད་དུ་འཇུག་པ་སྟེ་ཕམ་པ་བཞི་ལས་བར་བ་གཉིས་ནི་གོང་གི་བྱང་སའི་ཕམ་པ་གསུམ་པ་འཚོག་པའི་ཐམ་པ་དེ་ཉིད་ཀྱིས་བསྡུས་ཀྱང་། བྱང་སའི་འཚོགས་པའི་ཕམ་པ་འདིར་མ་འདུས་པའི་ཕྱིར། བསླབ་བཏུས་སུ། ཁྲོས་པས་ སེམས་ཅན་བརྡེག་པ་དང་། ཞེས་བྱང་སའི་འཚོག་པའི་ཕམ་པ་ཟུར་དུ་སྨོས་པ་ཡིན་ནོ། །སོ་སྐྱེའི་དགེ་སློང་བཞི་ཡན་ཆད་ཀྱི་དུར་སྨྲིག་འཕྲོག་པའང་བྱང་སའི་ཕམ་པ་དང་པོས་བསྡུས་སོ། །དེའི་ཕྱིར་འདིར་རབ་བྱུང་སྡོམ་ལྡན་གྱི་ངུར་སྨྲིག་འཕྲོག་ཡུལ་གྱི་དགེ་ སློང་ལ་སོ་སྐྱེ་དང་དེ་ཡང་དགེ་སློང་བཞིར་མ་ཚང་པ་དགོས་ཏེ། །་བཞིར་ཚང་ཞིང་དགེ་འདུན་དུ་ལོང་ན་བྱང་སའི་ཕམ་པ་དང་པོ་དང་ཟློས་པར་འགྱུར་བས་སོ། །དེས་ན་དགེ་སློང་བཞིར་ཚང་ན་ལྟུང་བ་འདི་དང་རྩ་ལྟུང་དང་པོ་གཉིས་ཆར་དུ་འགྱུར་ཞེས་ཀྱང་གསུངས། དེས་ན་འདི་ལ་ངུར་སྨྲིག་འཕྲོག་པ་དང་རབ་བྱུང་ལས་ཕབ་པའི་ཕམ་པ་གཉིས་ཡོད་དོ། །ཡང་འདི་ལ་ནང་གསེས་ཀྱིས་དབྱེ་ན། རབ་བྱུང་བསླབ་གཞི་བཟུང་བ་མ་བཟུང་བ་ཚུལ་འཆལ་ཚུལ་ལྡན་བཞི་པོ་རེ་རེ་ལའང་ངུར་སྨྲིག་འཕྲོག་པ་བརྡེག་པ་བཙོན་རར་འཇུག་པ་ སྲོག་དང་ཕྲལ་བ་རབ་བྱུང་ལས་ཕབ་པ་སྟེ་ལྔ་ལྔ་བྱས་པའི་རྩ་ལྟུང་ཉི་ཤུ་ཡོད་ཅེས་ཁ་ཅིག་གསུངས་སོ། །བཞི་བ་མཚམས་མེད་པ་ལྔ་གང་རུང་བྱེད་པའི་ཕམ་པ་ནི། མཚམས་མེད་ལྔ་བོ་བྱེད་པ་དང༌། །ཞེས་གསུངས་ཏེ། ཕ་མ་དགྲ་བཅོམ་བསད་པ་གསུམ་དང་དགེ་
Page: 216 འདུན་འཁོར་ལོའི་དབྱེན་བྱས་པ་དང་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའི་མཚམས་མེད་དེ་མཚམས་མེད་ལྔ་བོ་གང་ཡང་རུང་བ་བྱེད་པ་ན་ཕམ་པར་འགྱུར་རོ། །འདི་ལ་ནང་གསེས་ཀྱི་ཕྱེ་བའི་རྩ་ལྟུང་ལྔ་ལས་དབྱེན་མ་གཏོགས་པ་བཞི་གོང་གི་ བྱང་སའི་ཕམ་པ་བཞིའི་ནང་གི་གསུམ་པས་བསྡུས་སོ། །ལྔ་པ་ལོག་ལྟ་འཛིན་པའི་ཕམ་པ་ནི། །ལོག་པར་ལྟ་བ་འཛིན་པ་དང༌། །ཞེས་གསུངས་ཏེ། །དཀར་ནག་གི་ལས་འབྲས་དང་སྐྱེ་བ་ལྔ་ཕྱི་སོགས་མེད་པར་ངེས་སོ་སྙམ་པའི་སྐུར་འདེབས་ཀྱི་ལོ་པར་ལྟ་བ་ འཛིན་ན་ཕམ་པའོ། །འདི་སྐྱེས་ཙམ་ནས་བྱང་སྡོམ་གཏོང་བར་མ་ཟད་དགེ་རྩ་གཅོད་པས་མི་དགེ་བ་བཅུ་སོགས་བླངས་པ་དང་གཞན་ལེན་དུ་འཇུག་པ་ཡན་ལག་ཏུ་མི་དགོས་སོ། །དྲུག་པ་གནས་འཇིག་པའི་ཕམ་པ་ནི། གྲོང་ལ་སོགས་པ་འཇིག་པ་ལ། །རྩ་བའི་ལྟུང་ བར་རྒྱལ་བས་གསུངས། ཞེས་གསུངས་ཏེ། གཞིག་བྱ་གྲོང་དང་། ལ་སོགས་ཅེས་པས་བསྡུས་པ་གྲོང་ཁྱེར་དང་ལྗོངོས་དང་ཡུལ་འཁོར་ཏེ་གནས་བཞི་གང་ཡང་རུང་བ། ཀུན་སློང་དེ་དག་གཞིག་འདོད་ཀྱི་བསམ་པ་ཉོན་མོངས་ཅན་གྱིས་ཀུན་ནས་བསླངས་ཏེ། སྦྱོར་བ་ གཞིག་ཐབས་གང་ཡང་རུང་བས་འཇིག་པར་བྱེད་པའོ། །དཀོན་མཆོག་དཀོར་འཕྲོག་སོགས་དང་པོ་ལྔ་རྒྱལ་པོའི་ལྟུང་བ་དང༌། ཡང་དྲུག་པ་གནས་འཇིག་པ་གཉིས་པར་བྱས་ནས་ལོག་ལྟ་ལས་གཞན་དཀོན་མཆོག་དཀོར་འཕྲོག་སོགས་ནས་མཚམས་མེད་ཡན་ལྔ་ བོ་ལ་བློན་པོའི་ལྟུང་བ་ཞེས་མདོ་བཏུས་སུ་ནམ་སྙིང་གི་མདོ་དྲངས་པ་ལྟར། དེ་དག་སུ་བའི་ལྟུང་བར་རྒྱལ་བས་གསུངས་སོ་ཞེས་པའོ། །གྲོང་སོགས་ན་གནས་པའི་སེམས་ཅན་བཅོམ་པའི་རྩ་ལྟུང་ནི་གོང་གིབྱང་སའི་ཕམ་པ་གསུམ་པས་བསྡུས་ལ། གྲོང་སོགས་
Page: 217 ༄༅། །ན་ཡོད་པའི་ལོངས་སྤྱོད་བཅོམ་པའི་རྩ་ལྟུང་ནི་འདིའི་རྩ་ལྟུང་དང་པོ་དང་བཅུ་གསུམ་པས་བསྡུས་པར་གསུངས་པས་འདི་ནི་གནས་འཇིག་པ་སྟེ། དེ་ལ་གྲོང་འཇོམས་པ་སོགས་ཀྱི་རྩ་ལྟུང་བཞིའོ། །བདུན་པ་སྣོད་མིན་ལ་ཟབ་མོ་ བཤད་པའི་ཕམ་པ་ནི། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། །ཞེས་གསུངས་ཏེ། ཡུལ་རྫོགས་བྱང་དོན་གཉེར་གྱི་སེམས་བསྐྱེད་པ་ཡིན་ཡང་སྟོང་ཉིད་ལ་ནན་ཏན་གྱིས་བློ་སྦྱངས་པར་མ་བྱས་པའི་སེམས་ཅན་སྟོང་ཉིད་བསྟན་ན་སྐྲག་པ་སྐྱེ་ བར་འགྱུར་བ་ལ། ཀུན་སློང་སྣོད་མ་བརྟགས་པར་སྟོང་ཉིད་ཀྱི་སྣོད་རུང་དུ་མ་ཤེས་བཞིན་དུ། བསྟན་བྱ་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཀྱི་དོན་ནི་རང་དགར་བརྗོད་ཅིང་བསྟན་པས་སྐྲག་ནས་རྫོགས་བྱང་དོན་གཉེར་གྱི་སེམས་ལས་ཕྱིར་ལོག་སྟེ་ཐེག་དམན་ གྱི་བྱང་ཆུབ་ཏུ་སེམས་བསྐྱེད་ན་སྟོང་ཉིད་སྟོན་པ་པོ་ལ་རྩ་ལྟུང་ངོ༌། །འདི་ནི་སྣོད་མ་བརྟགས་པ་ལ་ཡིན་གྱི་བརྟགས་ནས་རུང་བར་ཤེས་ན་དོན་ལ་དེ་ལྟར་མིན་ཡང་ཕམ་པ་མི་སྐྱེད་སྙམ་གསུང་ངོ༌། །བརྒྱད་པ་ཐེག་ཆེན་ལས་བཟློག་པའི་ཕམ་པ་ནི། སངས་རྒྱས་ཉིད་ ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང་། །ཞེས་གསུངས་ཏེ། བཟློག་པར་བྱ་བའི་ཡུལ་རྫོགས་བྱང་དུ་སེམས་བསྐྱེད་ནས་སངས་རྒྱས་ཉིད་ཐོབ་བྱེད་ཀྱི་ལམ་ཐེག་ཆེན་ལ་ཞུགས་པའི་གང་ཟག་དག་ལ། ཀུན་སློང་ཐེག་ཆེན་ལས་ལྡོག་པར་འདོད་པ་ བསམ་པས། བཟློག་ཚུལ་ཁྱོད་ཀྱིས་ཕྱིན་དྲུག་ལ་སྤྱད་པ་དང་འཚང་རྒྱ་བར་མི་ནུས་པས་ཉན་རང་གི་ཐེག་པར་སེམས་སྐྱེད་ཅིག་དང་དེས་འཁོར་བ་ལས་ཐར་བར་འགྱུར་རོ་ཞེས་ཕ་རོལ་པོ་རྫོགས་པའི་བྱང་ཆུབ་ལས་བཟློག་ན་ཕམ་པར་འགྱུར་ལ། འདི་བཟློག་པ་
Page: 218 ཙམ་གྱིས་མི་ཆོག་པར་དེས་ཀྱང་དེ་ལྟར་ལོག་ནས་དམན་ལམ་དུ་སེམས་བསྐྱེད་པ་དགོས་པར་གསུང་ངོ༌། །སྔ་མ་དང་འདི་གཉིས་ལ་ཡུལ་དེ་ཡང་སྡོམ་ལྡན་ཡིན་ན་བྱང་ཆུབ་སེམས་འདོར་གྱི་རྩ་ལྟུང་འབྱུང་ཡང་དེ་ནི་འོག་ཏུ་འཆད་པས་དེར་འདུས་ སོ། །དགུ་པ་སོ་ཐར་སྤོང་བའི་ཕམ་པ་ནི། །སོ་སོ་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང༌། ཞེས་གསུངས་ཏེ། ཡུལ་སོ་སོ་ཐར་པ་དང་འདུལ་བའི་ཚུལ་ཁྲིམས་ལ་ཚུལ་བཞིན་དུ་སློབ་པའི་གང་ཟག་ལ། ཀུན་སློང་དེ་དང་དེ་ལས་ལྡོག་པར་འདོད་པས། སྦྱོར་བ་འདུལ་བའི་ཚུལ་ཁྲིམས་ཚོདག་པས་ཅི་ཞིག་བྱ་རྫོགས་བྱང་དུ་སེམས་བསྐྱེད་ལ་ཐེག་ཆེན་ལྷོགས་ཤིག་དང་སེམས་བསྐྱེད་པ་ཙམ་དང་ཐེག་ཆེན་བཀླག་པ་ཙམ་གྱིས་ཉོན་མོངས་པའི་དབང་གིས་བྱུང་བའི་སྒོ་གསུམ་གྱི་ཉེས་སྤྱོད་ཐམས་ཅད་འདག་པར་འགྱུར་ རོ་ཞེས་སྨྲས་པ་ན་དེས་བཟློག་པ་བཞིན་དུ་སོ་སོ་ཐར་དང་འདུལ་བའི་ཚུལ་ཁྲིམས་ཡོངས་སུ་སྤངས་ཏེ་ཐེག་པ་ཆེ་ལ་སྦྱོར་བར་བྱས་ན་དེ་སྐད་སྨྲ་བ་པོ་ལ་རྩ་ལྟུང་ངོ༌། །དེ་ལྟར་གོ་བར་བྱས་པ་ཙམ་ནི། འོག་ཏུ་ཉན་ཐོས་ཐེག་པ་སྤོང་བར་བྱེད། །ཅེས་ཉེས་བྱས་སུ་ བཤད་པས་འདིར་ཕ་རོལ་སོ་སོ་ཐར་གྱི་བསླབ་པ་ལ་སློབ་པ་ལས་ལོག་པ་དགོས་པར་གསུངས་སོ། །བཅུ་པ་ཉན་རང་གི་ཐེག་པ་ལ་སྐུར་བ་འདེབས་པའི་ཕམ་པ་ནི། སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་ འཛིན་འཇུག་དང༌། །ཞེས་གསུངས་ཏེ། སྐུར་བ་གདབ་ཡུལ་སློབ་པའི་ཐེག་པ་ཞེས་སློབ་མ་ཉན་ཐོས་ཀྱི་ཐེག་པའམ་དེ་བཞིན་དུ་རང་རྒྱལ་གྱི་ཐེག་པ་གང་རུང་ངམ་ཐེག་དམན་སྤྱི་ལ། སྐུར་བ་འདེབས་ཚུལ་དེ་དག་ལ་ཇི་ཙམ་བསླབ་པས་ཀྱང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མ་ལུས་
Page: 219 ༄༅། །པ་སྤོང་བར་འགྱུར་བ་མིན་ནོ་ཞེས་བསམ་པ་ཐག་པ་ནས་སྐུར་བ་འདེབས་ཤིང་ཉན་རང་གི་རྟོགས་པའི་ཆོས་ཀྱིས་འཁོར་བ་ལས་འབྱུང་མི་ནུས་པར་འཛིན་པར་བྱེད་ན་རྩ་ལྟུང་ངོ༌། །དེ་ཙམ་གྱིས་རྩ་ལྟུང་དུ་འགྱུར་གྱི། ཕ་རོལ་དག་ཀྱང་འཛིན་ འཇུག་དང༌། །ཞེས་པ་ངེས་པར་ཡན་ལག་ཏུ་མི་དགོས་པར་གསུང་ལ། ཕ་རོལ་དག་ཀྱང་འཛིན་འཇུག །ཅེས་པའི་དོན་ཡང་དེ་ལྟར་སྐུར་པ་བཏབ་པས་སྐུར་བ་འདེབས་པ་པོ་ལ་རྩ་ལྟུང་འབྱུང་བར་མ་ཟད། སྒྱུ་ཡུལ་དེ་ལའང་དེ་འདྲའི་ལྟ་བ་དེ་འཛིན་དུ་གཞུག་པའི་ རྐྱེན་ལས་ཡུལ་དེས་ཀྱང་དེ་འདྲའི་ལྟ་བ་དེ་བླངས་ན་སྨྲ་ཡུལ་དེ་ཡང་བྱང་སྡོམ་ལྡན་པ་ཡིན་ན་དེ་ལའང་རྩ་ལྟུང་འདི་འབྱུང་བས་ཕམ་པར་འགྱུར་ཞེས་པའོ། །ཕམ་པ་གཉིས་པའི་ཉན་རང་གི་ཆོས་སྤངས་པ་དང་རྩ་ལྟུང་འདི་གཉིས་མི་འདྲ་སྟེ་སྔ་མ་ལུང་གི་ཆོས་སྤངས་པ་ དང་འདི་རྟོགས་པའི་ཆོས་སྤངས་པ་ཡིན་པ་དང༌། སྤོང་ཚུལ་ཡང་སྔ་མ་སངས་རྒྱས་ཀྱིས་མ་གསུངས་སོ་ཞེས་སྤོང་བ་ཡིན་ལ་འདི་ཉན་རང་གི་རྟོགས་པའི་ཆོས་ཀྱིས་ཉོན་མོངས་སྤོངས་མི་ནུས་པས་སྲིད་པའི་ན་བ་གཅོད་མི་ནུས་ལ་དེས་ན་འཁོར་བ་ལས་འབྱུང་མི་ནུས་ ཞེས་སྤོང་བ་ཡིན་པའི་ཕྱིར་རོ། །རྩ་ལྟུང་འདི་ནང་གསེས་ཀྱིས་ཕྱེ་ན་ཉན་རང་གི་ཐེག་པ་གཉིས་དང་ཐེག་དམན་སྤྱི་ལ་སྐུར་བའི་རྩ་ལྟུང་ངོ༌། །བཅུ་གཅིག་པ་བདག་བསྟོད་གཞན་སྨོད་ཀྱི་ཕམ་པ་ནི། རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་སྟི་དང་། ། ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང་། །ཞེས་གསུངས་ཏེ། སྨྲ་སའི་ཡུལ་ནི་སྨད་ཡུལ་ལ་འདུན་པའི་གང་ཟག་གང་རུང་ལ། ཀུན་སློང་། རྙེད་བཀུར་དང་ཚིགས་བཅད་གང་རུང་ལ་ཆགས་པས་ཀུན་ནས་བསླངས་ཏེ། བརྗོད་ཚུལ་རང་ཉིད་རྙེད་བཀུར་དང་
Page: 220 ཚིགས་བཅད་ཀྱི་ཕྱིར་དུ་ཐེག་ཆེན་ཀློག་པ་དང་སྟོན་པ་སོགས་བྱེད་བཞིན་དུ་བདག་ནི་རྙེད་སོགས་ལ་མི་ལྟ་བའི་ཐེག་ཆེན་པ་ཡིན་གྱི་ཞེས་འོག་གི་རྩ་ལྟུང་བཅུ་གཉིས་པའི་མི་ཆོས་བླ་མ་མ་གཏོགས་པའི་རང་གི་རྒྱུད་ལ་ཡོན་ཏན་མེད་པར་ཤེས་བཞིན་དུ་བརྫུན་གྱིས་ཡོད་ པར་བརྗོད་ན་ཕམ་པ་དང༌། དེ་བཞིན་དུ་ཀུན་སློང་ཕ་རོལ་གྱི་རྙེད་པ་ད་ང་ནི་བཀུར་སྟི་དང་ཚིགས་སུ་བཅད་པ་གང་རུང་ལ་ཕྲག་དོག་གིས་ཀུན་ནས་བསླངས་པའི་རྒྱུ་ཡིས་གཞན་ཕ་རོལ་པོ་དེ་ནི་རྙེད་བཀུར་སོགས་ལ་མི་ལྟ་བའི་ཐེག་ཆེན་པ་མིན་ནོ་ཞེས་བརྫུན་གྱིས་མི་བསྔགས་ པ་བརྗོད་དེ་སྨོད་ན་ཡང་ཕམ་པར་འགྱུར་བས་འདི་ལ་བསྟོད་སྨད་སོ་སོར་ཕྲལ་བས་ཕམ་པ་གཉིས་ཡོད་པ་དང་རྙེད་བཀུར་གང་རུང་ལ་ཆགས་པས་ཆོག་པ་ཡང་སྔར་དང་འདྲ་ལ་བསྟོད་སྨད་ནི་མདོ་ལས་ལྕེ་གཉིས་བྱེད་པ་ཞེས་གསུངས་པས་བརྫུན་གྱིས་སྨྲས་པ་ལ་བྱ་ དགོས་པ་འདྲ་ཞེས་གསུང་ངོ༌། །འདི་བྱང་སའི་ཕམ་པ་དང་པོ་གཉིས་ཕྱོགས་གཅིག་ཏུ་བྱས་པ་དང་དོན་གཅིག་པར་རྒྱལ་སྲས་ཞི་བའི་ལྷས་བཞེད་པ་ཡིན་པར་གསུངས་ཤིང་བསླབ་བཏུས་སུ་བྱང་སའི་ཕམ་པ་རྣམས་དྲངས་པའི་སྐབས་སུ། རྙེད་དང་བཀུར་ སྟིར་ཆགས་པ་ཡིས། ཞེས་སོགས་ཀྱི་ཕམ་པ་དང་པོ་མ་དྲངས་པ་ནི་ནམ་སྙིང་གི་མདོ་ནས་བཤད་པའི་ཕམ་པ་འདི་དོན་གཅིག་པའི་རྒྱུ་མཚན་སོགས་ཀྱིས་ཡིན་༌པར་གསུངས་སོ། །དེས་ན་ཞི་བའི་ལྷའི་དགོངས་པ་ལྟར་ན་བྱང་སའི་རྩ་ལྟུང་དེ་ལའང་ཡན་ ལག་གི་རྩིས་འདི་བཞིན་བྱེད་དགོས་པ་འདྲ་ཞེས་གསུང་ངོ༌། །བཅུ་གཉིས་པ་མི་ཆོས་བླ་མའི་བརྫུན་སྨྲའི་ཕམ་པ་ནི། བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང་། །ཞེས་གསུངས་ཏེ། ཡུལ་དོན་གོ་བའི་ཕ་རོལ་པོ་ལ། སྨྲ་ཚུལ་སྟོང་
Page: 221 ༄༅། །ཉིད་ཀྱི་ཆོས་བསྟན་ནས་རང་ལ་སྟོང་ཉིད་ཀྱི་རྟོགས་པ་མེད་བཞིན་དུ་བདག་ནི་ཟབ་མོ་སྟོང་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པར་བཟོད་པས་ཡིན་པས། ཁྱོད་ལ་སྙིང་བརྩེ་བས་བསྟན་གྱི་ཁྱོད་ཀྱིས་ཀྱང་དེ་མངོན་སུམ་དུ་འགྱུར་བ་དེ་ལྟར་དུ་ སྒོམས་ཤིག་དང་ཁོ་བོ་དང་འདྲ་བར་འགྱུར་བའོ་ཞེས་ཕྲག་དོག་མ་གཏོགས་པའི་ཉོན་མོངས་ཅན་གྱི་བསམ་པས་ཀུན་ནས་བསླངས་ཏེ་ཕྱིན་ཅི་ལོག་པ་བརྫུན་ཉིད་ནི་སྨྲ་བ་དང་དེ་ལྟར་སྨྲས་པ་ཕ་རོལ་པོས་དོན་གོ་ན་རྩ་ལྟུང་ངོ༌། །རྟེན་དེ་བྱང་སྡོམ་ལྡན་པའི་དགེ་སློང་ལྟ་ བུ་ཡིན་ན་སོ་ཐར་དང་ཐེག་ཆེན་གྱི་ཕམ་པ་གཉིས་ཀ་འབྱུང་བའི་སྐབས་ཡོད་པར་གསུངས་པས་གོང་གི་རྩལྟུང་བཅུ་གཅིག་པ་ལའང་དེ་དང་རིགས་འགྲེ་སྦྱར་ཆོག་པ་འདྲའོ། །བཅུ་གསུམ་པ་དཀོན་མཆོག་གི་དཀོར་ལེན་པའི་ཕམ་པ་ནི། དགེ་སྦྱོང་ཆད་པས་ གཅོད་འཇུག་དང་། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང༌། །སྦྱིན་པ་ལེན་པར་བྱེད་པ་དང༌། །ཞེས་གསུངས་ཏེ། རང་ཉིད་ཀྱིས་རྒྱལ་བློན་སོགས་ལ་བརྟེན་ནས་དགེ་སྦྱོང་ལ་ནོར་གྱི་ཆད་པས་གཅོད་དུ་འཇུག་པ་དང་། དེ་ལྟར་ཆད་པས་གཅོད་པས་ན་དགེ་ སྦྱོང་དེས་ཀྱང་སོ་སྐྱེའི་གང་ཟག་གསུམ་མན་ཆད་ཀྱི་གང་ཟག་གམ་དགེ་འདུན་གྱིའམ་མཆོད་རྟེན་གྱི་ཡོ་བྱད་སོགས་དཀོན་མཆོག་གསུམ་གྱི་དཀོར་གང་ཡང་རུང་བ་རང་ཉིད་ཀྱིས་རྐུ་འཕྲོག་བྱས་པའམ་གཞན་ལ་དེ་ལྟར་བྱེད་དུ་བཅུག་པའི་དཀོར་དེ་ཆད་པས་གཅོད་ དུ་འཇུག་པ་པོ་རང་ཉིད་ལ་སྦྱིན་པར་བྱེད་པ་དང༌། རང་གིས་ཀྱང་སྦྱིན་པ་དེ་ལེན་པར་བྱེད་ཅིང་ཐོབ་བློ་སྐྱེས་པ་ན་རྩ་ལྟུང་ངོ་། །དེས་རྒྱལ་བློན་སོགས་ལ་འབུལ་བ་དེ་དག་གིས་ལེན་ན་དེ་དག་ཀྱང་བྱང་སྡོམ་ལྡན་པ་ཡིན་ན་རྩ་ལྟུང་གསུམ་པ་དང་དང་པོ་འབྱུང་ངོ༌། །
Page: 222 འདིའི་དགེ་སྦྱོང་ཆད་པས་བཅད་པའི་རྩ་ལྟུང་ནི་རྩ་ལྟུང་གསུམ་པར་འདུ་ཞིང༌། དཀོན་མཆོག་གསུམ་གྱི་དཀོར་ལེན་པའི་རྩ་ལྟུང་ནི་རྩ་ལྟུང་དང་པོར་འདུ་ལ། དེ་ལྟ་བུའི་རྩ་ལྟུང་དེ་གཉིས་དང་འདི་ཟློས་པར་མི་འགྱུར་ཏེ། དེ་གཉིས་ནི་མ་བྱིན་པར་ལེན་པ་དང་འདི་ བྱིན་པ་ལེན་པ་ཡིན་པའི་ཕྱིར་དང་རྩ་ལྟུང་དང་པོ་ནི་རང་གིས་བརྐུས་པའམ་རྐུར་བཅུག་པ་ཡིན་ལ་འདི་ནི་དགེ་སྦྱོང་ལ་ཆད་པས་གཅོད་དུ་བཅུག་པ་ན་དེ་བརྐུས་སམ་རྐུར་བཅུག་པ་ལེན་པའི་རྩ་ལྟུང་ཡིན་པའི་ཕྱིར་མི་འདྲའོ། །འདིར་སོ་སྐྱེའི་དགེ་སློང་གཅིག་གམ་ གཉིས་སམ་གསུམ་ལྟ་བུའི་གང་བྱག་གི་དཀོར་ཞེས་བཤད་པ་ནི་ཁྱད་པར་ཡིན་གྱི་གཞན་ནི་སྔར་བསྟན་པ་བཞིན་ཅི་རིགས་སུ་སྦྱར་རོ། །བཅུ་བཞི་པ་ཁྲིམས་ངན་འཆའ་བ་སོགས་ཀྱི་ཕམ་པ་ནི། ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་ སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་རྣམས། །ཞེས་གསུངས་ཏེ། ཡུལ་ཆོས་སྤྱོད་པའི་དགེ་སློང་རྣམས་ལ་གནོད་འཚེའི་བསམ་པས་ཞི་གནས་དང་ལྷག་མཐོང་དང་མཐུན་པའི་ཡིད་བྱེད་འདོར་བ་དང་ཉོན་མོངས་པ་མང་དུ་འགྱུར་བའི་ཁྲིམས་ངན་འཆའ་བར་ བྱེད་པ་དང་། །ཡང་རྫས་བདག་སྤོང་བ་ལ་བརྩོན་པའི་ཡང་དག་འཇོག་གི་དགེ་སློང་འཕགས་པ་མ་ཡིན་ཞིང་བཞིར་མ་ལོངས་པ་གསུམ་མན་ཆད་གང་ཡང་རུང་བའི་ལོངས་སྤྱོད་རྣམས། ཀུན་སློང་དེ་དག་ལ་སྡང་ཞུགས་ཀྱི་བསམ་པས་བསླངས་ཏེ། སྦྱོར་བ་ མ་བྱིན་པར་བླངས་ནས་ཁ་ཏོན་བྱེད་པ་རྣམས་ལ་སྦྱིན་པར་བྱེད་པ་རྣམས་ཀྱང་རྩ་ལྟུང་དུའགྱུར་ལ། འདིའི་རྫས་བདགི་འཕགས་པ་དང་དགེ་འདུན་དུ་ལོངས་པ་ཡིན་ན་ཕམ་པ་དེ་རྩ་ལྟུང་དང་པོར་འགྱུར་བས་དེ་ལྟ་བུ་མ་ཡིན་པ་དགོས་སོ། །འདི་དག་ནི་ཀུན་སློང་ལ་
Page: 223 ༄༅། །བརྩེ་བའི་བསམ་པ་ཞེས་ཡོད་པ་ནི་ཡི་གེ་མ་དག་པ་ཡིན་པས་གཙེ་བའི་བསམ་པའམ་འཚེ་བའི་བསམ་པ་ཞེས་ཡོད་དགོས་པར་གསུངས་སོ། །དེ་དག་རྩ་བའི་ལྟུང་བ་སྟེ། །ཞེས་པའི་དེ་དག་ཅེས་པ་རྩ་ལྟུང་བདུན་པ་མན་ཆད་དང་སྦྱར་དགོས་ ཏེ། ཕྱི་མ་བརྒྱད་པོ་ལ་ལས་དང་པོ་བའི་ལྟུང་བ་ཞེས་མདོ་ལས་གསུངས་པ་ལྟར་དང༌། རྩ་ལྟུང་དྲུག་པའི་མཐར། རྩ་བའི་ལྟུང་བར་རྒྱལ་བས་གསུངས། །ཞེས་ཡོད་ལ། །དེ་མན་ཆད་དུ་འདི་མ་གཏོགས་མེད་པའི་ཕྱིར་རོ། །སེམས་ཅན་དམྱུལ་བ་ཆེན་པོའི་རྒྱུ། ། ཞེས་པས་ནི་སྔར་བཤད་པའི་རྩ་ལྟུང་དེ་རྣམས་ལས་རྩ་ལྟུང་རེ་རེའི་ཉེས་པ་ཡང་སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ་ཡིན་པར་སྟོན་ལ། རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་པས་ནི་ལྟུང་བ་ལས་ལྡང་པའི་ཐབས་བསྟན་ ཏེ་བསླབ་བཏུས་ལས་ཤེས་པར་བྱའོ། །རྩ་ལྟུང་བྱུང་ན། སྡོམ་པ་སླར་ཡང་བླང་བར་བྱ། །ཞེས་པ་ལྟར་བྱ་དགོས་པ་མ་ཡིན་ནམ་བཤགས་པས་ལྟུང་བ་ལས་ཇི་ལྟར་ལྡང་ནུས་སྙམ་ན། དེ་ཡང་བཤགས་པས་ངན་སོང་དུ་འགྲོ་བ་ལྡོག་ནུས་ཀྱང་སོར་ཆུད་པ་ལ་ནི་སླར་ སྡོམ་པ་བཟུང་དགོས་སོ། །དེ་དག་ནི་ནམ་སྙིང་གི་མདོ་ལས་གསུངས་པ་བཞིན་བསླབ་བཏུས་སུ་ཚིགས་བཅད་དུ་བསྡེབས་པར་མཛད་པའོ། །འདི་དག་ལ་རྒྱལ་པོ་དང་བློན་པོ་དང་ལས་དང་པོ་བའི་ལྟུང་བ་ཞེས་སོ་སོར་གསུངས་པ་ནི་དེ་དང་དེ་ལ་འབྱུང་ཉེ་བའི་དབང་དུ་བྱས་ པ་ཡིན་གྱི་བྱང་སྡོམ་ལྡན་པའི་རྒྱལ་པོ་སོགས་གསུམ་ཀ་ལ་དེ་ཐམས་ཅད་འབྱུང་བར་ཞི་བའི་ལྷས་གསུངས་པ་ལྟར་ཡིན་ནོ། །གཞན་ཡང་། བྱང་ཆུབ་སེམས་ནི་ཡོངས་འདོར་དང་། །ཞེས་པ་ནི། སྨོན་པའི་བྱང་ཆུབ་ཀྱི་སེམས་ནི་ཡོངས་སུ་འདོར་བའི་རྩ་ལྟུང་སྟེ།
Page: 224 འདི་རྩ་ལྟུང་དུ་ཐབས་ལ་མཁས་པའི་མདོར་གསུངས་ལ་རྩ་ལྟུང་འདི་སྐྱེད་པའི་རྟེན་ལ་བྱང་སྡོམ་ལྡན་པ་དགོས་པས་སེམས་དོར་བའི་སྐད་ཅིག་དང་པོ་ལ་སྡོམ་པ་ཡོད་ལ་སྐད་ཅིག་གཉིས་པ་ནས་སྡོམ་པ་གཏོང་བ་ཡིན་གྱི་དོར་བ་ཙམ་ནས་བྱང་སེམས་མིན་པར་མི་འགྱུར་རོ། ། རྩ་ལྟུང་ལྔ་བ་ལོག་ལྟ་སྐྱེས་པའང་དེ་བཞིན་དུ་ཤེས་པར་བྱའོ། །དེའི་ཕྱིར་འདི་གཉིས་བྱུང་བ་ཙམ་ནས་རྩ་ལྟུང་དུ་འགྱུར་བས་ཀུན་དཀྲིས་ཚང་མི་དགོས་ཤིང་གཞན་ལ་དགོས་ཏེ་འཆད་པར་འགྱུར་རོ། །ཆབ་ས་དང་སེར་སྣ་མི་བཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང༌། ཞེས་པའི་རྩ་ལྟུང་ནི་གོང་གི་བྱང་སར་གསུངས་པའི་རྩ་ལྟུང་བཞི་ཚན་གྱི་གཉིས་པ་དང་དོན་གཅིག་པས་དེར་འདུ་བ་དང༌། བསྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་དང་། །ཁྲོས་པས་སེམས་ཅན་བརྡེག་པ་དང་། །ཅེས་པའི་རྩ་ལྟུང་ནི་གོངགི་བཞི་ཚན་གྱི་ གསུམ་པ་དང་དོན་གཅིག་པས་དེར་འདུ་བ་དང་། ཉོན་མོངས་རང་གི་ཚུལ་མིན་ཡིད་བྱེད་ཀྱི་རྗེས་སུ་ཞུགས་པ། མཆན། བ་དང་གཞན་མཐུན་པས། །གཞན་གྱི་གཡམ་ལ་རྒྱུག་པ། མཆན། ཆོས་ལྟར་བཅོས་པ་སྟོན་པའོ། །བརྗོད་པའོ། །ཞེས་པའང་ཡོད། ཞེས་པ་ནི་གོང་གི་བཞི་ཚན་གྱི་བཞི་པའི་ཕྱོགས་ གཅིག་ཐེག་ཆེན་སྤོང་བ་དང་དོན་གཅིག་པས་དེར་འདུའོ། །བྱང་ཆུབ་སེམས་འདོར་སོགས་འདི་དག་ཀྱང་ཐབས་ལ་མཁས་པའི་མདོ་བཞིན་དུ་བསླབ་བཏུས་ནས་གསུངས་པའོ། །དེ་ལྟར་བྱང་ས་ལས་བྱུང་བའི་ཕམ་པ་བཞི། བསླབ་བཏུས་ལས་བཤད་པའི་ཕམ་པ་བཅུ་ བཞི། བྱང་ཆུབ་སེམས་འདོར་གྱི་རྩ་ལྟུང་སྟེ་བསྡོམས་པས་བཅུ་དགུའོ། །ད་དུང་བསྡུས་ན་ནམ་སྙིང་གི་མདོར་འབྱུང་བའི་རྩ་ལྟུང་བཅུ་གཅིག་པ་བྱང་སར་འབྱུང་བའི་ཕམ་པ་དང་པོར་འདུ་བས་བཅོ་བརྒྱད་དུ་འདུའོ། །དེ་དག་ལ་ཞིབ་ཏུ་ཕྱེ་ན་སུམ་ཅུ་རྩ་བདུན་དུ་དབྱེར་
Page: 225 ༄༅། །ཡོད་དེ། ནམ་སྙིང་གི་མདོར་གསུངས་པའི་ཕམ་པ་དང་པོ་གཉིས་ལ་ནང་གསེས་ཀྱི་ཕྱེ་བས་གསུམ་གསུམ། ཕམ་པ་གསུམ་པ་ལ་གཉིས། ཕམ་པ་བཞིཔ་ལ་ལྔ། ཕམ་པ་ལྔ་པ། དེ་ནས་ཕམ་པ་དྲུག་པ་ལ་བཞི། ཕམ་པ་བདུན་པ། ཕམ་པ་བརྒྱད་པ། ཕམ་པ་དགུ་པ། ཕམ་པ་བཅུ་པ། ཕམ་པ་བཅུ་གཅིག་པ་ལ་གཉིས། ཕམ་པ་བཅུ་གཉིས་པ། ཕམ་པ་བཅུབཞི་པ་ལ་གཉིས། བྱང་ཆུབ་སེམས་འདོར། བྱང་ས་ནས་འབྱུང་བ་ལ་སྦྱོར་བའི་སྒོ་ནས་བརྒྱད་དུ་འགྱུར་བས་ན་སུམ་ཅུ་རྩ་བདུན་ནོ། ། འདི་ལ་སློབ་དཔོན་བྱང་ཆུབ་བཟང་པོའི་འགྲེལ་པ་གསར་མ་ལས་ནམ་སྙིང་གི་མདོ་ནས་འབྱུང་བའི་རྩ་ལྟུང་དུ་གསུངས་པ་རྣམས་རྩ་ལྟུང་མཚན་ཉིད་པ་མ་ཡིན་པར་འཆད་ལ་དེ་བཞིན་དུ་རྒྱ་བོད་ཀྱི་བླ་མ་མང་པོ་ཞིག་དེ་ལྟར་འདོད་ལ། སྔ་མ་ཁ་ཅིག་གི་ལུགས་ལ་བསླབ་བཏུས་ དང་སྤྱོད་འཇུག་སོགས་ནས་གསུངས་པའི་ཆོ་གས་སྡོམ་པ་ལེན་ན་ནམ་སྙིང་གི་མདོ་ལས་བཤད་པ་རྣམས་རྩ་ལྟུང་དུ་འགྱུར་ལ། བྱང་ས་ལས་གསུངས་པའི་ཆོ་གས་ལེན་ན་བྱང་སར་བཤད་པ་རྣམས་རྩ་ལྟུང་དུ་འགྱུར་བར་བཞེད་ལ། ས་སྐྱ་བ་གོང་མ་ཡབ་སྲས་སོགས་ ཕལ་ཆེར་གྱི་བཞེད་པ་ལ་བསླབ་བཏུས་སྤྱོད་འཇུག་སོགས་ནས་འབྱུང་བ་དབུ་མ་ལུགས་དང་། བྱང་ས་ནས་འབྱུང་བ་རྣམས་སེམས་ཙམ་ལུགས་སུ་འཇོགའདིར་རང་ལུགས་ལ་མདོ་ནས་ཀྱང་འདི་དག་རྩ་ལྟུང་དུ་གསུངས་ལ་མདོའི་དོན་འགྲེལ་བ་ལ་ཚད་མར་གྱུར་པ་ རྒྱལ་སྲས་ཞི་བའི་ལྷས་དེའི་དོན་འཆད་པ་ནའང་རྩ་ལྟུང་དུ་བཀྲལ་ཞིང་ཁྱད་པར་ནམ་སྙིང་གི་མདོ་དང་བྱང་སའི་དོན་གཉིས་ཀ་བསྡུས་ནས་གསུངས་པ་འདི་ཁོ་ན་ལྟར་བྱ་སྟེ། བསླབ་བཏུས་འགྱུར་རྙིང་ལས་རྩ་བའི་ལྟུང་བ་འདི་དག་བདེ་བླག་ཏུ་བླངས་ཤིང་བཟུང་བ་དང་
Page: 226 གཅིག་གིས་འདོད་པ་ལྟར་བསྡུས་པའི་ཚིག་ལེའུར་བྱེད་པ་བརྗོད་པར་བྱའོ་ཞེས་གསུངས་པས་ལུགས་གཉིས་གཅིག་ཏུ་བསྲེས་ནས་རྩ་ལྟུང་མཚན་ཉིད་པར་གསུངས་པའི་ཕྱིར་དང༌། སྤྱོད་འཇུག་གི་འགྲེལ་ཆེན་དང་དགེ་ལྷའི་༠འགྲེལ་པ་སོགས་སུ་ཡང་རྩ་ལྟུང་དུ་བཤད་ པའི་ཕྱིར་གདོན་མི་ཟ་བར་རྩ་ལྟུང་དུ་ཁས་བླངས་དགོས་ལ། ལུགས་གཉིས་གཅིག་ཏུ་བསྡུ་བའི་ཚུལ་འདི་ནི་ཞང་ཤར་པ་ཡོན་ཏན་གྲགས་ཀྱི་ལམ་རིམ་བརྗེད་བྱང་མ་ནས་ཀྱང་འབྱུང་ངོ༌། །ལུགས་གཉིས་གཅིག་ཏུ་བསྡུ་ཚུལ་ཡང་། བསླབ་བཏུས་ལས། དཀོན་མཆོག་ གསུམ་གྱི་དཀོར་འཕྲོག་པ། །ཞེས་སོགས་ཀྱིས་ནམ་སྙིང་གི་མདོར་གསུངས་པའི་རྩ་ལྟུང་རྣམས་ཚང་བར་གསུངས་ནས། དེའི་སྟེང་དུ། ཆགས་དང་སེར་སྣ་མི་བཟད་པས། ཞེས་སོགས་ཀྱིས་བྱང་ས་ནས་གསུངས་པའི་རྩ་ལྟུང་རྣམས་ཀྱང་བསྣན་ནས་གསུངས་པ་ ལྟར་རོ། །དེས་ན་ནམ་སྙིང་གི་མདོ་ནས་གསུངས་པའི་རྩ་ལྟུང་བཅུ་བཞི། ཐབས་ལ་མཁས་པའི་མདོ་ནས་གསུངས་པའི་རྩ་ལྟུང་གཅིགབྱང་སའི་ཐུན་མིན་གྱི་རྩ་ལྟུང་ལྔ་སྟེ་ཉི་ཤུ་པོ་ཐམས་ཅད་བྱང་སའི་ཆོ་གས་ནོད་ཀྱང་རུང་། བསླབ་སྤྱོད་ཀྱི་ཆོ་གས་ནོད་ཀྱང་ རུང་བྱང་སེམས་ཀྱི་སྡོམ་ལྡན་ཡིན་ཕྱིན་རྩ་ལྟུང་དུ་འགྱུར་བ་ལ་ཁྱད་པར་མེད་དོ། །བྱང་སའི་ཐུན་མིན་གྱི་རྩ་ལྟུང་ལྔ་ནི། སྦྱོར་བའི་སྒོ་ནས་ཕྱེ་བའི་རྩ་ལྟུང་བརྒྱད་ལས། ཆོས་ནོར་མི་སྟེར་བ་གཉིས། འཚོག་པ་དང་ཤད་སྦྱང་མི་ལེན་པ་གཉིས། ཆོས་ལྟར་སྣང་སྟོན་པའི་ རྩ་ལྟུང་སྟེ་ལྔ་ནི་ནམ་སྙིང་གི་མདོར་མ་བསྟན་པས་ཐུན་མིན་ཞེས་བརྗོད་པ་ཡིན་ལ། དེ་ལས་གཞན་བདག་བསྟོད་གཞན་སྨོད་གཉིས་ཐེག་ཆེན་སྤོང་བ་དང་གསུམ་ནི་ནམ་སྙིང་གི་མདོར་གསུངས་པའི་རྩ་ལྟུང་གི་ནང་དུ་འདུ་ཚུལ་སྔར་སྨོས་ལྟར་ཡིན་པས་རྩ་ལྟུང་ཐུན་
Page: 227 ༄༅། །མོང་བའོ། །གཉིས་པ་དེ་དག་གི་བྱེད་པ་ནི། ཕམ་པ་གཅིག་བྱུང་ན་ཡང་ཚེ་དེར་ས་དང་པོ་ཐོབ་པ་མི་སྲིད་ཅིང་དེ་དང་ཉེ་བའི་རྒྱུ་ཚོགས་སྔར་ཡོད་མི་འཕེལ་ཞིང་སྔར་མེད་སྐྱེད་པའི་སྐལ་བ་མེད་པ་དང་། གཞན་ཡང་ཕྱི་མར་ངན་སོང་དུ་ འགྲོ་བ་དང༌། ཡུན་རིང་པོར་འཁོར་བར་འཁོར་ཞིང་དགེ་བའི་བཤེས་གཉེན་དང་འབྲལ་བར་བྱེད་པར་གསུངས་ན་ཕམ་པ་ཡང་དང་ཡང་དུ་བྱུང་ན་ལྟ་ཅི་སྨོས། དེས་ན་ཕམ་པ་བྱུང་ཡང་ཕྱིས་སྡོམ་པ་བླང་དུ་ཡོད་མི་བསམ་པར་ཕམ་པས་མ་གོས་པ་ལ་སྲོག་ བསྡོས་བྱ་དགོས་པར་གསུངས་ལ། སྤྱོད་འཇུག་ཏུ་ཡང་། དེ་ལྟར་ལྟུང་བ་སྟོབས་ལྡན་དང༌། ཞེས་སོགས་གསུངས་སོ། །གསུམ་པ་ཀུན་དཀྲིས་གསུམ་གྱི་དབྱེ་བ་ནི། སྔར་བཤད་པའི་ཕམ་པ་འདི་དག་གི་ཀུན་དཀྲིས་ཆུང་དུ་དང་འབྲིང་གིས་ནི་སྡོམ་པ་ཡང་ དག་པར་བླངས་པ་མི་གཏོང་ལ་ཀུན་དཀྲིས་ཆེན་པོས་ནི་གཏོང་ངོ༌། །དེ་ཡང་རྩ་ལྟུང་རྣམས་ཁས་ལོག་ལྟ་སྐྱེས་དང་བྱང་ཆུབ་སེམས་འདོར་གཉིས་ལ་ནི་དེ་དག་སྐྱེས་པའི་སྐད་ཅིག་དང་པོ་ལ་སྡོམ་པ་ཡོད་ཀྱང་སྐད་ཅིག་གཉིས་པ་ནས་སྡོམ་པ་ངེས་པར་གཏོང་ བས་དེ་གཉིས་ལ་ཐུན་མོང་པའི་ཡན་ལག་ཀུན་དཀྲིས་ཆེན་པོ་ཚང་མི་དགོས་ལ། དེ་གཉིས་མ་གཏོགས་པའི་གཞན་རྣམས་ལ་ནི་ཀུན་དཀྲིས་ཚང་ན་ཕམ་པར་འགྱུར་བས་སྡོམ་པ་གཏོང་གི། ཀུན་དཀྲིས་ཆེན་པོ་མ་ཚང་ན་ཀུན་དཀྲིས་ཆུང་ངུ་དང་འབྲིང་ཚང་ཡང་ཕམ་ པའི་སྡེ་ཚན་ལ་ཕམ་པར་མ་སོང་བས་ཟག་པ་ཆུང་འབྲིང་གི་ལྟུང་བར་འགྱུར་གྱི་ཕམ་པར་མི་འགྱུར་བའི་ཕྱིར་དེས་སྡོམ་པ་མི་གཏོང་ངོ༌། །དེ་ལ་ཀུན་དཀྲིས་འབྲིང་གི་སྒོ་ནས་ཡོངས་སུ་སྤྱད་པོ་རྣམས་ནི་ཟག་པ་འབྲིང་གི་ལྟུང་བ་དང༌། ཀུན་དཀྲིས་ཆུང་ངུས་སྤྱད་པ་དག་ནི་
Page: 228 ཟག་པ་ཆུང་ངུའི་ལྟུང་བ་ཞེས་བྱ་ལ་དེ་དག་ཀྱང་ལྟུང་བའི་ངོ་བོ་ཉེས་བྱས་ཡིན་ཞིང་སྡེ་ཚན་ནི་ཕམ་པའི་སྡེ་ཚན་དུ་གཏོགས་པ་ཡིན་ནོ། །འོ་ན་ཀུན་དཀྲིས་ཆེན་པོ་ཇི་ལྟ་བུ་ཞེ་ན། དེ་ནི་ཡན་ལག་བཞིས་ཚང་བ་སྟེ། ཕམ་པར་འགྲོ་རྒྱུ་དེ་རྣམས་ལས་ཉེས་སྤྱོད་གང་རུང་ ཞིག་སྤྱད་ཅིང་ད་དུང་དེ་ལ་སླར་ཡང་སྤྱོད་འདོད་ཡོད་པ་ནི་ཡན་ལག་དང་པོ། །ཕམ་པ་འགྲོ་རྒྱུའི་ཉེས་སྤྱོད་དེ་ལ་འཇུག་པ་ལ་ངོ་ཚ་ཁྲེལ་ཡོད་གཉིས་གང་རུང་ཞིག་ཆེན་པོ་དང་འབྲིང་ལྟ་ཞོག་ཆུང་ངུ་ཙམ་ཡང་མ་སྐྱེས་པ་ནི་ཡན་ལག་གཉིས་པ་ཡིན་ལ། ངོ་ཚ་དང་ཁྲེལ་ ཡོད་གཉིས་ཀྱི་ཁྱད་པར་ནི། ཉེས་སྤྱོད་ལ་འཇུག་པ་འདི་ནི་བདག་གི་བྱ་བའི་ཆ་མ་ཡིན་ནོ་སྙམ་ནས་རང་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པ་ནི་ངོ་ཚ་ཤེས་པ་དང༌། ཉེས་སྤྱོད་དེ་ལ་ཞུགས་པས་གཞན་གྱིས་སྨད་ན་མི་རུང་ངོ་ཞེས་གཞན་རྒྱུ་མཚན་དུ་བྱས་ནས་ འཛེམ་པ་ཁྲེལ་ཡོད་པའོ། །ཉེས་སྤྱོད་དེ་ལ་དགའ་ཞིང་མགུ་བ་མ་ལོག་པ་ནི་ཡན་ལག་གསུམ་པ་ཡིན་ལ། དེ་གཉིས་ཀྱི་ཁྱད་པར་ལ། དགའ་བ་ནི་ཉེས་སྤྱོད་དེ་སྒྲུབ་པའི་སྦྱོར་བ་ལ་དགའ་བ་ཙམ་དང་མགུ་བ་ནི་བསམ་པ་ཐག་པ་ནས་དེས་མགུ་ཞིང་དགའ་བའོ། ། ཉེས་སྤྱོད་དེ་ཉིད་ལ་ཉེས་དམིགས་སུ་ལྟ་བ་ནི་ཡན་ལག་བཞི་ཡིན་ལ་ཉེས་དམིགས་སུ་མི་ལྟ་བའི་ཚུལ་ནི་ཉེས་སྤྱོད་དེ་འདོད་པར་བྱ་བའི་ཕྱོགས་སུ་ལྟ་ཞིང་མི་འདོད་པའི་ཕྱོགས་སུ་མི་ལྟ་བའོ། །དེ་ལྟར་ཀུན་དཀྲིས་ཆེན་པོར་འགྱུར་བས་དགག་པའི་སྒོ་ནས་ངོ་ཚ་ ཁྲེལ་ཡོད་མ་སྐྱེས་པ་དང་ཉེས་དམིགས་སུ་མི་ལྟ་བ་གཉིས་དང་། སྒྲུབ་པའི་སྒོ་ནས་ཕྱིས་སྤྱོད་འདོད་དང་མགུ་ཞིང་དགའ་བ་གཉིས་ཏེ་བཞི་ཚང་དགོས་ལ། སྔ་མ་གཉིས་ནི་ཉེས་སྤྱོད་དེ་སྐྱེད་བྱེད་ཀྱི་ཀུན་སློང་བྱུང་བ་ནས་བརྩམས་ཏེ་དངོས་གཞི་རྫོགས་པའི་དེ་
Page: 229 ༄༅། །མ་ཐག་ཡན་ཆད་དུ་མེད་པ་དེ་གཉིས་རྒྱུན་ཆགས་པ་དགོས་ཀྱི་བར་དེ་དག་ཏུ་ངོ་ཚ་ཁྲེལ་ཡོད་དང་ཉེས་དམིགས་སུ་ལྟ་བ་གང་རུང་ཞིག་སྐྱེས་ན་ཀུན་དཀྲིས་ཆེན་པོའི་ཡན་ལག་མི་ཚང་ངོ༌། །ཕྱི་མ་ཡོད་པ་གཉིས་ཀྱང་དུས་དེ་དག་གང་ རུང་དུ་བྱུང་ནས་དངོས་གཞི་རྫོགས་པའི་དེ་མ་ཐག་ཡན་ཆད་དུ་ཡོད་དེ་དག་ལས་མ་ལོག་པ་དགོས་ཀྱི་རིགས་འདྲ་བར་མ་ཆད་མི་དགོས་སོ། །དེ་ལྟར་ཡན་ལག་བཞི་པོ་འདི་ཚང་བ་ནི་ཀུན་དཀྲིས་ཆེན་པོར་རིག་པར་བྱའོ། །ཀུན་དཀྲིས་ཆུང་འབྲིང་གི་ཁྱད་པར་ནི། ཡན་ལག་དང་པོ་གསུམ་ཚང་ཡང་ཉེས་དམིགས་སུ་ལྟ་བ་ཡོད་ན་ཀུན་དཀྲིས་ཆུང་ངུ་དང༌། ཉེས་དམིགས་སུ་ལྟ་བ་མེད་ན་ཀུན་དཀྲིས་འབྲིང་དུ་ཤེས་པར་བྱའོ། །ཉེས་སྤྱོད་དེ་ལ་དགའ་བ་དང་ཕྱིས་སྤྱོད་འདོད་ཡོད་པ་ཟློས་སོ་ཞེ་ན། སྐྱོན་མེད་དེ་དགའ་བ་དང་ འདོད་པ་གཉིས་སེམས་བྱུང་སོ་སོ་བ་ཡིན་པའི་ཕྱིར་མི་ཟློས་སོ། །ཉེས་སྤྱོད་དེ་ལ་ཉེས་དམིགས་སུ་ལྟ་ན་འཛེམ་པ་དང་མི་དགའ་བ་འོང་བས་ཡན་ལག་བར་པ་གཉིས་ལས་ལོགས་སུ་ཕྱི་མ་མི་དགོས་སོ་སྙམ་ན། དེ་ནི་མ་ངེས་ཏེ་ཉེས་དམིགས་སུ་ལྟ་བ་ངོ་ཚ་ ཁྲེལ་ཡོད་ཀྱི་རྒྱུ་ཡིན་གྱི་ངོ་བོ་མ་ཡིན་པའི་ཕྱིར་དང་། ཉེས་དམིགས་སུ་མཐོང་ཡང་དགའ་བས་དེ་ལ་འཇུག་པ་ནི་ཁྲིམས་ལྡན་ལོག་གཡེམ་དུ་འཇུག་པ་ལྟ་བུ་ཡོད་པས་སོ། །དེ་ལྟ་ན་ཉེས་དམིགས་སུ་ལྟ་བ་ཡོད་ན་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་གཉིས་དང་ལྡན་ པས་མ་ཁྱབ་ཀྱང་། ཉེས་དམིགས་སུ་ལྟ་བ་མེད་ན་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་གཉིས་མི་སྐྱེ་བས་ཁྱབ་པོ། །བཞི་པ་སླར་གསོར་རུང་བའི་ཁྱད་པར་ནི། སོར་སྡོམ་ཕམ་པ་བྱུང་ན་བཏང་ན་སླར་གཏན་མི་སྐྱེ་བའམ་རྣམ་དག་སྐྱེ་བ་དང་འདི་མི་འདྲ་སྟེ། བྱང་སེམས་
Page: 230 ཀྱི་སྡོམ་པ་ནི་ཕམ་པ་བྱུང་ནས་བཏང་དུ་ཟིན་ཀྱང་ཚེ་འདི་ལ་ཕྱིར་ནོད་པའི་སྐལ་བ་ཡོད་དོ། །དེ་ཡང་སོ་ཐར་གྱི་སྡོམ་པ་ནི་སྡེ་པ་ཁ་ཅིག་འཆབ་པ་མེད་ན་ཕམ་པར་མི་འགྱུར་བས་ཕམ་པ་ཐམས་ཅད་འཆཔ་བཅས་སུ་འདོད་པ་ལྟར་ན་སོ་ཐར་གྱི་ཕམ་པ་བྱུང་ན་ཚེ་དེ་ ལ་སླར་གསོ་མི་རུང་བས་ཁྱབ་པར་འདོད་པ་སྒྲ་སོར་བཞག་གིས་ཆོག་སྟེ། དེ་ཡང་ཐེག་པ་དམན་པའི་རྟེན་ལ་དགོངས་པ་ཡིན་པར་གསུངས་ལ། སྡེ་པ་ཁ་ཅིག་ཕམ་པ་འཆབ་མེད་བྱུང་ན་སོ་ཐར་ཡང་སྔ་མ་ཕུལ་ནས་བླངས་ན་བསྙེན་པར་རྫོགས་པར་གསུངས་ པས་སླར་བླང་དུ་ཡོད་ཅེས་འདོད་པ་ལྟར་ན་ཡང་བྱང་སེམས་ཀྱི་སྡོམ་པ་སླར་བླང་དུ་ཡོད་པ་དང་མི་འདྲ་སྟེ། བྱང་སེམས་མ་ཡིན་པའི་དགེ་སློངགི་རྟེན་ལ་ཕམ་པ་འཆབ་མེད་བྱུང་བ་དེ་ཉིད་ཀྱིས་སླར་བླངས་ཏེ་སྔར་བསྙེན་པར་མ་རྫོགས་པ་དག་ལ་ལྟོས་ནས་ དགེ་སློང་མཚན་ཉིད་པ་ལྟ་བུར་གྱུར་དུ་ཟིན་ཀྱང་ད་དུང་དེའི་རྒྱུད་ལ་དགེ་སློང་གི་སྡོམ་པ་རྣམ་དག་སྐྱེས་པ་མ་ཡིན་པའི་ཕྱིར་ཏེ། ཕམ་པ་འཆབ་མེད་ཀྱང་མ་བྱུང་བའི་དགེ་སློང་རྣམ་དག་ལ་ལྟོས་ནས་དེ་ཉིད་བསྙེན་པར་མ་རྫོགས་པ་དང་འདྲ་བར་གསུངས་པའི་ ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་རྩ་ལྟུང་ངམ་ཕམ་པ་བྱུང་ནས་སླར་བླངས་ན་ཡང་སྡོམ་པ་རྣམ་དག་སྐྱེ་བ་ཡིན་ཏེ། བྱང་ས་ལས། བྱང་སེམས་ཀྱིས་ནི་བླངས་པ་བཏང་དུ་ཟིན་ཀྱང་ཚེ་འདི་ལ་ཕྱིར་ནོད་པའི་སྐལ་བ་ཡོད་དེ་དགེ་སློང་ཕམ་པ་བྱུང་ བ་བཞིན་དུ་སྐུ་ལ་བ་མེད་པ་ཁོ་ནར་འགྱུར་བ་ནི་མ་ཡིན་ནོ་༣ནཞེས་གསུངས་པའི་ཕྱིར་རོ། །དེས་ན་བྱང་སེམས་ལ་ཕམ་པ་བྱུང་ཡང་སླར་བླངས་པས་སྡོམ་པ་རྣམ་དག་སྐྱེ་ལ། ཐེག་པ་དམན་པའི་རྟེན་ལ་ནི་ཕམ་པ་བྱུང་ན་བླངས་ཀྱངདགེ་སློང་གི་སྡོམ་པ་རྣམ་
Page: 231 ༄༅། །དག་མི་སྐྱེ་བར་བསྟན་པ་འདིས་ནི་གསོར་རུང་མི་རུང་གི་ཁྱད་པར་བསྟན་པ་ཡིན་ནོ། །འོ་ན་སོ་ཐར་སླར་བཅོས་སུ་མེད་པ་དང་བྱང་སེམས་ཀྱི་སྡོམ་པ་ལ་ཕམ་པ་བྱུང་བ་སླར་བཅོས་སུ་རུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ནི་འདི་ཡིན་ཏེ་སྤྱིར་ སོ་ཐར་ཐེག་པ་ཆེ་ཆུང་གཉིས་ཀའི་རྟེན་ལ་ཡོད་པས་སོ་ཐར་ལ་ཐེག་པ་ཆེ་ཆུང་གཉིས་སུ་ཡོད་ཀྱང་སོ་ཐར་གྱི་བཅས་པ་ས་ང་ལ་མཛད་པའི་གདུལ་བྱའི་གཙོ་བོ་ནི་ཐེག་དམན་གྱི་གང་ཟག་ཡིན་ལ་དེས་སྡོམ་པ་ལེན་པ་ཡང་ཚེ་དེ་ལ་དགྲ་བཅོམ་འཐོབ་ནུས་མི་ནུས་གང་ ཡིན་ཡང་ཚེ་དེ་ལ་ཟག་པ་ཟད་པའི་ཆེད་དུ་ལེན་པ་ཡིན་ཞིང་ཕམ་པ་འཆབ་བཅས་བྱུང་ན་དེས་སྐྱེ་བ་དེ་ལ་དགྲ་བཅོམ་ཐོབ་པ་མི་སྲིད་པར་བྱེད་པས་སྡོམ་པ་བླངས་པའི་དགོས་པའི་གཙོ་བོ་གཏན་ལྡོག་ཅིང་། བྱང་སེམས་ལ་བྱང་སེམས་ཀྱི་སྡོམ་པའི་དབང་དུ་བྱས་ པའི་རྩ་ལྟུང་བྱུང་ཡང་སྡོམ་པ་བླངས་པའི་དགོས་པའི་གཙོ་བོ་མི་ལྡོག་པའི་ཕྱིར་རོ། །འདི་ནི་ཉེ་བ་འཁོར་གྱིས་ཞུས་པ་དང་ཐབས་ལ་མཁས་པའི་མདོ་གཉིས་ཀྱི་དགོངས་པ་ཡིན་པར་གསུངས་སོ། །དེ་ལྟར་ན་སོ་ཐར་གྱི་ཕམ་པ་བྱུང་བ་ཕྱིར་བླང་དུ་མེད་པར་ གསུངས་པ་ཡང་གཙོ་ཆེ་བ་ཐེག་དམན་གྱི་གདུལ་བྱའི་དབང་དུ་བྱས་ནས་གསུངས་པ་ཡིན་གྱི། དགེ་སློང་གི་སྡོམ་ལྡན་གྱི་ཐེག་ཆེན་པ་ལ་ནི་སོཐར་གྱི་ཕམ་པ་བྱུང་ཡང་སོ་ཐར་སླར་བླང་དུ་རུང་བའི་སྐབས་ཤིག་ཡོད་དེ་བྱང་སེམས་སོ་སོར་ཐར་པའི་སྡོམ་ལྡན་ དེ་ལ་སོ་ཐར་གྱི་རྩ་ལྟུང་བྱུང་ན་རྩ་ལྟུང་བྱུང་བའི་འོག་དེ་མ་ཐག་ཡན་ཆད་དུ་སྔར་བསྐྱེད་པའི་སེམས་བསྐྱེད་དེ་དང་མ་བྲལ་ན་ཕྱིར་བླང་དུ་ཡོད་པར་ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས་གསུངས་པའི་ཕྱིར། འོན་ཀྱང་ཐེག་ཆེན་གྱི་ལུགས་ལ་སོ་ཐར་སླར་བླངས་
Page: 232 པས་སྐྱེ་བར་ནི་ཁས་བླངས་པར་མི་བྱའོ། །ཐབས་ལ་མཁས་པའི་མདོའི་དོན་ལ་འཁྲུལ་ནས་ཁ་ཅིག་ཐེག་ཆེན་པའི་ལུགས་ལ་སོ་ཐར་ལ་ཕམ་པ་བྱུང་ཡང་སླར་བསྐྱུར་ནས་སྡོམ་པ་ཐོབ་པར་སྨྲ་བ་ནི་ཐེག་ཆེན་གྱི་ལུགས་ཀྱི་སོ་ཐར་དང་ཐེག་ཆེན་པའི་རྒྱུད་ཀྱི་སོ་ཐར་ གཉིས་མ་ཕྱེད་པར་ཐེག་ཆེན་གྱི་གྲུབ་མཐའ་དང་ཐེག་ཆེན་པའི་གང་ཟག་གཉིས་གཅིག་ཏུ་བཟུང་བའི་ནོར་བ་ཆེན་པོ་སྟེ་འདི་འདྲ་མང་པར་གསུངས་སོ། །ལྔ་པ་གཏོང་བའི་རྒྱུ་ནི། བྱང་ས་ལས་རྫོགས་བྱང་དུ་སྨོན་པའི་སེམས་བཏང་བ་དང་ཀུན་དཀྲིས་ཆེན་པོ་ཚང་བའི་སྒོ་ ནས་ཕམ་པའི་གནས་ལྟ་བུའི་ཆོས་སྤྱད་པ་སྟེ་རྒྱུ་གཉིས་ཁོ་ནས་བྱང་སེམས་ཀྱི་སྡོ་པ་བླངས་པ་གཏོང་བར་གསུངས་ལ། བསྡུ་བ་ལས་ཐེག་དམན་དུ་སེམས་བསྐྱེད་པ་དང་། བྱང་སའི་ནགཏོང་རྒྱུ་གཉིས་པ་ལ་ཀུན་དཀྲིས་ཆེན་པོ་ཚང་བའི་ཕམ་པ་རེ་རེ་དང་གཉིས་ མན་ཆད་ཚོགས་པ་གཉིས་སུ་ཕྱེ་བ་དང༌། མི་དོན་གོ་བའི་མདུན་དུ་བསླབ་པ་ཕུལ་བའི་ཚིག་བརྗོད་ནས་ཕ་རོལ་པོས་དོན་གོ་བ་སྟེ་བཞིར་གསུངས། དེ་ལྟར་གཏོང་རྒྱུ་གཉིས་དང་བཞིར་གསུངས་པ་གཉིས་མི་འགལ་ཏེ་རྩ་བ་དང་འགྲེལ་བ་ལྟ་བུ་ཡིན་པར་གསུངས་པའི་ ཕྱིར་རོ། །བསྡུ་ན། སྨོན་སེམས་བཏང་བ། ཀུན་དཀྲིས་ཆེན་པོ་ཚང་བའི་ཕམ་པ། སྡོམ་པཕུལ་བ་དང་གསུམ་དུ་འདུའོ། །འདིའི་སྡོམ་པ་འབུལ་བ་དང་སོ་ཐར་གྱི་སྡོམ་པ་འབུལ་བ་མི་འདྲ་སྟེ། སོ་ཐར་ལ་ནི་བསྲུངབར་མ་ནུས་ནས་ཕུལ་བས་ཕྱིན་ཆད་བསྲུང་ བའི་ཕན་ཡོན་མི་འཐོབ་པ་ཡིན་གྱི་ཕུལ་བ་རང་གི་ངོས་ནས་སྡིག་པ་ཆེན་པོ་མི་སྐྱེད་ཅིང་སླར་བླངས་ན་སྡོམ་པ་རྣམ་དག་སྐྱེ་བའི་དགོས་པའང་ཡོད་ལ། བྱང་སེམས་ཀྱི་སྡོམ་པ་ཕུལ་ན་ནི་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་སེམས་ཅན་མཐའ་ཡས་པའི་ཕན་བདེ་སྒྲུབ་
Page: 233 ༄༅། །པར་ཁས་བླངས་ནས་སྡོམ་པ་བཟུང་བ་ལས་འདས་པས་སངས་རྒྱས་དང་སེམས་ཅན་ཀུན་བསླུས་པའི་དབང་གིས་ངན་འགྲོར་ཡུན་རིང་དུ་འཁྱམས་དགོས་པར་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་སྤྱོད་འཇུག་ལས། གལ་ཏེ་དེ་ལྟར་དམ་ བཅས་ནས། སོགས་དང༌། གང་གཞན་སྐད་ཅིག་ཙམ་ཡང་འདིའི། །ཞེས་སོགས་གསུངས་པ་ལྟར་རོ། །རྒྱུ་མཚན་དེའི་ཕྱིར་བྱང་སེམས་ཀྱིས་ནི་སྔོན་དུ་བསླབ་བྱ་རྣམས་མཉན་ནས་བསྲུང་ནུས་མི་ནུས་ལེགས་པར་བརྟགས་ནས་བླང་དགོས་ཀྱི་བླངས་ཟིན་ པའི་རྗེས་སུ་མི་ནུས་པ་ལ་སྡོམ་པ་འབུལ་བའི་ཆོ་ག་མ་གསུངས་སོ། །བསྡུ་བ་ལས་མི་དོན་གོ་བའི་དྲུང་དུ་སྡོམ་པ་འབུལ་བའི་ཚིག་བརྗོད་པས་གཏོང་བར་བཤད་པ་ནི་གཏོང་རྒྱུར་བཤད་པ་ཡིན་གྱིསོ་ཐར་ལྟར་འབུལ་ཆོག་པའི་དོན་མ་ཡིན་པས་དེ་ལྟར་གཟུང་ བར་མི་བྱའོ། །དེ་ལྟར་བྱང་སྡོམ་ཐོབ་སྟེ་གཏོང་རྒྱུ་རྣམས་ཀྱིས་བཏང་ན་ཚེ་འཕོས་ཏེ་ལྷ་མིདང་ངན་སོཊ་རྣམས་སུ་སྙིང་རྗེ་ཆེན་པོའམ་སྨོན་ལམ་གྱི་མཐུའམ་ལས་དབང་སོགས་ཅི་རིགས་ཀྱི་སྒོ་ནས་སྐྱེས་སུ་ཟིན་ཀྱང་སྡོམ་པ་མི་གཏོང་ཞིང་། ཚེ་འཕོས་ནས་ བརྗེད་ཀྱང་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སྔར་ཡོད་དྲན་པ། གསོ་བའི་ཚུལ་དུ་ནོད་པར་ཟད་ཀྱི་སྔར་མེད་གསར་དུ་ལེན་པ་མ་ཡིན་པར་བྱངས་ལས་གསུངས་ཤིང་སྡོམ་པ་རྒྱུད་ན་གནས་པའི་མཐུས་བྱང་ཆུབ་སེམས་དཔའ་དང་མི་འཚམས་པའི་ལས་ངན་པ་ ལ་རང་བཞིན་གྱིས་མི་འཇུག་ཅིང་སླར་དྲན་པ་གསོ་བར་བྱེད་པའི་ཕྱིའི་རྐྱེན་ཐེག་པ་ཆེན་པོའི་བཤེས་གཉེན་ལ་སོགས་པ་དང་ཚེགས་ཆུང་ངུས་བདེ་བླག་ཏུ་འཕྲད་པར་འགྱུར་བའང་ཡིན་ནོ། །དེ་ཡང་བྱང་ཆུབ་སེམས་དཔའི་སྡོམ་ལྡན་གྱི་དགེ་སློང་གིས་
Page: 234 ཐེག་ཆེན་སེམས་བསྐྱེད་ཀྱིས་ཡོངས་སུ་ཟིན་པའི་སྒོ་ནས་དགེ་སློང་གི་སྡོམ་པ་ལེགས་པར་བསྲུང་བ་ཡང་སྡོམ་པའི་ཚུལ་ཁྲིམས་ཡིན་མོད། འོན་ཀྱང་བདག་བསྲུང་བར་བྱ་བའི་དགེ་སློང་གི་སྡོམ་པ་དེ་ནི་བྱང་སྡོམ་ལེན་པའི་ཆོ་ག་དེ་ཉིད་ཀྱིས་ཐོབ་པ་མ་ཡིན་གྱི་སོར་ སྡོམ་ལེན་པའི་ཆོ་ག་གཞན་ལ་བརྟེན་ནས་ཐོབ་པ་ཡིན་པས་ཚེ་འཕོས་པ་ན་གཏོང་ཡང་། དེ་ཙམ་གྱིས་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་བཏང་བར་མི་འགྱུར་ཏེ་སྔར་བྱང་སྡོམ་ལེན་པའི་དུས་སུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ ཀྱིས་གང་ལ་བསླབ་པའི་གཞིར་གྱུར་པའི་སྡོམ་པའི་ཚུལ་ཁྲིམས་ལ་བྱང་སེམས་དེ་དག་གིས་ཇི་ལྟར་བསླབས་ཤིང་སློབ་པར་འགྱུར་བ་དེ་བདག་གིས་ཀྱང་ཡང་དག་པར་བླང་བར་བགྱིའོ་ཞེས་མནོས་པའི་ཆོ་ག་དེ་ཉིད་ལ་བརྟེན་ནས་ཐོབ་པའི་རང་བཞིན་གྱི་ཁ་ན་མ་ཐོ་ བ་ཙམ་ལས་ལྡོག་པ་ཕྱེ་བའི་སྡོམ་པའི་ཚུལ་ཁྲིམས་དེ་ཚེ་འཕོས་པས་ཀྱང་མི་གཏོང་བའི་ཕྱིར་རོ། །དགེ་སློང་གི་སྡོམ་པ་དང་བྱང་སེམས་ཀྱི་སྡོམ་པའི་ཚུལ་ཁྲིམས་གཞི་མཐུན་དུ་སོང་བ་དེ་ཉིད་ནི་དུས་གསུམ་གྱི་བྱང་སེམས་ཡིན་ནོ་ཅོག་ཐམས་ཅད་ཀྱིས་ བསླབས་ཤིང་སློབ་པར་འགྱུར་བའི་བྱང་སེམས་ཀྱི་ཚུལ་ཁྲིམས་མ་ཡིན་ཏེ་བྱང་སྡོམ་དང་ལྡན་པའི་ཁྱིམ་པ་དང་ལྷའི་བྱང་སེམས་དུ་མ་ཞིག་ཡོད་པའི་ཕྱིར་རོ་ཞེས་གསུངས་སོ། །གཉིས་པ་ཉེས་བྱས་ཀྱི་སྡེ་ཚན་ལ་གཉིས། དགེ་བའི་ཆོས་སྡུད་ཀྱི་ཕྱིན་དྲུག་གི་ མི་མཐུན་ཕྱོགས་ཀྱི་ཉེས་པ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཀྱི་ཉེས་པའོ། །དང་པོ་ལ་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱི་ཉེས་པ་དྲུག་ལས། དང་པོ་སྦྱིན་པའི་མི་མཐུན་ཕྱོགས་ཀྱི་ཉེས་པ་ལའང་ལྔ་ལས། དང་པོ་ཟང་ཟིང་གི་
Page: 235 ༄༅། །སྦྱིན་པའི་གཙོ་བོ་ཉམས་པ་ནི། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། ཅེས་ཏེ། སྐྱབས་སུ་སོང་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གང་ཟག་གིས། མཆོད་ཡུལ་སངས་རྒྱས་དངོས་སམ་དེའི་གཟུགས་བརྙན་དང་ རྟོགས་པའི་ཆོས་འགོག་ལམ་དང་ལུང་གི་ཆོས་ཐེག་ཆེན་གྱི་བཀའ་དང་དགོངས་འགྲེལ་གང་རུང་དང་བྱང་སེམས་འཕགས་པ་སྟེ་ཐེག་ཆེན་གྱི་དཀོན་མཆོག་གསུམ་གང་རུང་ལ། དུས་ཉིན་རེ་བཞིན་དུ། མཆོད་པའི་དངོས་པོ་ཆེ་ཆུང་གང་ཡང་རུང་སྟེ་རང་གི་ སྒོ་གསུམ་ལས་ཐ་ན་ལུས་ཀྱིས་ཕྱག་གཅིག་འཚལ་བ་དང་ངག་གིས་དེ་དག་གི་ཡོན་ཏན་ལས་བརྩམས་ཏེ་ཚིགས་བཅད་གཅིག་ཙམ་བརྗོད་པ་དང་ཡིད་ཀྱིས་ཡུལ་གསུམ་གྱི་ཡོན་ཏན་དྲན་པ་སྔོན་དུ་འགྲོ་བའི་དང་བ་གཅིག་ཡན་ཆད་མི་བྱ་བར་མི་རུང་བ་ལས་དེ་ ལྟ་བུའི་མཆོད་པ་གང་ཡང་མ་བྱས་པར་ཉིན་ཞག་གཅིག་འདས་པའོ། །འདི་ལ་མཆོག་གསུམ་གང་རུང་ལ་སྒོ་གསུམ་ཀའི་མཆོད་པ་བྱ་དགོས་པ་ལ་ཆུང་ངུ་ན་ལུས་ཀྱི་ཕྱག་གཅིག་ཙམ་དང་མེ་ཏོག་སོགས་ཀྱིས་མཆོད་ནའང་ཉེས་བྱས་འགེགས་ནུས་སོ། ། དེ་ཡང་བསླབ་པལ་མ་གུས་པ་དངདད་པ་མེད་པའི་སྙོམ་ལས་དང་ཉེས་པ་ལ་སྤྲོ་བས་ལེ་ལོས་མཆོད་པ་མ་བྱས་ན་ཉོན་མོངས་ཅན་གྱི་ཉེས་པ་དང་། བརྗེད་པས་མ་བྱས་ན་ཉོན་མོངས་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །འདིར་སྙོམ་ལས་དང་ལེ་ལོ་ལ་ ཉོན་མོངས་ཅན་དུ་བྱས་པ་ནི་གཞི་ཆེན་པོ་ལ་ངེས་པར་བྱ་བ་ལས་འདས་པའི་དོན་ཡིན་ལ། ཡང་ཞེ་སྡང་སོགས་ལྕི་བ་ལས་ཉོན་མོངས་ཅན་དང་ལེ་ལོ་སོགས་ཅུང་ཟད་ཡང་བ་ལ་ཉོན་མོངས་ཅན་མིན་པ་ཞེས་ཀྱང་ཉེས་བྱས་ཀྱི་སྐབས་འདིར་གསུངས་པ་ཡོད་
Page: 236 པས་ཉེས་བྱས་གཞན་གྱི་སྐབས་དེ་ལྟར་རོ། །འདིར་བསམ་པ་དག་པའི་སར་ཆུད་པ་ལ་འདིའི་ཉེས་བ་མེད་པར་གསུངས་ལ་དེའི་དོན་ནི་རབ་དགའ་སོགས་ཐོབ་པས་མཆོད་པ་མ་བྱས་ཀྱང་ཉེས་པ་མེད་པའི་དོན་མིན་གྱིས་དེ་ཐོབ་པ་ཡན་ཆད་དུ་དཀོན་མཆོག་ མཆོད་པ་དང་མི་འབྲལ་བས་ཉེས་མེད་དུ་བཞག་གི་དེ་ལས་གཞན་པའི་ཉེས་མེད་དུ་འགྲོ་ཚུལ་མ་གསུངས་སོ། །གཉིས་པ་སེར་སྣའི་གཉེན་པོ་ཉམས་པ་ནི། འདོད་པའི་སེམས་ཀྱི་རྗེས་སུ་འཇུག །ཅེས་ཏེ། འདོད་པ་ཆེ་བ་དང་ཆོག་མི་ཤེས་པ་དང་རྙེད་ བཀུར་ལ་ཆགས་པ་སྟེ་དེ་ལྟ་བུའི་སེམས་གང་རུང་བྱུང་བ་མི་འགོག་པར་དེ་རྣམས་ཀྱི་རྗེས་སུ་འཇུག་ཅིང་དངདུ་ལེན་པར་བྱེད་ན་ཉོན་མོངས་ཅན་གྱི་ཉེས་བྱས་ཏེ་འདི་ལ་ཉོན་མོངས་ཅན་མིན་པ་མེད་དོ། །དེ་བསལ་ཕྱིར་འདུན་པ་བསྐྱེད་ནས་འབད་ཀྱང་རང་བཞིན་གྱི་ ཉོན་མོངས་པ་ཤས་ཆེན་པོས་ཟིལ་གྱིས་མནན་ནས་བཟློག་མ་ནུས་ན་བཅས་འགལ་གྱི་ཉེས་པ་མེད་ཀྱང་སྐྱོན་ཡེ་མེད་པའང་མིན་པར་གསུངས་སོ། །གསུམ་པ་མི་འཇིགས་པ་སྦྱིན་པའི་མི་མཐུན་ཕྱོགས་ལ་གཉིས་ལས། ཡུལ་གྱི་ཁྱད་པར་དང་འབྲེལ་བ་ ནི། རྒན་པ་རྣམས་ལ་གུས་མི་བྱེད། །ཅེས་ཏེ། བྱང་སེམས་རང་ལས་སྡོམ་པའི་སྒོ་ནས་ཆེས་རྒན་ཞིང་ཡིད་ཆེས་པར་བྱ་བའི་ཡོན་ཏན་དང་ལྡན་པ་རྣམས་ལ་དེ་གཉིས་ཀྱི་སྒོ་ནས་བཀུར་སྟི་བྱ་འོས་པ་མཐོང་པ་ན་ང་རྒྱལ་དང་གནོད་པ་བྱ་འདོད་ཀྱི་མནར་སེམས་ དང་སེམས་འཁྲུགས་པའི་ཁོང་ཁྲོ་གང་རུང་གིས་ལངས་ཤིང་སྟན་སྟོབ་པ་སོགས་གུས་པ་མི་བྱེད་ན་ཉོན་མོངས་ཅན་དང༌། སྙོམ་ལས་དང་ལེ་ལོ་དང་བརྗེད་ངས་སོགས་ཀྱིས་དེ་དག་མི་བྱེད་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །ཡུལ་གྱི་སྤྱི་དང་
Page: 237 ༄༅། །འབྲེལ་བ་ནི། དྲིས་པ་ལ་ནི་ལན་མི་འདེབས། །ཞེས་ཏེ། ཕ་རོལ་པོས་དགའ་བར་བྱ་བའི་ཕྱིར་རང་ལ་གསོང་བོར་སྨྲ་ཞིང་ནད་འདྲི་བ་ལ་སོགས་པའི་ཚིག་ཀུན་ཏུ་སྨྲ་ལ་དགའ་བར་བྱེད་ཅིང་དེ་ལས་དོན་གཞན་པའི་བྱེ་བྲག་དྲིས་པ་ཡ་ལང་ནི་ ང་རྒྱལ་དང་མནར་སེམས་དང་ཁོང་ཁྲོས་རྗེས་མཐུན་གྱི་ལན་མི་འདེབས་པའམ་མི་བརྗོད་ན་ཉོན་མོངས་ཅན་དང་། སྙོམ་ལས་དང་བརྗེད་ངས་སོགས་ཀྱིས་བསླངས་པ་ནི་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །འདི་དང་སྔ་མ་གཉིས་ལ་ཉེསམེད་ནི། རང་ ནད་ཚབས་ཆེ་བ་དང་གཉིད་ལོག་པ་ལ་གཞན་གྱིས་སད་པའི་འདུ་ཤེས་ཀྱིས་སྨྲས་པ་སྟེ་གཉིས་ནི་རྟེན་གྱི་སྒོ་ནས་ཉེས་མེད་དང་། གཞན་ལ་ཆོས་སྟོན་པའམ་གཞན་དང་ཆོས་ཀྱི་འབེལ་གཏམ་བྱེད་པའམ་དེ་ལས་གཞན་པའི་གང་ཟག་སྨྲ་བ་སོགས་ཀྱིས་དགའ་ བར་བྱེད་པའི་དུས་དང༌། གཞན་གྱིས་རང་ལ་ཆོས་སྟོན་པ་ཉན་པ་དང༌། གཞན་འབེལ་གཏམ་བྱེད་པ་ལ་རྣ་བ་བླགས་ཏེ་ཉན་པའི་དུས་ཏེ་གསུམ་ནི་གནས་སྐབས་ཀྱི་སྒོ་ནས་ཉེས་མེད་དང་། ལངས་པ་སོགས་བྱས་ན་གཞན་ཆོས་ཉན་པའི་བར་ཆད་དུ་སོང་ནས་མི་ དགའ་བར་འགྱུར་བ་སྲུང་བ་དང༌། རང་ལ་ཆོས་སྨྲ་བ་མི་དགའ་བར་འགྱུར་གྱིས་དོགས་ནས་དེའི་སེམས་བསྲུང་བ་དང། མི་ལྡང་བ་སོགས་ཀྱི་ཐབས་དེས་ཕ་རོལ་བོ་མི་དགེ་བ་ལས་བསླངས་ཏེ་དགེ་ལ་དགོད་པ་དང༌། ཕྱག་མི་བྱ་བ་སོགས་ཀྱི་ནང་ཁྲིམས་དགེ་འདུན་ གྱིས་བྱས་པ་སྲུང་བ་དང་། གུས་པ་སོགས་བྱས་ན་རང་ལ་སྐྱེ་བོ་མང་པོ་མནར་སེམས་སྐྱེ་བ་སྲུང་བ་སྟེ་ལྔ་ནི་དགོས་པའི་སྒོ་ནས་ཉེས་པ་མེད་པའོ། །བཞི་བ་སྦྱིན་པའི་རྐྱེན་མི་བྱེད་པ་གཉིས་ལས། མགྲོན་བོས་ཁས་མི་ལེན་པ་ནི། མགྲོན་བོས་བདག་གིར་མི་
Page: 238 བྱེད་ཅིང༌། །ཞེས་ཏེ། རབ་བྱུང་གི་གནས་སམ་དགེ་འདུན་གྱི་གཙུག་ལག་ཁང་ངམ་ཁྱིམ་པའི་ཁྱིམ་དུ་ཟས་སྐོམ་དང་གོས་ལ་སོགས་པའི་ཡོ་བྱད་ལ་མགྲོན་དུ་བོས་པ་ལ་ང་རྒྱལ་དང་མནར་སེམས་དང་ཁོང་ཁྲོ་གང་རུང་གིས་བདག་གིར་མི་བྱེད་ཅིང་མི་འགྲོ་ན་ཉོན་ མོངས་ཅན་དང༌། སྙོམ་ལས་དང་ལེ་ལོས་མི་འགྲོ་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །ཉེས་མེད་ནི། རང་ན་སྟེ་མི་ནུས་པ་དང་སྔར་གཞན་ལ་ཁས་བླངས་པ་སྟེ་གཉིས་ནི་རྟེན་གྱི་སྒོ་ནས་དང་། ལམ་རིང་བས་བགྲོད་མི་ནུས་པ་དང་ལམ་ན་དགྲ་སོགས་ ཀྱི་འཇིགས་པ་དང་བཅས་པ་སྟེ་གཉིས་ནི་ལམ་གྱི་སྒོ་ནས་དང༌། མཐོ་འཚམས་པའི་བསམ་པས་བོས་པ་ནི་སྦྱིན་བདག་གི་སྒོ་ནས་དང༌། མི་འགྲོ་བའི་ཐབས་དེས་འདུལ་བར་འདོད་པ་དང་རྒྱུན་པའི་དགེ་སྦྱོར་གྱི་བར་ཆད་སྲུང་བ་དང་སྔོན་མ་ཐོས་པའི་ཆོས་མཉན་པ་ལས་ ཉམས་སུ་དོགས་པ་དང་སྔར་མ་ཐོས་པའི་འབེལ་གཏིམ་གྱི་གེགས་སུ་འགྱུར་དོགས་པ་དང་གཞན་མང་བོའི་མནར་སེམས་སྲུང་བ་དང་ལྷུང་བཟེད་ཁས་དབུབ་སོགས་དགེ་འདུན་གྱི་ནང་ཁྲིམས་བསྲུང་སྟེ་དྲུག་ནི་དགོས་པའི་སྒོ་ནས་ཉེས་པ་མེད་པའོ། །ཡོ་བྱད་ བསྟབས་པ་མི་ལེན་པ་ནི། གསེར་ལ་སོགས་པ་ལེན་མི་བྱེད། ཅེས་ཏེ། སྦྱིན་བདག་གང་ཡང་རུང་བས་གསེར་དངུལ་ལ་སོགས་པའི་ནོར་གྱི་རྣམ་པ་སྣ་ཚོགས་པ་ནན་གྱིས་བསྟབས་པ་ལས་མནར་སེམས་དང་ཁོང་ཁྲོས་ལེན་པར་མི་བྱེད་ན་ཉོན་མོངས་ཅན་དང༌། སྙོམ་ལས་དང་ལེ་ལོས་མི་ལེན་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །ཉེས་མེད་ནི། རྫས་དེ་བླངས་པས་རང་སེམས་ཆགས་པར་འགྱུར་བར་མཐོང་བ་ནི་རང་ཉིད་ཀྱི་སྒོ་ནས་དང༌། ཕ་རོལ་པོ་བྱིན་པའི་རྗེས་སུ་འགྱོད་དོགས་པ་དང་རང་དང་གཞན་ནོར་དུ་དོགས་
Page: 239 ༄༅། །པ་དང་སྦྱིན་བདག་དབུལ་གྱིས་དོགས་པ་སྟེ་གསུམ་ནི་སྦྱིན་བདག་གི་སྒོ་ནས་དང་། རྫས་དེ་དགེ་འདུན་དང་མཆོད་རྟེན་སོགས་ལ་བསྔོས་པ་ཡིན་པར་དོགས་པ་དང་གཞན་ལས་འཕྲོགས་པ་སོགས་ཡིན་པར་དོགས་པ་སྟེ་གཉིས་ནི་རྫས་ཀྱི་སྒོ་ ནས་ཉེས་པ་མེད་པའོ། །ལྔ་བ་ཆོས་ཀྱི་སྦྱིན་པ་དང་འགལ་བ་ན། །ཆོས་འདོད་པ་ལ་སྦྱིན་མི་བྱེད། ཅེས་ཏེ། གཞན་ཆོས་འདོད་པ་རྣམས་ལ་མནར་སེམས་དང་ཁོང་ཁྲོ་དང་ཕྲག་དོག་གང་རུང་གིས་ཆོས་སྦྱིན་པར་མི་བྱེད་ན་ཉོན་མོངས་ཅན་དང་། སེམས་གཞན་ གྱིས་ནི་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །ཉེས་མེད་ནི༑རང་ནད་ཚབས་ཆེ་བ་དང་ཆོས་མི་ཤེས་པ་གཉིས་ནི་རྟེན་གྱི་སྒོ་ནས་དང་། ཐབས་དེས་འདུལ་བར་འདོད་པ་ནི་དགོས་པའི་སྒོ་ནས་དང༌། གླགས་ཚོལ་བའམ་སེམས་མ་གུས་ཤིང་ངག་གིས་ཞེ་ས་ མེད་ལ་ལུས་ཀྱི་སྤྱོད་ལམ་ངན་པས་ནོད་པ་དང༌། ཆོས་རྒྱ་ཆེན་པོ་ཐོས་པས་སྒྲུག་ནས་ཡིད་མི་ཆེས་པ་དང༌། ལེགས་པར་བརྡ་སྤྲད་ཀྱང་མི་ཉན་ཞིང་དེ་ལས་བསོད་ནམས་མིན་པ་མང་དུ་སྐྱེ་བས་ངན་སོང་དུ་འགྲོར་དོགས་པ་དང༌། དེའི་ལག་ཏུ་སོང་ན་སྣོད་མིན་ལ་ འཕེལ་དུ་དོགས་པ་སྟེ་བཞི་ནི་གདུལ་བྱའི་ཆོས་ཀྱི་སྒོ་ནས་ཆོས་མ་བཤད་ཀྱང་ཉེས་པ་མེད་པའོ། །འདི་ད་ག་ལ་མ་གུས་པ་སོགས་རེ་རེས་ཆོག་གི་ཐམས་ཅད་ཚང་མི་དགོས་པར་གསུངས་སོ། །འདི་ཡན་གྱི་ཉེས་བྱས་བདུན་ནི་སྦྱིན་པའི་མི་མཐུན་ཕྱོགས་ཀྱི་ ཉེས་པ་ཡིན་ལ། དེའི་གཉིས་པ་ནི་མི་བྱ་རྒྱུ་བྱས་པའི་ཉེས་པ་དང་གཞན་དྲུག་ནི་བྱ་རྒྱུ་མ་བྱས་པའི་ཉེས་པའོ། །གཉིས་པ་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཀྱི་ཉེས་པ་ལ་གསུམ་ལས། དང་པོ་གཞན་གཙོ་བོར་གྱུར་པའི་ཚུལ་ཁྲིམས་དང་འགལ་བ་ལ་བཞི་
Page: 240 ལས། ལྷག་པར་བརྩེ་བའི་ཡུལ་དོར་བ་ནི། ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར། །ཞེས་ཏེ། སེམས་ཅན་མ་རུངས་པ་མཚམས་མེད་བྱེད་པ་དང་རྩ་ལྟུང་བྱུང་བའི་ཚུལ་ཁྲིམས་འཆལ་བ་རྣམས་དེ་གཉིས་ཡིན་པ་རྒྱུ་མཚན་དུ་བྱས་ནས་མནར་ སེམས་སམ་ཁོང་ཁྲོས་ཡལ་བར་འདོར་རམ་ཁྱད་དུ་གསོད་ན་ཉོན་མོངས་ཅན་དང༌། སྙོམ་ལས་དང་ལེ་ལོས་ཡལ་བར་འདོར་བ་དང་བརྗེད་པས་ཁྱད་དུ་གསོད་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །ཉེས་མེད་ནི། ཐབས་དེས་ཕ་རོལ་པོ་འདུལ་བར་འདོད་པ་དང་ གཞན་མང་པོའི་སེམས་བསྲུང་བ་དང་དགེ་འདུན་གྱི་ནང་ལས་ཁྲིམས་བསྲུང་བ་སྟེ་གསུམ་ནི་དགོས་པའི་སྒོ་ནས་ཉེས་པ་མེད་པའོ་བཅས་པ་ཐུན་མོང་བ་ལ་མི་སློབ་པ་ནི། །ཕ་རོལ་དད་ཕྱིར་སློབ་མི་བྱེད། །ཅེས་ཏེ། བྱང་སེམས་རབ་བྱུང་གིས་ཕ་རོལ་བོ་གཞན་གྱི་ སེམས་བསྲུང་བའམ་དད་པར་བྱ་བ་སོགས་ཀྱི་ཕྱིར་དུ་བཅོམ་ལྡན་འདས་ཀྱིས་འདུལ་བར་བསླབ་པ་བཅས་པའི་ཁ་ན་མ་ཐོ་བ་རྣམས་ལ་ཉན་ཐོས་དང་འདྲ་བར་སློབ་དགོས་པ་ལས་མ་དད་ཅིང་མ་གུས་པས་སློབ་པར་མི་བྱེད་ན་ཉོན་མོངས་ཅན་དང། ལེ་ལོ་ལ་སོགས་ པས་མི་སློབ་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །དེ་ལ་གཞན་སེམས་བསྲུང་བ་ནི་ཁྱིམ་པ་སོགས་མ་དད་པ་རྣམས་དད་པར་བྱ་བ་དང་དད་པ་རྣམས་དད་པ་ཕྱིར་ཡང་འཕེལ་བའི་ཕྱིར་དུ་ཡིན་ལ། བཅས་པ་ནི་ཆང་མི་འཐུང་བ་དང་ཕྱི་དྲོའི་ཟས་དང་ས་རྐོ་མེ་ རེག་སོགས་ཡིན་ནོ། །དེ་དག་ལ་ཉན་ཐོས་ལྟར་སློབ་དགོས་པ་ལས་མ་བསླབས་ན་སོ་ཐར་དང་འགལ་བའི་ཉེས་པ་འབྱུང་བར་མ་ཟད་བྱང་སྡོམ་དང་འགལ་བའི་ཉེས་བྱས་འདི་འབྱུང་སྟེ། རྒྱུ་མཚན་ནི་ཉན་ཐོས་རང་དོན་ཙམ་བྱེད། གཞན་སེམས་བསྲུང་ཐབས་
Page: 241 ༄༅། །ལ་སློབ་དགོས་ན་བྱང་སེམས་ལྟ་ཅི་སྨོས་པས་སོ། །འདི་གཙོ་བོར་བྱང་སེམས་རབ་བྱུང་ལ་བཤད་ནའང་བྱང་སེམས་ཁྱིམ་པ་ལའང་སོ་ཐར་དང་ཐུན་མོང་བའི་བཅས་རྐྱང་མང་པོར་སྣང་བར་གསུངས་སོ། །བཅས་པ་ཐུན་མོང་བ་ལ་སློབ་པ་ནི། སེམས་ཅན་དོན་ལ་བྱ་བ་ཆུང༌། །ཞེས་ཏེ། སྟོན་པ་ཉན་ཐོས་རྣམས་དོན་དང་བྱ་བ་ཉུང་བ་དང་སྙིང་ལས་ཆུང་ངུར་གནས་པའི་དབང་དུ་བྱས་ནས་བཅས་པ་མཛད་པ་གོས་ཞག་བཅུ་དང་གོས་རྒྱུ་ཞག་སུམ་ཅུ་ལས་ལྷག་པར་མི་འཆད་པ་སོགས་ཀྱི་བཅས་རྐྱང་དག་ལ་ནི་ བྱང་སེམས་ཀྱིས་ཉན་ཐོས་དང་མཚུངས་པར་མི་སློབ་དགོས་པ་ལས་དེ་དག་དང་མཚུངས་པར་སློབ་ཅིང་དོན་དང་བྱ་བ་མང་པོས་སེམས་ཅན་ལ་ཕན་པར་འགྱུར་བ་མཐོང་ནའང་དེ་ལྟ་བུའི་སྒོ་ནས་གཞན་གྱི་དོན་སྒྲུབ་པ་ལ་མི་འཇུག་ཅིང་དོན་དང་བྱ་བ་ཆུང་བའམ་ཉུང་ངུ་ སོགས་ཀྱིས་གནས་པར་བྱེད་ན་ཉེས་བྱས་ཏེ་དེ་ཡང་མནར་སེམས་དང་ཁོང་ཁྲོ་གང་རུང་གིས་དོན་ཉུང་བ་སོགས་བྱེད་ན་ཉོན་མོངས་ཅན་དང་། སྙོམ་ལས་དང་ལེ་ལོས་བྱེད་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་ཏེ། དེའི་རྒྱུ་ཚན་ནི་ཉན་ཐོས་རང་དོན་བྱེད་ཅིང་གཞན་ དོན་ལ་མི་ལྟ་བ་རྣམས་དོན་ཉུང་བ་སོགས་ཀྱིས་གནས་པ་མཛེས་ཀྱི་བྱང་སེམས་གཞན་དོན་ལྷུར་ལེན་བྱེད་པ་ལ་གཞན་དོན་ལས་བརྩམས་ཏེ་དོན་ཉུང་བ་སོགས་མི་མཛེས་པས་སོ། །དེ་ལ་དོན་ཉུངབ་ནི་འདོད་པ་ཆུང་བ་དང་བྱ་བ་ཉུང་བ་ནི་ཡོ་བྱད་མང་པོ་མི་འཛིན་པ་དང་ སྙིང་ལ་ཆུང་བ་ནི་ཆོས་གོས་བསོད་སྙོམས་གནས་མལ་གསུམ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་སྤོང་བ་དང་ན་སྒོམ་པ་ལ་དགའ་བ་སྟེ་འཕགས་རིགས་བཞི་ལ་གནས་པའོ། །བྱང་སེམས་ཀྱིས་གཞན་དོན་དུ་འགྱུར་ན་གོས་བརྒྱ་སྟོང་མང་པོ་ཡང་ཉེ་དུ་མ་
Page: 242 ཡིན་པའི་ཁྱིམ་པ་ལས་བཙལ་རུང་བ་དང་ཅི་བདེར་སྟོབ་པ་ཡོད་ཅི་ཙམ་དགོས་པའང་བླང་ཆོག་པ་དང་། གསེར་དངུལ་སྲང་བྱེ་བ་ཕྲག་འབུམ་སོགས་ཀྱང་བདག་གིར་བྱེད་རུང་བར་གསུངས་སོ། །དེ་ཡང་སོ་ཐར་ལ་བཅས་རང་གཉིས་དང་བཅས་རྐྱང་ལ་ཡང་ གཉིས་ལས། གཞན་སེམས་བསྲུང་བའི་ཕྱིར་དུ་བཅས་པ་རྣམས་ལ་ནི་ཉན་ཐོས་ལས་ཀྱང་ལྷག་པར་བསྲུང་སེམས་དམ་པ་དགོས་ལ། དོན་ཉུང་བ་སོགས་ཀྱི་ཕྱིར་དུ་བཅས་པ་ནི་གཞན་དོན་དུ་དེ་ལས་འདའ་དགོས་པས་ཉན་ཐོས་ལྟར་མི་སྲུང་དགོས་པ་དང༌། རང་བཞིན་གྱི་བཅས་པ་རྣམས་ལ་དམིགས་བསལ་འོག་མའི་སྐབས་ནས་འཆད་པ་ལྟར་སྤང་བླངས་དགོས་ཤིང་བཅས་རིགས་གསུམ་པོ་དེ་དག་གིས་ནི་སོ་ཐར་གྱི་བཅས་པ་ཐམས་ཅད་བསྡུས་པ་ཡིན་པས་དེ་དག་གི་རྣམ་དབྱེ་ལེགས་པར་ཤེས་པ་གལ་ཆེ་ཞིང་ དེ་ལས་གཞན་དུ་སྡོམ་པ་འོག་མའི་བཅས་པ་ལས་འདས་ཀྱང་གོང་མས་འདག་གོ་ཞེས་སྨྲ་ཞིང་བག་ཡངས་སུ་བྱེད་པ་ནི། སྡོམ་པ་གོང་མ་གཉིས་དང་ལྡན་ན་བྱང་སེམས་ཀྱི་བཅས་པ་དང་འགལ་བའི་ཉེས་པ་ལྷག་པོ་འབྱུང་བ་འདིར་བསྟན་ལ། སྔགས་སྡོམ་ དང་འགལ་བ་ཡང་། སྡོམ་པ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདའ་བ་རྣམས། ཞེས་སོགས་ཀྱིས་ཉེས་པ་སྦོམ་པོར་སྐྱེད་པར་གསུངས་པས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་དེ་དག་དུག་ལྟར་སྤང་དགོས་པར་གསུངས་པས་སྤང་བླང་ གི་གནད་ལ་མཁས་པར་བྱ་བ་ཤིན་ཏུ་གལ་ཆེའོ། །དེ་དག་ནི་གཞན་གཙོ་བོ་འགྱུར་བའི་ཚུལ་ཁྲིམས་དང་འགའ་བ་དངོས་ཡིན་ལ། སོ་ཐར་གྱི་རང་བཞིན་གྱི་བཅས་པ་ལ་སློབ་པའི་ཁྱད་པར་ནི། སྙིང་བརྩེར་བཅས་ནས་མི་དགེ་མེད། ཅེས་ཏེ། བྱང་སྡོམ་
Page: 243 ༄༅། །བཟུང་ནས་བྱང་སེམས་ཀྱི་བསླབ་པ་ལ་ཚུལ་བཞིན་དུ་སློབ་པར་ནུས་པ་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་བདག་གཞན་བརྗེ་ནུས་པ་དུག་གསུམ་གྱི་བསམ་པ་ཅུང་ཟད་ཙམ་ཡང་མེད་ལ་སྲོག་གཅོད་སོགས་ ལས་ཐབས་གཞན་གང་ཡང་མ་རྙེད་པའི་སྐབས་སུ་དེ་འདྲའི་བྱང་སེམས་ལ་གཞན་དོན་དུ་འགྱུར་བ་མཐོང་ན་སྲོག་གཅོད་པ་སོགས་ལུས་ངག་གི་བདུན་ལ་གནང་པའི་སྐབས་ཡོད་པར་འདིས་སྟོན་པ་ཡིན་ལ། དེའང་ཚུལ་ཁྲིམས་ལེའུའི་གཞུང་དང་སྡོམ་པ་ ཉི་ཤུ་བའི་འགྲེལ་བ་རྙིང་མ་སོགས་ལས་ལུས་ངག་གི་བདུན་ལ་གནང་བའི་སྐབས་ཡོད་པར་སྟོན་པ་མ་གཏོགས་གཞན་དོན་དུ་དེ་དག་ལ་མ་ཞུགས་ན་ཉེས་བྱས་སུ་གསུངས་པ་མེད་ལ། སློབ་དཔོན་བྱང་བཟང་གིས་ཉེས་བྱས་ཞེ་དྲུག་ཏུ་བཤད་པ་ལྟར་ན་འདི་ཡང་ ཉེས་བྱས་གཅིག་ལ་བགྲང་དགོས་པས་གཞན་དོན་དུ་དེ་དག་ལ་མ་ཞུགས་ན་ཉེས་བྱས་ཞེས་བཤད་དགོས་སོ། །འོན་ཀྱང་འདི་བྱང་སེམས་དང་ཉན་ཐོས་ཀྱི་རང་བཞིན་གྱི་བཅས་པ་ལ་སློབ་པའི་ཁྱད་པར་བསྟན་པ་ཙམ་ཡིན་པ་ལས་ལོགས་སུ་ཉེས་བྱས་སུ་མི་ བྱེད་པ་འདྲ་ལ་དེ་ལྟར་ན་ཉེས་བྱས་ཞེ་ལྔའོ། །ལུས་ངག་གི་བདུན་གནང་བའི་རྟེན་གྱི་བྱང་སེམས་ནི་ཕྱིན་དྲུག་ལ་སྤྱོད་པ་ཙམ་གྱིས་མི་ཆོག་གི་བསྐལ་བ་དུ་མར་ལམ་ལ་གོམས་པ་ཐབས་ལ་མཁས་ཤིང་སྙིང་རྗེ་ཆེན་པོ་དང་ལྡན་པ་སོགས་གོང་སྨོས་ལྟར་དགོས་ ཀྱི་ཐེག་ཆེན་པ་ཐམས་ཅད་ལ་གནང་བ་མིན་ནོ། །དེ་འདྲ་ལ་གནང་ཚུལ་ཡང་། བྱང་སེམས་རབ་བྱུང་ལ་མི་ཚངས་སྤྱོད་གནང་བ་མེད་ཅིང་སྲོག་གཅོད་སོགས་གཞན་དྲུག་གནང་བ་ཡོད་དེ། དེའི་རྒྱུ་མཚན་ནི། སྲོག་གཅོད་མ་བྱིན་ལེན་བརྫུན་རྣམས་ལ་
Page: 244 ལས་ལམ་བྱུང་ཡང་ཕམ་པར་འགྱུར་བར་མ་ངེས་ལ་བཅས་པའི་རྟེན་ཅན་ལ་མི་ཚངས་སྤྱོད་ཀྱི་ལས་ལམ་བྱུང་ན་ཕམ་པར་འགྲོ་བར་ངེས་པས་དེ་ལ་དགོངས་ནས་བྱང་སེམས་རབ་བྱུང་དང་ཁྱིམ་པ་ལ་ཁྱད་ཕྱེ་བར་མཛད་པ་ཡིན་ནོ། །འོན་ཀྱང་སྲོག་གཅོད་སོགས་ ཀྱི་ཕམ་པ་འབྱུང་བའི་གཞི་ལ་འཇུག་པ་ནི་རབ་བྱུང་གི་རྟེན་ཅན་གྱི་བྱང་ཆུབ་སེམས་དཔའ་ལ་ནི་གནང་བ་མེད་དེ། མ་བྱིན་ལེན་གྱི་ཕམ་པ་སྐྱེད་པ་ལ་རང་དོན་དུ་བླངས་པ་དགོས་ལ། བྱང་སེམས་ལ་དེ་གནང་བའི་སྐབས་སུ་གཞན་དོན་ཁོ་ནའི་དོན་དུ་ལེན་པ་ དགོས་པའི་ཕྱིར། དེས་མཚོན་ནས་གཞན་ལ་ཡང་ཤེས་པར་བྱ་དགོས་ལ། ཤེས་ཚུལ་ཡང་སྲོག་གཅོད་ཀྱི་ཕམ་པ་སྐྱེད་པ་ལ་རང་དོན་དུ་སྲོག་བཅད་པ་ཡན་ལག་ཏུ་དགོས་པར་སྟོན་པ་མིན་ཏེ་ཕན་སེམས་ཀྱིས་སྲོག་བཅད་པ་ལའང་ཕམ་པ་འབྱུང་བར་ ཡོད་པའི་གསུངས་པའི་ཕྱིར། བརྫུན་སྨྲའི་ཕམ་པ་སྐྱེད་པ་ལ་ནི་རང་དོན་དུ་བརྫུན་སྨྲས་པ་དགོས་སམ་སྙམ་གསུང་། མདོར་ན་བྱང་སེམས་རབ་བྱུང་གི་སྲོག་གཅོད་མ་བྱིན་ལེན་མི་ཚངས་སྤྱོད་སོགས་སོ་ཐར་གྱི་རྩ་ལྟུང་འབྱུང་བའི་གཞི་ལ་ཞུགས་ན་གཞན་ དོན་ལྷག་པོ་མཐོང་བའི་ཚེ་བསླབ་པ་འབུལ་བར་གསུངས་པས་ཕམ་པ་འབྱུང་བའི་གཞི་ལ་གནང་བའི་སྐབས་མེད་དེ། ཚངས་སྤྱོད་ཉིད་གཞན་དོན་སྒྲུབ་པའི་མཆོག་ཡིན་པས་དེ་བཏང་བ་ལ་གཞན་གྱི་དོན་ལྷག་པོ་མེད་པའི་ཕྱིར། དེས་ན་དེ་དག་ཁྱིམ་པ་ལ་གནང་ པ་ཡིན་གྱི་རབ་བྱུང་ལ་མིན་ཏེ་རབ་བྱུང་ལ་གནང་ན་བསླབ་པ་འབུལ་དོན་མེད་པས་སོ། །མདོར་བསྡུ་ན་ལུས་ངག་གི་མི་དགེ་བ་བདུན་ལྟ་བུ་སོ་ཐར་ལ་རང་བཞིན་གྱི་ཁ་ན་མ་ཐོ་བའི་བཅས་པར་བསྟན་པ་ལ་བྱང་སེམས་ཀྱིས་བསམ་པ་གཞན་དོན་ཁོ་ནའི་སྙིང་བརྩེར་བྱས་ཤིང་ཐབས་ལ་
Page: 245 ༄༅། །མཁས་པས་སྤྱད་ན་ཉེས་པ་མི་དགེ་བ་ཡང་མེད་ལ་བསོད་ནམས་མང་པོ་འཕེལ་བའང་ཡོད་པར་གསུངས་པས་དེ་ལྟ་བུའི་སྐབས་སུ་ངེས་པར་འདི་དག་སྤྱད་དགོས་པར་བསྟན་པ་ཡིན་ནོ། །དེ་ལྟར་གཞན་དོན་དང་འབྲེལ་བའི་དགོས་པ་ཆེན་ པོ་མཐོང་ན་སོ་ཐར་གྱི་བཅས་རྐྱང་ཐུན་མོང་བ་རྣམས་ལ་འདས་ཀྱང་ཉེས་པ་མེད་པའི་ཚུལ་སྔ་མ་བཤད་མ་ཐག་པའི་རྗེས་སུ་དཔག་སྟེ་ཤེས་པར་བྱའོ། །གཉིས་པ་རང་གཙོ་བོར་གྱུར་པའི་ཚུལ་ཁྲིམས་དང་འགལ་བ་ལ་གསུམ་ལས། འཚོ་བ་ཉམས་པ་ནི། འཚོ་བ་ ལོག་པ་དང་དུ་ལེན། །ཞེས་ཏེ། ཚུལ་འཆོས་སོགས་ལ་བསྟེན་པའི་འཚོ་བ་ལོག་པ་ལྔ་གང་རུང་བྱུང་བ་དང་དུ་ལེན་ཞིང་དེ་དག་གིས་ངོ་ཚ་ཞིང་འཛེམ་པར་མི་བྱེད་ལ་གཉེན་པོས་སེལ་བར་མི་བྱེད་ན་ཉོན་མོངས་ཅན་གྱི་ཉེས་བྱས་ཏེ་འདི་ལ་ཉོན་མོངས་ཅན་མིན་པ་མེད་དོ། ། དེ་བསལ་བའི་ཕྱིར་འདུན་པ་བསྐྱེད་ཀྱང་ཉོན་མོངས་པ་ཤས་ཆེ་བ་ལ་བཅས་འགལ་གྱི་ཉེས་པ་མེད་པ་ནི་ཉེས་བྱས་གཉིས་པའི་སྐབས་ལྟར་རོ། །ལོག་འཚོ་ལྔ་ནི། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་ སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོགས་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་ པའོ། །ཞེས་རིན་ཆེན་ཕྲེང་བ་ལས་གསུངས་པ་ལྟར་རོ། །གཞན་ཡང་ཆང་དང་མཚོན་ཆ་དང་དུག་དང་སྲོག་ཆགས་དང་རྒྱ་སྐྱེགས་སོགས་འཚོང་བ་དང་མ་བརྟགས་པའི་ཏིལ་དང་ཡུངས་དཀར་འཚོང་བ་སོགས་དང་ཞིང་ལས་སོགས་ཀྱང་ལོག་འཚོར་བཤད་དོ། །
Page: 246 ཆོ་ག་ཉམས་པ་ནི། །འཕུར་ནས་རབ་ཏུ་རྒོད་ལ་སོགས། །ཞེས་ཏེ། འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་འཕྱར་ཞིང་གཡེངས་ནས་རབ་ཏུ་རྣམ་པར་མ་ཞི་བ་ནི་རྒོད་པ་སྟེ་དེས་ཡོངས་སུ་ཟིན་པས་མ་ཞི་ཞིང་དེ་ལ་དགའ་བ་དང༌། སོགས་སྒྲས་བསྟན་པ་རྟ་ བགད་དུ་རྒོད་པ་དང་རྩེ་ཞིང་ཅ་ཅོ་འདོན་ལ་གཡེང་བ་དང་གཞན་ལའང་རྒོད་དུ་གཞུག་པར་འདོད་ན་ཉོན་མོངས་ཅན་དང༌། བརྗེད་པས་དེ་དག་བྱེད་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །རྟ་བགད་དུ་རྒོད་པ་མན་ཆད་ལ་ཉེས་མེད་ནི། དེ་བསལ་ཕྱིར་འདུན་པ་ སྐྱེད་པ་ནི་གོང་བཞིན་དང་རྟེན་གྱི་སྒོ་ནས་དང་། གཞན་ཀུན་ནས་མནར་སེམས་སྐྱེས་པ་ཐབས་ངེས་སེལ་བར་འདོད་པ་དང་། གཞན་གྱི་མྱ་ངན་བསལ་བར་འདོད་པ་དང་གཞན་རྩེད་མོ་ལ་དགའ་བ་སོགས་དགེ་བ་ལ་དགོད་པ་དང་། རང་དང་སྔར་མཛའ་བ་སྲུང་ བའམ་དེ་དང་མཐུན་པར་བྱ་བ་དང༌། གཞན་རང་ལ་མི་དགའ་བ་དང་མནར་སེམས་དང་རྒྱབ་ཀྱིས་ཕྱོགས་པར་འགྱུར་དུ་དོགས་པོ་ལ་དགའ་བའི་བཞིན་བསྟན་པས་ནང་གི་བསམ་པ་དག་པར་བསྟན་པའི་ཕྱིར་ཏེ་ལྔ་ནི་དགོས་པའི་སྒོ་ནས་ཉེས་པ་མེད་པའོ། སྲིད་ པའི་རོ་ལ་བརྐམ་པ་ནི། །འཁོར་བ་གཅིག་པུ་བགྲོད་པར་སེམས། །ཞེས་ཏེ། །མདོ་ལས་བྱང་སེམཁོ་ལ་དགའ་བ་ལྟར་མྱ་ངན་ལས་འདས་པ་ལ་དེ་ལྟ་མ་ཡིན་ནོ་ཞེས་སོགས་གསུངས་པའི་དོན་ལ་ལོག་པར་བཟུང་ནས་བྱང་སེམས་ནི་མྱང་འདས་ལ་དགའ་བར་ མི་བྱ་ཡི་དེ་ལ་རྒྱབ་ཀྱིས་ཕྱོགས་པར་བྱ་ཉོན་མོངས་དང་ཉེ་ཉོན་ལ་འཇིག་པར་མི་བྱ་དེ་དག་ལས་སེམས་ཀྱང་དབེན་པར་མི་བྱ་སྟེ་བྱང་སེམས་ཀྱིས་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་འཁོར་བར་འཁོར་ཞིང་ཐབས་དེ་གཅིག་པུ་ལ་བརྟེན་ནས་བྱང་ཆུབ་བསྒྲུབ་པར་བྱ་ཞིང་བྱང་
Page: 247 ༄༅། །ཆུབ་ཏུ་བགྲོད་བར་བྱ་དགོས་སོ་ཞེས་དེ་ལྟར་སེམས་ཤིང་ལྟ་ལ་དེ་སྐད་སྨྲ་ན་ཉོན་མོངས་ཅན་གྱི་ཉེས་པའོ། །དེ་ལྟར་ལྟ་བ་ཉེས་པར་འགྱུར་བའི་རྒྱུ་མཚན་ནི། ཉན་ཐོས་རང་གཅིག་པུ་སྲིད་པ་ལས་ཐར་བར་བྱེད་པ་ལ་ཡང་མྱང་འདས་ ལ་མངོན་པར་དགའ་ཞིང་ཉོན་མོངས་ལས་སྐྱོ་བར་བྱེད་དགོས་ན་བྱང་སེམས་ཀྱིས་སེམས་ཅན་ཐམས་ཅད་སྲིད་པ་ལས་བསྒྲལ་ཕྱིར་འཁོར་བར་སྐྱོ་བ་དང་མྱང་འདས་ལ་དགའ་བ་ཉན་ཐོས་ལས་བྱེ་བ་ཕྲག་འབུམ་གྱིས་ལྷག་པ་བསྐྱེད་ནས་བརྩོན་དགོས་པ་ལྟ་ཅི་སྨོས་ པའི་ཕྱིར་ཏེ། མདོ་སྡེའི་རྒྱན་ལས། །མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། ཞེས་གསུངས་པ་ལྟར་རོ། །མདོ་ལས་མྱང་འདས་ལ་དགའ་བར་མི་བྱ་སོགས་གསུངས་པ་ནི་སྲིད་པར་སྐྱེ་བ་འཛིན་པ་ལ་གཏན་རྒྱབ་ཀྱིས་ཕྱོགས་པའི་མྱང་འདས་ལ་དགའ་བ་ འགོག་པ་དང་ལས་ཉོན་གྱི་འཆིང་བས་མ་གོས་པར་སྲིད་པར་འཁོར་བ་ལས་བསྔགས་པ་ཡིན་གྱི་འཁོར་བ་ལ་སྐྱོ་བ་༌དང་མྱང་འདས་ལ་དགའ་བ་འགོག་པ་མིན་ནོ། །གསུམ་པ་རང་གཞན་ཆ་མཉམ་པའི་ཚུལ་ཁྲིམས་དང་འགལ་བ་ལ་གཉིས་ལས། རང་གི་ བསྔགས་པ་མི་སྲུང་བ་ནི། གྲགས་པ་མ་ཡིན་མི་སྤོང་བ། །ཞེས་ཏེ། རང་ལ་བརྟེན་པའི་ཚིག་མི་བཙན་པའམ་མི་བཙུན་པར་འགྱུར་བའི་དྲི་ངས་དང་མི་སྙན་པ་དང་གཏམ་ངན་ནམ་གྲགས་པ་མ་ཡིན་པ་འབྱུང་བའི་གཞི་རང་ལ་ཡོད་པའི་བདེན་པའི་དངོས་པོ་མི་ བསྲུང་ཞིང་མི་སེལ་བའམ་མི་སྤོང་བ་ནི་ཉོན་མོངས་ཅན་དང༌། གཞི་མེད་པ་མི་བདེན་པའི་དངོས་པོ་མི་སྲུང་ཞིང་མི་སེལ་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །དྲི་ངས་སོགས་གསུམ་ནི་སྐྱོན་བརྗོད་ཆེ་འབྲིང་ཆུང་གསུམ་ཡིན་པར་བཤད་ལ། མི་བསྲུང་བ་
Page: 248 ནི་དང་པོ་ནས་འབྱུང་འགྱུར་མི་འགོག་པ་དང་མི་སེལ་བ་བྱུང་ཟིན་འཕྲོ་མི་གཅོད་པའོ། །ཉེས་མེད་ནི། མུ་སྟེགས་ཅན་དང་བརྡ་སྤྲད་ཀྱང་ཡིད་མི་ཆེས་པ་དང་ཁྲོ་བས་ནོན་ནས་ནན་གྱིས་མི་སྙན་པ་བརྗོད་པ་སྟེ་གསུམ་ནི་བརྗོད་མཁན་གྱི་སྒོ་ནས་དང་། རབ་ཏུ་བྱུང་བ་ དང་སློང་མོ་སྤྱོད་པ་དང་དགེ་བ་སྤྱོད་པའི་གཞིས་མི་སྙན་པར་བརྗོད་པ་སྟེ་གསུམ་ནི་བརྗོད་བྱའི་སྒོ་ནས་མི་སྙན་པར་སྨྲ་བ་ལ་སེལ་ཐབས་མ་བྱས་ཀྱང་ཉེས་པ་མེད་པའོ། །གཞན་དོན་གྱི་སྦྱོར་བ་རྩུབ་མོས་སྐྱག་པ་ནི། ཉོན་མོངས་བཅས་ཀྱང་འཆོས་མི་བྱེད། ཅེས་ཏེ། གཞན་དག་ཉེས་པ་སྤྱོད་པའི་གཞི་འཇམ་པོའི་ཐབས་ཀྱི་ལྡོག་མི་ནུས་ཤིང་ཕ་རོལ་པོ་མི་དགའ་བའི་གནོད་པའི་ཐབས་དང་ལུས་ངག་གི་སྦྱོར་བ་རྩུབ་མོ་དང་འདུལ་ཐབས་དྲག་པོ་གང་གིས་ཕ་རོལ་པོ་ཉོན་མོངས་པའམ་ཉེས་སྤྱོད་ཀྱི་གཞི་ཆེན་པོ་དང་ བཅས་པ་འཆོས་ནུས་ལ་དེ་ལ་ཕན་པའི་ཐབས་སུ་འགྱུར་བ་ཤེས་ཀྱང་དེ་མི་དགའ་བ་སྲུང་བ་ཙམ་གྱི་ཕྱིར་དེ་འཆོས་ཐབས་དང་དེ་ལས་ལྡོག་ཐབས་མི་བྱེད་ན་ཉོན་མོངས་ཅན་གྱི་ཉེས་བྱས་སོ། །དེ་བྱས་པས་ཕ་རོལ་པོ་ལ་ཚེ་འདིའི་དོན་ཆུང་ངུ་ཞིག་ཏུ་འགྱུར་ལ་ གཞི་དེ་ལས་ཡིད་མི་བདེ་ཆེན་པོར་འགྱུར་ན་ཐབས་དེ་མ་བྱས་ཀྱང་ཉེས་པ་མེད་དོ། །དེ་ཡན་གྱི་ཉེས་བྱས་དགུ་ནི་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཀྱི་ཉེས་པའོ། །གསུམ་པ་བཟོད་པའི་མི་མཐུན་ཕྱོགས་ལ་གསུམ་ལས། དང་པོ་བཟོད་པའི་རྒྱུ་ལ་མི་གནས་ པ་ནི། གཤེ་ལ་ལན་དུ་གཤེ་ལ་སོགས། །ཞེས་ཏེ། ཕ་རོལ་བོས་རང་ལ་ཚུར་གཤེ་བ་ལ་ལན་དུ་དེ་ལ་ཕྱིར་གཤེ་བ་དང་། སོགས་ཀྱིས་བསྡུས་པ་ཚུར་ཁྲོ་བ་ལ་ལན་དུ་ཕར་ཁྲོ་བ་དང་ཚུར་བརྡེག་པ་ལ་ལན་དུ་ཕར་བརྡེག་པ་དང་ཚུར་མཚང་འདྲུ་བ་ལ་ལན་དུ་ཕྱིར་
Page: 249 ༄༅། །མཚང་འདྲུ་བར་བྱེད་པ་སྟེ་དགེ་སྦྱོང་གི་ཆོས་བཞི་དང་བྲལ་བ་ནི་ཉོན་མོངས་ཅན་གྱི་ཉེས་པའོ། །དེ་ལ་གཤེ་བ་ནི་ཁྲོས་ནས་སྤྱོ་བའི་ཚིག་དང༌། ཁྲོ་བ་ལ་ཕྱིར་ཁྲོ་བ་ནི་ཁྲོར་གཞུག་པའི་བསམ་པ་ཅན་གྱི་ངག་མི་སྡུག་པ་དང་། རྡེག་པ་ལ་ ཕྱིར་བརྡེག་པ་ནི་སྡུག་བསྔལ་སྐྱེད་པའི་བསམ་པས་བསྣུན་པ་དང༌། མཚང་འདྲུ་བ་ལ་ཕྱིར་མཚང་འདྲུ་བ་ནི་གཅིག་ལ་གཅིག་ཉེས་པ་གླེང་བའོ། །གཉིས་པ་ཁྲོ་བའི་རྒྱུན་མི་འགོག་པ་ལ་གཉིས་ལས། རང་གིས་མི་འགོག་པ་ནི། ཁྲོས་པ་རྣམས་ནི་ཡལ་བར་འདོར། ཞེས་ཏེ། རང་གིས་གཞན་ལ་ཉེས་པ་བྱས་པའམ་མ་བྱས་ཀྱང་གཞན་གྱིས་བྱས་པར་དོགས་པ་གཉིས་གང་རུང་གིས་རང་ལ་ཁྲོས་པ་རྣམས་ལ་ནི་ཕྲག་དོག་ཤས་ཆེ་བའི་མནར་སེམས་སམ་དམན་པར་སོང་ན་ངོ་ཚ་བའི་ང་རྒྱལ་གྱིས་ཚུལ་དང་མཐུན་པར་ཤད་སྦྱང་བྱེད་ འོས་པ་མི་བྱེད་པར་ཡལ་བར་འདོར་ན་ཉོན་མོངས་ཅན་དང་། སྙོམ་ལས་དང་ལེ་ལོ་དང་བག་མེད་ཀྱིས་མི་བྱེད་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །ཉེས་མེད་ནི། ཤད་སྦྱང་མི་བྱེད་པའི་ཐབས་དེས་འདུལ་བར་འདོད་པ་དགོས་པའི་སྒོ་ནས་དང་། མུ་སྟེགས་ ཅན་དང༌། ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་སྤྱོད་པས་ཤད་སྦྱང་བྱེད་དུ་འཇུག་འདོད་པ་དང༌། ཤད་སྦྱང་བྱས་ནས་སླར་འཁྱུགས་པ་སྐྱེ་བའི་འཐབ་ཀྲོ་ཅན་དང༌། ཤད་སྦྱང་བྱས་མ་བྱས་གང་ལའང་སེམས་མི་འགྱུར་བའི་བཟོད་པའི་ངང་ཚུལ་ཅན་དང་། ཤད་སྦྱང་མི་འདོད་པའམ་དེས་ངོ་ཚ་བར་བྱེད་པ་སྟེ་ལྔ་ནི་ཡུལ་གྱི་སྒོ་ནས་ཉེས་པ་མེད་པའོ། །གཞན་གྱི་ཁྲོ་བའི་རྒྱུན་མི་འགོག་པ་ནི། ཕ་རོལ་ཤད་ཀྱིས་འཆག་པ་སྤོང་། །ཞེས་ཏེ། རྩོད་པ་གང་ལ་ཕ་རོལ་བོ་གཞན་གྱིས་རང་ལ་ཉེས་པ་བྱས་པ་དག་ཆོས་བཞིན་
Page: 250 དུ་མཐུན་པར་ཤད་ཀྱིས་འཆག་པའམ་ཤད་སྦྱང་བྱེད་ཀྱང་ཀུན་ནས་མནར་སེམས་དང་ལྡན་ཞིང་གཞན་ལ་འཚེ་བའི་མཐོ་འཚམ་པའི་བསམ་པས་ཤད་སྦྱང་མི་ལེན་པར་སྤོང་བར་བྱེད་ན་ཉོན་མོངས་ཅན་དང་། སྡང་སེམས་མེད་ཀྱང་ལེན་མི་འདོད་པ་ཙམ་གྱིས་མི་ ལེན་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །ཉེས་མེད་ནི། ཤད་སྦྱང་མི་ལེན་པའི་ཐབས་དེ་འདུལ་བར་འདོད་པ་ནི་དགོས་པའི་སྒོ་ནས་དང༌། ཆོས་བཞིན་མ་ཡིན་པ་མི་རིགས་པ་དང་མཐུན་པ་མ་ཡིན་པ་ཚིག་ཙམ་གྱིས་ཤད་སྦྱང་བྱེད་པ་གཉིས་ནི་ཡུལ་གྱི་སྒོ་ནས་ ཉེས་པ་མེད་པའོ། །གསུམ་པ་གཉེན་པོ་ལ་མི་གནས་པ་ནི། ཁྲོས་པའི་སེམས་ཀྱི་རྗེས་སུ་འཇུག །ཅེས་ཏེ། གཞན་ལ་ཁྲོས་ཤིང་འཁྲུགས་པའི་བསམ་པ་དང་པོར་སྐྱེས་ཤིང་སེམས་དེ་ཉིད་ཀྱི་རྒྱུན་མི་གཏོང་བར་དེའི་རྗེས་སུ་འཇུག་ཅིང་འཛིན་ལ་ཉེས་པར་མི་ ལྟ་ཞིང་གཉེན་པོ་མི་བསྟེན་པས་བྱུང་བ་དང་དུ་ལེན་ན་ཉོན་མོངས་ཅན་གྱི་ཉེས་པའོ། །དེ་བསལ་ཕྱིར་འབད་ཀྱང་མ་ལོག་པ་ལ་ཉེས་པ་མེད་པ་སྔར་བཤད་པ་ལྟར་རོ། །དེ་ལྟར་ཉེས་བྱས་བཞི་ནི་བཟོད་པའི་མི་མཐུན་ཕྱོགས་ཀྱི་ཉེས་པའོ། །བཞི་བ་བརྩོན་འགྲུས་ཀྱི་ མི་མཐུན་ཕྱོགས་ལ་གསུམ་ལས། དང་པོ་སྦྱོར་བ་དམན་པ་ནི། བསྙེན་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། ཅེས་ཏེ། ཁྲུས་ལ་སོགས་པའི་རིམ་གྲོ་སྟན་འདིངས་པ་ལས་སུ་མི་བརྐོ་བ་སོགས་ཀྱི་བསྙེན་བཀུར་འདོད་པའི་ཕྱིར་དང་རྫས་འབུལ་དུ་རེ་བ་སོགས་ ཟང་ཟིང་དང་བཅས་༌པའི་སེམས་ཀྱིས་འཁོར་རྣམས་སྡུད་པར་བྱེད་ན་ཉོན་མོངས་ཅན་གྱི་ཉེས་པ་དང་ཟང་ཟིང་མེད་པའི་སེམས་ཀྱིས་བསྡུས་པ་ན་རིམ་གྲོ་སོགས་བྱེད་པ་བདག་གིར་བྱེད་པ་ལ་ཉེས་པ་མེད་དོ། །འདི་ལ། རྙེད་བཀུར་འདོད་ཕྱིར་ཞེས་པའང་ཡོད་དོ།
Page: 251 ༄༅། །གཉིས་པ་སྦྱོར་བ་མེད་པ་ནི། ལེ་ལོ་ལ་སོགས་སེལ་མི་བྱེད། །ཅེས་ཏེ། ལེ་ལོ་དང་སོགས་ཀྱིས་བསྡུས་པ་སྙོམ་ལས་སྐྱེས་ནས་དུས་མ་ཡིན་པ་མཚན་མོ་ཡང་གུང་ཐུན་མ་གཏོགས་པའི་ཆ་སྟོད་སྨད་ཀྱི་དུས་སུ་གཉིད་ཀྱི་བདེ་བ་ དང་གློས་འབེབས་པའམ་སྙེས་པའི་བདེ་བ་བདག་གིར་བྱེད་ཅིང་སེལ་པར་མི་བྱེད་ན་ཉོན་མོངས་ཅན་གྱི་ཉེས་པའོ། །ཉེས་མེད་ནི། ན་སྟེ་མི་ནུས་པ་དང་ལམ་བགྲོད་པས་དུབ་པ་དང་དེ་བསལ་ཕྱིར་འདུན་པ་སྐྱེད་པ་སྔར་ལྟར་བྱས་པ་སྟེ་གསུམ་ནི་རྟེན་གྱི་སྒོ་ནས་ ཉེས་པ་མེད་པའོ། །གསུམ་པ་བྱ་བ་ངན་པ་ལ་ཆགས་པ་ནི། །ཆགས་པས་བྲེ་མོའི་གཏམ་ལ་སྟེན། །ཞེས་ཏེ། རྒྱལ་བློན་ཆོམ་རྐུན་བུད་མེད་དང་འདོད་པ་ལ་སོགས་འདུ་འཛིའི་གཏམ་ལ་ཀུན་ཏུ་ཆགས་པས་བྲེ་མོའི་གཏམ་ཉན་པའམ་སྨྲ་བ་ལ་སྟེན་ནས ་དུས་ཡོལ་བར་བྱེད་ན་ཉོན་མོངས་ཅན་དང་། བརྗེད་པས་བྱེད་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །དུས་ཡོལ་བ་ནི་སྔ་དྲོ་ལས་ཕྱི་དྲོ་དེ་ལས་སྲོད་དུ་ཐལ་བ་སོགས་སོ། །ཉེས་མེད་ནི། ཕ་རོལ་སྨྲ་ཞིང་འདུག་པ་དེའི་བར་དྲན་པ་ལ་གནས་བཞིན་དུ་ ཅུང་ཟད་ཙམ་མཉན་པ་ནི་ཉན་མཁན་གྱི་སྒོ་ནས་དང་། ཡ་མཚན་པའམ་ངོ་མཚར་བའི་གཏམ་ལ་དྲི་བ་ཙམ་དང་ཚུར་ལ་ལན་འདེབས་པ་ཙམ་བྱེད་པ་ནི་གཏམ་གྱི་སྒོ་ནས་ཉན་པ་དང་སྨྲས་ཀྱང་ཉེས་པ་མེད་པའོ། །དེ་ལྟར་ཉེས་བྱས་གསུམ་ནི་བརྩོན་ འགྲུས་ཀྱི་མི་མཐུན་ཕྱོགས་ཀྱི་ཉེས་པའོ། །ལྔ་བ་བསམ་གཏན་གྱི་མི་མཐུན་ཕྱོགས་ལ་གསུམ་ལས། དང་བོ་སྦྱོར་བའི་ཉེས་པ་ནི། ཏིང་ངེ་འཛིན་གྱི་དོན་མི་འཚོལ། །ཞེས་ཏེ། སེམས་མཉམ་པར་འཇོག་བར་འདོད་པ་ལ་མནར་སེམས་དང་ང་རྒྱལ་
Page: 252 གྱིས་ཏིང་ངེ་འཛིན་གྱི་དོན་ལས་བརྩམས་པའི་གདམས་ངག་གཞན་ལས་མི་ཚོལ་ཞིང་གཞན་གྱིས་འཆད་པ་ནོད་དུ་མི་འགྲོ་ན་ཉོན་མོངས་ཅན་དང༌། སྙོམ་ལས་དང་ལེ་ལོས་མི་ཚོལ་ཞིང་ནོད་དུ་མི་འགྲོ་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །ཉེས་པ་ མེན་ནི། ན་སྟེ་མི་ནུས་པ་དང་གདམས་ངག་ལོག་པ་འབྱུང་དོགས་པ་དང་རང་མང་དུ་ཐོས་པ་ཡིན་པས་མཉམ་པར་འཇོག་ནུས་པའམ་གདམས་ངག་གིས་གདམས་ངག་གི་བྱ་བ་བྱས་ཟིན་པ་གསུམ་ནི་རྟེན་གྱི་སྒོ་ནས་ཉེས་པ་མེད་པའོ། །གཉིས་པ་དངོས་གཞིའི་ ཉེས་པ་ནི། བསམ་གཏན་སྒྲིབ་པ་སྤོང་མི་བྱེད། ཅེས་ཏེ། བསམ་གཏན་ལ་གེགས་བྱེད་པའི་སྒྲིབ་པ་རྒོད་འགྱོད་གཅིག་ཏུ་བྱས་པ་དང་གནོད་སེམས་དང་གཉིད་རྨུགས་གཉིས་གཅིག་ཏུ་བྱས་པ་དང་འདོད་པ་ལ་འདུན་པ་དང་ཐེ་ཚོམ་སྟེ་ལྔ་བོ་གང་རུང་ བྱུང་བ་དང་དུ་ལེན་ཞིང་གཉེན་པོས་སྤོང་བར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་བྱས་སོ། །ཉེས་མེད་ནི། དེ་སྤོང་བའི་ཕྱིར་འདུན་པ་སྐྱེད་པ་སོགས་ལ་ཉེས་པ་མེད་པ་སྔར་ལྟར་རོ། །དེ་ལྟ་བུའི་སྦྱང་བྱའི་སྒྲིབ་པ་དང་དེ་དག་འདྲེན་པའི་རྒྱུ་དངོས་བཟུང་བ་དང་། རང་རང་གི་གཉེན་པོ་ཇི་ལྟ་བུའི་སྦྱོང་བ་དང་སྤྱོད་ལམ་ཇི་ལྟ་བུས་སྦྱོང་ཚུལ་རྣམས་ཤེས་པར་བྱས་ནས་དང་དུ་མི་ལེན་ཅིང་སེལ་བ་ནི་ཏིང་ངེ་འཛིན་གྱི་དུས་ཁོ་ནར་མི་གཟུང་གི་ཐམས་ཅད་དུ་གལ་ཆེ་བར་གསུངས་ཏེ་ཞིབ་བར་གཞན་དུ་ཤེས་པར་བྱའོ། །གསུམ་ པ་རྗེས་ཀྱི་ཉེས་པ་ནི། བསམ་གཏན་རོ་ལ་ཡོན་ཏན་ལྟ། །ཞེས་ཏེ། བསམ་གཏན་རྒྱུད་ལ་སྐྱེས་པའི་ཚེ་དེའི་རོ་མྱང་བ་སྟེ་དགའ་བ་དེ་སོགས་ལ་སྲིད་ཅིང་རོ་མྱང་བ་ལ་ཡོན་ཏན་དུ་ལྟ་ན་ཉོན་མོངས་ཅན་གྱི་ཉེས་བྱས་སོ། །དེ་སྤོང་བའི་ཕྱིར་འདུན་པ་སྐྱེད་
Page: 253 ༄༅། །པ་སོགས་ལ་ཉེས་པ་མེད་པ་ནི་སྔར་ལྟར་རོ༑༑དེ་ལྟར་ཉེས་བྱས་གསུམ་ནི་བསམ་གཏན་གྱི་མི་མཐུན་ཕྱོགས་ཀྱི་ཉེས་པའོ། །དྲུག་པ་ཤེས་རབ་ཀྱི་མི་མཐུན་ཕྱོགས་ལ་གཉིས། ཡུལ་དམན་པ་དང་འབྲེལ་བ། ཡུལ་མཆོག་དང་ འབྲལ་བའོ། །དང་པོ་ལ་བཞི་ལས། ཐེག་དམན་སྤོང་བ་ནི། ཉན་ཐོས་ཐེག་པ་སྤོང་བར་བྱེད། ཅེས་ཏེ། ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་ཐེག་དམན་ལ་དགོས་ཀྱང་བྱང་སེམས་ལ་མི་དགོས་སྙམ་དུ་འཛིན་པས་ཉན་ཐོས་ཀྱི་ཐེག་པའི་ཆོས་ཉན་པར་ མི་བྱེད་ཚིག་དང་དོན་གཟུང་བར་མི་བྱ་ནན་ཏན་དུ་བསླབ་པར་མི་བྱ་སྟེ་དེ་དག་བྱས་པ་ལ་དགོས་པ་མེད་དོ་ཞེས་རང་དེ་ལྟར་ལྟ་ཞིང་སྤོང་བར་བྱེད་ལ་གཞན་ལའང་དེ་སྐད་སྨྲ་ན་ཉོན་མོངས་ཅན་གྱི་ཉེས་བྱས་སོ། །འདིར་ཐེག་དམན་ལ་དགོས་སྙམ་དུ་འཛིན་པས་ ཉན་ཐོས་ཀྱི་ཐེག་པ་གཏན་སྤོང་བ་མིན་ལ་སོ་ཐར་སྤོང་དུ་འཇུག་པའི་རྩ་ལྟུང་དང་ཡང་ཁྱད་པར་ཆེ་བར་གསུངས་སོ། །ཉེས་པར་འགྱུར་བའི་རྒྱུ་མཚན་ནི། མུ་སྟེགས་ཀྱི་གཞུང་ལའང་བྱང་སེམས་ཀྱིས་སློབ་དགོས་ན་སངས་རྒྱས་ཀྱི་གསུང་རབ་ཉན་ཐོས་ ཀྱི་ཐེག་པ་ལ་སྨོས་ཅི་དགོས་པས་སོ། །ཐེག་ཆེན་པས་སོ་ཐར་གྱི་བཅས་པ་ལ་སློབ་ཅི་དགོས་སྙམ་དུ་འཛིན་པ་ནི་ཆོས་སྤོང་གི་ལས་སྒྲིབ་གསོག་པའི་གཡང་ས་ཆེན་པོ་ཡིན་ལ་བཅས་པ་འདི་ནི་དེ་ཉིད་འགེགས་པའི་གདམས་པ་མཆོག་གོ། །ཉེས་མེད་ ནི། ཐེག་ཆེན་པ་གང་མཐའ་གཅིག་ཏུ་ཉན་ཐོས་ཀྱི་ཐེག་པ་ལྷུར་ལེན་པའི་འདུན་པ་བཟློག་ནས་ཐེག་ཆེན་ལ་འདུན་པར་བྱ་བའི་ཕྱིར་ཡིན་ན་རྟེན་གྱི་སྒོ་ནས་ཉེས་པ་མེད་པའོ། །མཐའ་གཅིག་ཏུ་དེ་ལ་བརྩོན་པའི་ཉེས་པ་ནི། །རང་ཚུལ་ཡོད་བཞིན་དེ་ལ་བརྩོན།
Page: 254 ཞེས་ཏེ། རང་ཚུལ་བྱང་སེམས་ཀྱི་སྡེ་སྣོད་ལ་བརྩོན་པར་གྱུར་ཡོད་བཞིན་དུ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡལ་བར་བོར་ནས་ཉན་ཐོས་ཀྱི་སྡེ་སྣོད་དེ་ཉིད་ལ་བརྩོན་པར་བྱེད་ན་ཉོན་མོངས་ཅན་གྱི་ཉེས་བྱས་སོ། །དེས་ན་ཐེག་ཆེན་ལ་བརྩོན་པ་མི་འདོར་བའི་ངང་ནས་ ཐེག་དམན་གྱི་སྡེ་སྣོད་ལ་སློབ་དགོས་སོ། །མུ་སྟེགས་ཀྱི་གཞུང་ལ་མཐའ་གཅིག་ཏུ་བརྩོན་པའི་ཉེས་པ་ནི། བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། ཞེས་ཏེ། སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པར་བྱར་ཡོད་བཞིན་དུ་དེ་ལ་མི་བརྩོན་པར་མཐའ་གཅིག་ཏུ་ བརྩོན་བྱ་མིན་པ་ཕྱི་རོལ་མུ་སྟེགས་པའི་རྟོག་གེ་དང་སྒྲའི་བསྟན་བཅོས་ལ་བརྩོན་པར་བྱེད་ན་ཉོན་མོངས་ཅན་གྱི་ཉེས་བྱས་སོ། །ཉེས་མེད་ནི། ཤིན་ཏུ་ཡིད་གཞུངས་ཕོ་དང་ལྡོབས་སྐྱེན་པ་དང་ཡུན་རིང་དུ་མི་བརྗེད་པར་ནུས་པ་དང་དོན་སེམས་པ་དང་རྟོགས་པར་ བྱེད་ནུས་པ་དང་སངས་རྒྱས་ཀྱི་གསུང་རབ་ལ་རིགས་པས་རྟོགས་པ་དང་ལྡན་པས་བློ་མི་འགྱུར་བ་དང་ལྡན་ཏེ་ཕྱི་རོལ་གྱི་བསྟན་བཅོས་ལས་ཉིས་འགྱུར་གྱིས་ཉིན་ཞག་གཅིག་བཞིན་དུ་སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པར་བྱེད་ན་ཕྱི་རོལ་གྱི་གཞུང་ལ་ བརྩོན་པ་ལ་ཉེས་པ་མེད་དོ། །ཡིད་གཞུངས་པ་ནི་དུས་ཐུང་ངུས་ཀྱང་དྲན་ནུས་པ་དང་ལྡོབས་རྐྱེན་པ་ནི་མྱུར་བར་ལོབས་པ་དང་། དོན་སེམས་པ་ནི་བློ་རྣོ་བ་དང་དོན་རྟོགས་པར་ནུས་པ་ནི་ཤེས་རབ་གསལ་བ་དང་གསུང་རབ་རིགས་པས་རྟོགས་པ་ནི་ལྷན་ཅིག་སྐྱེས་པའི་ ཤེས་རབ་ཆེ་བ་ལ་བཤད་དོ། །དགའ་བཞིན་དུ་མུ་སྟེགས་ཀྱི་གཞུང་ལ་བརྩོན་པའི་ཉེས་པ་ནི། བརྩོན་པར་བྱས་ཀྱང་དེ་ལ་དགའ། ཞེས་ཏེ། སྔར་བཤད་པ་ལྟ་བུའི་ཚུལ་དང་མི་འགལ་བར་ཕྱི་རོལ་པའི་བསྟན་བཅོས་ལ་དགོས་པའི་དབང་གིས་བརྩོན་པར་བྱས་
Page: 255 ༄༅། །ཀྱང་དེ་ལྟར་བྱེད་པ་ན་སྨན་ཚང་བ་ལ་བསྟེན་པ་ལྟར་མི་འདོད་བཞིན་དུ་འཇུག་དགོས་པ་ལས་དེ་ལྟར་མི་བྱེད་པར་དང་པོར་མངོན་དགའ་བའི་ཚུལ་དང་བར་དུ་དེས་དགའ་བར་འཛིན་པ་དང་ཐ་མར་རངས་པར་བྱེད་ན་ཉོན་མོངས་ཅན་གྱི་ཉེས་བྱས་ སོ། །དེས་ན་མི་འདོད་བཞིན་དུ་དགོས་པའི་དབང་གིས་འཇུག་དགོས་སོ། །གཉིས་པ་ཡུལ་མཆོག་དང་འབྲེལ་བ་ལ་གསུམ་ལས། དང་པོ་ཤེས་རབ་ཀྱི་ཡུལ་སྤོང་བ་ནི། ཐེག་པ་ཆེན་པོ་སྤོང་བར་བྱེད། །ཅེས་ཏེ། རང་གི་ཚུལ་མིན་ཡིད་བྱེད་དམ་གཞན་གྱི་ཁ་ ཕྱིར་ཞུགས་པའི་དབང་གིས་ཐེག་པ་ཆེན་པོའི་སྡེ་སྣོད་ལས་དེ་ཁོ་ནའི་དོན་ཟབ་མོའམ་སངས་རྒྱས་བྱང་སེམས་ཀྱི་མཐུ་རྒྱ་ཆེན་པོ་ལས་བརྩམས་ཏེ་བསྟན་པའི་ཟབ་རྒྱས་ཀྱི་ཕྱོགས་གང་རུང་གཅིག་ལ་འདི་དག་བརྗོད་བྱ་དམན་པའམ་ཡེ་ཤེས་ཀྱི་རྟེན་མིན་པས་དོན་དང་ལྡན་པ་ མིན་ཞེས་དང་། རྗོད་བྱེད་དམན་པའམ་བསོད་ནམས་ཀྱི་རྟེན་མིན་པས་ཆོས་དང་ལྡན་པ་མིན་ཞེས་དང་། བྱེད་པོ་དམན་པས་དེ་བཞིན་གཤེགས་པས་གསུངས་པ་མིན་ཞེས་དང་། དེ་ཉིད་ཀྱི་ཕྱིར་ན་སེམས་ཅན་གྱི་ཕན་བདེར་འགྱུར་བ་མིན་ནོ་ཞེས་སྐུར་པ་འདེབས་ ཚུལ་བཞི་བོ་ཐམས་ཅད་དམ་གང་རུང་གིས་སྐུར་པ་འདེབས་པའི་ཚིག་སྨྲ་ཞིང་སྤོང་བར་བྱེད་ན་ཉོན་མོངས་ཅན་གྱི་ཉེས་བྱས་སོ། །འདིར་ཆོས་སྤོང་ལས་སེམས་བསྲུང་ཚུལ་བྱང་ཆུབ་གཞུང་ལམ་ལས་འདི་ལྟར་གསུངས་ཏེ། ཟབ་ཅིང་མཆོག་ཏུ་ཟབ་པའི་ གནས་དག་ཐོབ་ནས་སེམས་མ་མོས་ན་བྱང་ཆུབ་སེམས་དཔས་དད་པ་དང་གཡོ་མེད་པས་འདི་ལྟར་བདག་ནི་ལོང་བར་གྱུར་ཏེ་ཟག་པ་མེད་པའི་ཤེས་རབ་ཀྱི་མིག་མེད་པ་ལ་དེ་བཞིན་གཤེགས་པའི་སྤྱན་གྱིས་རྗེས་སུ་སྤྱོད་བར་ཟད་པས་དེ་བཞིན་གཤེགས་པས་དོན་
Page: 256 གཞན་ལ་དགོངས་ཏེ་གསུངས་པ་སྤང་བ་ནི་བད་ག་གི་བྱ་བའི་ཆ་མ་ཡིན་ནོ་ཞེས་ཡང་དག་པར་བསླབ་པར་བྱའོ། །བྱང་སེམས་ཀྱིས་དེ་ལྟར་བདག་ནི་མི་ཤེས་པར་བརྩིས་ལ་དེ་བཞིན་གཤེགས་པ་ཉིད་ན་ཆོས་དེ་དག་ལ་ལྐོག་ཏུ་མ་གྱུར་པར་ཡང་དག་པར་ལྟ་ན་དེ་ལྟ་ན་ ཡང་དག་པར་ཞུགས་པ་ཡིན་ནོ། །མོས་པ་མ་སྐྱེས་སུ་ཟིན་ཀྱང་སྐུར་པ་མི་འདེབས་ན་ཉེས་པ་མེད་དོ། །མདོ་སྡེའི་རྒྱན་ལས་ཀྱང་། ཡིད་ཀྱི་ཉེས་པའི་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨྲོས་ཅི་ དགོས། །དེ་ཕྱིར་བཏང་སྙོམས་བཞག་ན་ཉེས་པ་མེད། །ཅེས་དང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། དེ་བཞིན་གཤེགས་དགོངས་གསུངས་པ་རྣམས། །ཤེས་པར་སླ་མིན་དེ་ཡི་ཕྱིར། །ཐེག་གཅིག་ཐེག་པ་གསུམ་གསུངས་པ། །བཏང་སྙོམས་ཀྱིས་ནི་བདག་ བསྲུང་བྱ། །བཏང་སྙོམས་ཀྱིས་ནི་སྡིག་མི་འགྱུར། །སྡང་བས་སྡིག་འགྱུར་དགེ་མི་འགྱུར། །ཞེས་གསུངས་པས་ལས་དང་པོ་བས་ཐམས་ཅད་ལ་བློ་དང་མཐུན་པའི་མོས་པ་ཐོབ་པར་དཀའ་བས་མོས་པར་མ་ནུས་ཀྱང་བཏང་སྙོམས་སུ་བཞག་ན་ཉེས་པ་མེད་དོ། །ཞེས་ སོ། །གཉིས་པ་འབྲས་བུ་ལ་ལོག་པར་སྒྲུབ་པ་ནི། བདག་ལ་བསྟོད་ཅིང་གཞན་ལ་སྨོད། །ཅེས་ཏེ། །ང་རྒྱལ་དང་ཁོང་ཁྲོའི་སེམས་ཀྱིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པར་བྱེད་ན་ཉོན་མོངས་ཅན་གྱི་ཉེས་བྱས་སོ། །འདི་བདག་བསྟོད་གཞན་སྨོད་ཀྱི་ཕམ་ པ་དང་མི་འདྲ་སྟེ་ཐམ་པ་ལ་རྙེད་བཀུར་ལ་ཆགས་པ་དགོས་ཤིང་འདི་ལ་ང་རྒྱལ་ཙམ་གྱིས་ཀྱང་ཆོག་པས་ཀུན་སློང་མི་འདྲ་བས་སོ། །ཉེས་མེད་ནི། བསྟན་པ་གནས་པར་བྱས་ཕྱིར་མུ་སྟེགས་ཅན་ཟིལ་གྱིས་གནོན་པའི་དུས་དང༌། ཐབས་དེས་གཞན་འདུལ་བར་
Page: 257 ༄༅། །འདོད་པ་དང༌། གཞན་མ་དད་པ་རྣམས་དད་པར་བྱ་བའམ་དད་པ་རྣམས་འཕེལ་བར་བྱ་བའི་ཕྱིར་བྱེད་པ་གསུམ་ནི་དགོས་པའི་སྒོ་ནས་ཉེས་པ་མེད་པའོ། །གསུམ་པ་ཤེས་རབ་ཀྱི་རྒྱུ་ལས་ཉམས་པ་ལ་གཉིས་ལས། ཐོས་པ་ལ་མི་འཇུག་ པ་ནི། ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །ཅེས་ཏེ། གཞན་ཆོས་འཆད་པ་དང་ཆོས་ཀྱི་འབེལ་གཏམ་བ་ཞན་གཏན་ལ་འབེབས་པ་ན་ང་རྒྱལ་དང་མནར་སེམས་དང་ཁོང་ཁྲོས་མཉན་པར་བྱ་བའི་དོན་དུ་འགྲོ་བར་མི་བྱེད་ན་ཉོན་མོངས་ཅན་དང༌། སྙོམ་ལས་དང་ལེ་ལོས་མི་འགྲོ་ན་ ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །ཉེས་མེད་ནི། ཆོས་འཆད་པ་སོགས་མ་ཚོར་བ་དང༌། ན་སྟེ་མི་ནུས་པ་དང༌། ལོག་པར་སྟོན་དུ་དོགས་པ་དང་། དེ་ཡང་ཡང་ཐོས་ཤིང་ཤེས་ཟིན་པ་དང༌། མང་དུ་ཐོས་པ་ཐོས་པ་འཛིན་པ་ཐོས་པ་བསགས་པ་ཡིན་པ་ དང༌། དེ་གསུམ་ནི་ཐོབ་པ་ཤེས་པ་རྫོགས་པ་གསུམ་གྱི་དོན་ནོ། མཆན། རྟག་ཏུ་ཏིང་ངེ་འཛིན་སྒྲུབ་པ་དང༌། ཤེས་རབ་ཤིན་ཏུ་རྟུལ་བོས་ཐོས་བསམ་སྒོམ་གསུམ་ལ་བློ་ཞན་པ་སྟེ་བདུན་ནི་རྟེན་གྱི་སྒོ་ནས་དང་། རང་ལ་ཆོས་སྨྲ་གཞན་གྱི་སེམས་མི་དགའ་བ་བསྲུང་བ་ནི་དགོངས་ པའི་སྒོ་ནས་ཉེས་པ་མེད་པའོ། །ཐོས་པའི་ཡུལ་ལ་ལོག་པར་སྒྲུབ་པ་ནི། དེ་ལ་སྨོད་དང་ཡི་གེར་རྟོན། །ཞེས་ཏེ། རང་ལ་ཆོས་སྨྲ་བ་དེ་ལ་བསམ་བཞིན་དུ་ཁྱད་དུ་གསོད་པ་སྟེ་སྙིང་ནས་བཤེས་གཉེན་དང་སྟོན་པའི་འདུ་ཤེས་མི་སྐྱེད་པ་དང་། ལུས་ཀྱིས་བཀུར་སྟི་ མི་བྱེད་ལ་ངག་གིས་འཕྱ་ཞིང་ཚིག་རྩུབ་པོས་སྨོད་ཅིང་བསྟིང་བར་བྱེད་པ་དང༌། ཚིག་འབྲུའམ་ཡི་གེ་ལེགས་པ་ལ་ཆེད་ཆེར་བྱེད་པས་དེ་ལ་རྟོན་པའམ་ཡིད་ཆེས་སྐྱེད་ཀྱི་དོན་ལ་ཆེད་ཆེར་མི་བྱེད་པས་དེ་ལ་མི་རྟོན་ན་ཉོན་མོངས་ཅན་གྱི་ཉེས་པ་སྟེ། མདོར་ན་ཚིག་
Page: 258 ལེགས་ན་དོན་མི་ལེགས་ཀྱང་དེ་ལ་གནས་ལ་ཚིག་མི་ལེགས་ན་དོན་ལེགས་ཀྱང་དེ་ལ་མི་གནས་པའོ། །དེ་ལྟར་ཉེས་བྱས་བརྒྱད་ནི་ཤེས་རབ་ཀྱི་མི་མཐུན་ཕྱོགས་ཏེ། འདི་ཡན་གྱི་ཉེས་བྱས་སོ་བཞིའམ་སོ་གསུམ་པོ་ནི་དགེ་བའི་ཆོས་སྡུད་ཀྱི་ཕྱིན་དྲུག་གི་མི་མཐུན་ ཕྱོགས་ཀྱི་ཉེས་པའོ། །གཉིས་པ་སེམས་ཅན་དོན་བྱེད་ཀྱི་མི་མཐུན་ཕྱོགས་ལ་གཉིས། དོན་བྱ་བའི་ཡུལ་སྤྱི་དང་འབྲེལ་བ། བྱེ་བྲག་དང་འབྲེལ་བའོ། །དང་པོ་ལ་གཉིས་ལས། དང་པོ་དོན་མི་སྒྲུབ་པ་ནི། དགོས་པའི་གྲོགས་སུ་འགྲོ་མི་བྱེད། ཅེས་ཏེ། བྱ་བ་གཏན་ལ་འབེབས་པ་དང་། ལམ་དུ་འགྲོ་ཞིང་འོངས་པ་དང་། ཡང་དག་པའི་ཐ་སྙད་ལ་སྦྱོར་བ་དང༌། །ལས་ཀྱི་མཐའ་ལ་སྦྱོར་བ་དང༌། ལོངས་སྤྱོད་སྲུང་བ་དང་། བྱེ་བ་བསྡུམ་པ་དང་། དགའ་སྟོན་དང༌། བསོད་ནམས་བྱེད་པ་སྟེ་བརྒྱད་གང་ རུང་ལ་གཞན་གྱི་དགོས་པའི་དོན་སྒྲུབ་པའི་གྲོགས་སུ་འགྲོ་དགོས་པ་ལས་མནར་སེམས་དང་ཁོང་ཁྲོའི་དབང་གིས་གྲོགས་བྱེད་དུ་འགྲོ་བར་མི་བྱེད་ན་ཉོན་མོངས་ཅན་དང༌། སྙོམ་ལས་དང་ལེ་ལོས་མི་འགྲོ་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །དེ་ ལྟར་དོན་བརྒྱད་ལས། །དང་པོ་ནི་བྱ་བ་ངེས་པར་འཛིན་པའི་གྲོགས་བྱེད་པ་དང༌། གཉིས་པ་ནི་ཕྱི་བཞིན་འབྲང་བ་མེད་པ་དང་གློ་བུར་བའི་འགྲོ་ན་འགྲོ་འོངས་སོགས་ལ་སྐྱེལ་བསུ་ལྟ་བུ་ལམ་གྲོགས་བྱེད་པ་དང་། གསུམ་པ་ནི་ཡུལ་སོ་སོའི་སྐད་ཀྱི་ཐ་ སྙད་མི་ཤེས་པ་ལ་དེ་སློབ་པ་དང༌། བཞི་པ་ནི་ཁ་ན་མ་ཐོ་བ་ཡིན་པའི་ཞིང་ལམ་སོགས་ཀྱི་ཐབས་སྟོན་པ་དང་། ལྔ་པ་ནི་རྐུན་པོ་སོགས་ཀྱིས་ལོངས་སྤྱོད་མི་འཁྱེར་བའི་ཐབས་སྟོན་པ་དང༌། དྲུག་པ་ནི་འཁོན་པ་བསྡུམ་པ་དང༌། བདུན་པ་ནི་དུས་སམ་ཉི་
Page: 259 ༄༅། །མ་ངེས་པའི་བསོད་ནམས་ཀྱི་ལས་ཀྱི་གྲོགས་བྱེད་པ་དང་། བརྒྱད་པ་ནི་དུས་ངེས་པ་མེད་པར་བསོད་ནམས་ཙམ་པའི་གྲོགས་བྱེད་པའོ། །ཉེས་མེད་ནི། ན་སྟེ་མི་ནུས་པ་དང་སྔར་གཞན་ལ་ཁས་བླངས་པ་དང་ནུས་པ་གཞན་ལ་བཅོལ་ བ་དང་དེ་བས་ཆེས་ལྷག་པའི་དགེ་ལ་བརྩོན་པ་དང་ཡིད་རྟུལ་ཞིང་ལུང་འབོགས་མི་མཁས་པ་སྟེ་ལྔ་ནི་རྟེན་གྱི་སྒོ་ནས་དང༌། གནོད་པ་དང་ལྡན་པའམ་ཆོས་མིན་མི་རིགས་པའི་བྱ་བ་སྟེ་གཅིག་ནི་བྱ་བའི་སྒོ་ནས་དང༌། །གྲོགས་རང་གིས་འཚོལ་ནུས་པའམ་ མགོན་དང་རྟེན་ཡོད་པ་སྟེ་གཅིག་ནི་ཡུལ་གྱི་སྒོ་ནས་དང་། ཐབས་དེས་འདུལ་བར་འདོད་པ་དང་གཞན་མང་པོའི་མནར་སེམས་སྲུང་བ་དང་དགེ་འདུན་གྱི་ནང་ཁྲིམས་བསྲུང་བ་སྟེ་གསུམ་ནི་དགོས་པའི་སྒོ་ནས་གྲོགས་མ་བྱས་ཀྱང་ཉེས་པ་མེད་པའོ། །གཉིས་པ་ གནོད་པ་མི་སེལ་བ་ལ་གཉིས། སྡུག་བསྔལ་མི་སེལ་བ། སྡུག་བསྔལ་གྱི་རྒྱུ་མི་སེལ་བའོ། །དང་པོ་ལ་གཉིས་ལས། སྡུག་བསྔལ་བྱེ་བྲག་པ་མི་སེལ་བ་ནི། །ནད་པའི་རིམ་གྲོ་བྱ་བ་སྤོང༌། །ཞེས་ཏེ། ནད་ཀྱིས་ཐེབས་པ་དང་འཕྲད་པ་ན་མནར་སེམས་དང་ཁོང་ ཁྲོས་དེ་ལ་ནད་གཡོག་ལ་སོགས་པའི་རིམ་གྲོ་དང་བསྙེན་བཀུར་བྱ་བ་སྤོང་བ་ནི་ཉོན་མོངས་ཅན་དང༌། སྙོམ་ལས་དང་ལེ་ལོས་སྤོང་བ་ནི་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །ཉེས་མེད་ནི། ན་སྟེ་མི་ནུས་པ་དང་། ནུས་པ་ནད་པའི་ཡིད་དང་མཐུན་པ་ལ་བཅོལ་ བ་དང༌། ཤེས་རབ་ཆེས་རྡུལ་བས་ཆོས་སྟོན་པ་ལེགས་པར་འཛིན་པ་མཉམ་པར་འཇོག་པ་གསུམ་མི་ནུས་པ་དང༌། སྔར་གཞན་ལ་ཁས་བླངས་པ་སྟེ་བཞི་ནི་རྟེན་གྱི་སྒོ་ནས་དང་། ནད་པ་མགོན་དང་རྟེན་ཡོད་པ་དང་རང་གིས་རང་གཡོག་ནུས་པ་དང་ནད་
Page: 260 ཡུན་རིང་བས་ཐེབས་པ་སོས་ཙམ་དུ་འདུག་པ་སྟེ་གསུམ་ནི་ཡུལ་གྱི་སྒོ་ནས་དང༌། དགེ་ཕྱོགས་རྒྱ་ཆེན་ལ་བརྩོན་པའི་བར་ཆད་དུ་འགྱུར་བ་བསྲུང་བ་ནི་དགོས་པའི་སྒོ་ནས་ཉེས་པ་མེད་པའོ། སྡུག་བསྔལ་སྤྱི་མི་སེལ་བ་ནི། སྡུག་བསྔལ་སེལ་བར་མི་བྱེད་པ། ཞེས་ ཏེ། ལོང་བ་དང༌། འོན་པ་དང་། ཡན་ལག་མེད་པ་དང༌། ལམ་གྱིས་ངལ་བ་དང་། སྒྲིབ་པ་ལྔའི་སྡུག་བསྔལ་བ་དང༌། གནོད་སེམས་སོགས་རྣམ་རྟོག་གིས་ཀུན་ནས་དཀྲིས་པའི་སྡུག་བསྔལ་དང༌། གཞན་གྱིས་སྨ་དབབ་པའི་སྡུག་བསྔལ་ཏེ་སྡུག་བསྔལ་ བདུན་གང་རུང་གིས་ནོན་པ་དང་འཕྲད་པ་ན་རང་གིས་ནུས་བཞིན་དུ་དེ་སེལ་བར་བྱེད་པའི་ཐབས་མི་བྱེད་པའོ། །འདིའི་ཉོན་མོངས་ཅན་ཡིན་མིན་དང་ལྟུང་མེད་ཀྱི་ཚུལ་ནི་སྔ་མ་ནད་པ་ལ་བཤད་པ་དང་འདྲའོ། །སྡུག་བསྔལ་སེལ་ཚུལ་ནི། རིམ་པ་བཞིན་དུ་ འདོད་པའི་གནས་སུ་ཕྱིན་པར་བྱེད་པའི་ལམ་སྟོན་པ་དང་བླང་དོར་གྱི་གནས་ལག་བརྡས་སྟོན་པ་དང་རང་ལུས་སམ་བཞོན་པས་འདོད་པའི་གནས་སུ་སྐྱེལ་བ་དང་གནས་དང་ཟས་སྦྱིན་པ་ལ་སོགས་པས་ལུས་མཉེ་བ་དང་སྒྲིབ་བ་སེལ་བའི་གདམས་ངག་སྟོན་ པ་དང་རྣམ་རྟོག་གང་ཤས་ཆེ་བའི་གཉེན་པོའི་ཆོས་སྟོན་པ་དང་འཐབ་པ་ལ་རྒྱལ་ཕམ་འོང་བ་འཇིག་རྟེན་གྱི་རིགས་པ་སྟོན་པའམ་བདག་མེད་པ་སོགས་འཇིག་རྟེན་ལས་འདས་པའི་ཆོས་བསྟན་པས་སེལ་བའོ། །གཉིས་པ་སྡུག་བསྔལ་གྱི་རྒྱུ་མི་སེལ་བ་ ནི། བག་མེད་པ་ལ་རིགས་མི་སྟོན། ཞེས་ཏེ། ཚེ་འདི་ཕྱིའི་དོན་ལ་ཚུལ་བཞིན་མ་ཡིན་པར་ལོག་པར་སྤྱོད་པ་བག་མེད་པའི་སེམས་ཅན་མཐོང་བ་ན་དེ་ལ་མནར་སེམས་དང་ཁོང་ཁྲོའི་དབང་གིས་དེ་བཟློག་ཐབས་ཀྱི་རིགས་པ་དང་ཇི་ལྟར་འཚམས་པའི་ཚུལ་
Page: 261 ༄༅། །མི་སྟོན་ན་ཉོན་མོངས་ཅན་དང༌། སྙོམ་ལས་དང་ལེ་ལོས་མི་སྟོན་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། ཉེས་མེད་ནི། རང་གིས་སྟོན་ཚུལ་མི་ཤེས་པས་མི་ནུས་པ་དང་གཞན་སྟོན་ནུས་པ་ལ་བཅོལ་བ་སྟེ་གཉིས་ནི་རྟེན་གྱི་སྒོ་ ནས་དང༌། ཕ་རོལ་པོ་རང་ཉིད་ཀྱིས་འཆོས་ནུས་པ་དང༌། བཤེས་གཉེན་གྱིས་ཟིན་པ་དང་། རང་ལ་མནར་སེམས་དང་ལྡན་ཞིང་བཀའ་བློ་མི་བདེ་བས་ལོག་པར་འཛིན་པ་དང༌། རིགས་པ་སྟོན་པ་ལ་དགའ་ཞིང་གུས་པ་མེད་པས་དམུ་རྒོད་དུ་གྱུར་པ་སྟེ་ བཞི་ནི་ཡུལ་གྱི་སྒོ་ནས་དང༌། མི་སྟོན་པའི་ཐབས་དེས་འདུལ་བར་འདོད་པ་ནི་དགོས་པའི་སྒོ་ནས་ཉེས་པ་མེད་པའོ། །གཉིས་པ་དོན་བྱ་བའི་ཡུལ་བྱེ་བྲག་དང་འབྲེལ་བ་ལ་གཉིས། ཕན་མི་འདོགས་བ། ཚར་མི་གཅོད་པའོ། །དང་པོ་ལ་དྲུག་ལས་ཕན་ བཏགས་པ་ལ་ལོག་པར་སྒྲུབ་པ་ནི། བྱས་ལ་ལན་དུ་ཕན་མི་འདོགས། །ཞེས་ཏེ། རང་ལ་ཕན་འདོགས་པར་བྱས་པའི་སེམས་ཅན་དེ་དག་ལ་ལན་དུ་ཕན་འདོགས་བྱེད་མི་འདོད་པས་བྱས་པ་མི་གཟོ་ཞིང་ཕན་བཏགས་པ་མི་དྲན་པས་བྱས་པ་མི་ཚོར་ཏེ་ མནར་སེམས་ཀྱིས་དེ་བས་ཆེ་བའམ་མ་ནུས་ན་མཉམ་པའམ་ཐ་ན་ཆུང་དུས་མཐུན་པའི་ཕན་ལན་མི་འདོགས་ན་ཉོན་མོངས་པ་ཅན་དང༌། སྙོམ་ལས་དང་ལེ་ལོས་ཕན་ལན་མི་འདོགས་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །ཉེས་མེད་ནི། ཕན་ ལན་བྱ་སྙམ་པས་བསྒྲིམས་ཀྱང་མ་ནུས་པ་ནི་རྟེན་གྱི་སྒོ་ནས་དང༌། ཐབས་དེས་འདུལ་བར་འདོད་པ་ནི་དགོས་པའི་སྒོ་ནས་དང༌། ཕ་རོལ་པོས་ཕན་ལན་བྱེད་པ་དེ་མི་འདོད་པ་ནི་ཡུལ་གྱི་སྒོ་ནས་ཉེས་པ་མེད་པའོ། །ཡིད་མི་བདེ་བ་ལ་ལོག་པར་
Page: 262 སྒྲུབ་པ་ནི། གཞན་གྱི་མྱ་ངན་སེལ་མི་བྱེད། ཅེས་ཏེ། ཉེ་དུ་དང་བྲལ་བ་དང་ལོངས་སྤྱོད་དང་བྲལ་བ་ལས་གྱུར་པའི་གང་ཟག་གཞན་གྱི་མྱ་ངན་རང་གིས་བསལ་བར་འོས་པ་མནར་སེམས་ཀྱིས་སེལ་བར་མི་བྱེད་ན་ཉོན་མོངས་ཅན་དང༌། སྙོམ་ལས་ དང་ལེ་ལོས་མི་བྱེད་ན་ཉོན་མོངས་བ། ཅན་མིན་པའི་ཉེས་བྱས་སོ། །ཉེས་མེད་ནི། གོང་དུ། དགོས་པའི་གྲོགས་སུ་འགྲོ་མི་བྱེད། །ཅེས་པའི་སྐབས་དང་འདྲའོ། །མྱ་ངན་གྱི་རྣམ་དབྱེ་ནི། སྐྱེད་པའི་རྒྱུར་གྱུར་པའི་གཉེན་ཕ་མ་ཤི་བ། ཡོངས་སུ་བཟུང་བ་ དང་འབྲས་བུའི་གཉེན་ཆུང་མ་བུ་སོགས་ཤི་བ། ངག་ཉན་པའི་གཉེན་ཕོ་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་ཤི་བ། ཕན་འདོགས་པ་དང་བྱམས་པའི་གཉེན་མཛའ་བཤེས་དང་གྲོས་གྲོགས་དང་ཉེ་དུ་གཞན་དང་རྒན་རབ་ཤི་བ། ཕན་པ་སྟོན་པའི་ གཉེན་མཁན་སློབ་དང་བླ་མ་ལྟ་བུ་ཚངས་པ་མཚུངས་པར་སྤྱོད་པ་ཤི་བའི་མྱ་ངན་རྣམས་ནི་གཉེན་དང་བྲལ་བའི་མྱ་ངན་དང༌། ལོངས་སྤྱོད་རྒྱལ་པོ་དང་ཆོམ་རྐུན་གྱིས་ཕྲོགས་པ་མེས་ཚིག་པ་ཆུས་ཁྱེར་བ་ལྟ་བུ་གཞན་དང་ཐུན་མོང་བ་དང༌། ལོངས་སྤྱོད་ གཏེར་དུ་སྦེད་པ་མི་ལེགས་པས་ཆུད་ཟོས་པ་དང་། སྒྲུབ་པའི་ལས་ལ་ནན་ཏན་ལེགས་པར་མ་བྱས་པས་མ་རུངས་པར་གྱུར་པ་དང་། བགོ་སྐལ་ལ་སྤྱོད་པ་མི་མཛའ་བ་རྣམས་ཀྱིས་ཁྱེར་བ་དང་། ཁྱིམ་དུ་ཁྱིམ་གྱི་ཕུང་ཁྲོལ་བྱུང་བ་རྣམས་ནི་ལོངས་ སྤྱོད་ལས་བྱུང་བའི་མྱ་ངན་ནོ། །དེ་དག་སེལ་བྱེད་ནི། མི་རྟག་པའི་གཏམ་སྟོན་པ་ལ་སོགས་པའི་སྒོ་ནས་སེལ་བར་བྱེད་པའོ། །བཀྲེན་པ་ལ་ལོག་པར་སྒྲུབ་པ་ནི། ནོར་འདོད་པ་ལ་སྦྱིན་མི་བྱེད། །ཅེས་ཏེ། ཟས་སྐོམ་དང་ནོར་སོགས་ངེས་པར་འདོད་
Page: 263 ༄༅། །པ་རིགས་པ་དང་ལྡན་པའི་སློང་བ་པོས་བསམ་པ་ཐག་པས་སློང་བ་ལ་༌ཡོ་བྱད་དེ་དག་མནར་སེམས་དང་ཁོང་ཁྲོས་སྦྱིན་པར་མི་བྱེད་ན་ཉོན་མོངས་ཅན་དང་། སྙོམ་ལས་དང་། ལེ་ལོ་དང་བག་མེད་པས་མ་བྱིན་ན་ཉོན་མོངས་ཅན་མིན་པའི་ ཉེས་བྱས་སོ། །ཉེས་མེད་ནི། རང་ལ་ལོངས་སྤྱོད་དེ་དག་མེད་པ་ནི་རྟེན་གྱི་སྒོ་ནས་དང༌། ཚེ་འདིའམ་ཕྱི་མར་སྐྱོན་སྐྱེད་པའི་རུང་བ་མ་ཡིན་པ་དང་ཕ་རོལ་པོ་ལ་མི་འཕྲོད་པའི་རྫས་ཏེ་གཉིས་ནི་དངོས་པོའི་སྒོ་ནས་དང༌། ཐབས་དེས་འདུལ་བར་འདོད་པ་དང་ དེ་ལ་བྱིན་ན་རྒྱལ་པོ་ལ་གནོད་པར་འགྱུར་བ་བསྲུང་བ་དང་དགེ་འདུན་གྱི་ནང་ཁྲིམས་བསྲུངས་པ་སྟེ་གསུམ་ནི་དགོས་པའི་སྒོ་ནས་ཉེས་པ་མེད་པའོ། །རང་གི་འཁོར་ལ་ལོག་པར་སྒྲུབ་པ་ནི། འཁོར་རྣམས་ཀྱི་ནི་དོན་མི་བྱེད། །ཅེས་ཏེ། འཁོར་བསྡུས་པ་ལ་ མནར་སེམས་ཀྱིས་དུས་སུ་གདམས་ངག་མི་འདོམས་ཤིང་རྗེས་སུ་མི་སྟོན་པ་དང་ཕོངས་པ་དག་གི་ཕྱིར་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ལས་ཟས་གོས་གནས་མལ་ལ་སོགས་པའི་ཡོ་བྱད་རྣམས་ཆོས་བཞིན་དུ་མི་ཚོལ་བ་སྟེ་ཆོས་དང་ཟང་ཟིང་ གཉིས་ཀའི་སྒོ་ནས་དེ་རྣམས་ཀྱི་ནི་དོན་བྱ་འོས་པ་མི་བྱེད་ན་ཉོན་མོངས་ཅན་དང་། སྙོམ་ལས་དང་ལེ་ལོ་དང་བག་མེད་ཀྱིས་ཆོས་མི་སྟོན་པ་དང་ཡོ་བྱད་མི་ཚོལ་ན་ཉོན་རྨོངས་ཅན་མིན་པའི་ཉེས་བྱས་སོ། ཉེས་མེད་ནི། ན་སྟེ་སྦྱོར་མི་བཟོད་པ་དང་ནུས་ པ་གཞན་ལ་བཅོལ་བ་གཉིས་ནི་རྟེན་གྱི་སྒོ་ནས་དང་། ཐབས་དེས་འདུལ་བར་འདོད་པ་དང་དགེ་འདུན་གྱི་ནང་ཁྲིམས་བསྲུང་བ་གཉིས་ནི་དགོས་པའི་སྒོ་ནས་དང་། འཁོར་བསོད་ནམས་ཆེན་པོ་དང་ལྡན་པའམ་རང་ཉིད་ཆོས་གོས་སོགས་ཚོལ་ནུས་
Page: 264 པར་ཤེས་པ་དང༌། གདམས་ངག་གི་བྱ་བ་བྱས་ཟིན་པ་་དང་སྔོན་མུ་སྟེགས་ཅན་ཡིན་པ་ལས་ཆོས་སྐུར་འོང་ལ་དེའང་ཆོས་ཀྱིས་འདུལ་བའི་སྐལ་པ་མེད་པ་སྟེ་གསུམ་ནི་ཡུལ་གྱི་སྒོ་ནས་ཉེས་པ་མེད་པའོ། །མཐུན་པར་བྱ་བ་ལ་ལོག་པར་སྒྲུབ་པ་ནི། གཞན་གྱི་ བློ་དང་མཐུན་མི་འཇུག །ཅེས་ཏེ། གཞན་གྱི་བློའམ་སེམས་དང་མཐུན་པར་མི་འཇུག་པ་སྟེ་མཐུན་པར་མི་བྱེད་ན་ཉེས་པར་འགྱུར་ལ་དེ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་སུ་འགྱུར་ཚུལ་ནི་སྔ་མ་བཤད་མ་ཐག་པ་ལྟར་རོ། །ཉེས་མེད་ནི། ན་སྟེ་སྦྱོར་མི་ བཟོད་པ་ནི་རྟེན་གྱི་སྒོ་ནས་དང༌། གཞན་གྱི་འདོད་པ་དེ་སླར་ཁོ་རང་ལ་གནོད་པར་འགྱུར་བའམ་དེས་རང་ལ་གནོད་པ་དང༌། ཡང་ན་གཞན་ཆེས་མང་པོ་ལ་གནོད་པས་དེ་དག་གི་སེམས་བསྲུང་བ་དང་། དགེ་འདུན་གྱི་ནང་ཁྲིམས་བསྲུང་བ་དང་། མུ་ སྟེགས་ཅན་ཚར་བཅད་པ་དང༌། ཐབས་དེས་འདུལ་བར་འདོད་པ་སྟེ་ལྔ་ནི་དགོས་པའི་སྒོ་ནས་ཉེས་པ་མེད་པའོ། །ཡོན་ཏན་ཅན་ལ་ལོག་པར་སྒྲུབ་པ་ནི། ཡོན་ཏན་བསྔགས་པ་བརྗོད་མི་བྱེད། །ཅེས་ཏེ། གཞན་གྱི་དད་པ་ལ་སོགས་པའི་ཡང་དག་ པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པར་མི་བྱེད་པ་དང་ལེགས་པར་སྨྲས་པ་ལ་ལེགས་སོ་ཞེས་སྨྲ་བར་མི་བྱེད་ན་མནར་སེམས་ཀྱིས་ཡིན་ན་ཉོན་མོངས་ཅན་དང༌། སྙོམ་ལས་དང་ལེ་ལོ་དང་བག་མེད་ཀྱིས་ཡིན་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། ། ཉེས་མེད་ནི། ན་སྟེ་བརྗོད་པར་མི་ནུས་པ་དང་ཕ་རོལ་པོའི་གཏམ་རྫོགས་སུ་སྡོད་པ་སྟེ་གཉིས་ནི་རྟེན་གྱི་སྒོ་ནས་དང༌། ཕ་རོལ་པོ་འདོད་པ་ཆུང་བས་ཡོན་ཏན་བརྗོད་ན་མི་དགའ་བ་ལ་དེར་ཤེས་པ་ནི་ཡུལ་གྱི་སྒོ་ནས་དང༌། ཡོན་ཏན་དང་ལེགོས་སྨྲས་
Page: 265 ༄༅། །ལྟར་སྣང་དུ་སོང་བ་ནི་བརྗོད་བྱའི་སྒོནས་དང༌། ཐབས་དེས་འདུལ་བར་འདོད་པ་དང་དགེ་འདུན་གྱི་ནང་ཁྲིམས་བསྲུང་བ་དང་བརྗོད་ན་ང་རྒྱལ་སོགས་ཉོན་མོངས་སྐྱེ་བའམ་གནོད་པར་འགྱུར་དུ་དོགས་ནས་དེ་བསལ་བའི་ཕྱིར་དང་མུ་སྟེགས་ ཅན་ཚར་བཅད་པ་སྟེ་བཞི་ནི་དགོས་པའི་སྒོ་ནས་ཉེས་པ་མེད་པའོ། །གཉིས་པ་ཚར་མི་གཅོད་པ་ལ་གཉིས་ལས། ཆོས་མིན་སྤྱོད་པ་དབང་དུ་མི་བྱེད་པ་ནི། རྐྱེན་དུ་འཚམ་པར་ཚར་མི་གཅོད། །ཅེས་ཏེ། སེམས་ཅན་རྨ་དབབ་པ་དང་ཆད་པ་ས་བཅད་པ་དང་ བསྐྲད་པར་རིགས་པ་རྣམས་ཉོན་མོངས་ཅན་གྱི་སྒོ་ནས་རྐྱེན་དུ་འཚོམ་པའམ་རྐྱེན་དང་འཚམ་པར་རྨ་མི་འབེ་བས་སམ་འབེབས་ཀྱང་ཆད་པས་མི་གཅོད་དམ་གཅོད་ཀྱང་མི་སྐྱོད་ཕ་སྟེ་དེ་ལྟར་ཚར་མི་གཅོད་ན་ཉོན་མོངས་ཅན་དང་། སྙོམ་ལས་དང་ལེ་ལོ་དང་ བག་མེད་པས་དེ་དག་མི་བྱེད་ན་ཉོན་མོངས་ཅན་མིན་པའི་ཉེས་བྱས་སོ། །ཉེས་མེད་ནི། དུས་ལ་སྡོད་པ་ནི་རྟེན་གྱི་སྒོ་ནས་དང༌། གཏམ་བྱར་མི་རུང་བ་བཀའ་བློ་མི་བདེ་ཞིང་མནར་སེམས་ཤས་ཆེ་བ་སྟེ་བཅོས་སུ་མི་རུང་བ་དང་། ངོ་ཚ་ཁྲེལ་ཡོད་ཤས་ཆེ་བས་ མྱུར་བ་མྱུར་བར་མཐུན་པར་བྱེད་པ་སྟེ་གཉིས་ནི་ཡུལ་གྱི་སྒོ་ནས་དང་། སྨ་འབེབས་པ་སོགས་བྱས་ན་འཐབ་པ་མཚང་འདྲུ་བ་འགྱེན་པ་རྩོད་པར་འགྱུར་བ་མཐོང་ནས་དེ་མི་འབྱུང་བར་བྱ་བའི་ཕྱིར་དང༌། ་དགེ་འདུན་འཁྲུག་ཅིང་འགྱེད་པར་འགྱུར་བ་མཐོང་ ནས་དེ་འགོག་པ་སྟེ་གཉིས་ནི་དགོས་པའི་སྒོ་ནས་ཉེས་པ་མེད་པའོ། འཐབ་པ་སོགས་བཞིའི་དང་པོ་ནི་སྤྱི་ཡིན་ལ་གཞན་གསུམ་ནི་ཤགས་ངན་དང་ལག་གིས་འགྱེད་པ་དང་བླའི་དགྲར་འགྱེད་པ་ལ་བཤད་དོ། །བསྟན་པ་ལ་ཞེ་འགྲས་པ་སོགས་དབང་དུ་མི་བྱེད་པ་ནི།
Page: 266 རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །ཅེས་ཏེ། རང་རྫུ་འཕྲུལ་དང་མཐུ་སྣ་ཚོགས་དང་ལྡན་ན་བསྡིགས་ཤིང་སྐྲག་པར་བྱ་རིགས་པ་སྐྲག་པ་དང༌། ལ་སོགས་ཅེས་པས་བསྟན་པ་འདུན་པར་བྱ་རིགས་པ་རྣམས་འདུན་པར་བྱ་བ་དང༌། བསྟན་པ་ལ་གནས་ ཀྱང་སྡོམ་པ་དང་མི་ལྡན་ན་དད་པས་བྱིན་པ་མི་འཇུ་བས་དད་པས་བྱིན་པ་སྤོང་དུ་གཞུག་པའི་ཕྱིར་རྫུ་འཕྲུལ་གྱིས་སྐྲག་པ་དང་རྫུ་འཕྲུལ་གྱིས་འདུན་པར་མི་བྱེད་ན་ཉོན་མོངས་ཅན་མ་ཡིན་པའི་ཉེས་བྱས་སོ། །འདི་ལ་ཉོན་མོངས་ཅན་མེད་དོ། ཉེས་མེད་ནི། སྔགས་མས་རྫས་སྦྱོར་རོ་ཞེས་རྫུ་འཕྲུལ་ལ་སྐུར་བའི་མུ་སྟེགས་ཅན་ཡིན་ན་རྫུ་འཕྲུལ་མ་བསྟན་ཀྱང་ཉེས་པ་མོད་དོ། །ཉེས་བྱས་བཅུ་གཉིས་པོ་དེ་རྣམས་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱི་མཐུན་ཕྱོགས་ཀྱི་ཉེས་པའོ། །དེ་རྣམས་ཉེས་མེད་དུ་ འགྱུར་ཚུལ་ནི། སྙིང་བརྩེ་བ་ལྡན་ཞིང་བྱནམས་ཕྱིར་དང༌། སེམས་དགེ་བ་ལ་ཉེས་པ་མེད། །ཅེས་ཏེ། སྔར་གོང་དུ་བཤད་པའི་དགག་པ་དང་སྒྲུབ་པའི་བཅས་པ་དེ་རྣམས་ལས་སེམས་ཅན་རྣམས་ལ་སྙིང་བཅུད་ལྡན་ཞིང་དེ་རྣམས་ལ་ཕན་པར་འདོད་པའི་ བྱམས་པ་དང་གདུལ་བར་འདོད་པས་བྱས་པ་རྣམས་ནི་ཀུན་སློང་གི་སེམས་དགེ་བ་ལ་གནས་པའི་སྒོ་ནས་བྱས་པའི་ཕྱིར་ཉེས་པ་མེད་དོ། །དང་ཞེས་པའི་སྒྲས་ནི། སེམས་ཤིན་ཏུ་འཁྲུགས་པས་ཉོན་མོངས་པ་དང་སྡུག་བསྔལ་གྱི་ཚོར་བས་ཉེན་པ་དང་གཉིད་ དང་མྱོས་པ་དག་ལའང་ཉེས་པ་མེད་དོ་ཞེས་བསྡུས་པ་ཡིན་ལ། གཞན་ཡང་ཆགས་པ་ཉེས་པ་ཆུང་བར་གསུངས་པའི་སྐབས་ཀྱི་ཉེས་མེད་ཀྱང་འདིས་བསྡུས་པར་བཞེད་པ་ཡོད་དོ། །གཉིས་པ་དེ་ལས་སེམས་བསྲུང་བའི་ཚུལ་ནི། བྱང་སྡོམ་བླངས་མ་ཐག་
Page: 267 ༄༅། །ཉིད་ནས་ཀྱང་ཚུལ་ཁྲིམས་གསུམ་ལ་སློབ་འདོད་ཀྱི་བསམ་པ་དང་བྱང་ཆུབ་འདོད་པའི་བསམ་པ་དང་གཞན་དོན་བྱ་བའི་བསམ་པ་སྟེ་བསམ་པ་ཕུན་སུམ་ཚོགས་པ་གསུམ་གྱི་སྒོ་ནས་བསླབ་པ་ཡང་དག་པར་བླངས་པ་སྙིང་ཐག་པ་ནས་གུས་པར་ བྱ་སྟེ་ཇི་ལྟར་བྱས་པ་ལས་མི་འགལ་བསླབ་པར་བྱའོ་སྙམ་པ་དགོས་ཀྱི། དེ་ལས་གཞན་དུ་འདི་དག་ནི་གྲུབ་ནའང་ལེགས་ཀྱི་མ་གྲུབ་ཀྱང་དེ་ལྟ་བས་མོད་སྙམ་དུ་མི་བསམ་པར་དེ་ལྟར་གསུངས་པ་གནད་ཀྱི་གདམས་པར་བལྟས་ཏེ་བསླབ་བྱ་རྣམས་ལ་སྤྲོ་ཤུགས་ཆེན་པོ་བསྐྱེད་ ནས་ཚུལ་བཞིན་དུ་བསླབ་པ་རྣམས་ལ་སློབ་པ་ལ་འབད་པར་བྱའོ། །གསུམ་པ་ཉམས་ན་ཕྱིར་འཆོས་པའི་ཐབས་ནི། ཉེས་ལྟུང་གིས་མ་གོས་པར་བྱ་བ་ལ་འབད་ཀྱང་མི་ཤེས་པ་དང་བག་མེད་པ་དང་ཉོན་མོངས་མང་བ་དང་མ་གུས་པ་སྟེ་ལྟུང་བ་འབྱུང་བའི་རྒྱུ་བཞིས་ཉེས་ བ་བྱུང་ན་ཆོས་བཞིན་སླར་གསོ་བས་ལྟུང་བ་ལས་ལྡང་བར་བྱ་དགོས་ལ། དེ་ཡང་བྱང་སེམས་ཀྱི་ལྟུང་བ་ལ་ཕམ་པ་དང་ཉེས་བྱས་གཉིས་སུ་ངེས་ཀྱི་སོ་ཐར་ལྟར་ཉེས་པའི་རིས་མང་པོ་མེད་དོ། །ཕམ་པ་སོགས་ཕྱིར་བཅོས་ཚུལ་ཡང་། སྡོམ་པ་ཉི་ཤུ་པ། སྡོམ་པ་སླར་ཡང་ བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་གསུངས་ཏེ། ཀུན་དཀྲིས་ཆེན་པོས་ཕམ་པའི་གན་ས་ལྟ་བུའི་ཆོས་བྱུང་བའམ་སྨོན་སེམས་བཏང་བ་ལྟ་བུའི་གཏོང་ རྒྱུ་གང་རུང་བྱུང་ན་སྡོམ་པ་སླར་ཡང་ཚུལ་བཞིན་དུ་ལེན་པའི་ཆོ་ག་བྱས་པ་ཉིད་ཀྱིས་ལྟུང་བ་ལས་ལྡང་བར་བྱ་ཞིང་སྡོམ་པ་སོར་གཞུག་པར་བྱ་དགོས་ལ། དེ་ཡང་སྡོམ་པ་སླར་ཡང་ལན་གཉིས་སུ་ནོད་པར་གསུངས་ཤིང་ལན་གཉིས་ཞེས་པ་ཡང་སྔར་བླངས་པ་ལ་ལྟོས་
Page: 268 པའི་གཉིས་པ་ཡིན་གྱི། ཁ་ཅིག་ལན་གཉིས་ལས་བསྐྱར་དུ་མི་རུང་བར་འདོད་པ་དང་། ཁ་ཅིག་དང་པོ་བླངས་པ་དང་ཕྱིས་ལན་གཉིས་ཏེ་ལན་གསུམ་བསྐྱར་དུ་རུང་གི་དེ་ཕན་ཆད་དུ་མི་རུང་བར་འདོད་པ་སོགས་ནི་མི་རིགས་ཏེ། དེ་ཕན་ཆད་དུ་ལེན་མི་རུང་བའི་ཚིག་ མེད་པའི་ཕྱིར་དང་གཞུང་ཁུངས་ཐུབ་དག་ལས་ཀྱང་དེ་ལྟར་ཚད་བཟུང་བ་མེད་པའི་ཕྱིར་རོ། །དེ་ལས་གཞན་པའི་ལྟུང་བ་དག་གི་ཕྱིར་འཆོས་པའི་ཚུལ་ནི་གལ་ཏེ་ཀུན་དཀྲིས་འབྲིང་ཚང་བའི་ཟག་པ་འབྲིང་གི་ཉེས་པ་འབྱུང་བ་ནི་བཤགས་ཡུལ་གསུམ་མམ་དེ་ཡན་ ཆད་ལ་བཤགས་པར་བྱ་བ་དང་། བཤགས་ཡུལ་གཅིག་གི་མདུན་དུ་ནི་ལྷག་མ་ཟག་པ་ཆུང་བུའི་ཉེས་པ་དང་དེ་ལས་གཞན་པའི་ཉེས་བྱས་རྣམས་བཤགས་པར་བྱའོ། །བཤགས་ཡུལ་དེ་དག་ཀྱང་བྱང་སེམས་ཀྱི་སྡོམ་པ་དང་ལྡན་པ་དང་མིན་ཀྱང་སོ་ཐར་སྡོམ་ལྡན་ གྱི་དགེ་སློང་ཕ་མ་གང་རུང་དག་གི་རྣམ་པར་རིག་བྱེད་ཀྱི་ཚིག་དོན་འཛིན་པར་ནུས་པ་སོ་ཐོར་གྱི་བཤ་གས་ཡུལ་ལྟར་དགོས་ཤིང་། འཚོག་པོའི་རྟེན་ཡང་རབ་བྱུང་ཡིན་ན་བཤགས་ཡུལ་རབ་བྱུང་ཡོད་བཞིན་དུ་བྱང་སེམས་ཁྱིམ་པ་ལ་བཤགིས་མི་རུང་བར་གསུངས་སོ། ། ཉོན་མོངས་མི་མོངས་སོགས་རྐང་པ་ཐ་མའི་དོན་ནི། ཉོན་མོངས་ཅན་དང་མི་མོངས་པའམ་ཉོན་མོངས་ཅན་མ་ཡིན་པའི་ཉེས་བྱས་རྣམས་ནི་བཤགས་ཡུལ་འོས་པ་མ་རྙེད་ན་བདག་སེམས་ཞེས་པ་ནི་རང་གི་སེམས་ཉེས་པ་སྔར་བྱས་ལ་འགྱོད་པ་དང་ཕྱིན་ཆད་མི་བྱེད་པར་ སྡོམ་པའི་བསམ་པ་ཅན་དཔང་དུ་བྱས་པས་འདག་པར་འགྱུར་ཞེས་པའི་དོན་དང༌། བཞིན་ཞེས་པ་ནི་བཤགས་ཡུལ་འོས་པ་ཡོད་ན་སྔ་མ་དེ་བཞིན་དུ་གང་ཟག་གཅིག་གི་མདུན་དུ་བཤགས་ཞེས་པའི་དོན་ནོ། །དེ་ལྟར་ཟག་པ་ཆུང་འབྲིང་དང་ཉེས་བྱས་ཞེ་ལྔ་ནི་བཤགས་
Page: 269 ༄༅། །ཡུལ་ཡོད་ན་བསྣམས་པ་ཙམ་གྱིས་དག་པར་མི་འགྱུར་ལ། དེ་ལས་གཞན་པའི་ཉེས་པ་རྣམས་ནི་དེ་དང་མི་འདྲ་བར་སངས་རྒྱས་སྲས་བཅས་བསམ་ནས་རང་གི་ཡིད་ཀྱིས་བསྡམས་པ་ཙམ་གྱིས་དག་པར་འགྱུར་བ་ཡིན་ནོ། །འོན་ཀྱང་དེ་དག་ ཀྱང་གང་ཟག་གཅིག་པ་བཤགས་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་སླ་བས་ཤིན་ཏུ་ལེགས་པར་གསུངས་སོ། །སྡོམ་པ་ཉི་ཤུ་བའི་ཕྱིར་བཅོས་བྱ་ཚུལ་གྱི་གཞུང་དེ་དག་གི་དོན་དེ་ལྟར་འཆད་པ་ནི་སློབ་དཔོན་ཞི་བ་འཚོའི་སྡོམ་པ་ཉི་ཤུ་པའི་འགྲེལ་པ་རྙིང་མ་ལས་འབྱུང་བ་ལྟར་ཡིན་གྱི་ དེའི་འགྲེལ་བ་གསར་མར་སློབ་དཔོན་བྱང་ཆུབ་བཟང་པོས་གཞན་དུ་བཤད་པ་ནི་རེ་ཞིག་དྲང་བའི་དོན་དུ་འགྲེལ་བར་བྱའོ། །བསླབ་བཏུས་ལས་ནམ་མཁའི་སྙིང་པོའི་མདུན་དུ་རྨི་ལམ་དུ་བཤགས་པར་བྱ་བའི་ཚུལ་གསུངས་ལ། དེ་བཞིན་དུ་དེ་ཉིད་ལས་ལྟུང་བ་ལྕི་བ་དང་ ཡང་བའི་བྱེ་བྲག་གིས་བཤགས་ཡུལ་བཅུ་དང་ལྔ་དང་གསུམ་དང་གཉིས་སམ་གཅིག་གི་མདུན་དུ་བཤགས་ཚུལ་ཉེ་བ་འཁོར་གྱིས་ཞུས་པ་ལས་གསུངས་པ་ལྟར་གྱི་ཕྱིར་བཅོས་བྱ་ཚུལ་ཡང་གསུངས་པས་གྲུབ་ན་དེ་དག་ཀྱང་བྱ་དགོས་ལ། ཡང་སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་བོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བསྟེན་པས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་ཉིན་དང་མཚན་མོར་ལན་གསུམ་གསུམ་དུ་ཕུང་པོ་གསུམ་པའི་མདོ་འདོན་པ་དང་སྐྱབས་སེམས་བསྟེན་པས་རྩ་ལྟུང་ གི་ལྷག་མའི་ལྟུང་བ་རྣམས་དང་མཚམས་མེད་སོགས་ཀྱི་ལྟུང་བ་ལྕི་བ་རྣམས་དང་བསམ་བཞིན་དུ་བྱས་པའི་ལྟུང་བ་ལས་གཞན་པ་བརྗེད་ངས་དང་ཤེས་བཞིན་མ་ཡིན་པས་བྱས་པའི་ལྟུང་བ་རྣམས་འདག སྡིག་བཤགས་ཡི་རང་བསྔོ་བ། པར་གསུངས་པས་དེ་བཞིན་དུ་ཕྱིར་
Page: 270 བཅོས་ལ་འབད་པ་གལ་ཆེ་ལ། བཤེགས་པ་དེ་དག་ཀྱང་སྟོབས་བཞི་མ་ཚང་ན་སྟོབས་ཆུང་བས་སྟོབས་བཞི་ཚང་བ་ལ་ཅི་ནས་ཀྱང་འབད་དགོས་པར་གསུངས་སོ། །ཞར་བྱུང་ཆགས་པ་ཉེས་པ་ཆུང་བར་གསུངས་པའི་དགོངས་པ་ནི། ཉེ་བར་འཁོར་གྱིས་ཞུས་པ་ ལས། བྱང་སེམས་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱུང་བ་དང་ཞེ་སྡང་དང་ལྡན་པའི་ལྟུང་བ་གཅིག་བྱུང་ན་བྱང་སེམས་ཀྱི་ཐེག་པ་དབང་བཙན་པར་བྱས་ན་ཞེ་སྡང་གི་ལྟུང་བ་དེ་ཤིན་ཏུ་ལྕི་སྟེ་འདིས་སེམས་ཅན་གཏོང་ལ་སྔ་མས་སེམས་ཅན་ སྡུད་པར་བྱེད་པའི་ཕྱིར་རོ། །ཞེས་སོགས་མི་གསུངས་ལ། རྒྱན་ལས་ཀྱང་། སེམས་ཅན་རྣམས་ལ་ཕན་བྱེད་ཕྱིར། །དེ་ལ་ཆགས་སྐྱེས་ལྟུང་འགྱུར། །འདི་ཡི་ཞེ་སྡང་རྣམ་ཀུན་ཏུ། །སེམས་ཅན་ཀུན་དང་འགལ་བར་འགྱུར། །ཞེས་དང༌། མདོའི་དགོངས་པ་རྒྱལ་སྲས་ཞི་ བའི་ལྷས་བཤད་པ་ནི་བསླབ་བཏུས་ལས། འདིའི་དགོངས་པ་གང་ཞེ་ན། །སེམས་ཅན་སྡུད་པ་ཉིད་དེ་སྔར་བྱེ་བྲག་ཏུ་བྱས་པའི་ཕྱིར་རོ་ཞེས་གསུངས་ལ། དེའི་དོན་ཡང་། མདོར་འདོད་ཆགས་དང་ལྡན་པ་ལྟུང་བ་མིན་པར་གསུངས་པ་ནི། བྲམ་ཟེའི་ཁྱེའུ་སྐར་མའི་བྱུང་བ་ ལྟ་བུ་གཞན་དོན་དུ་འགྱུར་ཚེ་གནང་བའི་འདོད་ཆགས་ལྷ་བུ་ཡིན་གྱི་འདོད་ཆགས་གང་ཡིན་ལ་མིན་ཏེ། མདོར་དེར་སེམས་ཅན་སྡུད་པའི་འདོད་ཆགས་ལ་བྱེ་བྲག་ཏུ་བྱས་ཏེ་གསུངས་པས་སོ། །འདོད་ཆགས་ལྟུང་བར་མི་འགྱུར་བ་རྟེན་ཇི་ལྟ་བུ་ལ་དགོངས་པ་ཡང་། སྙིང་རྗེའི་ རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་བརྟན་པ་དང་ཆོས་རྣམས་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་ལྡན་པ་ལ་དགོངས་པ་ཡིན་པར་བསླབ་བཏུས་ལས་གསུངས་སོ། །དེས་ན་ཆགས་སྡང་གཉིས་ལ་ལྟུང་བ་ཡོད་མེད་ཀྱི་ཁྱད་མཛད་པ་དེ་ཆགས་པ་གཏན་མི་འདྲེས་པའི་བྱམས་པ་ལ་
Page: 271 ༄༅། །འདོད་ན་དེ་དང་ཞེ་སྡང་གཉིས་ཉེས་པ་ཡོད་མེད་འདྲ་བའི་དོགས་པ་རྟོག་ལྡན་ལ་འོང་དོན་མེད་པས་དེའི་དོགས་གཅོད་མཛད་མི་དགོས་ལ། བྱང་སེམས་ཀྱི་རྒྱུད་ཀྱི་ཆགས་པ་གང་ཡིན་ལ་ཉེས་པ་མེད་ན་ཧ་ཅང་ཐལ་བར་བསླབ་བཏུས་ལས་གསུངས་པ་ལྟར་ གཞན་དོན་རླབས་ཆེན་དང་འབྲེལ་ཚེ་སེམས་ཅན་ལ་བྱམས་པའི་སྒོ་ནས་ཆགས་པ་ཉེས་མེད་ཀྱི་སྐབས་མང་པོ་ཡོད་ལ། ཞེ་སྡང་ལ་སྐབས་ཕྱེ་ན་སེམས་ཅན་འགའ་ལ་ཕན་དུ་ཟིན་ཀྱང་སྙིང་རྗེའི་རྩ་བ་བཅད་ནས་སེམས་ཅན་མང་པོའི་དོན་ཉམས་པའི་རྒྱུར་༌འགྱུར་བས་གནང་ བའི་སྐབས་མེད་པས་མི་འདྲ་ལ། བྱང་སེམས་ཡུལ་དུ་བྱས་པའི་ཚེའང་བུ་མོ་དཔལ་ཡོན་ཅན་བྱང་སེམས་དགའ་བྱེད་ལ་ཆགས་པས་ཤིབ་ལྷར་སྐྱེས་ལ། བྱང་སེམས་ལ་སྡང་བ་ནི། ངན་སེམས་སྐྱེས་པའི་གྲངས་བཞིན་བསྐལ་བར་ནི། །ཞེས་སོགས་གསུངས་ པ་ལྟར་ཡིན་པས་རྣམ་པ་ཐམས་ཅད་དུ་མི་འདྲའོ། །བྱང་ས་ལས་ཆགས་པ་ལྟུང་བ་མིན་པར་གསུངས་པའི་དགོངས་པའང་བསླབ་བཏུས་ལྟར་ཡིན་པར་གསུངས་སོ། །བཞི་པ་བསྲུངས་པའི་ཕན་ཡོན་ནི། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ་གང་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ལས་སངས་རྒྱས་རེ་རེ་ལ་ཡང་གངྒཱའི་ཀླུང་གི་བྱེ་མ་སྙེད་ི་སངས་རྒྱས་ཀྱི་ཞིང་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་རབ་ཏུ་བཀང་སྟེ་དབུལ་བ་ཕུལ་ལ། དེ་ལྟརའབུལ་འབུལ་བས་གངྒཱའི་ཀླུང་གི་ བྱེ་མ་སྙེད་ཀྱི་བསྐལ་བར་དབུལ་བ་ཕུལ་བ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་གིས་རྣམ་པ་འདི་ལྟ་བུའི་ཆོས་འདི་ཐོས་ནས་ཕྱོགས་གཅིག་ཏུ་སོང་སྟེ་འདི་ལྟར་སེམས་ཀྱིས་མངོན་པར་རྟོག་ཅིང་འདི་ལྟ་བུའི་ཆོས་ལ་བསླབ་པར་བྱའོ་ཞེས་སློབ་
Page: 272 པར་འདོད་ན་དེས་མ་བསླབས་སུ་ཟིན་ཀྱང་བསོད་ནམས་ཆེས་མང་དུ་བསྐྱེད་དེ། བྱང་ཆུབ་སེམས་དཔའ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་བོ་སྦྱིན་པའི་བསོད་ནམས་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་པ་བསླབ་བཏུས་སུ་དྲངས་པ་དང༌། བྱང་ས་ལས་ཀྱང་ཚུལ་ཁྲིམས་ ཀྱི་ཕན་ཡོན་ལ་མཐར་ཐུག་གི་ཕན་ཡོན་དང་གནས་སྐབས་ཀྱི་ཕན་ཡོན་གཉིས་གསུངས་པའི་དང་པོ་ནི། འདི་ལ་བརྟེན་ནས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའོ། །གཉིས་པ་གནས་སྐབས་ཀྱི་ཕན་ཡོན་ལ་ལྔ་ ལས། དང་པོ་ནི་སངས་རྒྱས་རྣམས་ཀྱི་བུ་སྡུག་པ་ལྟར་དགོངས་པར་འགྱུར་བ་དང༌། གཉིས་པ་ནི་འཆི་བའི་ཚེ་དགེ་རྩ་ཚད་མེད་དང་ལྡན་པས་ངན་སོང་གི་འཇིགས་པ་མེད་པ་དང་ཕྱི་མར་སངས་རྒྱས་བྱང་སེམས་ཡིད་ལ་བྱེད་པས་འཆི་བའི་འཇིགས་པ་ལས་འདས་ པའི་ཕྱིར་མཆོག་ཏུ་དགའ་བ་ཆེན་པོ་ལ་གནས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་བ་དང༌། །གསུམ་པ་ནི་ལུས་ཞིག་ནས་ཀྱང་གང་ན་རང་དང་ཚུལ་ཁྲིམས་མཚུངས་པའམ་ལྷག་པའི་བྱང་སེམས་སྐལ་བ་འདྲ་ཞིང་ཆོས་མཐུན་པ་བ་དགེ་བའི་བཤེས་གཉེན་དུ་ གྱུར་པ་དག་གནས་པ་དེར་སྐྱེ་བར་འགྱུར་བ་དང༌། བཞི་པ་ནི་ཚེ་འདི་ལ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བ་དང༌། ལྔ་བ་ནི་ཚེ་ཕྱི་མ་ལ་ཡང་རང་འཁྲུངས་ཀྱི་ཚུལ་ཁྲིམས་སམ་ཉིད་ དེ་དེའི་བདག་ཉིད་ཐོབ་པར་འགྱུར་ལསབའོ། །དེ་ལ་ཕན་ཡོན་དང་པོ་ནི་འདི་ཕྱི་གཉིས་ཀར་ཐོབ་པའི་ཕན་ཡོན་ཏེ་སྡོམ་པ་ཇི་སྲིད་གནས་པ་དེ་སྲིད་དུ་རྒྱལ་བ་སྲས་བཅས་ཀྱིས་བུ་དང་སྤུན་དང་འདྲ་བར་དགོངས་པས་དགེ་བའི་ཆོས་མི་ཉམས་ཤིངའཕེལ་བའོ། །གཉིས་པ་
Page: 273 ༄༅། །དང་བཞི་བ་ནི་ཚེ་འདིའི་ཕན་ཡོན་ཏེ། འཆི་ཁར་ངན་འགྲོའི་འཇིགས་པ་མེད་ཅིང་བདེ་འགྲོ་ཁྱད་པར་ཅན་དུ་འགྲོ་བར་མཐོང་ནས་དགའ་བ་དང་། དེའི་གོང་དུ་ཡང་། སྤྱོད་ག་སའཇུག་ལས། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ ཡས་རབ་ཏུ་དགྲོལ་བའི་ཕྱིར། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང༌། །ཞེས་པ་ལྟར་ནོད་ཅིག་རེ་རེ་ལའང་ ཚད་མེད་པའི་ཚོགས་འཕེལ་བའོ། །གསུམ་པ་དང་ལྔ་བ་ནི་སྐྱེ་བ་གཞན་གྱི་ཕན་ཡོན་ཏེ། བཤེས་གཉེན་དམ་པས་འདིར་སེམས་བསྐྱེད་དང་སྡོམ་པ་མ་ཐོབ་པ་ཐོབ་ཚུལ་ཐོབ་པ་བསྲུང་བ་ཉམས་པ་ཕྱིར་བཅོས་ཚུལ་སོགས་ཀྱི་སྐོར་འདི་ལ་བཞེད་ཚུལ་མི་འདྲ་བ་ མང་པོ་ཞིག་ཡོད་པ་ལས། ཅུང་ཟད་སྤྲོ་ན། བླ་མ་སྔ་མོ་མང་པོ་ཞིག་འདི་སྐད་གསུངས་ཏེ། ཐེག་ཆེན་སེམས་ཙམ་པ་དང་དབུ་མ་པའི་ལུགས་གཉིས་ཡོད་པ་ལས། སྔ་མ་ནི་ཐེག་ཆེན་གྱི་སྡེ་སྣོད་འགའ་ཞིག་གི་རྗེས་སུ་འབྲངས་ནས་རྗེ་བཙུན་བྱམས་པས་ གསུངས་སློབ་དཔོན་ཐོགས་མེད་ནས་བརྒྱུད་པ་ཙནྡྲ་གོ་མའི་རྗེས་སུ་འབྲངས་ནས་ཇོ་བོ་རྗེ་སོགས་ཀྱི་ཕྱག་ལེན་བཀའ་གདམས་པའི་བཤེས་གཉེན་རྣམས་ཀྱིས་མཛད་པ་དེ་ཡིན་ལ། ཕྱི་མ་ནི་སྡོང་པོ་བཀོད་པ་དང་ནམ་སྙིང་གི་མདོའི་རྗེས་སུ་འབྲངས་རྗེ་བཙུན་འཇམ་ དབྱངས་ཀྱིས་གསུངས་པ་སློབ་དཔོན་ཀླུ་སྒྲུབ་ལས་བརྒྱུད་པ་རྒྱལ་སྲས་ཞི་བའི་ལྷའི་རྗེས་འབྲངས་ཛེ་ཏི་རི་དང་ཛེ་བོ་བུ་ནྱ་ཤྲཱི་སོགས་ནས་ད་ལྟ་ས་སྐྱ་པ་སོགས་ཕལ་ཆེར་གྱིས་ཕྱག་ལེན་མཛད་པ་འདི་ཡིན་ལ། འདི་གཉིས་ལ་ལྟ་བའི་ཁྱད་པར་ཡོད་པ་བཞིན་དུ་དེ་དང་ཟུང་
Page: 274 དུ་འབྲེལ་བའི་སྤྱོད་པ་སེམས་བསྐྱེད་ཀྱི་ཆོ་གའང་ཐ་དད་ཡིན་ཏེ། འདི་ལྟར་བླང་བའི་ཡུལ། ལེན་པའི་རྟེན། ལེན་ཚུལ་གྱི་ཆོ་ག །བླངས་ནས་བསྲུང་ཚུལ། ཉམས་ན་ཕྱིར་བཅོས་ཚུལ་ཏེ་ལྔ་པོ་མི་འདྲ་བའི་ཕྱིར། དང་པོ་ཡུལ་མི་འདྲ་སྟེ། བྱམས་པས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ་ཞེས་སོགས་དང༌། ཀླུ་སྒྲུབ་ཀྱིས། ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། །ཞེས་སོགས་ཀྱི་མཚན་ཉིད་དང་ལྡན་པ་དགོས་པར་གསུངས། གཉིས་པ་རྟེན་མི་འདྲ་སྟེ། སེམས་ཙམ་པའི་ལུགས་ཐོགས་མེད་ཀྱི་རྗེས་སུ་ འབྲངས་ནས་ཛེ་བོའི་ལམ་སྒྲོན་ལས་གསུངས་པ་ལྟར་བྱང་སྡོམ་ལེན་པ་ལ་སོ་སོར་ཐར་པ་རིས་བདུན་གང་རུང་རྒྱུད་ལྡན་དགོས། དབུ་མ་པས་ལྷ་དང་ལྷ་མིན་སོགས་རིགས་དྲུག་ཐམས་ཅད་དང་སོ་ཐར་སྲུང་མི་ནུས་པའི་སྡིག་ཅན་སོགས་ཀྱང་སེམས་བསྐྱེད་ལེན་པའི་ རྟེན་དུ་རུང་བར་བཞེད། གསུམ་པ་ཆོ་ག་མི་འདྲ་སྟེ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་སྐབས། སེམས་ཙམ་པས་རིས་བདུན་གང་རུང་གི་རྒྱུད་དག་ཟིན་པའི་དབང་དུ་བྱས་ནས་ཕྱག་མཆོད་ཙམ་ལས་ཡན་ལག་བདུན་པ་ཚང་བར་མི་བྱེད། ལྟ་བ་ཅུང་ཟད་ དམའ་བས་སྤྱོད་པའང་དོག་སྟེ་བསླབ་པ་བརྗོད་པ་དང་བར་ཆད་དྲི་བ་སོགས་མཛད། དབུ་མ་པ་ལྟ་བ་མཐོ་བ་ལྟར་སྤྱོད་པ་ཡངས་པས་སོ་ཐར་རིས་བདུན་གང་དང་ཡང་མི་ལྡན་ནབཔའི་སྡིག་ཅན་སོགས་སུ་ཡིན་ལ་སྐྱེ་བའི་དབང་དུ་བྱས་ནས་སྡིག་བཤགས་སོགས་ཡན་ ལག་བདུན་ཀ་མཛད་མ་བསླབ་པ་བརྗོད་པ་དང་བར་ཆད་དྲི་བ་མི་མཛད་དོ། །དངོས་གཞིའི་སྐབས། སེམས་ཙམ་པས་སྨོན་སེམས་ལྡན་པ་སྣོན་དུ་བཏང་ནས་ཕྱིས་འཇུག་སྡོམ་ལེན། དབུ་མ་པས་སྨོན་འཇུག་སྟབས་གཅིག་ཏུ་ལེན། མཇུག་གི་སྐབས་སུ།
Page: 275 ༄༅། །སེམས་ཙམ་པས་མཁྱེན་གསོལ་སོགས་བྱེད། དབུ་མ་པས་རང་གཞན་དགའ་བ་བསྐྱེད་པ་མཛད། བླངས་ནས་བསྲུང་ཚུལ་མི་འདྲ་སྟེ། སེམས་ཙམ་པས་རྩ་ལྟུང་བཞིར་བྱེད། དབུ་མ་པས་རྩ་ལྟུང་བཅུ་བཞིའམ་བཅུ་དགུར་བཞེད་པ་ སོགས་ཁྱད་ང་ར་མང་པོ་ཡོད། ཕྱིར་བཅོས་ཚུལ་མི་འདྲ་སྟེ། སེམས་ཙམ་པས། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །ཞེས་སོགས་ཉན་ཐོས་དང་བསྟུན་ནས་བྱེད་ལ། །དབུ་མ་པས་ནམ་སྙིང་གི་མདོ་ལྟར་ནམ་མཁའི་ སྙིང་པོ་ལ་གསོལ་བ་གདབ་པ་དང་དེ་བཞིན་ཤཤེགས་པའི་ཡིག་བརྒྱ་སོགས་བཟླས་པས་ལྟུང་བ་འདག་པར་བཞེད་དེ། དེ་དག་ལ་སོགས་པ་མི་འདྲ་བའི་ཁྱད་པར་མང་བར་བཞེད་ལ། ཡང་དམ་པ་འགའ་ཞིག་གིས་བཞེད་ཚུལ་དེ་དག་མི་རིགས་པར་ གསུངས་ཏེ། །དེ་ཡང་འདི་ལྟར། དང་པོ་བླང་ཡུལ་མི་འདྲ་བའི་ཁྱད་པར་སྨྲས་པ་དེའང་མི་འཐད་དེ། ལུང་པ་ཕྱི་གཉིས་པོ་ཚིག་མི་འདྲ་བ་ཙམ་དང་གཞུང་གཉིས་ཀྱིས་བསྟན་པའི་བཤེས་གཉེན་གྱི་མཚན་ཉིད་ཅུང་ཟད་རྒྱས་བསྡུས་ཙམ་མ་གཏོགས་ དོན་གཅིག་ཏུ་སྣང་བའི་ཕྱིར་དང་། སྡོམ་པ་ཉི་ཤུ་པ་དང་སྤྱོད་འཇུག་ལས་གསུངས་པའི་མཚན་ཉིད་ལའང་མི་འདྲ་བ་མེད་པའི་ཕྱིར། ལེན་པའི་རྟེན་གྱི་ཁྱད་པར་དེའང་མི་འཐད་དེ་ལམ་སྒྲོན་ལས་སོ་ཐར་རྟེན་དུ་དགོས་པར་གསུངས་པ་དེ་རྟེན་ཁྱད་པར་ཅན་གྱི་ དབང་དུ་བྱས་པ་ཡིན་པར་བཞེད་པ་ལ་ལུགས་གཉིས་འདྲ་ཞིང་བྱང་སྡོམ་ཙམ་སྐྱེ་བའི་རྟེན་ལ་སོ་ཐར་མི་དགོས་པར་བཞེད་པ་༌་ལའང་འདྲ་བས་ན། ལུང་དེས་མི་མ་ཡིན་པའི་འགྲོ་བ་དང་སྒྲ་མི་སྙན་པའི་རྟེན་ལ་བྱང་སྡོམ་དངོས་སུ་གསར་དུ་སྐྱེ་བ་འགོག་པ་མིན་
Page: 276 ཚུལ་སོགས་དང་ཇོ་བོ་རྗེའང་དབུ་མ་པ་ཡིན་ཚུལ་སོགས་སྔར་བཤད་ལ། ཁྱད་པར་དབུ་མ་པའི་ལུགས་ཀྱི་རྟེན་འཆད་ཚུལ་དེའང་མི་རིགས་ཏེ་སྡིག་ཅན་ལྟ་བུ་སྨོན་སེམས་དངོས་སུ་གསར་དུ་སྐྱེ་བའི་རྟེན་དུ་རུང་སྲིད་ཀྱང་བྱང་སྡོམ་དངོས་སུ་གསར་དུ་སྐྱེ་བའི་རྟེན་དུ་ མི་འོས་པའི་ཕྱིར་༌ཏེ། བྱང་སྡོམ་དངོས་སུ་སྐྱེ་བའི་རྟེན་ལ་སོ་ཐར་དངོས་དང་བྱང་སེམས་གཉིས་ཀའི་ཐུན་མོང་བ་རང་བཞིན་གྱི་ཁ་ན་མ་ཐོ་བ་ལས་ལྡོག་པར་དམ་བཅའ་བ་ཡང་དག་པར་ལེན་པ་ཞིག་འགྲོ་བ་སུ་ཡིན་ཡང་རུང་སྟེ་མེད་དུ་མི་རུང་བར་བཞེད་པ་ལ་ལུགས་ གཉིས་ཁྱད་པར་མེད་པའི་ཕྱིར་རོ། །དེར་མ་ཟད་རིས་བདུན་གང་རུང་ངེས་པར་རྟེན་དུ་དགོས་པ་དེའི་ལུགས་མ་ཡིན་པར་བྱང་ས་ལས་གསལ་བར་བཤད་པའི་ཕྱིར་དང༌། གཞན་ཡང་དེ་ལྟར་དགོས་ན་ལུང་རིགས་དང་འགལ་ཚུལ་མང་ངོ་། །ལེན་པའི་ཆོ་ག་ ཁྱད་པར་བཤད་པའང་མི་འཐད་དེ། སེམས་ཙམ་པའི་ལུགས་ལའང་རྟེན་དེས་སྡིག་བཤགས་སོགས་བྱ་རུང་བའི་ཕྱིར་དང་དབུ་མ་པའི་ལུགས་ལའང་སྨོན་འཇུག་གཉིས་སྟབས་གཅིག་ལ་ལེན་པ་ཁོ་ན་མིན་ཚུལ་སྔར་བཤད་པའི་ཕྱིར་རོ། །བླངས་ནས་ བསྲུང་ཚུལ་གྱི་ཁྱད་པར་དེའང་མི་འཐད་དེ། བྱང་ས་ནས་གསུངས་པའི་ཆོ་གས་བླངས་པའི་བྱང་སྡོམ་ལྡན་པའི་གང་ཟག་དེས་བསླབ་བཏུས་ནས་གསུངས་པའི་རྩ་ལྟུང་སྤོང་དགོས་ཤིང་། སྤྱོད་འཇུག་ནས་གསུངས་པའི་ཆོ་གས་བླངས་པའི་བྱང་སེམས་ཀྱི་ སྡོམ་ལྡན་དེས་ཀྱང་བྱང་ས་ནས་གསུངས་པའི་རྩ་ལྟུང་རྣམས་སྤང་དགོས་པའི་ཕྱིར། དེ་ལྟར་དགོས་དེ་གཞུང་དེ་གཉིས་ཀ་ནས་གསུངས་པའི་རྩ་ལྟུང་མཐའ་དག་རྩ་ལྟུང་མཚན་ཉིད་པ་ཡིན་ལ། གཞུང་དེ་གཉིས་ནས་བཤད་པའི་ཆོ་ག་གཉིས་ཀྱིས་སྡོམ་པ་
Page: 277 ༄༅། །བླངས་པའི་བྱང་སེམས་རྣམས་ཀྱང་བྱང་སྡོམ་ལྡན་པར་མཚུངས་པའི་ཕྱིར་དང༌། དབུ་མའི་ལྟ་བ་དང་ལྡན་པས་བྱང་སའི་ཆོ་གའི་འཇུག་སྡོམ་བླངས་ན་སྐྱེ་ཞིང་སེམས་ཙམ་པའི་ལྟ་བ་རྒྱུད་ལྡན་གྱིས་ཀྱང་སྤྱོད་འཇུག་གི་ཆོ་གས་འཇུག་སྡོམ་ བླངས་ན་སྐྱེ་བའི་ཕྱིར། དེས་ན་གཞུང་དེ་གཉིས་ནས་གསུངས་པ་གཉིས་དབུ་སེམས་སོ་སོའི་ལུགས་ཀྱི་ཆོ་གར་བྱ་མི་དགོས་ཏེ། ཇོ་བོ་རྗེ་ཉིད་ཀྱིས་སྨོན་སེམས་སྐྱེད་པའི་ཆོ་ག་དང་འཇུག་སྡོམ་ལེན་པའི་ཆོ་ག་སོ་སོར་མཛད་པ་དེ་ཉིད་ཀླུ་སྒྲུབ་ཐོགས་མེད་ཞི་བའི་ལྷ་ གསུམ་ཀའི་ལུགས་ཡིན་པར་ལམ་སྒྲོན་འགྲེལ་པར་གསུངས་པས་སོ། །གཞན་ཡང་ལྟ་བ་ཡངས་དོག་གིས་སྤྱོད་པ་ཡངས་དོག་བྱུང་བར་སྨྲས་པ་སྟོང་པ་རྟེན་འབྱུང་གཉིས་ཕན་ཚུན་གྲོགས་སུ་སོང་ནས་སྟོང་ཉིད་ལ་ངེས་པ་ཇི་ཙམ་རྙེད་པ་དེ་ཙམ་གྱིས་བླང་དོར་ གྱི་གནས་ཤིན་ཏུ་ཕྲ་བ་རྣམས་ལའང་ངེས་པ་ཇེ་ཆེར་སོང་སྟེ་སྤྱོད་པ་ཆེས་ཞིབ་ཏུ་འགྲོ་དགོས་པས་ལྟ་བ་རྟོགས་པའི་ཁྱད་ཆོས་ཀྱི་གཙོ་བོ་དེ་ཉིད་མ་ཤེས་པར། བླང་དོར་ཞིབ་ཏུ་བྱེད་པ་ཐམས་ཅད་ལྟ་བ་མ་གོ་བའི་འཁྲུལ་ངོ་འབའ་ཞིག་ཏུ་བཟུང་ཞིང་སྟོང་ཉིད་ཀྱི་ལྟ་བ་ ལ་ངེས་བ་ལྟར་སྣང་རེ་རྙེད་ན་ལས་འབྲས་ཁྱད་དུ་གསོད་པའི་ལོག་རྟོག་གི་ཐ་ཆད་དེ་ཉིད་འོངས་པ་ཡིན་པར་གསུངས་ལ། གཞན་ཡང་དབུ་མ་པའི་ལུགས་ལ་རྩ་ལྟུང་བཅུ་དགུ་ཁས་ལེན་ཞིང་སྤྱོད་པ་ཡངས་པར་སྨྲ་བ་དང་སེམས་ཙམ་པའི་ལུགས་ལ་རྩ་ལྟུང་བཞི་ ལས་མེད་པར་ཁས་ལེན་ཞིང་དེ་ཉིད་སྤྱོད་པ་དོག་པར་སྨྲ་བ་ཁས་བླངས་ཤིན་ཏུ་འགལ་ཏེ་སྤང་བྱ་ཤིན་ཏུ་མང་བ་སྤང་དགོས་པ་སྤྱོད་པ་ཡངས་པ་དང་སྤང་བྱ་ཉུང་ངུ་ཙམ་སྤངས་པས་ཆོག་པ་ནི་སྤྱོད་པ་དོག་པ་ཞེས་ཤེས་ལྡན་སུ་ཞིག་སྨྲ་ཞེས་སོགས་གསུངས།
Page: 278 ཉམས་ན་ཕྱིར་བཅོས་ཚུལ་མི་འདྲ་བའི་ཁྱད་པར་དེ་ཡང་མི་འཐད་དེ། ཕྱོགས་སྔ་མ་ཁྱེད་ཅག་གིས་སླར་ཡང་དབུ་མ་པའི་ལུགས་ཀྱི་ཕྱིར་བཅོས་ཚུལ་འཆད་པ་ན་ཐུན་ཚོད་འདས་ཏེ་རྩ་ལྟུང་བྱུང་ན་སྡོམ་པ་སླར་ཡང་བླང་བར་བྱ་ཞེས་པ་རང་ཚིག་དངོས་འགལ་ ཡིན་པ་སོགས་ཀྱི་ཕྱིར་རོ། །གཞན་ཡང་ཕལ་ཆེ་བ་ཞིག་གིས་དབུ་མ་པའི་ལུགས་ཀྱི་བསླབ་བྱ་འཆད་པ་ན་སྨོན་འཇུག་ཐུན་མོང་གི་བསླབ་བྱར། ཐེག་ཆེན་གྱི་བཤེས་གཉེན་མི་གཏོང་བ། མཆོག་གསུམ་གྱི་གདུང་མི་བཅད་པ། །སེམས་ཅན་བློས་མི་སྤོང་ བ་སྟེ་གསུམ་དང༌། ལྟུང་བ་ལྟུང་མེད་ལྟུང་བའི་གཟུགས་བརྙན་ལྟུང་མེད་ཀྱི་གཟུགས་བརྙན་རྣམས་ཤེས་པར་བྱ་བ་དང༌། འཇུག་སྡོམ་གྱི་བསླབ་བྱ་རྒྱས་པར་ཚུལ་ཁྲིམས་གསུམ་དང་། ཕྱིན་དྲུག་ལ་སློབ་པ། སྤྱོད་འཇུག་བསླབ་བཏུས་བྱང་ས་སྡོམ་པ་ཉི་ཤུ་བ་རིན་ ཆེན་ཕྲེང་བ་མདོ་ཀུན་བཏུས་རྣམས་ནས་འབྱུང་བའི་བསླབ་བྱ་ཐམས་ཅད་དང༌། ནམ་སྙིང་སྡོང་པོ་བཀོད་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་སྤྱན་རས་གཟིགས་ཀྱིས་ཞུས་མདོ་དཔུང་བཟང་རྣམ་སྣང་མངོན་བྱང་སོགས་ནས་གསུངས་པའི་བསླབ་བྱ་རྣམས་ལ་ཅི་ནུས་ སུ་སློབ་པའོ། །དེ་ཙམ་མི་ལྕོགས་ན་སྨོན་སེམས་མི་འདོར། ལོག་ལྟ་མི་བསྐྱེད། ནག་ཆོས་བཞི་སྤངས་པ་ཙམ་ལ་བསླབ་པས་ཆོག །དེ་ཙམ་ཡང་མི་འགྲུབ་པས་ལས་དང་པོ་བས་བསླབ་བྱ་ཐམས་ཅད་ཀྱི་དོན་བསྡུ་ན་བསམ་སྦྱོར་གཉིས་སུ་འདུས་པས་སྨོན་ པའི་བསླབ་བྱར་སེམས་བ་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པ་དང༌། འཇུག་པའི་བསླབ་བྱ་དོན་མེད་པའི་སྒོ་གསུམ་གྱི་སྡིག་པ་ཅི་ནུས་སློང་ཞིང་བསོད་ནམས་ཀྱི་ལས་ལ་ཅི་ནུས་སུ་འབད་པའོ། །དེ་ལྟར་གསུམ་ལས། ལས་དང་པོ་བའི་སྐབས་
Page: 279 ༄༅། །སུ་བསྡུས་པ་ལ་བསླབ། དེ་ནས་བློ་ཅུང་ཟད་འབྱོངས་ནས་འབྲིང་ལ་བསླབ། དེ་ནས་མོས་སྤྱོད་དང་ས་ཐོབ་པ་ཡན་ཆོད་ཀྱིས་བསླབ་བྱ་རྒྱས་པ་མཐའ་དག་ལ་བསླབ་པར་བྱ་དགོས་ཞེས་བཞེད། འགའ་ཞིག་གིས་འདོད་ཚུལ་དེ་དག་མི་འཐད་ གསུངས་ཏེ། འདི་ལྟར། སྨོན་སེམས་རྐྱང་པ་ཆོ་གས་བླངས་པ་ལ་བར་མའི་དགེ་བ་ཙམ་ཡོད་ཀྱང་བྱང་སྡོམ་མེད་པས་བྱང་སྡོམ་དང་འགལ་བའི་ལྟུང་བ་མེད་པའི་ཕྱིར་ལྟུང་བ་ལྟུང་མེད་སོགས་ཤེས་པར་བྱ་བ་སྨོན་སེམས་ཀྱི་བསླབ་བྱར་འཆད་པ་མི་འཐད། དབུ་མ་ལུགས་ཀྱི་བསླབ་ བྱ་རྒྱས་པ་འཆད་ཚུལ་དེ་ཡང་མི་རིགས་ཏེ། སྤྱོད་འཇུག་བསླབ་བཏུས་སོགས་ནས་གསུངས་པ་དབུ་མ་ལུགས་དང་། བྱང་ས་དང་སྡོམ་པ་ཉི་ཤུ་བ་སོགས་ནས་གསུངས་པ་སེམས་ཙམ་ལུགས་སུ་ངེས་པས་དེ་དག་ཕན་ཚུན་བསྲེ་བར་མི་བྱ་ཞེས་ཁས་བླངས་པ་དང་དངོས་སུ་ ཇི་ལྟར་མི་འགལ། བསླབ་བྱ་འབྲིང་གི་སྐབས་བཤད་པའང་མི་འཐད་དེ། དབུ་མ་ལུགས་ཀྱི་རྩ་ལྟུང་བཅུ་དགུའི་ནང་ནས། ལོག་ལྟ་འཛིན་པ་དང་སྨོན་སེམས་འདོར་བ་གཉིས་མ་གཏོགས་གཞན་བཅུ་བདུན་པོ་ཐམས་ཅད་དབུ་མ་ལུགས་ཀྱི་སྡོམ་པ་བླངས་པས་ཀྱང་ བསྲུང་མི་དགོས་པར་ཁས་བླངས་ལ། བསླབ་བྱ་བསྡུས་པའི་སྐབས། བྱང་སྡོམ་ལྡན་ལས་དང་པོ་བས་འཇུག་སྡོམ་གྱི་བསླབ་བྱར་སྡིག་པ་ཅི་ནུས་སློང་བ་དགེ་བ་ཅི་ནུས་ལ་འབད་པས་ཆོག་པར་སྨྲས་པས་ནི། ལས་དང་པོ་བའི་བྱང་སྡོམ་གྱི་བསླབ་བྱ་ལ་ཉན་ཐོས་པའི་ སྐྱབས་འགྲོའི་བསླབ་བྱ་ལ་ལྷག་པོ་ཅིའང་མེད་པར་ཁས་བླངས་པས་དོན་མ་ཡིན་པ་ཆེན་པོ་ལ་སྦྱོར་བའི་སྒོར་གྱུར་པ་ཡིན་ལ། སྨོན་སེམས་ཀྱི་བསླབ་བྱར་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པའི་བསམ་པ་རྐྱང་པས་ཆོག་པར་སྨྲས་པས་ནི་སྨོན་སེམས་ཀྱི་བསླབ་བྱ་སྨོན་
Page: 280 སེམས་ཉིད་ཡིན་གྱི་དེ་ལས་གཞན་པའི་བསླབ་བྱ་མི་དགོས་ཞེས་སྨྲས་པའང་ཡིན་ནོ་ཞེས་གསུངས་ལ། གཞན་ཡང་དབུ་མ་ལུགས་ཀྱི་ཕྱིར་བཅོས་འཆད་པ་ན་ཐུན་ཚོད་འདས་ཏེ་རྩ་ལྟུང་བྱུང་ན་འགྱོད་པས་བཤགས་ལ་སེམས་བསྐྱེད་སླར་བླངས་ཞེས་སོགས་རྩ་ལྟུང་སྐྱེད་ པ་ཐུན་ཚོད་ལ་ལྟོས་དགོས་པར་འདོད་པའང་མང་ལ། དེ་དག་གི་ལུགས་ལ་ཐུན་ཚོད་ཀྱང་ཉེ་བ་འཁོར་གྱིས་ཞུས་པར། བྱང་སེམས་ལ་སྔ་དྲོ་ལྟུང་བ་བྱུང་ན་ཞེས་སོགས་ཀྱི་དོན་ཡིན་པར་འདོད་མོད། དེ་ལྟ་བུའི་ཐུན་ཚོད་ཀྱི་དོན་དེ་ཉིད་མདོའི་དགོངས་པ་གཏན་ནས་ མ་ཡིན་ཏེ་ཞེས་སོགས་གསུངས་ནས་ལུགས་དེ་ཉིད་འགོག་ཚུལ་དང་རང་ལུགས་ཀྱི་མདོ་དེའི་དོན་འཆད་ཚུལ་སོགས་རྒྱ་ཆེར་གསུངས་ནའང་འདིར་མང་གིས་དོགས་ནས་མ་བྲིས་ལ། དེར་མ་ཟད་སྨོན་འཇུག་གི་སེམས་བསྐྱེད་དང་བསླབ་སྡོམ་གྱི་སྐོར་སོགས་ལ་བཞེད་ ཚུལ་མི་འདྲ་བ་དང་དགག་བཞག་གི་སྤྲོས་པ་དུ་མ་ཞིག་གསུངས་མོད་ཀྱང་། འདིར་བསླབ་བྱ་མདོར་བསྡུས་ཙམ་འཆད་པ་སྐབས་དོན་གཙོ་བོ་ལགས་པས་དེ་འདྲའི་སྐོར་མ་སྤྲོས་སོ། །དབུ་སེམས་ལྟ་བ་ཐ་དད་པས་སེམས་བསྐྱེད་ཀྱི་ཆོ་ག་སོགས་ཀྱང་མི་འདྲ་བར་བཞེད་ མཁན་ནི། རབ་དབྱེ་ལས། སེམས་བསྐྱེད་ལས་ནི་ཉན་ཐོས་དང༌། །ཞེས་སོགས་གསུང་བ་པོ་རྗེས་འབྲངས་བཅས་ཡིན་ལ། དེ་འགོག་མཁན། ཤ་ར་བའི་ལམ་རིམ་ནས་ཞིབ་རྒྱས་འབྱུང་ཞིང་བཀའ་གདམས་རྣམས་འདྲ་ལ། རྗེ་ཡབ་སྲས་སོགས་ཀྱང་དེ་དང་འདྲ་ལ། བསླབ་བཏུས་སུ་ནམ་སྙིང་གི་མདོ་ནས་གསུངས་པ་དང་བྱང་ས་ནས་གསུངས་པ་གཉིས་ཕྱོགས་གཅིག་ཏུ་བསྡུས་ནས་རྩ་ལྟུངགི་རྣམ་གཞག་འཆད་པར་མཛད་པས་དེའི་རྗེས་སུ་འབྲང་བའོ། །གཉིས་པ་ལ་གཉིས། ལེའུའི་གཞུང་། ལེའུའི་མཚན་ནོ། །དང་པོ་ལ་
Page: 281 ༄༅། །གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །མདོར་བསྟན་བ། དང་པོ་ནི། རྒྱལ་བའི་སྲས་ཀྱིས་སོགས་ཏེ། རྒྱལ་བའི་ཐུགས་ལས་སྐྱེས་པའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟ་བུར་སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་གའི་སྒོ་ ནས་སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་གཉིས་ནམ་ཡང་མི་གཏོང་བར་རབ་ཏུ་བརྟན་པར་བཟུང་ནས་ཕྱིན་ཆད་ལེ་ལོའི་ས་དབང་གིས་ཅུང་ཟད་ཀྱང་གཡེལ་བ་མེད་པར་དུས་རྟག་ཏུ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ལ་བསླབ་པར་འོས་པའི་ཕྱིན་དྲུག་དང་བསྡུ་ བཞི་ཚད་མེད་བཞི་དང་བྱང་ཕྱོགས་སོ་བདུན་རྫོགས་སྨིན་སྦྱང་གསུམ་གྱི་རྒྱུར་གྱུར་པའི་ཉམས་ལེན་སོགས་ཐབས་ཤེས་གཉིས་ཀྱིས་བསྡུས་པའི་བསླབ་བྱའི་གནས་རྒྱ་ཆེན་པོ་ཇི་སྙེད་ཅིག་ཡོད་པ་རྣམས་ལས་སྲོག་གི་ཕྱིར་ཡང་མི་འདའ་བར་བག་ཡོད་པའི་སྒོ་ནས་སྒྲུབ་ པ་སྙིང་པོར་བྱེད་པ་ལ་ནན་ཏན་གྱིས་འབད་པར་བྱས་ནས་མི་ཉམས་པར་བསྲུང་བར་བྱའོ། །དེ་ལྟར་འཇམ་དཔལ་ཞིང་བཀོད་དུ། ཤཱ་རིའི་བུ་དེ་བཞིན་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་བག་ཡོད་པ་ལ་གནས་པའོ། །བྱང་ཆུབ་ནི་ནན་ཏན་ལ་གནས་པའོ། ། ཞེས་སོགས་དང༌། ཤཱ་རིའི་བུ་ང་བག་ཡོད་པ་ལ་གནས་པས་སྨོན་ལམ་ཡོངས་སུ་རྫོགས་སོ། །ནན་ཏན་བྱས་པས་བྱང་ཆུབ་ཐོབ་པོ། །ཤཱ་རིའི་བུ་བག་མེད་པར་གནས་ཤིང་ཚིག་གི་ལས་ལྷུར་ལེན་པ་དང་ནན་ཏན་མེད་པས་ནི་ཉན་ཐོས་ཀྱི་ས་ཡང་སྒྲུབ་པར་མི་ནུས་ ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས་ཏེ། ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཡང་དག་པའི་མིང་དུ་གདགས་པར་དམ་བཅའ་བར་འདོད་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་བསླབ་པ་ཇི་ལྟར་བཅས་པ་འདི་ལ་བསླབ་
Page: 282 པར་བྱའོ་ཞེས་བྱང་ཆུབ་འདོད་པས་བག་ཡོད་བསྟེན་པ་དང་སྒྲུབ་པ་ལ་ནན་ཏན་བྱ་དགོས་པར་བསྟན་ལ། བག་ཡོད་པ་ནི་དགེ་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་དེ་བསྟེན་པ་ཤིན་ཏུ་གལ་ཆེ་སྟེ། ཏིང་རྒྱལ་ལས། ཁྲིམས་དང་ཐོས་དང་གཏོང་དང་བཟོད་ལ་སོགས། དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །གཏེར་ཐོབ་བྱེད་ཅེས་བདེ་བར་གཤེགས་པས་བསྟན། །ཞེས་གསུངས་ལ། དགེ་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཚུལ་ནི་བག་ཡོད་ལ་བརྟེན་ནས་བསྒྲུབ་བྱ་བསླབ་པ་སོགས་ཀྱི་དགེ་རྩ་ཐམས་ ཅད་མི་ཉམས་ཤིང་གོང་འཕེལ་དུ་འགྱུར་བ་སྟེ། དེ་ནི་བསླབ་བཏུས་ཀྱི་སྤྱོད་པ་འགྲུབ་པའི་ཐབས་བསྟན་པའི་སྐབས་སུ། བསླབ་པ་ཇི་ལྟར་བརྗོད་པ་འདིའི། འགྲུབ་པ་ཡང་དག་སྤོང་རྣམས་ཏེ། བག་ཡོད་པ་དང་མ་བྲལ་ཞིང༌། དྲན་པ་དང་ནི་ཤེས་བཞིན་ཏེ། ཚུལ་བཞིན་དུ་ནི་སེམས་པས་སོ། །ཞེས་དང༌། དེ་དག་ཀྱང་བག་ཡོད་པ་དང་མ་བྲལ་བར་བྱ་སྟེ་དེ་ནི་དགེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་ཞེས་ཡང་དག་སྤོང་བའམ་བརྩོན་འགྲུས་དང་དེ་བཞིན་དུ་དྲན་པ་དང་ཤེས་བཞིན་དང་འཇུག་ལྡོག་ཚུལ་བཞིན་དུ་བྱེད་པའི་ སེམས་པ་རྣམས་ཀྱང་བག་ཡོད་པས་འགྲུབ་པར་བསྟན་པ་དང༌། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་། གསང་བ་པའི་བདག་པོ་ཇི་ལྟར་དགེ་བའི་རྩ་བ་ལས་ཡོངས་སུ་ཉམས་པར་མི་འགྱུར་ཞེ་ན། གསང་བ་བའི་བདག་པོ་བག་ཡོད་པར་གནས་པའི་ ལྷ་དང་མི་རྣམས་ནི་ད་བའི་རྩ་བ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེས་གསུངས་པ་ལྟར་རོ། །བག་ཡོད་པ་དེའི་ངོ་བོ་དང་བྱེད་ལས་ཀུན་བཏུས་ལས། བག་ཡོད་པ་གང་ཞེ་ན། མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་བརྩོན་འགྲུས་དང་
Page: 283 ༄༅། །བཅས་པ་ལ་གནས་ནས་གང་དགེ་བའི་ཆོས་རྣམས་སྒོམ་པ་དང་ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་སྲུང་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་ཡོངས་ སུ་སྒྲུབ་པར་བྱེད་པའི་ལས་ཅན་ནོ། །ཞེས་པ་ལྟར་ཉོན་མོངས་པའི་དབང་དུ་མ་སོང་བར་བརྩོན་འགྲུས་ལ་གནས་ནས་དགེ་བ་སྒྲུབ་ཅིང་ཟག་པ་རྣམས་ལས་སེམས་སྲུང་བའི་བློ་ཞིག་ལ་བྱའོ། །བྱེད་ལས་འཇིག་རྟེན་དང་ཞེས་སོགས་གསུངས་པ་ལྟར་ཏེ་དཀར་ ཆོས་ཐམས་ཅད་ཀྱི་རྩ་བར་གལ་ཆེའོ། །འདི་ལ་བྱང་སར་རྣམ་པ་ལྔར་གསུངས་ཏེ། སྔར་ཉེས་ལྟུང་བྱུང་བ་ལ་འགྱོད་པས་ཆོས་བཞིན་དུ་ཕྱིར་འཆོས་པ་སྔོན་གྱི་མཐའ་དང་ལྡན་པའི་བག་ཡོད་དང་། དེ་བཞིན་དུ་མ་འོངས་པའི་དེ་དེ་ལྟར་ཕྱིར་འཆོས་པར་ནན་ཏན་དུ་ སེམས་པ་ཕྱི་མའི་མཐའ་དང་ལྡན་པའི་དེ་དང་། དེ་ལྟ་ཡང་བྱུང་མ་ཐག་བརྗེད་པ་མེད་པར་དེ་ལྟར་ཕྱིར་འཆོས་པ་དབུས་ཀྱི་མཐའ་དང་ལྡན་པའི་དེ་དང༌། མ་བྱུང་བའི་སྔ་རོལ་ནས་ཕྱིས་ཉེས་པ་མི་འབྱུང་བ་དེ་ལྟར་སྤྱོད་དོ་སྙམ་པ་སྔོན་གྱི་དུས་སུ་བྱ་བའི་དེ་དང༌། ཅི་ ནས་ཀྱང་ཉེས་ལྟུང་མི་འབྱུང་བ་དེ་ལྟར་སྤྱོད་དོ་སྙམ་པ་ལྷན་ཅིག་རྗེས་སུ་སྤྱོད་པའི་བག་ཡོད་པ་སྟེ་ལྔའོ། །མདོར་ན་མི་མཐུན་ཕྱོགས་སྤོང་བ་དང་གཉེན་པོ་སྒོམ་པ་ལ་ནན་ཏན་དུ་བྱེད་པའི་སྒོ་ནས་གཟོབ་པ་ལྷུར་ལེན་པ་བག་ཡོད་ཀྱི་ངོ་བོ་སྟེ། བསླབ་བཏུས་སུ། བག་ཡོད་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན་འདོད་པ་ལས་ཉམས་པ་དང་མི་འདོད་པ་འབྱུང་བར་དོགས་པ་སྔོན་དུ་འགྲོ་བས་གཟོབ་པ་ལྷུར་ལེན་པ་སྟེ། འདི་ལྟ་སྟེ་དཔེར་ན་རྒྱལ་པོ་དྲག་ཏུ་ཁྲོ་ཞིང་མགུ་དཀའ་བའི་བྲན་འབྲུ་མར་གྱིས་གང་བའི་སྣོད་ཐོགས་ཏེ་སྟེག་
Page: 284 འདྲེད་པ་ལ་འགྲོ་བས་བྱ་བ་བཞིན་ནོ་ཞེས་གསུངས་ལ། གཟོབ་པ་ལྷུར་ལེན་པ་ནི་རབ་ཏུ་བསྒྲིམས་པའི་དོན་ནོ། །བག་ཡོད་པ་དེའི་མི་མཐུན་ཕྱོགས་བག་མེད་ཀྱི་ངོ་བོ་དང་བྱེད་ལས་ནི། ཀུན་བཏུས་ལས། བག་མེད་པ་གང་ཞེ་ན། ཆགས་པ་དང་ཞེ་སྡང་དང་གཏི་ མུག་ལེ་ལོ་དང་བཅས་པ་ལ་གནས་ནས་དགེ་བའི་ཆོས་རྣམས་མི་སྒོམ་ཞིང་ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་མི་སྲུང་བ་སྟེ་མི་དགེ་བ་འཕེལ་བ་དང་དགེ་བ་འགྲིབ་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་པ་སྟེ་འདི་ཉོན་མོངས་དང་ཉེས་ཚོགས་ལས་སེམས་མི་ སྲུང་བར་བག་ཡངས་སུ་གཏོང་བར་བྱེད་པའི་བློ་ཞིག་ཡིན་ལ། བྱེད་ལས་ནི་མི་དགེ་བ་འཕེལ་བར་བྱེད་པ་སོགས་སོ། །དེ་ལ་བག་ཡོད་པ་ནི་དགེ་ཆོས་ཀྱི་གཞིར་གྱུར་ཅིང་མྱ་ངན་ལས་འདས་པ་འཆི་མེད་བདུད་རྩིའི་འབྱུང་གནས་ཡིན་ལ། བག་མེད་པས་ནི་ཉེས་ སྤྱོད་ཐམས་ཅད་སྐྱེད་པས་འཁོར་བར་སྐྱེ་འཆིའི་སྡུག་བསྔལ་མྱོང་བའི་རྒྱུ་བྱེད་པའི་ཕྱིར་སྤང་བླང་བྱེད་པ་གལ་ཆེ་སྟེ། མདོ་ལས། བག་ཡོད་བདུད་རྩིའི་གནས་ཡིན་ལ། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ ཏུ་འཆི། །ཞེས་གསུངས་ལ། དེའི་ཕྱིར། བཤེས་སྤྲིང་ལས་ཀྱང༌། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏོ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། ། ཅེས་གསུངས་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། བསྒྲུབ་བྱ་བསླབ་པ་ལ་བསམ་སྟེ་བག་ཡོད་བྱ་བ། རྟེན་དལ་འབྱོར་ལ་བསམ་སྟེ་བག་ཡོད་བྱ་བ། སྤང་བྱ་ཉོན་མོངས་ལ་བསམ་སྟེ་བག་ཡོད་བྱ་བའོ། །དང་པོ་ལ་གཉིས། བསམ་པ་སེམས་
Page: 285 ༄༅། །བསྐྱེད་མི་ཉམས་པར་བསྲུང་བ། སྦྱོར་བ་བརྩོན་འགྲུས་མི་ཉམས་པར་བསྲུང་བའོ། །དང་པོ་ནི། བབ་ཅོལ་བརྩམས་པ་སོགས་ཏེ། དེ་ལ། སེམས་བསྐྱེད་དེ་འདོར་མི་རུང་ཞིང་དེ་ལས་བཤོལ་དུ་མེད་པའི་རྒྱུ་མཚན་ནི། བྱ་བ་གང་ཞིག་སྐྱོན་ ཡོན་ཡེ་མ་བརྟགས་ཤིང་མ་དཔྱད་པར་བབ་ཅོལ་དུ་བརྩམས་པ་གང་ཡིན་པའམ། བྱ་བ་གང་ཞིག་ཅུང་ཟད་ཅིག་བརྟགས་ཀྱང་ལེགས་པར་ཞིབ་ཏུ་མ་བརྟགས་ཤིང་མ་དཔྱད་པར་བྱས་པ་དེ་ནི་དང་པོ་རེ་ཞིག་བྱེད་པར་དམ་བཅས་ཤིང་ཁས་བླངས་བྱས་པར་གྱུར་ཀྱང་ཕྱི་ ནས་བྱ་བ་དེ་བྱ་འོས་ཤིང་རིགས་པ་ཡིན་ན་བྱ་བའམ། འོན་ཏེ་དེ་འདྲའི་བྱ་བ་དེ་བྱ་མི་འོས་ཤིང་མི་རིགས་ན་བཏང་བར་བྱ་ཞེས་ལེགས་པར་བརྟགས་དཔྱད་བྱས་པའི་སྒོ་ནས་འཇུག་ལྡོག་བྱེད་པར་རིགས་ནའང་། འདི་ནི་དེ་ལྟར་མ་ཡིན་ཏེ། ཤེས་བྱ་ཐམས་ཅད་ལ་ འཁྲུལ་བ་ཅུང་ཟད་ཀྱང་མི་མངའ་བའི་སངས་རྒྱས་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་གང་ལ་བརྟགས་དཔྱད་མཛད་ནས་ཐེག་ཆེན་གྱི་མདོ་སྡེ་རྣམས་སུ་སེམས་དེའི་བསྔགས་པ་མང་དུ་གསུངས་པ་སྟེ། སྔར། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཞེས་སོགས་ཀྱི་སྐབས་བཤད་པ་ལྟར་དང་། སངས་རྒྱས་དེ་ཡི་སྲས་རྨད་དུ་བྱུང་བའི་ཤེས་རབ་ཆེན་པོ་མངའ་བ་འཕགས་པ་བྱམས་པ་དང་འཇམ་དཔལ་དང་སྤྱན་རས་གཟིགས་སོགས་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་ གང་བརྟགས་པ་ལས་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཉིད་གཟིགས་ནས་སྡོང་པོ་བཀོད་པ་ལ་སོགས་པའི་མདོ་སྡེ་རྣམས་ལས་དེའི་ཕན་ཡོན་དཔག་ཏུ་མེད་པ་གསུངས་ཤིང་དེ་ཉིད་འདོར་དུ་མི་རུང་བར་བསྟན་ལ། བདག་ཉིད་ཀྱིས་ཀྱང་སྔོན་དུ་དེའི་ཕན་ཡོན་ལ་
Page: 286 སེམས་པ་ལ་སོགས་པའི་སྒོ་ནས་ནུས་པ་ཅི་ཡོད་ཀྱིས་ལེགས་པར་བརྟགས་ཤིང་དཔྱད་ཡང་དང་ཡང་དུ་ལེགས་པར་བརྟགས་ཤིང་དཔྱད་པ་ན་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་མཐོང་ནས་དེའི་རྒྱུ་མཚན་གྱིས་ལེན་དགོས་པར་རིགས་ནས་བསམ་ བཞིན་དུ་བླངས་ཤིང་དམ་བཅས་པ་༌་དེ་ལ་བཤོལ་དུ་ཅི་ཞིག་ཡོད་དེ་རྣམ་པ་ཀུན་ཏུ་མེད་པས་ན་བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་དུ་ཅི་ནས་ཀྱང་མི་ཉམས་པར་བརྟན་པོར་བསྲུང་བ་ལ་འབད་པར་བྱ་དགོས་ཏེ། བྱམས་པ་སེང་གེ་སྒྲར། གང་དག་བྱང་ཆུབ་ཕྱིར་བརྩོན་ པ། །དེ་དག་ལྷུན་པོ་འདྲ་བར་ནི། །མཐུ་བརྟན་རབ་ཏུ་མི་གཡོ་སྟེ། །ཡི་དམ་གཏོང་བར་མི་བྱེད་དོ། །ཞེས་དང༌། འཇམ་དཔལ་ཞིང་བཀོད་དུའང༌། བྱང་ཆུབ་སེམས་དཔའ་ཁྱིམ་པའང་རུང་རབ་ཏུ་བྱུང་བ་ཡང་རུང་སྟེ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་འཛིན་ པ་ལ་རབ་ཏུ་གནས་པ་ཡིན་ཏེ་དེ་སྲོག་གི་ཕྱིར་ཡང་བསླབ་པ་ལས་མི་འདའ་འོ། །ཞེས་པ་ལྟར་རོ། །སེམས་བསྐྱེད་ཉམས་པས་རང་ངན་འགྲོར་འགྲོ་བ་ནི། གལ་ཏེ་དེ་ལྟར་སྔར་སེམས་བསྐྱེད་པའི་ཚེ་སེམས་ཅན་ཐམས་ཅད་ལ་གནས་སྐབས་ལྷ་མིའི་བདེ་བ་དང་ མཐར་འཁོར་བ་ལས་བསྒྲལ་ནས་སངས་རྒྱས་ཀྱི་བདེ་བ་ལ་འགོད་པར་བྱའོ་ཞེས་དམ་བཅས་ནས་དེའི་དོན་དེ་ཉིད་སྦྱོར་བ་ཉམས་ལེན་གྱི་ལས་ཀྱིས་སམ་སྦྱོར་བ་སྒོ་གསུམ་གྱི་བྱ་བའི་ལས་ཀྱིས་བསྒྲུབ་པར་མ་བྱས་ན། མགྲོན་དུ་གཉེར་བའི་སེམས་ཅན་གྲངས་ ལས་འདས་པ་དེ་དག་ཀུན་བརྫུན་ཆེན་པོའི་སྒོ་ནས་བསླུས་པར་གྱུར་པས་བསླུ་བ་པོ་བདག་གི་འགྲོ་བ་ཅི་འདྲར་འགྱུར་ཏེ་ངན་འགྲོར་འགྲོ་བ་ལས་འོས་མེད་དེ་ཞེས་སམ། ཡང་ན་དབང་བོ་སངས་རྒྱས་བྱང་སེམས་རྣམས་དང་བཅས་པའི་སྐྱེ་བོ་དེ་དག་ཀུན་བརྫུན་ཆེན་པོས་
Page: 287 ༄༅། །བསླུས་པས་ཞེས་སྦྱར་རོ། །བསླབ་བཏུས་སུ་མདོ་དྲངས་པ་ལས། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་གང་མ་བརྒལ་བ་བསྒྲལ་བ་དང་མ་གྲོལ་བ་དགྲོལ་བ་དང་དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང་ཡོངས་སུ་མྱ་ངན་ལས་མ་ འདས་པ་ཡོངས་སུ་མྱ་ངན་ལས་ཟླ་བའི་ཕྱིར་སེམས་ཅན་ཐམས་ཅད་དབུགས་ཕྱུང་ལ་མང་དུ་ཐོས་པ་དང་དེ་ལས་གཞན་དགེ་བ་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་བར་ལ་བརྩོན་པར་མི་བྱེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་པ་སླུ་བ་ཡིན་ནོ་དེ་ ལྟ་བུ་དེ་ལ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་མཐོང་ནས་འཆུ་ཞིང་གཞོག་འཕྱས་བྱེད་ལ་རྣམ་པར་སྨོད་དེ་ཞེས་སོགས་དང༌། སའི་སྙིང་པོའི་མདོ་ལས། དགེ་བའི་ལས་ལམ་བཅུ་པོ་འདི་དག་གིས་སངས་རྒྱས་སུ་འགྱུར་གྱི་གང་གིས་ཇི་སྲིད་འཚོའི་བར་ དུ་ཐ་ན་དགེ་བའི་ལས་ཀྱི་ལམ་གཅིག་ཙམ་ཡང་མི་སྲུང་ལ་འོན་ཀྱང་ཚིག་འདི་སྐད་དུ་ང་ནི་ཐེག་པ་ཆེན་པོ་པ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚོལ་ལོ་ཞེས་ཟེར་ན་གང་ཐག་དེ་ནི་ཤིན་ཏུ་ཚུལ་འཆོས་པ་བརྫུན་ཆེན་པོ་སྨྲ་བ་སངས་རྒྱས་བཅོམ་ ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་འཇིག་རྟེན་ལ་སླུ་བར་བྱེད་པ་སྟེ་དེ་རྨོངས་བཞིན་དུ་འཆི་བའི་དུས་བྱེད་ཅིང་ལོག་པར་ལྟུང་བར་འགྲོའོ་ཞེས་སོ་ཞེས་པ་ལྟར་རོ། །དེའི་འཐད་པའམ་རྒྱུ་མཚན་ནི། དངོས་པོ་ཆེན་པོ་དང་མང་པོ་ལྟ་ཞོག་ཐ་ན་ཁམས་གཅིག་ ལ་སོགས་པའི་དངོས་པོ་ཕལ་བ་ཅུང་ཟད་ལའང་ཡིད་ཀྱིས་འདི་ལ་སྦྱིན་པར་བྱའོ་ཞེས་བསམ་པར་བྱས་ནས་སླར་མི་གང་གིས་སྦྱིན་པར་མི་བྱེད་པ་དེ་ཡང་ཡི་དྭགས་སུ་སྐྱེ་བར་འགྱུར་ལ། ཡང་ཞེས་པའི་སྒྲས་དམ་བཅས་ནས་མི་སྟེར་ན་དམྱལ་བར་སྐྱེའོ་ཞེས་མདོ་
Page: 288 ལས་གསུངས་ན། དེ་བས་ལྷག་པའི་དངོས་པོ་གཞན་མ་མཆིས་པ་བླ་ན་མེད་པའི་སངས་རྒྱས་ཀྱི་བདེ་བ་དམ་པ་དང་ཞར་ལ་ལྷ་མིའི་བདེ་བ་ལའང་སེམས་ཅན་ཐམས་ཅད་དགོད་དོ་ཞེས་ཚིག་ཙམ་མ་ཡིན་པར་བསམ་པ་ཐག་པ་ནས་གུས་པ་དང་བཅས་པས་ སྐད་གསང་མཐོན་པོས་མགྲོན་དུ་གཉེར་ཞིང་བོས་ནས་ཁོས་བླངས་པའི་དོན་དེ་དེ་བཞིན་དུམ་བསྒྲུབས་ནས་འགྲོ་བ་ཐམས་ཅད་བསླུས་པར་བྱས་ན་བདེ་འགྲོ་ཇི་ག་འགྲོ་འགྱུར་རམ་སྟེ་མི་འགྲོ་བར་ངེས་པའོ། །དམ་བཅས་པ་དང་མགྲོན་དུ་གཉེར་ཚུལ་ནི། ། བདག་གིས་སེམས་ཅན་མ་བསྒྲལ་བ་བསྒྲལ་བར་བགྱིའོ་སོགས་དང༌། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །ཞེས་སོགས་བརྗོད་པ་ལྟ་བུའོ། །དེ་ལྟར་དྲན་པ་ཉེར་གཞག་ལས། ཅུང་ཟད་ཅིག་བསམ་པ་ལས་མ་བྱིན་ན་དེ་ནི་ཡི་དྭགས་ཀྱི་འགྲོ་བར་ སྐྱེ་ལ། དམ་བཅས་པ་ལས་མ་བྱིན་ན་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་པ་དང་། འགྲོ་བ་རྣམ་འབྱེད་ཀྱི་མདོ་ལས། མི་གང་འབྲས་ཆན་ཚོད་མའམ། །དེ་བཞིན་རྩ་བ་འབྲས་བུ་དག །ཡིད་ཀྱིས་སྦྱིན་ཞེས་དམ་བཅས་ནས། །འཇུངས་པས་ སྦྱིན་པར་མི་བྱེད་ན། །དེ་ནི་ཡི་དྭགས་འཇིག་རྟེན་དང༌། །སྡུག་བསྔལ་མི་ཟད་མྱོང་བར་འགྱུར། །ཞེས་སོ། །བསླབ་བཏུས་ལས་ཀྱང་དྲན་པ་ཉེར་གཞག་གི་ལུང་དེ་དང༌། ཆོས་ཡང་དག་པར་སྡུད་པ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བདེན་ པ་ལྟར་བྱེད་པར་འགྱུར་བར་བྱ་སྟེ། རིགས་ཀྱི་བུ་བདེན་པ་ཡང་དག་པར་བརྗོད་པ་ནི་ཆོས་ཡང་དག་པར་བརྗོད་པའོ། །རིགས་ཀྱི་བུ་དེ་ལ་བདེན་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་
Page: 289 ༄༅། །ནས་སེམས་དེ་སྲོག་གི་ཕྱིར་ཡང་མི་གཏོང་ཞིང་སེམས་ཅན་རྣམས་ལ་ཡང་ལོག་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པའོ། །གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ བསྐྱེད་པ་ལ་སེམས་དེ་ཕྱིས་ཡོངས་སུ་གཏོང་ཞིང་སེམས་ཅན་རྣམས་ལའང་ལོག་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་བརྫུན་དུ་སྨྲ་བ་ཐ་མ་ཡིན་ནོ། །ཞེས་དང༌། བློ་གྲོས་རྒྱ་མཚོས་ཞུས་པ་ལས་ཀྱང༌། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན་རྒྱལ་པོའམ་རྒྱལ་པོའི་ བློན་པོ་ཆེན་པོས་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ལ་སང་ཟན་བྱིན་ནོ་ཞེས་མགྲོན་དུ་བོས་ནས་ཡལ་བར་དོར་ཏེ་བཟའ་བ་དང་བཏུང་བ་མི་སྦྱར་ན་དེས་སྐྱེ་བོའི་ཚོགས་དེ་དག་ཐམས་ཅད་བསླུས་པ་ཡིན་ཏེ་ཞེས་སོགས་དྲངས་ནས་ཁས་བླངས་པ་ལས་ཉམས་པའི་ཉེས་པ་ རྒྱ་ཆེར་བསྟན་ཏོ། །དོན་དེ་ལ་འགལ་བ་སྤོང་བ་ནི། འོ་ན་འཕགས་པ་ཤཱ་རིའི་བུ་སྔོན་རྒྱལ་པོ་ཟླ་འོད་དུ་གྱུར་ཚེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པ་ན་སངས་རྒྱས་སྟོང་ཕྲག་བཅུ་ལ་བསྙེན་བཀུར་བྱས་ནས་སེམས་ཅན་གྱི་དོན་མཛད་ཚེ་བདུད་སྡིག་ཅན་ བྲམ་ཟེར་སྤྲུལ་ནས་ལག་པ་གཡས་པ་བསླངས་པ་ན་གཡས་པ་བཅད་ནས་གཡོན་པས་བྱིན་པ་ལ་མ་མགུ་ནས་གཡོན་པ་མི་གཙང་བས་བྱིན་པ་མི་ལེན་ཞེས་ཁྲོས་ནས་བསྐྱུར་བ་ལ་སྐྱོ་ནས་སེམས་ཅན་མགུ་བར་བྱེད་མི་ནུས་སོ་སྙམ་ནས་བྱང་ཆུབ་ཀྱི་སེམས་བཏང་ཡང་ཕྱིས་དགྲ་ བཅོམ་ཐོབ་པ་དང༌། གསེར་མདོག་གི་སྔོན་གྱི་སྦྱོར་བ་ལས་བྱང་སེམས་བསྐལ་པ་བཞི་བཅུར་སྤྱད་པ་སྤྱོད་པ་ཞིག་བྱང་ཆུབ་ཀྱི་སེམས་བཏང་མ་ཐག་ཏུ་རང་རྒྱལ་དུ་གྱུར་པར་གསུངས་པ་དང་འགལ་ལོ་ཞེ་ན། ཤཱ་རིའི་བུ་སོགས་མི་གང་བྱང་ཆུབ་ཀྱི་སེམས་བཏང་ཡང་དེ་
Page: 290 དག་ཐར་པ་ཐོབ་པར་མཛད་པ་དེ་ལྟ་བུ་ནི་ལས་ཀྱི་ཚུལ་དེ་སོ་སྐྱེ་ཕལ་བས་བསམ་གྱིས་མི་ཁྱབ་པའམ་རྟོགས་པར་མི་ནུས་པའི་ཡུལ་ཁོ་ན་སྟེ། དེ་འདྲའི་ལས་ཀྱི་ཚུལ་ཕྲ་ཞིང་ཕྲ་བ་སྣ་ཚོགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནས་སམ་ཉག་གཅིག་གིས་མཁྱེན་གྱི་ བློ་གྲོས་དམན་པ་གཞན་གྱིས་བསམ་པར་མི་ནུས་ཤིང་བསམ་ན་མགོ་མྱོས་མྱོས་པོར་འགྱུར་བས་སོ། །དེ་ནི་དཀོན་བརྩེགས་ལས། གང་ལས་འདིའི་བློ་ནི་ནུས་པ་མེད་པ་དེ་ལ་དེ་བཞིན་གཤེགས་པ་ཉིད་ཚད་མར་གྱུར་པ་དེ་བཞིན་གཤེགས་པ་ཉིད་མཁྱེན་གྱི་ངས་ནི་མི་ ཤེས་སོ་ཞེས་གསུངས་པ་ལྟར་རོ། །རྣམ་བཤད་དུ། ངས་ནི་འདི་ཡི་ཐར་པ་ཡི། །ས་བོན་ཤིན་ཏུ་ཕྲ་བ་ཡང་། །ས་ཡི་ཁོང་ན་ཡོད་པའི་གསེར། །བག་ལ་ཉལ་བ་བཞིན་དུ་གཟིགས། །ཞེས་པ་འདིར་དྲངས་ལ། ས་བཟང་པས། རྨ་བྱའི་མདོངས་ནི་གཅིག་པུ་ ལ། །ཞེས་སོགས་འདིར་དྲངས་ནས་བཤད་དོ། །ཐམས་ཅད་མཁྱེན་པས་མཁྱེན་གྱི་བདག་ཅག་གིས་མི་ཤེས་སོ་ཞེས་པ་རྣམ་སྣང་དང་རྣམ་བཤད་ཀྱི་བཞེད་པ་ཡིན་ལ། འདི་རྩ་ཚིག་དང་མཐུན་ཞིང་འགྲེལ་པ་ཕལ་ཆེ་བར་ཡང་དེ་ལྟར་རོ། །འགྲེལ་ཆེན་དུ་ བྱང་ཆུབ་ཀྱི་སེམས་བཏང་ཡང་ཐར་པའི་སེམས་མ་བཏང་བས་ཐར་བ་ཐོབ་པར་བཤད་པ་ལ་ཉེས་པ་མེད་གསུངས་ཤིང༌། དགེ་ལྷ་བཏང་དུ་ཟིན་ཡང་ཕྱིས་བླངས་ཞེས་བཞེད་དོ། །བི་བྷཱུ་ཏིས་ཀུན་རྫོབ་བྱང་སེམས་བཏང་ཡང་དོན་དམ་བྱང་སེམས་མ་བཏང་ཞེས་ འཆད་ལ། རྒྱལ་སྲས་ཐོགས་མེད་པས་འདི་འཐད་སྙམ་འོན་ཀྱང་བསམ་གྱིས་མི་ཁྱབ་པ་བསམ་པས་ངལ་བས་ཅི་ཞིག་བྱ་ཞེས་ཀྱང་གསུངས་སོ། །འགའ་ཞིག་སེམས་བསྐྱེད་བཏང་བ་མེད་ཅེས་ཟེར་བ་ནི། སེམས་བཏང་ཡང་། ཞེས་པ་དང་འགལ་བར་
Page: 291 ༄༅། །བཤད་དོ། །དེ་བཏང་ན་གཞན་དོན་ལས་ཉམས་པས་ལྟུང་བ་ལྕི་བ་ནི། སེམས་བསྐྱེད་བཏང་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ལྟུང་བའི་གནས་ཐམས་ཅད་ཀྱི་ནང་ནས་ཤིན་ཏུ་ལྕི་བ་སྟེ། གང་གི་ཕྱིར་ན་འདི་ལྟར་ལྟུང་བ་དེ་ནི་བྱུང་ བར་གྱུར་ན་གཞན་དོན་དོན་གཉེར་གྱི་བསམ་པ་ཉམས་པས་སྤྱོད་པའི་སྒོ་ནས་སེམས་ཅན་མ་ལུས་པ་ཀུན་གྱི་དོན་སྒྲུབ་པ་ལ་མཐུ་དང་ནུས་པ་ཐམས་ཅད་ཤིན་ཏུ་དམན་པར་འགྱུར་ཏེ་སྤྱོད་པའི་རྟེན་སེམས་བསྐྱེད་ཉམས་པ་དེའི་ཕྱིར་རོ། །འདིས་སེམས་ཅན་གདོན་པར་དམ་ བཅས་པ་ལས་སེམས་བསྐྱེད་ཉམས་པས་སེམས་ཅན་ཀུན་གྱི་དོན་སྒྲུབ་པ་བཅོམ་པར་བྱས་ལ་དེའི་རྒྱུ་མཚན་གྱིས་ལྟུང་བའི་ནང་ནས་ལྕི་བ་ཡིན་པར་བསྟན་ལ། དེ་ལྟར་སྡུད་པ་ལས་ཀྱང་། གལ་ཏེ་བསྐལ་བ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་ བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་ལ། ཐབས་ལ་མཁས་པའི་མདོ་ལས་ཀྱང་སེམས་བསྐྱེད་གཏོང་བ་རྩ་བའི་ལྟུང་བ་ཤིན་ཏུ་ལྕི་བ་ཉིད་དུ་ བསྟན་ཏོ། །དེ་ཡང་བྱང་སྡོམ་ལྡན་པས་སྨོན་སེམས་བཏང་ན་སྨོན་སེམས་འདོར་བའི་རྩ་ལྟུང་དང༌། བྱང་གོམ་མ་བླངས་བས་སྨོན་སེམས་ཉམས་ན་སོ་ཐར་གྱི་ཕམ་པ་ལས་ཀྱང་སྡིག་པ་ལྕི་བར་བསྟན་ཏོ། །ཕས་ཕམ་པའི་ལྟུང་བ་བྱུང་ཡང་སེམས་བསྐྱེད་མ་བཏང་ན་ སེམས་ཅན་གྱི་དོན་བྱེད་པ་ལས་ཉམས་པར་མི་འགྱུར་ལ། སེམས་བསྐྱེད་བཏང་བས་དེ་ལས་ཉམས་པས་ལྟུང་བ་ལྕི་བར་བསྟན་ཞེས་རྣམ་བཤད་ལས་སོ། །བྱང་སེམས་ཀྱི་དགེ་བ་ལ་བར་ཆད་བྱས་པའང་སྔ་མ་ལྟར་ཉེས་པ་ཆེ་བ་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་བཏང་
Page: 292 ན་རང་ལ་ལྟུང་བ་ལྕི་བ་ཡིན་པར་མ་ཟད་གང་སེམས་ཅན་གཞན་འགའ་ཞིག་གིས་ཡུན་རིང་པོར་ལྟ་ཞོག་སྐད་ཅིག་གམ་ཡུད་ཙམ་གཅིག་གི་ཡུན་ཚད་ཙམ་དུ་ཡང་བྱང་ཆུབ་སེམས་དཔའ་འདིའི་གཞན་ལ་ཕན་པ་སྒྲུབ་པའི་བསོད་ནམས་དགེ་བའི་བར་ཆད་དང་གེགས་ བྱེད་པར་གྱུར་ན། གེགས་བྱེད་ཡུལ་གྱི་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པལ་ནུས་པ་ཉམས་ཤིང་དམན་པར་གྱུར་ལ་དེས་ཀྱང་སེམས་ཅན་ཀུན་གྱི་དོན་བཅོམ་པས་དེ་ལྟ་བུའི་ལས་བྱས་པས་ན་གེགས་བྱེད་པའི་སེམས་ཅན་དེ་ཡི་ངན་ འགྲོ་དམྱལ་སོགས་སུ་སྐྱེ་བ་ལེན་པའི་གྲངས་མུ་མཐའ་མེད་པ་སྟེ་མཐར་ཐུག་པ་མེད་པར་འགྱུར་ཏེ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་འཛམ་བུའི་གླིང་བའི་སེམས་ཅན་ཐམས་ཅད་ཀྱི་ སྲོག་བཅད་དམ་དེ་དག་གི་བདོག་པ་ཐམས་ཅད་ཕྲོགས་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་གཅིག་གི་སེམས་བསྐྱེད་པ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་ཟན་ཆངས་ཅིག་ སྦྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་བར་ཆད་བྱས་ནས་དེ་དེ་བས་ཆེས་སྡིག་པ་གྲངས་མེད་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་འབྱུང་བ་སྐྱེད་པའི་དགེ་བའི་རྩ་བའི་བར་ཆད་བྱེད་པར་གནས་པའི་ཕྱིར་རོ། །ཞེས་སོ། །དེ་བཞིན་དུ། ངེས་པ་དང་མ་ངེས་པར་ འགྲོ་བ་ཕྱག་རྒྱ་ལ་འཇུག་པའི་མདོར། ཕྱོགས་བཅུའི་རྡུལ་སྙེད་ཀྱི་སེམས་ཅན་རང་སངས་རྒྱས་ལ་བཀོད་པ་བས་བྱང་ཆུབ་སེམས་དཔའི་དགེ་རྩ་གཅིག་ཙམ་འཕེལ་བར་བྱས་པའང་བསོད་ནམས་ཆེས་ཆེ་བའི་ཚུལ་མང་དུ་གསུངས་སོ། །དེས་ན་བྱང་སེམས་གར་
Page: 293 ༄༅། །ཡོད་མི་ཤེས་ཤིང་ཉེས་པ་འདི་ཡང་འབྱུང་ཉེ་བས་གནས་འདི་ལ་གཟབ་པར་བྱ་ལ། འདི་བསྲུང་ནུས་ན་གང་ཟག་ལ་བརྟེན་པའི་ཉེས་པའི་སྒོ་མང་པོ་ཁེགས་པར་ཡང་གསུངས་སོ། །དེའི་འཐད་པ་སྟོན་པ་ནི། དེ་ངན་འགྲོ་མུ་མཐའ་མེད་པར་ འགྱུར་བ་ཅིའི་ཕྱིར་སྙམ་ན། དེའི་རྒྱུ་མཚན་ནི་འདི་ལྟར་སེམས་ཅན་མཐའ་ཡས་པ་ལྟ་ཞོག་སེམས་ཅན་གཅིག་གི་ཕན་པ་དང་བདེ་བ་ཆུང་ངུ་ཙམ་ཡང་བཤིག་པའམ་བཅོམ་ན་གཞིག་པ་པོ་བདག་ཉིད་དམ་དེ་ཉིད་བདེ་འགྲོ་མཐོ་རིས་ལས་ཉམས་པར་འགྱུར་ན། བྱང་ སེམས་ཀྱི་དགེ་བ་ལ་བར་ཆད་བྱས་ནས་ནམ་མཁའི་ཁམས་མ་ལུས་པའི་མཐའ་ཀླས་པའམ་མཐས་ཁྱབ་པའི་ལུས་ཅན་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པའི་བདེ་བ་ཆེན་པོའི་རྒྱུ་བཤིག་པར་བྱས་ན་བདེ་འགྲོ་ཐོབ་པ་ལས་ཉམས་ནས་ངན་འགྲོ་མུ་མཐའ་མེད་པར་སྐྱེ་ བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །ཡང་སེམས་ཅན་གཅིག་གི་སྲོག་གནས་པའི་བདེ་བ་བཤིག་ན་ཞེས་ཀྱང་གསུངས་སོ། །གཞན་སེམས་བསྐྱེད་ལས་བཟློག་སྟེ་ཐེག་དམན་དུ་སེམས་བསྐྱེད་དུ་བཅུག་ནའང་རྩ་ལྟུངདུ་འགྱུར་བས་འདི་དང་འདྲ་བར་རྣམ་བཤད་ ལས་གསུངས་སོ། །འགའ་ཞིག་ཏུ་ཚིགས་བཅད་སྔ་མ་ལུང་གིས་སྒྲུབ་པ་དང་འདི་རིགས་པས་སྒྲུབ་པ་ཡིན་པར་བཤད་ལ། འགྲེལ་ཆེན་དུ་གོང་གི་ལུང་འདིར་འདྲེན་པར་མཛད་དོ། །འོ་ན་བྱང་སེམས་ལ་མགོ་དང་ལུས་སློང་བ་སོགས་བྱས་ན་དེའི་དགེ་བ་རྒྱུན་ ལྡན་གྱི་བར་ཆད་བྱས་པའི་ཕྱིར་སློང་བ་པོ་དེའི་ངན་འགྲོ་མུ་མཐའ་མེད་པར་འགྱུར་རོ་ཞེ་ན། དེ་ནི་དགེ་བའི་མཐུན་རྐྱེན་ཡིན་ཏེ། བལ་གླང་གླང་པོ་ཆེས་བརྡེག་པ་བོང་བུས་བཟོད་མི་ནུས་པ་ལྟར་བྱང་སེམས་ཆེན་པོ་མ་ཡིན་པས་དེ་ལ་ཉམ་ང་བར་བྱས་ཏེ་སློང་མི་
Page: 294 ནུས་པའི་ཕྱིར་དེ་ནི་བྱང་སེམས་ཀྱི་ཐབས་མཁས་སུ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་བཤད་དོ་ཞེས་བུ་སྟོན་གསུང་ངོ༌། །ས་ཐོབ་པ་ལ་རང་དུ་ཐོགས་པ་ནི། ལྟུང་བ་བྱུང་ཡང་དེ་བཤགས་ནས་སེམས་བསྐྱེད་པས་ཆོག་གོ་སྙམ་ན། གོང་དུ་བཤད་པ་དེ་ལྟར་ སྨོན་སེམས་བཏང་བའི་ལྟུང་བ་སྟོབས་ལྡན་འབྱུང་བ་དང་སླར་ཡང་བྱང་ཆུབ་ཀྱི་སེམས་སྟོབས་དང་ལྡན་པ་བླངས་པ་དག་འཁོར་བར་འཁོར་བ་ན་དེ་གཉིས་རེས་མོས་ཀྱིས་འདྲེས་མར་བྱུང་བའམ་སྤེལ་མར་བྱུང་ན་དེ་ལྟ་བུའི་སྟོབས་ལྡན་གྱི་ལས་དེ་གཉིས་ཀྱི་འབྲས་བུ འང་རིམ་པར་ངན་སོང་དང་མཐོ་རིས་སུ་སྐྱེ་བ་བརྒྱུད་མ་བླངས་ནས་རེ་མོས་ཀྱིས་འདྲེ་བར་བྱེད་ན་རབ་དགའ་ལ་སོགས་པའི་ས་ཐོབ་པ་ལ་ཡུན་རིང་དུ་ཐོགས་ཞེས་དངོས་སུ་བསྟན་ནས་ཤུགས་ལ་སངས་རྒྱས་ཐོབ་པ་ལ་དེ་བས་ཀྱང་ཡུན་རིང་དུ་ཐོགས་པ་སྨོས་ཅི་ དགོས་པར་བསྟན་ཏོ། །ས་ཐོབ་པ་ལའང་ཞེས་འང་སྒྲ་ཡོད་ལ་དེས་སངས་རྒྱས་ཐོབ་དཀའ་བའང་སྡུད་ཅེས་འཆད་པ་ཡོད་སྙམ། འདི་མི་གཉིས་ཀྱི་འདོ་ལི་འདྲེན་པ་ན་གཅིག་གིས་མདུན་དུ་འཐེན་གཅིག་གིས་རྒྱབ་ཏུ་འཐེན་པས་འགྲོ་སར་ཕྱིན་མི་ནུས་པ་དེ་ བཞིན་ཡིན་པར་རྣལ་འབྱོར་ཟླ་བ་གསུང་ངོ༌། །དེས་ན་སྲོག་ལ་བབས་ཀྱང་སེམས་བསྐྱེད་མི་ཉམས་པའི་ཐབས་ལ་བརྩོན་པར་བྱའོ། །ལྟུང་བ་གཞན་བྱུང་ཡང་བྱང་ཆུབ་ཀྱི་སེམས་མ་ཉམས་ན་ངན་འགྲོར་མི་འགྲོ་ཡང་ས་ཐོབ་པ་ལ་ཐག་བསྲིངས་པར་འགྱུར་ བ་དེ་དང་འདྲའོ། །འགའ་ཞིག་ཏུ་འདི་ཡན་སྨོན་སེམས་ལས་འདས་པའི་ཉེས་པ་དང་འདི་ནས་འཇུག་སེམས་ལས་འདས་པའི་ཉེས་པ་ཞེས་འཆད་ལ། ས་བཅད་འདིར་ཡང་འདི་ཡན་ལ་བསམ་པ་སེམས་བསྐྱེད་མི་ཉམས་པར་བསྲུང་བ་ཞེས་གསུངས་ལ་
Page: 295 ༄༅། །དེའི་དོན་ཡང་དེ་བསྲུང་བ་གཙོ་བོར་བསྟན་པའི་དོན་ཡིན་གྱི་སེམས་བསྐྱེད་རྐྱང་པ་མིན་ཏེ་གོང་འོག་འདི་དག་གིས་སྔར་གྱི་དམ་བཅའ་མི་ཉམས་པར་བསྲུང་དགོས་པར་བསྟན་པ་ཡིན་ལ་དེ་ནི་སེམས་བསྐྱེད་དུ་མ་ཟད་བསླབ་པ་བསྒྲུབ་པར་ཡང་ དམ་བཅས་པས་སོ། །གཉིས་པ་སྦྱོར་བ་བརྩོན་འགྲུས་མི་ཉམས་པར་བསྲུང་བ་ནི། དེ་ལྟས་ཇི་ལྟར་སོགས་ཏེ། དེ་ལ། དམ་བཅའ་བཞིན་མ་བསྒྲུབས་ན་ངན་འགྲོར་བརྒྱུད་དགོས་པ་ནི། དེ་ལྟར་ན་ད་ཇི་ལྟར་བྱ་བར་འོས་སྙམ་ན། དམ་བཅའ་བཞིན་དུ་ ཉམས་སུ་མ་བླངས་པ་ལ་ཉེས་དམིགས་ཆེ་བ་དེ་ལྟས་ཏེ་དེའི་ཕྱིར་རམ་དེ་ལྟ་བས་ན་སེམས་བསྐྱེད་པའི་དུས་སུ་སེམས་ཅན་ཐམས་ཅད་གདོན་པར་བྱའོ་ཞེས་ཇི་ལྟར་དམ་བཅས་པ་བཞིན་དུ་གཞན་དོན་དུ་བྱང་ཆུབ་ཆེན་པོ་སྒྲུབ་པའི་རྒྱུར་གྱུར་པའི་བསླབ་བྱ་རྒྱ་ཆེན་པོ་ རྣམས་ལ་བདག་གིས་གུས་པས་དང་དུ་ལེན་པ་དང་བསྟན་པའི་དོན་རྗེས་སུ་སྒྲུབ་པར་བྱེད་པའི་བག་ཡོད་པའི་སྒོ་ནས་བརྩོན་པས་བསྒྲུབ་པར་བྱ་དགོས་ཏེ། སེམས་བསྐྱེད་དང་སྡོམ་པ་བླངས་པའི་དུས་དེང་ནས་དམ་བཅས་པའི་དོན་བསླབ་པ་ཉམས་སུ་ལེན་པ་ལ་གཡེལ་བ་ མེད་པར་ནན་ཏན་གྱིས་བརྩོན་པར་མ་བྱས་པས་ཉམས་པར་གྱུར་ན་ཉེས་ལྟུང་སྟོབས་ལྡན་གྱི་དབང་ལས་ཕྱིས་འོག་ངན་སོང་ནས་འོག་ངན་སོང་དག་ཏུ་སྐྱེ་བ་བརྒྱུད་མར་བླངས་ནས་འགྲོ་ཞིང་སྡུག་བསྔལ་ཡང་རྒྱུན་ཆད་པ་མེད་པར་མྱོང་བར་འགྱུར་རོ། །འགྲེལ་པ་འགའ་ ཞིག་ཏུ་འདིའི་ཚིག་རྐང་སྔ་མ་གཉིས་བསམ་པ་སེམས་བསྐྱེད་མི་ཉམས་པར་སྲུང་བའི་དོན་བསྡུར་མཛད་དེ་སྔ་མ་ལ་ཡར་སྦྱར་རོ། །སངས་རྒྱས་རྣམས་ཀྱིས་ཀྱང་སྐྱོབ་དཀའ་བ་ནི། ངན་འགྲོར་ལྟུང་ཡང་སངས་རྒྱས་མང་དུ་འབྱོན་པས་སྡིག་སྡུག་ཅན་ཐུགས་རྗེས་
Page: 296 འཛིན་པས་ཉེས་པ་ལས་སྐྱོབ་ཅིང་ངན་སོང་ལས་གདོན་ནོ་སྙམ་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཁོ་ན་སྒྲུབ་པར་མཛད་པའི་སངས་རྒྱས་གྲངས་མེད་ཚད་མེད་སྔར་ཡང་བྱོན་ནས་འདས་ཟིན་པར་གྱུར་ཀྱང་བདག་ནི་བག་མེད་པར་གྱུར་པའི་དབང་གིས་རང་ གི་རྒྱུད་ཀྱི་བསླབ་པ་ཉམས་པར་བྱས་པ་སོགས་ཉེས་པར་སྤྱོད་པ་མང་དུ་སྤྱད་པས་འགྲོ་བའི་ལུས་སེམས་ཀྱི་ནད་གསོ་བའི་སྨན་པ་ཆེན་པོ་སངས་རྒྱས་གྲངས་མེད་པ་དེའི་གསོ་ཞིང་ཕན་གདགས་བྱ་བའི་སྤྱོད་ཡུལ་དུ་མ་གྱུར་ཏོ་ཞེས་ཏེ་དཔེར་ན་གསོར་མི་རུང་བའི་ནད་པ་སྨན་ པས་གསོ་ཐབས་མེད་པ་དང་ས་བོན་མེས་ཚིག་པ་ལ་ལྷས་ཆར་ཕབས་ཀྱང་མྱུ་གུ་སྐྱེ་མི་རུང་བ་བཞིན་ཏེ། །རྒྱུན་ལས། ལྷའི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། ། ཞེས་སོ། །དེ་ལས་གཞན་དུ་གདུལ་བྱ་རྒྱུད་དག་པ་ནི་སངས་རྒྱས་དང་ཕྲད་པ་དོན་ཆེ་སྟེ། མདོ་ལས། ཇི་ལྟར་ཉི་མ་ཤར་བ་ན། །ཡོངས་སྨིན་པད་མ་ཁ་འབྱེད་ལྟར། དེ་བཞིན་དེ་བཞིན་གཤེགས་བྱོན་ཡང་། །བསམ་པ་ཡོངས་སྨིན་ཁོ་ན་སྦྱོང་། །ཞེས་གསུངས། སྔར་དེ་ལྟར་གྱུར་ཀྱང་ཕྱིས་སྐྱོབ་བོ་སྙམ་ན། སྔར་གསོ་བའི་ཡུལ་དུ་མ་གྱུར་པར་མ་ཟད་ད་དུང་དུ་ཡང་སྔར་གྱི་དེ་བཞིན་དུ་བདག་གིས་བསྒྲུབ་བྱ་བསླབ་པ་ལ་མི་བརྩོན་པར་སྤྱོད་པ་བག་མེད་པར་བསླབ་སྡོམ་ལྷོད་པར་བྱེད་ཅིང་མི་དགེ་བ་ལས་ལྡོག་པར་མི་བྱེད་ན་ཡང་དང་ ཡང་དུའང་དེ་བཞིན་གསོ་བའི་སྤྱོད་ཡུལ་དུ་མི་འགྱུར་ཞིང་འོག་ནས་འོག་ཏུ་ཡང་ལྷུང་ནས་སྡུག་བསྔལ་ཆུའི་གཉེར་མ་ལྟར་གཅིག་རྗེས་སུ་གཅིག་བརྒྱུད་དེ་མྱོང་དགོས་པར་འགྱུར་ཏེ། དེའང་ཕལ་ཆེར་ངན་འགྲོར་སྐྱེས་ནས་སྡུག་བསྔལ་དཔག་མེད་མྱོང་བ་ཤས་ཆེ་
Page: 297 ༄༅། །ལ་དེས་བདེ་འགྲོར་སྐྱེས་ཀྱང་ནད་ཀྱི་རྣམ་གྲངས་མང་པོ་དང་དུས་མིན་དུ་འཆི་བའམ་ཐག་པ་སོགས་ཀྱིས་འཆིང་བ་དང་རལ་གྲི་སོགས་ཀྱིས་ཡན་ལག་བཅད་པ་དང་སོག་ལེ་ལ་སོགས་པས་ལུས་གཤག་པ་དང་གསོད་པ་དང་བརྡེག་པ་སོགས་ ཀྱི་སྡུག་བསྔལ་མང་པོ་མྱོང་བར་འགྱུར་ཞེས་སམ་ཡང་ན་ངན་སོང་ཉིད་དུ་ནད་དང་འཆིང་བ་དང་གཅོད་པ་སོགས་མྱོང་ཞེས་སྦྱར་རོ། །འདི་དག་ལ་སྦྱོར་བ་བརྩོན་འགྲུས་ལ་བག་བྱ་བའམ་སྦྱོར་བ་བསླབ་པ་ལ་བག་བྱ་བ་གང་བྱས་ཀྱང་འདྲ་སྟེ་བརྩོན་འགྲུས་ལ་བརྟེན་ ནས་བསླབ་པ་ཐམས་ཅད་སྒྲུབ་དགོས་པས་སོ། །བསླབ་བཏུས་ལས་ཀྱང་། བསླབ་པ་ལ་བརྩོན་པ་ནི་འབྲས་བུ་ཤིནཏུ་ཆེ་བའི་ཕྱིར་རོ། །རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ་གང་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་ རྒྱས་རྣམས་ལས་སངས་རྒྱས་རེ་རེ་ལ་ཡང་གངགཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་རབ་ཏུ་བཀང་སྟེ་དབུལ་བ་ཕུལ་བ་དེ་ལྟར་འབུལ་བས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་འབུལ་བ་ཕུལ་བ་བས། འཇམ་ དཔལ་བྱང་ཆུབ་སེམས་དཔའ་གཞན་གང་གིས་རྣམ་པ་འདི་ལྟ་བུའི་ཆོས་འདི་ཐོས་ནས་ཕྱོགས་གཅིག་ཏུ་སོང་སྟེ་འདི་ལྟར་སེམས་ཀྱི་མངོན་པར་རྟོག་ཅིང་འདི་ལྟ་བུའི་ཆོས་ལ་བསླབ་པར་བྱའོ་ཞེས་སློབ་པར་འདོད་ན་དེས་མ་བསླབས་སུ་ཟིན་ཀྱང་བསོད་ནམས་ཆེས་ མང་དུ་བསྐྱེད་དེ་ཞེས་སོགས་དྲངས་ནས། བསླབ་པ་ལ་བརྩོན་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་དང༌། ཕན་ཡོན་མཐོང་བའི་བྱང་ཆུབ་སེམས་དཔས་བསླབ་པ་ལ་བརྩོན་པ་ལས་ཕྱིར་མི་ལྡོག་པར་བྱ་དགོས་པའི་ཚུལ་དང་། ཡང་ཟླ་བ་སྒྲོན་མེའི་མདོ་ལས།
Page: 298 བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །སངས་རྒྱས་དག་ནི་བྱེ་བ་ཁྲག་ཁྲིག་ལ། །གདུགས་དང་བ་དན་མར་མེའི་ཕྲེང་བ་དང༌། །ཟས་དང་སྐོམ་གྱིས་དད་སེམས་མཆོད་བྱས་པས། །གང་གིས་དམ་པའི་ཆོས་འདི་འཇིག་པའི་ཚེ། །བདེ་བར་གཤེགས་པའི་བསྟན་ པ་འགག་པ་ན། །ཉིན་ཞག་དུས་ནི་བསླབ་པ་གཅིག་གཟུང་བ། །དེ་བས་བསོད་ནམས་འདི་ནི་ཁྱད་པར་འཕགས། ཞེས་གསུངས་ཏེ་དེ་བས་ན་བསླབ་པ་ལ་གུས་པར་བྱའོ། །ཞེས་སྤྱིར་བསླབ་པ་ལ་བརྩོན་པ་ཕན་ཡོན་ཆེ་བར་མ་ཟད་ད་ལྟ་སྙིགས་མའི་དུས་སུ་བསླབ་ པ་ལ་གུས་ཤིང་བརྩོན་པ་དེ་བས་ཀྱང་ཕན་ཡོན་ཤིན་ཏུ་ཆེའོ་ཞེས་བསླབ་ལ་སྲུང་འདོད་བསྐྱེད་ནས་སྦྱོར་བ་བསླབ་པ་ལ་བག་བྱ་ཚུལ་རྒྱས་པར་བསྟན་ཏོ། །གཉིས་པ་རྟེན་དལ་འབྱོར་ལ་བསམ་སྟེ་བག་བྱ་བ་ལ་གསུམ། དལ་འབྱོར་རྙེད་དཀའི་ཚུལ་ལ་བསམ་སྟེ་བག་ བྱ་བ། ངན་སོང་ལས་ཐར་དཀའ་བ་ལ་བསམ་སྟེ་བག་བྱ་བ། དལ་འབྱོར་ཐོབ་དུས་དགེ་བ་ལ་འབད་དགོས་པར་བསྟན་པའོ། །དང་པོ་ནི། དེ་བཞིན་གཤེགས་པ་སོགས་ཏེ། །དེ་ལ། དལ་འབྱོར་ཐོབ་དཀའ་ཚུལ་ནི། ཕྱིས་དལ་འབྱོར་ཐོབ་དུས་དགེ་བའི་ཆོས་ལ་ འབད་སྙམ་ན། གཞན་འབྱོར་ལྔའི་ནང་ནས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བ་ནི་ཨུ་དུགླུ་རའི་མེ་ཏོག་བཞིན་དུ་དཀོན་པར་མདོ་བཏུས་ལས་རྒྱས་པར་གསུངས་པ་ལྟར་ཡིན་ལ། དེས་མཚོན་ནས་གཞན་འབྱོར་གཞན་བཞི་རྙེད་དཀའ་བ་ཡང་། དང་ཞེས་པའི་སྒྲས་བསྡུས་ཏེ་བསྟན་པ་དང༌། དེ་བཞིན་དུ་རང་འབྱོར་ལྔ་ལས་བསྟན་པ་དམ་པའི་ཆོས་སྡེ་སྣོད་གསུམ་ལ་དད་པ་དང༌། མི་ཁོམ་པ་བརྒྱད་སྤངས་ཏེ་ཡུལ་དབུས་སུ་མི་ལུས་ཐོབ་པ་དང༌། དབང་པོ་ཚང་ཞིང་ལས་མཐའ་མ་ལོག་པའི་སྒོ་ནས་ལུས་དང་
Page: 299 ༄༅། །སེམས་ལས་སུ་རུང་བས་དགེ་བའི་ཕྱོགས་ལ་བཀོལ་ཏེ་དེར་གོམས་སུ་རུང་བའི་རང་འབྱོར་ལྔ་སྟེ། དེ་ལྟའི་དལ་འབྱོར་གྱི་ཆོས་ཕུན་སུམ་ཚོགས་པ་ཚང་བ་དེ་ལྟ་བུའི་འདུ་འཕྲོད་ནི་དཀོན་པ་སྟེ་ཤིན་ཏུ་རྙེད་དཀའ་བ་ཡིན་ན་ནམ་ཞིག་གམ་གང་གི་ ཚེ་ཐོབ་པར་འགྱུར་ཏེ་མི་འགྱུར་རོ། །དེས་ན་ད་ལྟ་རྙེད་དཀའ་བའི་མཆོག་རྙེད་པའི་དུས་འདིར་དགེ་བའི་ཕྱོགས་ལ་བརྩོན་པར་བྱ་དགོས་སོ། །མདོ་ལས། འཇིག་རྟེན་སངས་རྒྱས་འབྱུང་བརྒྱལ་ཏེ། མི་ཡི་ལུས་འདི་ཚོགས་ཀྱིས་རྙེད་པ་ཡིན། ཞེས་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། བརྒྱ་ལམ་འཇིག་རྟེན་སྣང་མཛད་པ། །དེ་བཞིན་གཤེགས་པ་འབྱུང་བར་འགྱུར། །དལ་བ་ཆུད་ཟོས་མ་བྱེད་པར། །བརྩོན་འགྲུས་བརྟན་པ་རྩོམ་བྱོས་ཤིག ཅེས་དང་། བྱམས་པ་འཇུག་པ་ཞེས་བྱ་བའི་མདོ་ ལས། །མི་ལུས་ཐོབ་པ་རྙེད་པར་དཀའ། །སངས་རྒྱས་འབྱུང་བ་རྙེད་པར་དཀའ། །སངས་རྒྱུས་དད་པ་རྙེད་པར་དཀའ། །བྱང་ཆུབ་སེམས་ཀྱང་རྙེད་པར་དཀའ། །གནས་སྐབས་བཞི་བོ་འདི་དག་ནི། །བསྐལ་པ་བྱེ་བར་རྙེད་པར་དཀའ། །དེ་ཕྱིར་ཐོབ་ ནས་མ་སྤངས་ཤིག །མཐུ་རྩལ་དག་ཀྱང་ཆུད་མ་གསན། །མི་ལུས་ཐོབ་པ་རྙེད་པ་དང་། །སངས་རྒྱས་འབྱུང་བ་རྙེད་པ་དང༌། །སངས་རྒྱུས་དད་པའང་རྙེད་༢པ་དང༌། །བྱང་ཆུབ་སེམས་ནི་བསྐྱེད་འགྱུར་ན། །དེ་ཕྱིར་བརྩོན་འགྲུས་བསྐྱེད་ནས་ཀྱང་། རྟག་ཏུ་བག་ནི་ཡོད་པར་གྱིས། །དྲང་སྲོང་ཆེན་པོ་དེ་དག་གིས། །བག་ཡོད་པས་ནི་བྱང་ཆུབ་བརྙེས། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བའི་སྒོ་དང་ཚུལ་གྱི་ལམ། །བག་ཡོད་པ་དང་བརྩོན་འགྲུས་ཡིན། །མཁས་པ་རྣམས་ཀྱང་
Page: 300 འདི་ལ་སློབ། །ཅེས་སོ། །ཐོབ་ཀྱང་རིང་དུ་མི་གནས་པར་མྱུར་དུ་འཇིག་པ་ནི། འོ་ན་ད་ལྟ་རྙེད་དཀའ་རྙེད་ཡོད་པ་འདིས་ཆོག་གོ་སྙམ་ན། རྙེད་ཡོད་མོད་ཀྱང་ལོང་ཡོད་མི་བྱ་བར་ད་ལྟ་ནས་མ་འབད་ན་ལུས་ལ་འཆི་རྐྱེན་དུ་གྱུར་པའི་ནད་མེད་པའི་དེ་རིང་གི་ཉི་མ་འདི་ལྟ་
བུ་ལ་ཚེ་གནས་པའི་མཐུན་རྐྱེན་ཟས་གོས་སོགས་དང་བཅས་ཤིང་འགལ་རྐྱེན་མི་དང་མི་མིན་སོགས་ཀྱིས་འཚེ་བ་མེད་དུ་ཟིན་ཀྱང་ནི་ཚེ་ནི་རི་གཟར་གྱི་འབབ་ཆུ་ལྟར་སྐད་ཅིག་ཙམ་ཡང་མི་སྡོད་ཅིང་དེའི་ཡུན་ཙམ་དུ་ཡང་ཡིད་བརྟན་དུ་མི་རུང་བར་མྱུར་དུ་འཇིག་ཅིང་བསླུ་བ་
སྟེ་བསླུ་བའི་ཆོས་ཅན་ཡིན་ལ། ལུས་ནི་རིང་དུ་མི་གནས་ཤིང་གཏན་དུ་རང་ལ་མི་དབང་བ་ཐང་ཅིག་ཙམ་ལ་བརྙན་པོའམ་གཡར་བོ་བྱས་པའི་གོས་དང་རྒྱན་སོགས་བདག་པོ་རང་གིས་ནམ་འདོད་དུ་འཁྱེར་བ་བཞིན་དུ་བདག་པོ་ལྟ་བུའི་འཆི་བདག་གིས་ལུས་སེམས་ཕྲལ་
ནས་ནམ་འཁྱེར་ངེས་པ་མེད་པས་ན་ལོང་ཡོད་མི་བྱ་བར་ད་ལྟ་ནས་དགེ་བའི་ཆོས་ལ་བརྩོན་པར་བྱའོ། །ནད་མེད་པའི་མི་ལུས་ནི་ཉི་མའམ་ཉིན་མོའི་དུས་དང་འདྲ་བས་ཉི་མ་འདི་ལྟ་བུར་ཞེས་འཆད་པའང་ཡོད་ལ། ཀྱང་ཞེས་པའི་སྒྲས་མཐུན་རྐྱེན་ཚང་ཞིང་འགལ་
རྐྱེན་མེད་པའི་དུས་སུ་ཡང་ཚེ་ལ་སྐད་ཅིག་ཀྱང་ཡིད་བརྟན་མེད་ན་འཚོ་བའི་མཐུན་རྐྱེན་མེད་ཅིང་ཉེར་འཚེ་ཡོད་པའི་དུས་སུ་ཡིད་བརྟན་མི་རུང་བ་ལྟ་ཅི་སྨོས་ཞེས་སྡུད་པའོ། །བདེ་འགྲོ་དཀོན་ལ་དེར་མ་འབད་ན་ངན་འགྲོར་ཆོས་སྒྲུབ་ཏུ་མེད་པ་ནི། ད་རེས་ཀྱི་ལུས་འདི་
བོར་ཡང་སྐྱེ་བ་ཕྱི་མར་མི་ལུས་བརྒྱུད་མར་ཐོབ་པས་དེ་དང་དེའི་དུས་སུ་ཆོས་བསྒྲུབ་པས་ཆོག་གོ་སྙམ་ན། དེ་ནི་མི་རིགས་ཏེ། བག་མེད་པའི་དབང་གིས་རྟག་ཏུ་མི་དགེ་བ་འབའ་ཞིག་སྤྱོད་པ་ལས་དགེ་བའི་ཕྱོགས་ལ་བློ་མི་འཇུག་པའི་ད་ལྟའི་དུས་ཀྱི་བདག་གི་
Page: 301 ༄༅། །སྤྱོད་པ་འདི་འདྲ་བས་ནི་སྐྱེ་བ་ཕྱི་མར་མི་ཡི་ལུས་ཀྱང་ཐོབ་པར་མི་འགྱུར་ཏེ་དེ་ཐོབ་བྱེད་ཀྱི་རྒྱུར་གྱུར་བའི་དགེ་བ་མ་བསྒྲུབས་པས་སོ། །ཀྱང་ཞེས་པས་མི་ལུས་ཀྱང་མི་འཐོབ་ན་ཐར་པ་ལྟ་ཅི་ཞེས་སྡུད་དོ། །ཆོས་སྒྲུབ་ཏུ་རུང་བ་མི་ལུས་ལྟ་
བུའི་རྟེན་བཟང་བོ་ཐོབ་པར་མ་གྱུར་ན་ཕལ་ཆེར་ངན་འགྲོ་སོགས་མི་ཁོམ་པའི་གནས་སུ་ལྟུང་བ་ཤས་ཆེ་ཞིང་དེར་ནི་སྡིག་པ་འབའ་ཞིག་རྒྱུན་པར་གསོག་ཅིང་སྤྱོད་ཀྱི་དགེ་བ་སྒྲུབ་བའི་སྐལ་བ་དང་གོ་སྐབས་གཉིས་ཀ་ཅུང་ཟད་ཀྱང་མེད་པས་སླར་མི་ལུས་ལན་རེ་ཙམ་ཡང་
ཐོབ་དཀའ་ན་བརྒྱུད་མར་མི་ཐོབ་པ་སྨོས་ཅི་དགོས་ཞེས་པ་ཡིན་ལ། དེར་མ་ཟད་ལྷ་ལྟ་བུའི་ལུས་ཐོབ་ནའང་དཔལ་འབྱོར་སོགས་ཆེ་མོད་ཀྱི་སྤྱིར་ཆོས་ལ་སྤྱོད་པ་དང་ཁྱད་པར་ཐེག་ཆེན་གྱི་ལམ་སྒྲུབ་པ་ལ་མིའི་རྟེན་ཁྱད་པར་དུ་འཕགས་པས་ནི་ལྷ་བས་ལྷག་པའི་ལུས་
རྟེན་ཞེས་གསུངས་པ་ཡིན་གྱི་མི་ལས་གཞན་པའི་རྟེན་གང་རུང་རེ་ཐོབ་པ་ཙམ་ནི་ཆོས་སྒྲུབ་པའི་རྟེན་ཁྱད་པར་དུ་གྱུར་པ་མིན་ཏེ། སློབ་སྤྲིང་ལས། བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །
ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང༌། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པའི་ཕྱིར། ད་ལྟ་དལ་འབྱོར་ཚང་བའི་མི་ལུས་ཐོབ་པ་གང་གི་ཚེ་བྱ་བ་དང་བྱ་བ་མ་ཡིན་པའི་འདོར་ལེན་ལ་བློ་ལས་སུ་རུང་ཞིང་མཐུ་དང་ལྡན་པས་
ཆོས་དགེ་བ་སྤྱད་པའམ་སྒྲུབ་པའི་ནུས་པ་ཡོད་ལ་སྐལ་བ་དང་ལྡན་ཡང་དེའི་ཚེ་དགེ་བསྒྲུབ་ཅི་ནུས་ཤིག་བདག་གིས་འབད་པའི་སྒོ་ནས་བསྒྲུབ་པར་མ་བྱས་ན་ཕྱིས་ངན་སོང་གི་གནས་སུ་སྐྱེས་ཚེ་ཡུན་རིང་པོར་སྡུག་བསྔལ་དྲག་པོས་གདུངས་ཤིང་ཕན་གནོད་ཀྱི་རྒྱུ་དང་བླང་
Page: 302 དོར་གྱི་གནས་ལ་ཀུན་ནས་ཀུན་ཏུ་རྨོངས་པར་གྱུར་ནས་ཅི་ཡང་མི་ཤེས་ཤིང་བློ་ལས་སུ་མི་རུང་བས་དགེ་བ་ལ་བཀོལ་དུ་མི་བཏུབ་པར་གྱུར་པ་དེའི་ཚེ་བདག་གིས་དགེ་བའི་ལས་ཅི་ཞིག་བྱར་ཡོད་དེ་ཅུང་ཟད་ཀྱང་མེད་པས་ད་ལྟ་སྒོ་གསུམ་དགེ་བ་ལ་བཀོལ་དུ་རུང་བའི་ གནས་སྐབས་འདི་ཉིད་ནས་འབད་དགོས་སོ། །དེ་ལྟར་དབུ་མ་ལ་འཇུག་པ་ལས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྟུང་བས་གཞན་དབང་འཇུག་འགྱུར་བ། །དེ་ལས་ཕྱི་ནས་གང་ གིས་སློང་བར་འགྱུར། །ཞེས་གང་གི་ཚེ་གཞན་དབང་དུ་མ་གྱུར་པས་རང་དབང་དུ་འཇུག་ཅིང་མཐུན་པའི་ཡུལ་ལྷ་མིའི་འགྲོ་བར་གནས་པ་ན་གལ་ཏེ་སྐྱེས་བུ་འདི་བདག་ཉིད་ངན་འགྲོར་ལྟུང་བ་ལས་འཛིན་པར་མི་བྱེད་ན། སླར་ངན་སོང་གི་གཡང་སར་རང་དབང་ མེད་པར་ལྷུང་བས་གཞན་དབང་གིས་འཇུག་པར་འགྱུར་བའི་ཚེ་ངན་སོང་དེ་ལས་ཕྱི་ནས་གང་གིས་སློང་བར་བྱེད་དེ་དེ་ལྟར་བྱེད་པ་སུ་ཡང་མེད་དོ་ཞེས་པའོ། །དེ་དག་གིས་ད་ལྟ་མི་ལུས་ཐོབ་ཆོས་ལ་སྤྱོད་པའི་སྐལ་བ་དང་ལྡན་པའི་སྐབས་འདིར་མཐོ་རིས་དང་ཐར་ པ་ཐོབ་བྱེད་ཀྱི་དགེ་བ་ལ་མ་བརྩོན་ན་ཕྱིས་ངན་འགྲོཁོ་ནར་བརྒྱུད་དུས་དགེ་ཆོས་སྒྲུབ་པའི་སྐལ་པ་མེད་པས་མི་ལུས་ཙམ་སྒྲུབ་བྱེད་ཀྱི་ལམ་ཡང་མི་རྙེད་ན་ཐར་བ་ཐོབ་བྱེད་ཀྱི་ལམ་ལྟ་ག་ལ་རྙེད། ད་ལྟ་དགེ་སྒྲུབ་སྡིག་སྤོང་ཚུལ་བཞིན་བྱས་ན་ངན་འགྲོར་འགྲོ་མི་སྲིད་ ལ་དེར་མ་ཟད་ཐར་པའི་མཆོག་ཀྱང་སྒྲུབ་དུས་ན་མཐོ་རིས་ཙམ་སྒྲུབ་པ་ལ་དཀའ་ཚེགས་ཅི་ཡོད་ཅེས་བསྟན་ལ། །དེའི་ཤུགས་ལ་རྟེན་བཟང་ཐོབ་ཀྱང་དགེ་སྡིག་གི་སྤང་བླང་ལེགས་པར་མ་བྱས་ན་དེ་ཐོབ་པ་ཙམ་གྱིས་ངན་འོགྲོའང་མི་ཁེགས་པར་བསྟན་པས་ན་ད་ལྟ་ཅི་
Page: 303 ༄༅། །ནས་ཀྱང་ལས་དཀར་ནག་གི་འཇུག་ལྡོག་མ་ནོར་བ་ལ་འོབད་དགོས་པར་ཤེས་པར་བྱའོ། །་ ངན་འགྲོ་ལས་དེ་མ་ཐག་ཐར་ནས་བདེ་འགྲོ་ཐོབ་དཀའ་བ་ནི། ཕྱི་ནས་དལ་འབྱོར་ཐོབ་པ་ཤིན་ཏུ་དཀའ་སྟེ་རྒྱུ་མཚན་ཅིའི་ཕྱིར་ན་ཚེ་འདིར་བདེ་ འགྲོ་ཐོབ་བྱེད་ཀྱི་རྒྱུར་གྱུར་པའི་དགེ་བ་དག་ཀྱང་མ་བྱས་ལ་དེར་མ་ཟད་ངན་འགྲོར་འགྲོ་བའི་རྒྱུའི་སྡིག་པ་དག་ཀྱང་ཆེད་དུ་གཉེར་ནས་འབད་མི་དགོས་པར་དུས་རྒྱུན་པར་བསམ་སྤྱོད་ཐམས་ཅད་ཀྱི་སྐབས་སུ་རང་གི་ངང་གིས་དཔག་ཏུ་མེད་པ་ཉེ་བར་བསགས་ན་དེ་ལྟ་ བུའི་སྡིག་པའི་དབང་གིས་ངན་འགྲོ་ནས་ངན་སོང་དུ་བརྒྱུད་མར་སྐྱེ་ཡི་ཡུན་རིང་པོ་བསྐལ་པ་བྱེ་བ་བརྒྱར་ཡང་སྟེ་བསྐལ་བ་ཐེར་འབུམ་དང༌། ཡང་གི་སྒྲས་དེ་ལས་ཀྱང་རིང་བའི་བར་དུ་ནི་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར་རོ་ཞེས་པའོ། །བ་ཡང་ན་ཡུན་ རིང་པོ་བསྐལ་པ་བྱེ་བ་བརྒྱར་ཡང་ནི་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར་ཞེས་སྦྱར་རོ། །ཡང་སྒྲ་ཕྱི་མས་བདེ་འགྲོའི་སྒྲ་ཙམ་ཡང་མི་ཐོས་ན་བདེ་འགྲོ་ལྷ་དང་མིའི་རྟེན་ཁྱད་པར་ཅན་དངོས་སུ་འཐོབ་པར་མི་འགྱུར་བ་སྨོས་ཅི་དགོས་ཞེས་སྡུད་པའོ། །མི་ལུས་ རྙེད་དཀའ་བའི་རྒྱུ་མཚན་དེ་ཉིད་ལུང་གིས་སྒྲུབ་པ་ནི། ངན་སོང་དུ་ལྟུང་ན་དེར་སྡིག་པ་གསོག་པ་ལས་དགེ་བ་སྒྲུབ་པ་མེད་པས་བསྐལ་པ་བྱེ་བ་བརྒྱའི་བར་དུ་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་དཀའ་བ་དེ་ཉིད་ཀྱི་ཕྱིར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ ཆེན་པོར་ཕྱོགས་ཀུན་ཏུ་རླུང་གིས་ཆེས་ཆེར་གཡེངས་པའམ་བསྐྱོད་པའི་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་ལ་དེ་ལྟ་བུའི་གཉའ་ཤིང་གི་བུ་གར་ལོ་བརྒྱ་བརྒྱ་འདས་པ་ན་སྟེང་དུ་མཚོ་ཁར་ལན་རེ་འབྱུང་བའི་རུས་སྦལ་གྱི་མགྲིན་པ་ཆུད་དཀའ་བ་ལྟར་མི་ལུས་ཉིད་རྙེད་པ་
Page: 304 ནི་དེ་བས་ཀྱང་ཤིན་ཏུ་ཐོབ་དཀའ་བར་གསུངས་ཏེ། ཡང་དག་པར་ལྡན་པའི་ལུང་མདོ་བཏུས་སུ་དྲངས་པ་ལས། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། ས་ཆེན་པོ་འདི་ཆུ་འབའ་ཞིག་ཏུ་གྱུར་ལ་དེའི་ནང་དུ་མི་ཞིག་གིས་ཤིང་བུ་ག་གཅིག་པ་ཞིག་བོར་ཏེ་དེ་ཤར་ གྱི་རླུང་གིས་ནི་ནུབ་ཕྱོགས་སུ་ཕུལ་ནུབ་ཀྱི་རླུང་གིས་ནི་ཤར་ཕྱོགས་སུ་ཕུལ་བྱང་གི་རླུང་གིས་ནི་ལྷོ་ཕྱོགས་སུ་ཕུལ་ལྷོའི་རླུང་གིས་ནི་བྱང་ཕྱོགས་སུ་ཕུལ་ལ། །དེ་ན་རུས་སྦལ་ཞར་བ་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ་ལོ་བརྒྱ་ཕྲག་དུ་མར་འཚོ་བ་ལོ་བརྒྱར་འདས་ཤིང་ལན་ ཅིག་སྟེང་དུ་འབྱུང་བ་དེ་བུ་ག་གཅིག་པའི་ཤིང་དེར་མགྲིན་པ་འཇུག་ན་དགེ་སློང་དག་འདི་ཇི་སྙམ་དུ་སེམས། རུས་སྦལ་ཞར་བ་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ་ལོ་བརྒྱ་ཕྲག་དུ་མར་འཚོ་བ་དེ་ལོ་བརྒྱ་འདས་ཤིང་ལན་ཅིག་སྟེང་དུ་འབྱུང་བ་དེས་ཤིང་བུ་ག་གཅིག་པའི་ཤིང་དེར་ མགྲིན་པ་ཆུད་དམ། བཅོམ་ལྡན་འདས་ལ་དགེ་སྦྱོང་དག་གིས་གསོལ་པ། བཅོམ་ལྡན་འདས་སྟེས་ན་འགྱུར་ལགས་སོ་བདེ་བར་གཤེགས་པ་སྟེས་ན་འགྱུར་ལགས་ཏེ་རུས་སྦལ་ཞར་བ་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ་ཚེ་ལོ་བརྒྱ་ཕྲག་དུ་མར་འཚོ་བ་དེ་ལོ་བརྒྱ་འདས་ ཤིང་ལན་ཅིག་སྟེང་དུ་འབྱུང་བ་དེས་ཤིང་བུ་ག་གཅིག་པ་དེར་མགྲིན་པ་ཆུད་ཀྱང་གདའ་མི་ཆུད་ཀྱང་གདའོ། །བཀའ་སྩལ་པ། དགེ་སློང་དག་དེ་བཞིན་དུ་ཞེས་པ་ནས་མིར་གྱུར་པའང་བརྒྱ་ལ་བརྒྱ་ལམ་ན་སྟེ་སྟེས་ན་འཐོབ་སྟེ་ཤིན་ཏུ་རྙེད་པར་དཀའོ་ཞེས་གསུངས་ ལ། དེའི་རྒྱུ་མཚན་ཡང་རྒྱ་མཚོ་ཁ་ཞེང་ཆེ་བ་དང་གཉའ་ཤིང་ལ་བུ་ག་གཅིག་ལས་མེད་པ་དང་རླུང་གིས་ཕྱོགས་ཀུན་ཏུ་གཡེངས་པ་དང་རུས་སྦལ་ལོང་བ་ཡིན་པ་དང་ལོ་བརྒྱ་རེ་ལས་སྟེང་དུ་མི་འོང་བ་སོགས་ཀྱི་ཕྱིར་རོ། །དགའ་བོ་རབ་ཏུ་བྱུང་བའི་མདོ་ལས་ཀྱང་
Page: 305 ༄༅། །དཔེ་འདི་དང་ཁབ་མིག་གནམ་དུ་བསྟན་ཏེ་ཡུངས་དཀར་འཐོར་ན་དེར་ཡུངས་དཀར་ཆུད་་དཀའ་བའི་དཔེས་བསྟན་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་རུས་སྦལ་མགྲིན་པ་ཤིང་མིག་ཆུད་འདྲ་བར། །མི་ཡི་ལུས་ནི་ཤིན་ཏུ་དཀའ་ བར་ཐོས། །ཅེས་སོགས་དང༌། དཔའ་པོས་ཀྱང༌། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི། །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀའ་བར། །དེ་སྐད་བཅོམ་ལྡན་འདས་ཀྱིས་གསུངས། ཞེས་སོ། །དེ་ཙམ་དུ་རྙེད་དཀའ་བའི་རྒྱུ་མཚན་ཅིའི་ ཕྱིར་ཡིན་ན། བཞི་བརྒྱ་པ་ལས། ཕལ་མོ་ཆེར་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོ་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ཞེས་གསུངས་པ་ལྟར་མི་ལ་སོགས་པའི་བདེ་འགྲོ་ཕལ་ཆེར་ཀྱང་དམ་པ་མ་ཡིན་པ་ མི་དགེ་བཅུ་ལ་སོགས་པའི་ཕྱོགས་ཡོངས་སུ་འཛིན་པ་མངལ་དེའི་ཕྱིར་ཡང་ངན་འགྲོར་འགྲོ་བ་ལས་མི་ལུས་རྙེད་དཀའ་བའི་ཕྱིར་རོ། །དེས་ན་དལ་འབྱོར་དང་ལྡན་པའི་རྟེན་ལན་རེ་ཙམ་ཐོབ་པའི་དུས་འདིར་དགེ་བ་ལ་ཅི་ནས་ཀྱང་འབད་པར་བྱ་རིགས་སོ། །གཉིས་ པ་ངན་སོང་ལས་ཐར་དཀའ་བ་ལ་བསམ་སྟེ་བག་བྱ་བ་ནི། སྐད་ཅིག་གཅིག་བྱས་སོགས་ཏེ། དེ་ལ། ངན་འགྲོར་སྐྱེས་ན་བདེ་འགྲོ་ཐོབ་དཀའ་བའི་རྒྱུ་མཚན་ནི། བྱང་སེམས་ལྟ་བུའི་ཡུལ་གཉེན་པོ་ལ་ཁོང་ཁྲོ་དང་གནོད་སེམས་སྐད་ཅིག་མའི་ཐུང་མཐའ་ ཙམ་ལ་སྐྱེས་པའམ་མཚམས་མེད་ལྔ་ལ་སོགས་པའི་ལས་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་ཙམ་ལ་བྱས་པའི་སྡིག་པའི་ལས་ཀྱིས་ཀྱང་ཡུན་རིང་པོ་བར་གྱི་བསྐལ་བར་མནར་མེད་པའི་དམྱལ་བར་གནས་ནས་སྡུག་བསྔལ་མྱོང་བར་འགྱུར་ན། ཐོག་མ་མེད་པ་
Page: 306 ནས་འཁོར་བར་འཁོར་བའི་དུས་ཡུན་རིང་པོར་བྱས་ཤིང་ཉེ་བར་བསགས་པའི་སྡིག་པ་ད་ལྟ་རྣམ་སྨིན་བྱུང་མ་ཟིན་པ་གཉེན་པོས་ཀྱང་མ་བཅོམ་པ་དུ་མ་རྒྱུད་ན་ཡོད་པ་དག་གིས་གེགས་བྱས་ནས་བདེ་འགྲོར་མི་འགྲོ་ཞིང་ངན་སོང་དུ་བསྐལ་པ་དུ་མའི་བར་དུ་རྒྱུན་ པར་གནས་དགོས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་ནའང་ངན་འགྲོའི་རྒྱུ་སྔར་བསགས་འདག་ངེས་སུ་སྦྱོང་ཞིང་གསར་དུ་འཇུག་པའི་སྒོ་སྡོམ་པར་བྱེད་ན་བདེ་འགྲོར་སྐྱེ་བ་དེ་ཙམ་མི་དཀོན་ནའང་དེ་ལྟ་བུ་ནི་ཤིན་ཏུ་དཀོན་ནོ། །དེ་ལྟར་མ་བྱས་ན་ངན་འགྲོར་འགྲོ་ལ་ དེར་སོང་ན་དགེ་བ་སྒྲུབ་པ་ཤིན་ཏུ་དཀོན་ལ་སྡིག་པ་ནི་རྒྱུན་པར་གསོག་པས་ངན་འགྲོ་ཁོ་ན་བརྒྱུད་དགོས་ཀྱི་བསྐལ་བ་བྱེ་བ་དུ་མར་བདེ་འགྲོར་སྐྱེ་བ་ལྟ་ཅི་མིང་ཡང་མི་ཐོས་པའི་ཕྱིར་རྙེད་པར་ཤིན་ཏུ་དཀའ་ལ། དེའི་ཕྱིར་མདོ་རྣམས་ལས། དེ་བརྒྱ་ལ་གལ་ཏེ་མི་ རྣམས་ཀྱི་ནང་དུ་སྐྱེས་ནའང་ཞེས་མིར་སྐྱེ་བ་ཤིན་ཏུ་དཀའ་བར་གསུངས་པ་ཡིན་ནོ། །དཔའ་བོས་ཀྱང་། སྐད་ཅིག་གཅིག་ལ་སྡིག་སྤྱད་ནས། །མནར་མེད་པར་ནི་བསྐལ་པར་གནས། །སྐྱེ་བ་དུ་མར་སྡིག་སྤྱད་པས། །བདེ་འགྲོ་དཀའ་ལྟ་ཅི་ཞིག་སྨོས། ཞེས་གསུངས། དེས་ན་ད་ལྟ་ནས་རང་རྒྱུད་ལ་སྔར་བསགས་ཀྱི་སྡིག་ལྟུང་དཔག་མེད་ཡོད་པ་རྣམས་གཉེན་པོ་སྟོབས་བཞིའི་སྒོ་ནས་འདག་ངེས་སུ་སྦྱོང་བ་དང་གསར་དུ་གསོག་པའི་སྒོ་སྡོམ་པ་ལ་བརྩོན་པར་བྱའོ། །འགྲེལ་ཆེན་དུ། མཚམས་མེད་ཀྱི་ལས་ ལྟ་བུ་ལ་སྦྱོར་བ་སྐད་ཅིག་མང་པོ་ཡོད་ཀྱང་དངོས་གཞི་ནི་སྐད་ཅིག་གཅིག་ལ་འགྲུབ་པས་སམ་ཡང་ན་སྐད་ཅིག་མང་པོ་ཡོད་ཀྱང་ཡུན་ཐུང་བས་སྐད་ཅིག་མ་གཅིག་ཅེས་བརྗོད་དེ་མིག་བཙུམ་པ་དུ་མའི་བྱ་བའང་མྱུར་བས་མིག་བཙུམ་པ་ཙམ་གྱིས་ཀྱང་བྱེད་དོ་ཞེས་
Page: 307 ༄༅། །བརྗོད་པ་ལྟ་བུ་ཡིན་ཞེས་གསུངས་སོ། །གལ་དེ་སྡིག་པའི་རྣམ་སྨིན་ངན་འགྲོར་མྱོང་བ་ན་སྔོན་གྱི་ལས་ངན་འཛད་པས་དེ་ནས་ཐར་རོ་སྙམ་ན། སྔར་བསགས་ཀྱི་སྡིག་པའི་ལས་ཀྱི་འབྲས་བུ་དམྱལ་སོགས་ཀྱི་སྡུག་བསྔལ་དེ་ལན་རེ་ཙམ་ ཁོ་ན་ལ་མྱོང་བར་གྱུར་ནས་དེ་ཙམ་ཞག་ཟད་པའི་སེམས་ཅན་དེ་ནི་དེ་མ་ཐག་ངན་སོང་ལས་རྣམ་པར་ཐར་ཏེ་སྡུག་བསྔལ་ལས་གྲོལ་བར་མི་འགྱུར་ཏེ། ཅིའི་ཕྱིར་ན། འདི་ལྟར་སྔོན་བསགས་པའི་ལས་ངན་གྱིས་བསྐྱེད་པའི་སྡུག་བསྔལ་དེ་ཉིད་ནི་ཉམས་སུ་མྱོང་ བཞིན་དུ་ཡང་ངན་སོང་བ་ནང་ཕན་ཚུན་གཅིག་གིས་གཅིག་ལ་ཁོང་ཁྲོ་སྐྱེ་བ་དང་གནོད་འཚེ་བྱེད་པ་སོགས་སྡུག་བསྔལ་ཆེན་པོ་སྐྱེད་བྱེད་ཀྱི་སྡིག་པ་གཞན་དང་གཞན་དག་ཀྱང་དམྱལ་སོགས་ཀྱི་རྟེན་ལ་འཕྲལ་དང་འཕྲལ་ལ་རབ་ཏུ་སྐྱེ་ཞིང་གསོག་པར་བྱེད་པའི་ཕྱིར་ ན་ངན་འགྲོ་ནས་ཤི་འཕོས་ནས་ཀྱང་སླར་ངན་འགྲོ་བརྒྱུད་དགོས་པས་དེ་མ་ཐག་ཐར་པར་དཀའོ། །དེའང་ཡིན་ཏེ་ངན་འགྲོའི་རྟེན་ལ་དགེ་བ་སྒྲུབ་པའི་ནུས་མཐུ་ཤིན་ཏུ་ཆུང་ནའང་སྡིག་པ་ནི་དུས་རྒྱུན་དུ་བརྒྱུད་མར་གསོག་སྟེ་ད་ལྟ་ཁ་འཐོར་བའི་དུད་འགྲོ་རྣམས་ལ་ བལྟས་ན་ཡང་ཤེས་པས་སོ། །འོ་ན་ངན་འགྲོར་ལན་རེ་ཙམ་སྐྱེས་ཕྱིན་བདེ་འགྲོ་ཡེ་མི་འཐོབ་པར་འགྱུར་རམ་སྙམ་ན། འཐོབ་པ་སྲིད་མོད་ཀྱི་ཤིན་ཏུ་དཀའ་སྟེ། ཅིའི་ཕྱིར་ན། སླར་ངན་འགྲོར་འགྲོ་བའི་ལས་སྟོབས་ལྡན་རྣམས་ཟད་བདེ་འགྲོར་སྐྱེ་བའི་ལས་ སྐྱེས་ནས་མྱོང་འགྱུར་རམ་ལན་གྲངས་གཞན་ལ་མྱོང་འགྱུར་དུ་ངེས་པའི་ལས་ལ་བརྟེན་ནས་སྐྱེ་སྲིད་པ་ཙམ་ཡིན་ནའང་། །བཤད་མ་ཐག་པ་ལྟར་ངན་སོང་གི་རྟེན་ལ་ངན་འགྲོའི་རྒྱུ་གསོག་པ་ཤས་ཆེ་བས་བདེ་འགྲོ་འཐོབ་པ་ཤིན་ཏུ་དཀའ་བ་ཡིན་ནོ། །རྒྱུ་མཚན་དེའི་
Page: 308 ཕྱིར་ངན་སོང་གི་འགྲོ་བ་ལ་ལྟོས་ནས་མིའི་ལུས་འདི་ཤིན་ཏུ་དཀོན་ཞིང་ཉུང་བ་ཡིན་ནོ། །དེས་ན་ངན་འགྲོའི་རྒྱུའི་སྡིག་ལྟུང་སྤོང་བ་དང་སྦྱོང་བ་ལ་སྒོ་སྣ་ཚོགས་ནས་འབད་པར་བྱ་རིགས་སོ། །གསུམ་པ་དལ་འབྱོར་ཐོབ་དུས་དགེ་བ་ལ་འབད་དགོས་པར་བསྟན་ པ་ནི། འདི་འདྲའི་དལ་བ་སོགས་ཏེ། །དེ་ལ། དལ་དུས་སུ་དགེ་སྒྲུབ་སྡིག་སྤོང་ལ་མ་འབད་ན་རང་བསླུས་པ་ནི། ཤིན་ཏུ་རྙེད་ཀྱང་དཀའ་ལ་རྙེད་ནའང་དོན་ཤིན་ཏུ་ཆེ་བས་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་བརྒྱ་འགྱུར་གྱིས་ལྷག་པ་འདི་འདྲ་བའི་དལ་བ་དང་འབྱོར་ བ་ལྡན་པའི་རྟེན་ཕུན་སུམ་ཚོགས་པ་ད་ལྟ་རྙེད་པར་གྱུར་ནས་ཡོད་པའི་དུས་འདིར་བདག་གིས་བསམ་སྦྱོར་གཉིས་ཀའི་སྒོ་ནས་མཐོ་རིས་དང་ཐར་བ་ཐོབ་བྱེད་ཀྱིདགེ་བའི་ཕྱོགས་ལ་གོམས་ཤིང་འདྲིས་པར་མ་བྱས་པར་ལེ་ལོ་དང་རྣམ་གཡེང་གི་དབང་གིས་དོན་ ཆུང་ཚེ་འདིའི་བྱ་བ་འབའ་ཞིག་བསྒྲུབས་ནས་མི་ཚེ་སྟོང་ཟད་བྱས་ན་འདི་ལས་རང་གིས་རང་བསླུས་ཚབས་ཆེས་པ་གཞན་མེད་དེ་རང་ཉིད་འདི་ཕྱིའི་དོན་ཆེན་པོ་དགེ་ཆོས་སྒྲུབ་པ་ལས་ཉམས་པར་བྱས་པའི་ཕྱིར་དང་། འདི་ལས་འཇུག་ལྡོག་གི་གནས་ལ་ ཤིན་ཏུ་ཆེས་ཆེར་རྨོངས་པའང་གཞན་མེད་དོ་སྟེ་རང་དང་གཞན་གྱི་དོན་དུ་དལ་འབྱོར་ལ་སྙིང་པོ་ལེན་མ་ཤེས་པར་སྡིག་པའི་ལས་འབའ་ཞིག་ལ་བཀོལ་ནས་ལུས་རྟེན་རིན་པོ་ཆེ་འདི་ཉིད་ཆུད་ཟོས་སུ་བཏང་བའི་ཕྱིར་རོ། །ཡང་འདི་ལས་རང་བསླུས་པ་ཆེ་བ་ གཞན་མེད་དེ་རང་གིས་རང་ལ་དགེ་བའི་ནོར་ཉམས་པར་བྱས་པའི་ཕྱིར་དང་འདི་ལས་རང་དོན་ལས་རྨོངས་པ་ཆེ་བ་ཡང་གཞན་མེད་དེ་དགེ་བའི་ནོར་ལག་ན་ཡོད་པ་འཕྲོག་པ་མ་ཤེས་པས་སོ་ཞེས་འཆད་པ་ནི་འགྲེལ་ཆེན་ལྟར་རོ། །བཤེས་སྤྲིང་ལས། གང་
Page: 309 ༄༅། །ཞིག་གསེར་སྣོད་རིན་ཆེན་སྤྲུས་པ་ཡིས། །ངན་སྐྱུགས་འཕྱག་པར་བགྱིད་པ་དེ་བས་ཀྱང༌། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག །བྱེད་པ་དེ་དག་ཆེས་རབ་སྦྱིན་པ་ལགས། ཞེས་དང༌། དཔའ་བོས་ཀྱང་། གང་ཞིག་དགེ་ བས་ཕྱུག་པའི་མི། །བསྐལ་པ་གྲངས་མེད་ཀྱིས་ཐོབ་ནས། །འདིར་ནི་རྨོངས་པས་བསོད་ནམས་གཏེར། །ཅུང་ཟད་ཙམ་ཡང་མི་སོག་པ། །དེ་དག་འཇིག་རྟེན་ཕ་རོལ་དུ། ས། མི་བཟད་མྱ་ངན་ཁང་པར་འཇུག་། རིན་ཆེན་གླིང་བྱིན་ཚོང་པ་ནི། །ལག་པ་ སྟོང་པར་རང་ཁྱིམ་བཞིན། །དགེ་བཅུའི་ལས་ཀྱི་ལམ་མེད་བར། །ཕྱི་ནས་ཡང་ནི་ཐོབ་མ་ཡིན། །མི་མ་ཐོབ་པར་བདེ་བ་ནི། །ཇི་ལྟར་དེ་བདེ་སྡུག་བསྔལ་ཉིད། །དེ་བས་ཕ་རོལ་བསླུས་ཡོད་མིན། །དེ་ལས་མཆོག་ཏུ་རྨོངས་པ་མེད། །ཅེས་གསུངས་ པ་ལྟར་ལགས་པས་དལ་འབྱོར་ཐོབ་དུས་དགེ་སྡིག་གི་ལས་ལ་བླང་དོར་ཕྱིན་ཅི་མ་ལོག་པར་བྱེད་པ་ལ་བརྩོན་པར་བྱའོ། །བླང་དོར་མ་བྱས་ན་འཆི་གར་མྱ་ངན་གྱིས་གདུང་བ་ནི། གལ་ཏེ་བདག་གིས་དལ་འབྱོར་རྙེད་དཀའ་བ་དང་དེ་ཐོབ་དུས་དགེ་སྡིག་ལ་བླང་ དོར་བྱེད་དགོས་པ་དང་མ་བྱས་ན་རང་གིས་རང་བསླུས་པར་གྱུར་པའི་ཚུལ་དེ་ཉིད་ལེགས་པར་རྟོགས་ནས་ཀྱང་རྨོངས་པའི་གཞན་དབང་དུ་གྱུར་པས་དགེ་མི་དགེ་སྤྱིའི་འཇུག་ལྡོག་དང་ཁྱད་པར་བསམ་པ་སེམས་བསྐྱེད་དང་སྤྱོད་པ་ཕྱིན་དྲུག་གི་ཉམས་ལེན་སོགས་ ལ་སྔར་མ་བསླབ་པར་མ་ཟད་ཕྱིས་ཀྱང་སྟེ་སླར་ཡང་བག་མེད་པ་དང་ལེ་ལོའི་དབང་གིས་སྐྱིད་ལུག་པར་གྱུར་ནས་དེ་དག་ལ་ཚུལ་བཞིན་དུ་སློབ་པ་ལ་སྤྲོ་བ་མེད་པས་མ་འབད་ན་འཆི་བར་འགྱུར་བའི་དུས་ཀྱི་ཚེ་ད་ནི་ངན་འགྲོར་འགྲོ་བར་འགྱུར་བ་ལས་མ་འདས་སོ་
Page: 310 སྙམ་ནས་འགྱོད་ཅིང་སེམས་ལ་མྱ་ངན་ཆེན་པོ་ལྡང་བར་འགྱུར་བ་ལས་མ་འདས་སོ། །ཡང་གལ་ཏེ་བདག་གིས་བསླབ་པ་ལས་འདས་པའི་ཉེས་དམིགས་དེ་རྟོགས་ནས་ཞེས་འཆད་པའང་ཡོད་དོ། །རྒྱ་དཔེ་དང་འགྲེལ་ཆེན་ལྟར་ན། ཡུན་རིང་ཕྱིར་ཞིང་མྱ་ངན་ ལྡང་། །གཤིན་རྗེའི་ཕོ་ཉས་རབ་བསྐུལ་བས། །ཞེས་གསུངས་ཏེ། སྔར་ནས་ཤི་བ་ན་དམྱལ་སོགས་སུ་ཡུན་རིང་དུ་སྡུག་བསྔལ་གྱིས་གདུང་བར་འགྱུར་རོ་སྙམ་པའི་མྱ་ངན་ལྡང་བཞིན་དུ་ཕྱིར་ཞིང་སྟེ་སླར་འཆི་ཀར་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་ཁྱོད་སྔར་གསོན་ ཚེ་དགེ་བ་མ་བསྒྲུབས་ཤིང་རྩིག་པའི་ལས་འདི་དང་འདི་བྱས་པས་ད་ངན་་འགྲོར་ལྟུང་བ་ཡིན་པས་དེར་འགྲོ་བར་མི་འདོད་ན་ཅིའི་ཕྱིར་ཁྱོད་ཀྱིས་དེ་འདྲའི་སྡིག་པའི་ལས་བྱས་ཞེས་གོ་བརྡའ་སྤྲད་ནས་བསྡིགས་བ་དང་བརྡེག་པ་སོགས་སྔོན་དུ་འགྲོ་བ་སོང་ཞིག་སྡོད་ ཅིག་སོགས་ཀྱི་ཚིག་་རྩུབ་མོས་རབ་ཏུ་བསྐུལ་བ་ལས་ལྷག་པར་སེམས་ལ་མྱ་ངན་ཆེན་པོ་ལྡང་བར་འགྱུར་རོ་ཞེས་པའོ། །་དྲན་པ་ཉེར་གཞག་ལས། འཆི་བའི་དུས་ན་ཉེར་བྱུང་ན། །སྡུག་བསྔལ་གྱིས་ནི་སེམས་ཉེར་བཅོམ། །གང་ཡང་དགེ་བ་མ་གཏོགས་ པ། །སྐྱབས་གཞན་རྣམས་ནི་ངས་མ་མཐོང༌། །ཞེས་སོ། །དེས་ན་ད་ལྟ་ནས་འཆི་ཀར་མི་འསྤྱོད་པའི་ཐབས་དགེ་བའི་ཆོས་སྒྲུབ་པ་ལ་བརྩོན་པར་བྱ་རིགས་ཏེ། །སློབ་སྤྲིང་ལས། མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་ དེ་ཉིད་བསྟུན་ཏེ་སྒྲུབ། །ཅེས་སོགས་དང་། ཇོ་བོས་ཀྱང་། དལ་འབྱོར་ཕུན་སུམ་ཚོགས་པའི་༠༠་ལུས། །ཤིན་ཏུ་རྙེད་དཀའ་རྙེད་གྱུར་ཅིང༌། །ཕྱིས་ཀྱང་ཤིན་ཏུ་རྙེད་དཀའ་བས། །སྒྲུབ་ལ་འབད་པས་དོན་ཡོད་བྱ། །ཞེས་སོ། །ཕྱི་མར་ངན་སོང་དུའང་འགྱོད་པས་
Page: 311 ༄༅། །གདུང་བ་ནི། སེམས་བསྐྱེད་དང་སྡོམ་པ་ཉམས་པ་སོགས་ཀྱི་ཉེས་པས་ཤི་བའི་འོག་ཏུ་ཡང་དམྱལ་བར་སྐྱེས་ནས་དམྱལ་མེ་རབ་ཏུ་བཟོད་པར་དཀའ་བས་ཡུན་རིང་དུ་བདག་གི་ལུས་ཤིན་ཏུ་གཞོན་ཤ་ཅན་ལ་བསྲེགས་ཤིང་སྡུག་བསྔལ་མི་ བཟད་པ་མྱོང་བར་གྱུར་པ་ན་རང་ཉིད་ལ་མྱ་ངན་སྐྱེ་བར་མ་ཟད་དམྱལ་སྲུང་རྣམས་ཀྱིས་ཀྱང་ཁྱོད་སྔར་མི་ལུས་ཐོབ་པའི་ཚེ་སྡིག་པའི་ལས་འདི་བྱས་པས་ད་ལྟ་རྣམ་སྨིན་འདི་མྱོང་བ་ཡིན་ནོ་ཟེར་བ་ན་དེ་ལ་བསམ་ནས་ཀྱང་འགྱོད་པ་མི་བཟད་པའི་མེ་འབར་བས་རང་གི་ སེམས་བསྲེགས་ནས་གདུང་བར་འགྱུར་བ་གདོན་མི་ཟ་བར་འབྱུང་ངེས་པས་ན་ངན་འགྲོར་སྐྱེ་བའི་རྒྱུར་གྱུར་པའི་སྡིག་ལྟུང་སྦྱོང་བ་དང་སྦྱོང་བ་ལ་བརྩོན་པར་བྱའོ། །འདི་ལ། རྒྱ་དཔེར། ཕྱིས་ཀྱང་གདུང་བའི་མེས་སེམས་ལ། །ཡུན་རིང་བསྲེག་འགྱུར་མ་ བསླབ་པས། །ཞེས་ཡོད་ལ། རྒྱ་འགྲེལ་དག་གིས་ཀྱང་དེ་བཞིན་དུ་བཀྲལ་བར་གསུངས་ལ། མ་བསླབ་པས་ཞེས་པ་ནི་བསླབ་པ་ལ་མ་བསླབ་པའོ། །དམྱལ་མེའི་ཚ་ཁྱད་ནི། ཐ་མལ་གྱི་མེ་བས་ཙནྡན་གྱི་མེ་བཞི་འགྱུར་གྱིས་ཚ་ལ་དེ་བཞིན་དུ་དུས་མཐའི་མེ་ དང་ཡང་སོས་ཀྱི་མེ་སོགས་ཚ་དམྱལ་བརྒྱད་ཀྱི་མེ་རྣམས་ཀྱང་རིམ་པར་བཞི་འགྱུར་གྱིས་ཚ་བར་གསུངས་སོ། །དེ་ལྟར་ཚོམས་ལས། །དལ་འབྱོར་ཆུད་ནི་མི་ཟོས་པར། །དེ་ལྟར་བདག་ནི་བསྲུང་བར་བྱ། །སེམས་ཅན་དམྱལ་བར་སྐྱེས་ན་ཡང་། །དལ་འབྱོར་ ཐལ་བས་འགྱོད་པར་འོང་། ཞེས་དང༌། དཔས་བྱིན་གྱིས་ཞུས་པར། །ཁྱོད་ཀྱིས་མི་ཡི་ལུས་ནི་ཐོབ་གྱུར་ལ། །ཐོབ་ནས་སྡིག་པ་སྤང་བ་མ་བྱས་པས། །ཀྱེ་མ་ད་ལྟ་སྡུག་བསྔལ་མི་བཟད་མྱོང་། །འདི་ནི་མི་དགེའི་ལས་ཀྱི་རྣམ་སྨིན་ཡིན། །ལས་ཀྱི་རྣམ་པར་སྨིན་ལ་
Page: 312 ཡིད་མ་ཆེས། །ཁྱོད་ནི་རང་གི་སེམས་ཀྱིས་མི་དགེ་བྱས། །འདི་ལ་ངས་ནི་ཅི་ཡང་མ་ལན་ཞེས། །དེ་ལ་ཆོས་རྒྱལ་གཤིན་རྗེ་དེ་སྐད་སྨྲ། །ཞེས་སོགས་གསུངས་ལ། དེ་བཞིན་དུ་ད་ལྟ་མི་ལུས་ཐོབ་དུས་སུ་དགེ་སྡིག་གི་བླང་དོར་ལ་མི་བརྩོན་པར་ལེ་ལོ་དང་རྣམ་གཡེང་གི་ དབང་དུ་བཏང་ནས་ཕྱིས་མི་ལུས་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པའང་ཤིན་ཏུ་བླུན་པོ་ལེ་ལོ་ཅན་ཏེ་ཕྱི་མར་མི་ལུས་ཐོབ་ནའང་ད་ལྟའི་འདི་དང་མཚུངས་པས་སོ། །དེས་ན་ད་ལྟ་དལ་འབྱོར་ཐོབ་པ་ལ་སྙིང་པོ་མི་ལེན་པར་ཆུད་ཟོས་སུ་གཏོང་བ་དང་དགེ་སྡིག་གི་ འདོར་ལེན་ཕྱིན་ཅི་ལོག་ཏུ་བྱེད་པ་ནི་བྱིས་དམྱལ་སོགས་སུ་སྐྱེས་པའི་ཚེ་ཡང་འགྱོད་པ་སྐྱེ་བར་ངེས་སོ། །དེ་ལྟར་ཀླུ་སྒྲུབ་ཀྱིས། འདིར་བདག་མི་ཡི་ལུས་ཐོབ་ནས། །ཕྱི་མར་སྨོན་ལམ་འདེབས་བྱེད་པ། །དེ་ནི་བླུན་པོ་ལེ་ལོ་ཅན། །ངན་སོང་གནས་སུ་རབ་འགྱོད་དེ། ཞེས་སོ། །སེམས་མེད་དང་མཚུངས་པ་དང་དེའི་རྒྱུ་གང་ཡིན་བརྟག་པ་ནི། ཤིན་ཏུ་རྙེད་དཀའ་ཞིང་རྙེད་ན་རང་གཞན་ལ་འཕྲལ་དང་ཡུན་གྱི་ཕན་བདེ་མཐའ་དག་སྒྲུབ་པའི་གཞི་རྟེན་དུ་གྱུར་པའི་དལ་འབྱོར་གྱི་ལུས་ཁྱད་པར་ཅན་ལོ་ཏོག་སོགས་སྐྱེ་བའི་གཞི་རྟེན་དུ་ གྱུར་པའི་ས་གཞི་བཟང་བོ་དང་མཚུངས་པ་འདི་ཇི་ཞིག་ལྟར་ཏེ་སྔོན་བསགས་ཀྱི་བསོད་ནམས་དགེ་བའི་སྟེས་དབང་གིས་རྙེད་པར་གྱུར་ནས་ད་ལྟ་བདག་་ཉིད་དགེ་སྡིག་སོགས་ཕན་གནོད་ཀྱི་རྒྱུ་ཇི་བཞིན་དུ་ཤེས་ནུས་པའི་ཐོས་སོགས་ལས་བྱུང་བའི་རྣམ་དཔྱོད་ཀྱི་ ཤེས་རབ་དང་ལྡན་བཞིན་དུ་ཡང་བྱ་འོས་པ་སྤངས་ཏེ་བྱ་མི་འོས་པའི་ལས་ངན་མང་དུ་བསགས་ནས་ཕྱིར་ལང་སྟེ་སླར་ཡང་སྔར་ཡུན་རིང་དུ་མ་ཐར་ཞིང་སྡུག་བསྔལ་གྱིས་མནར་བའི་དམྱལ་སོགས་ཀྱི་གནས་ཉམ་ང་བ་དེར་རང་ཉིད་འཁྲིད་པར་བྱེད་ན། དཔེར་ན་འགའ་
Page: 313 ༄༅། །ཞིག་རིགས་སྔགས་ཀྱིས་རྨོངས་པར་བྱས་ནས་མེ་ནང་དུ་ཁྲིད་ཀྱང་ངོ་མི་ཤེས་པ་བཞིན་དུ་བདག་ལ་ཡང་ད་ལྟའི་དུས་འདིར་རྟོག་དཔྱོད་བྱེད་པའི་སེམས་མེད་བའི་སྨྱོན་པའམ་རོ་ལྟར་དུ་གྱུར་པར་ཟད་ཅེས་པ་སྟེ། སེམས་མེད་ན་དེར་ཟད་ཡོད་ བཞིན་དུ་ནི་ཇི་ལྟར་ན་༢ཁྲིད་བར་བྱེད་རིགས་ཞེས་པ་སྟེ། འདིས་ནི་སྔར་ཐོག་མེད་ནས་དམྱལ་སོགས་མི་ཁོམ་པའི་གནས་ཀྱི་འཕྲང་མང་པོ་ལ་བརྒྱུད་བརྒྱུད་དེ་ཡུན་རིང་དུ་མ་ཐར་བར་སྡུག་བསྔལ་མང་པོ་མྱོང་བ་ལས་ད་རེས་བསོད་ནམས་དགེ་བའི་མཐུས་ལན་ཅིག་ ཙམ་གྱི་རིང་ཐར་པ་འདི་དོན་མེད་དུ་བཏང་ནས་སླར་ཡང་གནས་རིས་མི་བཟད་པ་དེ་དག་ཏུ་ཕྱིར་ལོག་སྟེ་འགྲོ་ན་ནི་རིགས་སྔགས་ཀྱི་མཐུས་རྨོངས་པར་བྱས་པ་བཞིན་དུ་བདག་ནི་རང་ལ་ཕན་པའི་སེམས་དེ་མེད་པར་གྱུར་པའོ་སྙམ་དུ་བསམ་སྟེ་རྟེན་བཟང་པོ་འདི་ལ་བརྟེན་ ནས་སྐྱེ་འཆིའི་རྒྱུན་ཅན་གྱི་སྲིད་པར་སྐྱེ་བ་བཟློག་པའི་སླད་དུ་ཐར་ལམ་ལ་འབད་དགོས་པར་བསྟན་ཏེ། བཤེས་སྤྲིང་ལས། མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་དང༌། དཔའ་བོས་ ཀྱང་། །གང་ཞིག་ཐོབ་ནས་འཁོར་བ་ཡི། །ཕ་རོལ་ཕྱིན་པའི་ས་བོན་བསྐྲུན། །བྱང་ཆུབ་དཔལ་གྱི་ས་བོན་མཆོག །ཡིད་བཞིན་ནོར་བུ་ལས་ལྷག་པའི། །ཡོན་ཏན་རྒྱུན་གྱི་མི་རྣམས་ནི། །སུ་ཞིག་འདིར་དེ་འབྲས་མེད་བྱེད། །ཅེས་སོ། །འོ་ན་སྔགས་ སོགས་ཅི་ཞིག་གིས་རྨོངས་པར་བྱས་ཤེ་ན། རྒྱུས་ཅིས་རྨོངས་ནས་རང་གིས་རང་བསླུས་པར་བྱས་བ་བདག་རང་གིས་ཀྱང་སྔར་མ་ཤེས་ཏེ་བདག་གི་ཁོང་པའི་ནང་འདི་ན་རང་རྨོངས་བྱེད་ཀྱི་རྒྱུ་ཅི་ཞིག་ཡོད་དེ་རྒྱུ་ཞིག་ནི་ཡོད་ངེས་པས་བརྟག་པར་བྱ་རིགས་སོ་ཞེས་པའོ། །
Page: 314 གསུམ་པ་སྤང་བྱ་ཉོན་མོངས་ལ་བསམ་སྟེ་བག་བྱ་བ་ལ་གསུམ། ཉོན་མོངས་པའི་ཉེས་དམིགས་བཤད་པ། ཉོན་མོངས་སྤང་བའི་དཀའ་སྤྱད་བཟོད་རིགས་པ། ཉོན་མོངས་ཇི་ལྟར་སྤོང་ཚུལ་ལོ། །དང་པོ་ནི། ཞེ་སྡང་སྲིད་སོགས་ཞེས་སོགས་ཏེ། །ཉོན་མོངས་པའི་ ཉེས་དམིགས་འཆད་པ་ལ། རང་དབང་མེད་པར་བྲན་བཞིན་དུ་བྱེད་པ་ནི། །་གོང་དུ་བརྟག་དགོས་ཞེས་བཤད་པ་དེ་ལྟར་བརྟགས་པ་ན། རིགས་སྔགས་ཀྱི་མཐུས་རྨོངས་པར་བྱས་པ་ལྟར་གྱུར་པའི་རྒྱུ་ནི་ཉོན་མོངས་ལས་གཞན་ཅི་ཡང་མེད་ལ། ཉོན་མོངས་དེ་ཡང་ཇི་ ལྟ་བུ་ཞིག་ཏུ་འདུག་བརྟགས་ན། སེམས་ཅན་དང་སྡུག་བསྔལ་སོགས་ལ་ཀུན་ནས་མནར་སེམས་པའི་ཞེ་སྡང་དང་ཡང་སྲིད་སོགས་ཟག་བཅས་ཀྱི་དངོས་པོ་ལ་མངོན་པར་ཆགས་པའི་སྲིད་པ་སྟེ་འདོད་ཆགས་དང༌། སོགས་ཞེས་པས་ལས་འབྲས་དང་དེ་ཁོ་ན་ཉིད་ཀྱི་ དོན་ལ་རྨོངས་པའི་མ་རིག་པ་སོགས་རྩ་ཉོན་གཞན་དང་ཉེ་ཉོན་རྣམས་ཀྱང་བསྟན་ལ། དེ་ལྟ་བུའི་བདག་གི་དགྲ་བོ་ཉོན་མོངས་པ་དེ་རྣམས་ནི་འཇིག་རྟེན་པའི་དགྲ་གཞན་ལྟར་བྲོས་ན་འདེད་པའི་རྐང་པ་དང་བསྡད་ན་བརྡེག་པའི་ལག་པ་དང༌། སོགས་ཞེས་པས་འཐབ་ ན་བསྣུན་བྱེད་ཀྱི་མཚོན་ཆ་ཐོགས་པ་དང་མགོ་དང་མིག་ལ་སོགས་པ་དག་ཀྱང་ཡོད་པའི་གཟུགས་ཅན་ཞིག་མིན་ཞེས་བསྟན་ལ། ལེ་ལོ་དང་མཚུངས་པར་ལྡན་པས་ན་སྟོབས་དང་བརྩོན་འགྲུས་ཆེ་བའི་དཔའ་ཞིང་བརྟུལ་ཕོད་པ་ཞིག་མ་ཡིན་ལ། གཏི་མུག་དང་ མཚུངས་པར་ལྡན་པས་ན་ཡིད་གཞུངས་པའི་མཁས་ཤིང་མཛངས་པ་ཞིག་མིན་ན་ཡང་ཇི་ཞིག་ལྟར་ཉོན་མོངས་དེ་དག་གིས་བདག་རང་དབང་ཅུང་ཟད་ཀྱང་མེད་པར་བྲན་བཞིན་དུ་བཀོལ་བར་བྱས་ནས་སྡུག་བསྔལ་སྣ་ཚོགས་ལ་སྦྱོར་བར་བྱས་སོ་ཞེས་དེའི་ཉེས་
Page: 315 ༄༅། །དམིགས་སེམས་པ་སྟེ་བརྟགས་ན་དེ་འདྲ་ཞིག་གིས་དབང་དུ་བྱེད་པ་འདི་ཆེས་མི་འཐད་པས་འདི་སྤོང་རིགས་ཞེས་པའོ། །སྐབས་འདིར་འགྲེལ་ཆེན་དུ། ཞེ་སྡང་སྲེད་སོགས་ཞེས་པའི་སོགས་སྒྲས་ང་རྒྱལ་སོགས་ཕྲ་རྒྱས་བཅུ་གཟུང་བར་བྱ་ སྟེ། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་ཁོང་ཁྲོ་དེ་བཞིན་དུ། །ང་རྒྱལ་དང་ནི་མ་རིག་པ། །ལྟ་བ་ཐེ་ཚོམ་དེ་དག་བཅུ། །ཞེས་གང་གསུངས་པའོ། །ལྟ་བ་ལྔར་ཕྱེ་བས་བཅུར་འགྱུར་ཏེ་ཞེས་མཛོད་དྲངས་ནས་ཅུང་ཟད་བཤད་པ་ལྟར། འདིར་ཡང་མདོ་ ཙམ་བཤད་པར་བྱ་སྟེ། དེ་ལ་སྤྱིར་སྲིད་པ་འགྲུབ་པའི་རྒྱུ་ལ་ལས་ཉོན་གཉིས་དགོས་ལ་དེ་ལས་ཀྱང་ཉོན་མོངས་གཙོ་ཆེ་སྟེ་ཉོན་མོངས་མེད་ན་སྔར་བསགས་ཀྱི་ལས་མཐའ་ཡས་པ་ཡོད་ཀྱང་རླན་དང་ས་སོགས་མེད་པའི་ས་བོན་གྱིས་མྱུ་གུ་སྐྱེད་མི་ནུས་པ་ལྟར་ ལས་ལ་ལྷན་ཅིག་བྱེད་པའི་རྐྱེན་མེད་པ་སོགས་ཉོན་མོངས་མེད་་པས་སྐྱེ་བའམ་སྡུག་བསྔལ་གྱི་མྱུ་གུ་མི་འོབྱུང་ལ། ཉོན་མོངས་ཡོད་ན་སྔར་བསགས་པའི་ལས་མེད་ཀྱང་དེ་མ་ཐག་གསར་དུ་བསགས་ནས་ཡང་སྲིད་ཕྱིམའི་ཕུང་བོ་ལེན་པའི་ཕྱིར། དེ་ལྟར་ ཡང་རྣམ་འགྲེལ་ལས། སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་དང༌། སྲེད་པ་ནི། ཡོད་ན་སླར་ཡང་འབྱུང་ཕྱིར་རོ། །ཞེས་སོ། དེའི་ཕྱིར་ཉོན་མོངས་ལ་གཉེན་པོ་བསྟེན་ ནས་སྤོང་བ་གལ་ཆེ་ཞིང་དེ་ལའང་དེ་དེའི་མཚན་ཉིད་དང་དབྱེ་བ་རྒྱུ་དང་བྱེད་ལས་སོགས་མངོན་པའི་གཞུང་ལས་འབྱུང་བ་ལྟར་ཤེས་པར་བྱས་ནས་གང་སྐྱེས་པ་ན་ངོས་བཟུང་ནས་དེའི་གཉེན་པོ་བསྟེན་ཏེ་སྤོང་དགོས་པར་གསུངས་སོ། །དེ་ལ་ཉོན་མོངས་སྤྱིའི་
Page: 316 མཚན་ཉིད་ནི། ཀུན་བཏུས་ལས། ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ་དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ཉོན་མོངས་པའི་མཚན་ཉིད་དོ་ཞེས་གསུངས་པ་ལྟར་གང་སྐྱེས་པ་ན་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ བློ་ཞིག་གོ། སོ་སོའི་མཚན་ཉིད་ལ་ཕྲ་རྒྱས་བཅུའམ་རྩ་ཉོན་གྱི་དབང་དུ་བྱས་ན། འདོད་ཆགས་ནི། སྔ་མ་ལས། འདོད་ཆགས་གང་ཞེ་ན། ཁམས་གསུམ་པའི་རྗེས་སུ་ཆགས་པ་སྟེ་སྡུག་བསྔལ་སྐྱེད་པའི་ལས་ཅན་ནོ་ཞེས་ཏེ། ཟག་བཅས་ཀྱི་དངོས་པོ་ལ་ རང་གི་ངོ་བོའི་སྒོ་ནས་ཡིད་འོང་དུ་མཐོང་ནས་དེ་དོན་དུ་གཉེར་བའི་སེམས་བྱུང་ཞིག་སྟེ། དཔེར་ན་རས་ལ་སྣུམ་ཞུགས་པ་དབྱུང་དཀའ་བ་ལྟར་འདིའང་རང་གི་དམིགས་པ་ལ་ཞེན་ཅིང་མཆེད་པ་ནི་དམིགས་པ་དེ་དང་བྲལ་དཀའ་བར་གསུངས་སོ། །དབྱེ་ན་ཁམས་ གསུམ་གྱི་འདོད་ཆགས་གསུམ་མམ་འདོད་པའི་འདོད་ཆགས་དང་སྲིད་པའི་འདོད་ཆགས་གཉིས་སོ། །བྱེད་ལས་ནི་སྡུག་བསྔལ་སྐྱེད་པ་སྟེ་སྲིད་པའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ནི་སྲིད་པར་ཉིང་མཚམས་སྦྱོར་བའི་སྐྱེ་བ་ཡིན་ལ་དེའི་རྒྱུའི་གཙོ་བོ་ནི་འདོད་ཆགས་ སམ་སྲེད་པ་ཡིན་པས་དེ་སྐད་བརྗོད་དོ། །ཁོང་ཁྲོ་ནི། དེ་ལས། ཁོང་ཁྲོ་བ་གང་ཞེ་ན། སེམས་ཅན་རྣམས་དང་སྡུག་བསྔལ་དང་སྡུག་བསྔལ་གྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ་རེག་པར་མི་གནས་པ་དང་ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ཞེས་ ཏེ། དམིགས་ཡུལ་གསུམ་ལ་དམིགས་ནས་མི་བཟོད་ཅིང་ཀུན་ནས་མནར་སེམས་པ་སེམས་རྩུབ་མོ་ཡུལ་དེ་རྣམས་ལ་གནོད་པ་བྱེད་འདོད་པའོ། །དེའི་དམིགས་ཡུལ་གསུམ་ནི། སེམས་ཅན་རྣམས་དང་རང་རྒྱུད་དུ་གཏོགས་པའི་སྡུག་བསྔལ་རྣམས་དང་སྡུག་
Page: 317 ༄༅། །བསྔལ་དེ་དག་གང་ལས་འབྱུང་བའི་གནས་རྣམས་ཡིན་ལ། སྡུག་བསྔལ་གང་ལས་འབྱུང་བའི་གནས་ནི་གནོད་བྱེད་དང་མཚོན་ཆ་ཚེར་མ་སོགས་སོ། །དེ་ལ་ཀུན་ནས་མནར་སེམས་ཀྱི་གཞི་དགུ་ནི། རིན་ཕྲེང་ལས། གནོད་སེམས་ བདག་དང་གྲོགས་དང་དགྲའི། །ཕྱོགས་ལ་དུས་གསུམ་དོན་མིན་པའི། །དོགས་པ་གཞན་ལ་གནོད་པའི་སེམས། །རྒྱུ་དགུ་ལས་ནི་བྱུང་བ་ཡིན། །ཞེས་པ་ལྟར་ཏེ། གནོད་བྱེད་འདིས་བདག་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་ཞེས་པ་སྟེ་གསུམ་དང༌། དེ་ བཞིན་དུ་འདིས་བདག་གི་གཉེན་གྲོགས་སོགས་ལ་གནོད་པ་བྱས་སོ་སོགས་གསུམ་དང༌། འདིས་བདག་གི་དགྲ་ལ་ལེགས་པ་བྱས་སོ་སོགས་གསུམ་སྟེ་དགུའོ། །དེའི་བྱེད་ལས་ནི། ཚེ་འདིར་བདེ་བ་ལ་རེག་པར་མི་གནས་པ་དང་ཕྱི་མ་ལའང་སྡུག་བསྔལ་དཔག་མེད་ སྐྱེད་པ་སྟེ། མདོར་ན་ཁྲོ་བ་བདེར་གནས་པ། །ཞེས་སོགས་འཆད་འགྱུར་ལྟར་རོ། །ང་རྒྱལ་ནི། དེ་ལས། ང་རྒྱལ་གང་ཞེ་ན། འཇིག་ཚོགས་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པ་སྟེ་མི་གུས་པ་དང་སྡུག་བསྔལ་འབྱུང་བའི་ལས་ཅན་ནོ་ཞེས་ཏེ། ཡོན་ ཏན་དང་ནོར་སོགས་ཁེངས་པའི་གཞི་གང་རུང་ལ་དམིགས་ནས་སེམས་ཁེངས་པའི་རྣམ་པ་ཅན་གྱི་སེམས་བྱུང་ངོ༌། །ང་རྒྱལ་གང་སྐྱེ་ཐམས་ཅད་ངའོ་སྙམ་པའི་ངར་འཛིན་ལ་བརྟེན་ནས་སྐྱེ་བས་ན་འཇིག་ལྟ་ལ་བརྟེན་ནས་ཞེས་བརྗོད་དོ། །དབྱེ་ན་བདུན་ཡོད་དོ། ། བྱེད་ལས་ཡོན་ཏན་ཅན་སོགས་ལ་མི་གུས་པ་དང་འདི་ཕྱི་ཀུན་ཏུ་སྡུག་བསྔལ་སྐྱེད་པར་བྱེད་པའོ། །མ་རིག་པ་ནི། དེ་ལས། མ་རིག་པ་གང་ཞེ་ན། ཁམས་གསུམ་པའི་མི་ཤེས་པ་སྟེ་ཆོས་རྣམས་ལ་ལོག་པར་ངེས་པ་དང་ཐེ་ཚོམ་དང་ཀུན་ནས་ཉོན་མོངས་པ་འབྱུང་
Page: 318 བའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་ཏེ་བདེན་བཞི་སོགས་ཀྱི་རང་བཞིན་ལ་རྨོངས་པའི་སེམས་བྱུང་མི་ཤེས་པའོ། །འདིར་སེམས་བྱུང་མི་ཤེས་པ་ལ་བཤད་པ་ལྟར། དབྱིག་གཉེན་གྱིས་ཕུང་ལྔའི་རབ་བྱེད་དུའང་དེ་ལྟར་བཤད་ལ། ཆོས་ཀྱི་གྲགས་པས་ཕྱིན་ཅི་ལོག་ཏུ་ འཛིན་པའི་རྨོངས་པ་ལ་བཞེད་ལ་དེའང་འཇིག་ལྟ་ཉིད་ལ་གཟུང་ངོ༌། །དེ་ལྟར་མ་རྟོགས་པའི་བློ་ལ་འདོད་པ་དང་ལོག་རྟོག་ཏུ་འདོད་པ་གཉིས་ཡོད་ཀྱང་དེའི་གཉེན་པོའི་གཙོ་བོ་ཨ་བདག་མེད་རྟོགས་པའི་ཤེས་རབ་ལ་འདོད་པ་འདྲའོ། །དབྱེ་ན་ལས་འབྲས་ལ་ རྨོངས་པའི་མ་རིག་པ་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་གཉིས་ཡོད་ལ། སྔ་མས་ངན་འགྲོར་འཕེན་པའི་ལས་གསོག་ཅིང་ཕྱི་མས་བདེ་འགྲོར་འཁོར་བའི་ལས་གསོག་པར་བྱེད་དོ། །བྱེད་ལས་ཆོས་རྣམས་ལ་ཕྱིན་ཅི་ལོག་གི་རྣམ་པར་ངེས་པ་དང་དེ་ལ་སོམ་ ཉི་ཟ་བ་དང་ཆགས་སོགས་འབྱུང་ཞིང་འཕེལ་བ་དང་དེ་ལས་སྡུག་བསྔལ་ཐམས་ཅད་འབྱུང་བའི་རྟེན་བྱེད་པ་སྟེ། རྣམ་འགྲེལ་ལས། དེ་ཉིད་ཕྱིར་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་སོ། །འདིས་དེ་ལྟར་སྲིད་རྩ་ལས་ཉོན་ཐམས་ཅད་ ཀྱི་གཞི་བྱེད་པའི་ཕྱིར་ཡན་ལག་བཅུ་གཉིས་ཀྱི་ཐོག་མར་བསྟན་ཏོ། །ཐེ་ཚོམ་ནི། དེ་ལས། ཐེ་ཚོམ་གང་ཞེ་ན། བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་སྟེ་དགེ་བའི་ཕྱོགས་རྣམས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་ཏེ། བདེན་བཞི་དང་ལས་འབྲས་ སོགས་ལ་དམིགས་ནས་མཐའ་གཉིས་སུ་དོགས་པའི་སེམས་བྱུང་ངོ༌། །བྱེད་ལས་དགེ་བའི་བྱ་བ་རྣམས་ལ་འཇུག་པ་ལ་བར་དུ་གཅོད་ཅིང་ཁྱད་པར་བདེན་པ་མཐོང་བ་ལ་བར་དུ་གཅོད་ལ། དེའི་ཕྱིར་བདེན་པ་མཐོང་བ་ན་འདི་བཟློག་པར་འགྱུར་བས་མཐོང་སྤང་
Page: 319 ༄༅། །ཀུན་སྦྱོར་དུ་གཞག་གོ། ལྟ་བ་ནི། ཡུལ་གྱི་གནས་ཚུལ་དང་མི་མཐུན་པར་ལོག་པར་རྟོག་པའི་བདག་ཉིད་ཀྱི་ཤེས་རབ་ཉོན་མོངས་ཅན་ཏེ། དེ་ལ་ལོག་པར་འཛིན་ཚུལ་གྱི་རྣམ་པ་ཐ་དད་པའི་དབྱིབས་ལྔ་ཡོད་པ་ལས། འཇིག་ལྟ་ནི། དེ་ལས། ཉེ་བར་ ལེན་པའི་ཕུང་བོ་ལྔ་པོ་རྣམས་ལ་བདག་དང་བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང་འདོད་པ་དང་བློ་གྲོས་དང་རྟོག་པ་དང་ལྟ་བ་གང་ཡིན་པ་སྟེ་ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་ཏེ། ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་ང་དང་ང་ཡིར་འཛིན་པའི་ ཤེས་རབ་ཉོན་མོངས་ཅན་ནོ། །འདིས་གང་ལ་ལྟ་བའི་གཞི་ནི་མི་རྟག་པ་དང་དུ་མའི་ཆོས་ཙམ་ཡིན་གྱི་རྟག་བ་དང་གཅིག་པུའི་གང་ཟག་ནི་མེད་དོ་ཞེས་བསྟན་ཕྱིར་འཇིག་ཚོགས་ལ་ལྟ་བ་ཞེས་སྨོས་ཏེ་འཇིག་བ་ནི་མི་རྟག་པ་དང་ཚོགས་པ་ནི་དུ་མ་ཡིན་པས་སོ། །བཟོད་པ་ སོགས་ཀྱི་དོན་ནི། ཕྱིན་ཅི་ལོག་གི་དོན་ལ་མི་སྐྲག་པས་བཟོད་པ། ལོག་པའི་ཡུལ་དེ་དོན་དུ་གཉེར་བས་འདོད་པ། ཡུལ་དེ་རྣམ་པར་འབྱེད་པས་བློ་གྲོས། དེར་མངོན་པར་ཞེན་པས་རྟོག་པ། དེ་ལ་དམིགས་པས་ལྟ་བ་ཞེས་བརྗོད་པའོ། །དབྱེ་ན་འཇིག་ལྟ་ཉི་ཤུ་ཡོད་དོ། །བྱེད་ལས་ལྟ་ངན་ཐམས་ ཅད་ཀྱི་རྟེན་བྱེད་པས་ཏེ། ལྟ་བ་ཀུན་གྱི་མར་གྱུར་པའི། འཇིག་ཚོགས་ལྟ་བ། ཞེས་པ་ལྟར་རོ། །མཐར་ལྟ་ནི། དེ་ལས། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་རྟག་པའམ་ཆད་པར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང་ཞེས་སོགས་གསུངས་ཏེ། འཇིག་ལྟས་བཟུང་བའི་བདགུ་དེ་ལ་ དམིགས་ནས་རྟག་ཆད་དུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ། །བྱེད་ལས་འདིས་རྟག་ཆད་ཀྱི་མཐར་ལྷུང་བར་བྱེད་པས་ན་མཐའ་བྲལ་དབུ་མའི་ལམ་གྱིས་སྲིད་པ་ལས་ངེས་པར་འབྱུང་བའི་བར་དུ་གཅོད་པའོ། །ལྟ་བ་མཆོག་འཛིན་ནི། དེ་ལས་ལྟ་བ་དང་ལྟ་བའི་གནས་ཉེ་བར་ལེན་པའི་ཕུང་
Page: 320 པོ་ལྔ་བོ་དག་ལ་མཆོག་དང་གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང་དམ་པར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང་ཞེས་སོགས་གསུངས་ཏེ། ལྟ་ངན་གཞན་དང་དེ་འབྱུང་བའི་གཞི་ཕུང་པོ་ལ་དམིགས་ནས་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ། །རྣམ་པའི་ཁྱད་པར་ལ། ཕུལ་དུ་བྱུང་བས་མཆོག་དང༌། འདི་ལས་ལྷག་པ་མེད་པས་གཙོ་བོ་དང༌། གཞན་ལས་ཁྱད་ཞུགས་པས་ཁྱད་འཕགས་དང༌། འདི་དང་མཚུངས་པ་གཞན་མེད་པས་དམ་པ་སྟེ་དེ་དང་དེར་འཛིན་པའོ། །བྱེད་ལས་ལྟ་དོན་ལ་མངོན་པར་ཞེན་ནས་དེ་མི་གཏོང་བའི་རྟེན་བྱེད་པའོ། །ཚུལ་ཁྲིམས་ བརྟུལ་ཞུགས་མཆོག་འཛིན་ནི། དེ་ལས། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་འདག་པ་དང་གྲོལ་བ་དང་ངེས་པར་འབྱིན་པར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང་སོགས་ཏེ། ལྟ་ངན་གྱིས་ཀུན་ནས་ བསླང་བའི་ཚུལ་ཁྲིམས་དང་ཁྱི་དང་བ་ལང་ལ་སོགས་པའི་ཆ་ལུགས་དང་གཡང་གཞི་འཆང་བ་སོགས་དམ་བཅས་པའི་བརྟུལ་ཞུགས་དང་དེ་དག་གང་ལས་འབྱུང་བའི་གནས་ཕུང་པོར་དམིགས་ནས་སྡིག་པ་འདག་པ་དང་ཉོན་མོངས་ལས་གྲོལ་བ་དང་འཁོར་བ་ལས་ངེས་པར་འབྱིན་པར་ལྟ་བའི་ ཤེས་རབ་ཉོན་མོངས་ཅན་ནོ། །བྱེད་ལས་ཐར་བའི་ཆེད་དུ་འབད་ཀྱང་ངེས་པར་མི་འབྱུང་བས་ངལ་བ་འབྲས་བུ་མེད་པར་བྱེད་པའོ། །ལོག་ལྟ་ནི། དེ་ལས། རྒྱུའམ་འབྲས་བུའམ་བྱེད་པ་ལ་སྐུར་བ་འདེབས་པ་དང་ཡོད་པའི་དངོས་པོ་འཇིག་པ་སྟེ་ལོག་པར་བཟོད་པ་དང་ཞེས་སོགས་གསུངས་ཏེ། རྒྱུ་འབྲས་ དང་ཚེ་སྔ་ཕྱི་སོགས་མེད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །དབྱེ་ན། ལེགས་སྤྱད་ཉེས་སྤྱད་སོགས་མེད་པར་ལྟ་བ་རྒྱུ་ལ་སྐུར་པ་འདེབས་པ། དགེ་སྡིག་གི་རྣམ་སྨིན་མེད་པར་ལྟ་བ་འབྲས་བུ་ལ་སྐུར་པ་འདེབས་པ། ཚེ་སྔ་ཕྱི་དང་ཕ་མ་སོགས་མེད་པར་ལྟ་བ་བྱེད་པ་ལ་སྐུར་པ་འདེབས་པ། དཀོན་མཆོག་སོགས་མེད་པར་ལྟ་
Page: 321 ༄༅། །བ་ཡོད་པའི་དངོས་པོར་སྐུར་པ་འདེབས་པའོ། །ལྟ་བ་ལྔ་བོ་དེ་དག་བསྡུ་ན་སྒྲོ་སྐུར་གཉིས་སུ་འདུ་སྟེ་ལྟ་བ་དང་པོ་བཞི་སྒྲོ་འདོགས་པའི་ལྟ་བ་དང་ལོག་ལྟ་ནི་ཕལ་ཆེར་རྒྱུ་འབྲས་སོགས་ཡོད་པའི་དངོས་པོ་བསལ་ནས་སྐུར་པ་འདེབས་པའི་ལྟ་བ་ཡིན་ལ། དེ་ལྟར་ལས་འབྲས་དང་ཚེ་སྔ་ཕྱི་སོགས་མེད་པར་ལྟ་བའི་ལོག་ལྟས་ནི་དགེ་རྩ་གཅོད་པས་ལོག་ལྟའི་ནང་ནས་ཀྱང་ཉེས་པ་ཆེ་བའོ། །འོན་ཀྱང་ལོག་ལྟ་ལ་གཙོ་བོ་དང་དབང་ཕྱུག་སོགས་འགྲོ་བའི་རྒྱུའམ་བྱེད་པ་པོར་ལྟ་བའི་སྒྲོ་འདོགས་ཀྱི་ཆའང་ཡོད་དོ། ལྟ་བ་ལྔ་ བོ་ལ་ནང་གསེས་ཀྱི་ཕྱེ་ན་ལྟ་ངན་དྲུག་ཅུ་རྩ་གཉིས་སོགས་མང་ངོ༌། །ཉེ་ཉོན་རྣམས་ཀྱི་ངོས་འཛིན་སོགས་ནི་གཞན་ལས་ཤེས་བར་བྱའོ། །རང་ལ་མི་རིགས་པའི་གནོད་པ་བྱེད་པ་ལ་བཟོད་པ་སྨད་པ་ནི། དེ་ལྟ་བུའི་ཉོན་མོངས་པའི་དགྲ་དེ་རྣམས་ནི་བདག་གི་སེམས་ལ་ རྟེན་བཅས་ནས་གནས་བཞིན་དུ་དགའ་མགུར་ཏེ་དོགས་པ་དང་འཛེམ་པ་ཙམ་ཡང་མེད་པར་ཅི་དགའ་ཅི་འདོད་དུ་བདག་ལ་དམྱལ་སོགས་ངན་སོང་གི་སྡུག་བསྔལ་ལ་སྦྱོར་བ་བསོགས་ཀྱི་གནོད་པ་ཆེན་པོ་བྱེད་པ་འདི་ནི་བཀའ་གདམས་བློ་སྦྱོང་དུ་གནས་ས་མགོ་ལ་གནས་ ནས་ཀྱལ་ཀ་མིག་ལ་བྱེད་པ་ཞེས་གསུངས་པ་ལྟར་འབྲལ་མེད་དུ་གྲོགས་ལྟར་འགྲོགས་ནས་གནོད་པ་བྱེད་པ་འདི་ཤིན་ཏུ་མི་རིགས་པས་དེ་ལྟར་བྱེད་པ་ལའང་བདག་མི་ཁྲོ་བར་བཟོད་ཅིང་སྲོན་པར་བྱེད་པ་ནི་རྣམ་པ་ཀུན་ཏུ་མི་རིགས་སོ། །བྱང་སེམས་ཀྱིས་གནོད་བྱེད་ ལ་ཇི་མི་སྙམ་པའི་བཟོད་པ་སྒོམ་དགོས་པ་མིན་ནམ་ཞེ་ན། ་བཟོད་པར་བྱ་བའི་གནས་མིན་པ་འདི་ལྟ་བུ་ལ་བཟོད་པར་བྱེད་པ་ནི་དམ་པ་རྣམས་ཀྱིས་ཤིན་ཏུ་སྨད་པར་བྱ་བའི་གནས་སུ་གྱུར་པ་ཁོ་ན་ཡིན་གྱི་བསྔགས་པའི་གནས་བསྒོམ་པར་བྱ་བ་དང་ཉམས་སུ་བླང་བར་བྱ་
Page: 322 རྒྱུའི་བཟོད་པ་མ་ཡིན་པས་འདི་ལ་དགྲར་བལྟས་ནས་སྤང་བར་བྱའོ། །གནོད་ཚབས་ཤིན་ཏུ་ཆེ་བ་ནི། དེ་ཙམ་དུ་ཅི་གནོད་དགྲར་བལྟ་དགོས་པ་ཅི་ཡིན་སྙམ་ན། གལ་ཏེ་ལྷ་དང་ལྷ་མིན་སོགས་འཇིག་རྟེན་ན་མཐུ་དང་སྟོབས་ཆེ་བར་གྲགས་པ་རྣམས་ཕྱོགས་གཅིག་ཏུ་ བསྡོངས་ནས་དེ་ཐམས་ཅད་བདག་ལ་དགྲར་ལངས་པར་གྱུར་ཀྱང་ནོར་འཕྲོག་པ་ལུས་ལ་བརྡུང་བརྡེག་བྱེད་པ་་ཙམ་དང་ཅི་ཙམ་ཐུ་ན་ཡང་སྲོག་གཅོད་པ་ཙམ་བྱེད་ནུས་ཀྱི། དེ་ལས་གཞན་དུ་དགྲ་དེ་དག་གི་ནང་ནས་སུས་ཀྱང་མནར་མེད་པའི་དམྱལ་བའི་མེ་ནང་དུ་བདག་འཁྲིད་ཅིང་ རང་མེ་ནང་དེར་འཇུག་པར་བྱེད་པ་ཙམ་ཡང་བྱེད་མི་ནུས་ལ། རང་རྒྱུད་ཀྱི་ཉོན་མོངས་པ་སྟོབས་ཤིན་ཏུ་ཆེན་པོ་ཅན་གྱི་དགྲ་འདིས་དབང་དུ་བྱས་ན་ནི་མཚམས་མེད་པ་ལ་སོགས་པའི་ལས་ངན་ཚབས་ཆེན་ཀྱང་ཉེ་བར་གསོག་པའི་རྒྱུ་དང་རྐྱེན༌བྱས་ནས་མནར་མེད་ཀྱི་མེ་གང་ དང་འཕྲད་ན་རྩ་ཤིང་སོགས་ཀྱི་དངོས་པོ་གཞན་ལྟ་ཅི་རིའི་རྒྱལ་པོ་རི་རབ་ཀྱང་ལྷག་མ་ཐལ་བ་ཙམ་ཡང་ནི་མི་ལུས་པ་ཉིད་དུ་སྲེག་པར་བྱེད་པའི་མེ་ནང་དེར་བདག་སྐད་ཅིག་གཅིག་ལའང་༢༢དོར་བར་བྱེད་པའམ་འཕེན་པར་བྱེད་ངེས་པས་ན་འདིས་གནོད་པ་ལྟ་བུ་དགྲ་སུས་ ཀྱང་བྱ་མི་ནུས་པ་འདི་ལ་དགྲར་བལྟ་བ་ཙམ་དུ་མ་ཟད་གཉེན་པོ་སྟོབས་ལྡན་བསྟེན་ནས་ཉོན་མོངས་པའི་དགྲ་འདི་གཞོམ་པ་ལ་ཐབས་སྣ་ཚོགས་ཀྱིས་བརྩོན་པར་བྱའོ། །ལྷ་མིན་ཞེས་པ་ནི་རྒྱུ་དཔེར་མི་མིན་ཏེ་གནོད་སྦྱིན་ལ་སོགས་པ་ཞེས་གསུངས་སོ། །གནོད་ ཡུན་ཤིན་ཏུ་རིང་བ་ནི། འདི་ལ་དེ་ཙམ་དུ་འཁོན་དུ་འཛིན་པ་ཅི་ཡིན་སྙམ་ན། བདག་གི་གནོད་བྱེད་དུ་གྱུར་པའི་ཉོན་མོངས་པའི་དགྲ་བོ་གང་ཡིན་པ་དེ་ནི་དེ་ལྟར་སྟོབས་ཆེ་ཞིང་གནོད་ཚབས་ཆེ་བར་མ་ཟད་འདིས་ནི་སྔར་དུས་རིང་པོར་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་
Page: 323 ༄༅། །བར་མ་ཆད་དུ་གནོད་པ་ཆེན་པོ་བྱས་ཤིང་ཕྱིན་ཆད་ཀྱང་འདི་གཉེན་པོའི་སྟོབས་ཀྱིས་མ་སྤངས་ན་འཁོར་བ་མཐའ་མེད་ཀྱི་བར་དུ་ཡང་རྟག་ཏུ་གནོད་པ་བྱེད་ངེས་ཡིན་པ་ལྟར་མི་དང་མི་མིན་ལ་སོགས་པ་འཇིག་རྟེན་པའི་དགྲ་བོ་གཞན་ཀུན་གྱིས་ཀྱང་ ནི་ལོ་དང་ཟླ་བ་སོགས་ཀྱི་དུས་ཐུང་ངུ་རེ་ཙམ་ལས་ཉོན་མོངས་པའི་དགྲ་དེ་ལྟ་བུར་དུས་ཡུན་རིང་དུ་གནོད་པ་བྱེད་ཐུབ་པ་མ་ཡིན་ནོ་ཞེས་སམ་ཚེ་ཡུན་རིང་པོ་ཐུབ་པ་མ་ཡིན་ནོ་ཞེས་པའོ། །དེས་ན་དེ་གཞོམ་པ་ལའང་ཡུན་རིང་པོར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་དགོས་ཀྱི་གཉེན་ པོ་ཐུན་རེ་ཙམ་བསྒོམ་པས་ཅིར་ཡང་མི་འགྱུར་རོ། །དེ་ཡང་དཔེར་ན་མཛེ་ནད་ལྟ་བུའི་ནད་ཚབས་ཆེན་གྱིས་ཐེབས་པ་ཞིག་གིས་སྨན་ཐུན་ལན་རེ་ལན་གཉིས་ཙམ་བསྟེན་པས་ནད་གསོ་མི་ཐུབ་པ་ལྟར་རང་ཅག་ཐོག་མ་མེད་པ་ནས་ཉོན་མོངས་པའི་ནད་གཞི་ཚབས་ཆེན་གྱིས་ ནད་ཐེབས་པ་ལ་གདམས་ངག་གི་དོན་ཐུན་རེ་རེ་གཉིས་གཉིས་ཙམ་ཉམས་སུ་བླངས་པས་མི་ཆོག་གི་ལམ་གྱི་ཆ་ཡོངས་རྫོགས་ཡུན་རིང་པོའི་བར་དུ་ཉམས་སུ་ལེན་པ་དགོས་ཏེ། ཙནྡྲ་གོ་མིས། དེར་ཡང་རྒྱུན་དུ་སེམས་ནི་རྨོངས་པ་ལ། །ཡུན་རིང་དུས་སུ་ནད་གཞི་བསྟེན་བྱེད་ཅིང་། ། མཛེ་ཅན་རྐང་བ་ལག་པ་ཆད་པ་ལ། །ཐང་འགའ་སྨན་བསྟེན་པ་ཡིས་ཅི་བགྱིར་མཆིས། །ཞེས་དང༌། སེམས་ཀྱི་ཤིང་ནི་ཐོག་མ་མེད་དུས་ཅན། །ཉོན་མོངས་ཁ་བའི་ཁུ་བས་བརླན་བགོས་པ། །རོ་ཞིམ་དངོས་པོར་བགྱི་བར་མི་ནུས་ལྟར། །ཡོན་ཏན་ཆུ་ཡི་ཐིགས་པས་ ཅི་རུ་འགྱུར། །ཞེས་པ་ལྟར་རོ། །ཇི་ལྟར་བསྟེན་པ་དེ་ལྟར་གནོད་པ་བྱེད་པ་ནི། མཐུན་པས་བསྟེ་ན་པའམ་བསྡུ་བས་བྱས་ན་གནོད་མི་བྱེད་དོ་ཞེ་ན། འཇིག་རྟེན་པའི་དགྲ་གཞན་ཀུན་ལ་ཁོ་རང་གི་འདོད་པ་དང་རྗེས་སུ་མཐུན་པར་ཟས་གོས་ནོར་སོགས་ཀྱི་བསྙེན་
Page: 324 བཀུར་དང་རིམ་གྲོ་བྱས་ཏེ་མཉེས་ཐབས་ཀྱི་སྒོ་ནས་བསྟེན་པར་བྱས་ན་དེ་ཐམས་ཅད་ཀྱིས་རང་ལ་ནུས་པ་ཅི་ཡོད་ཀྱི་སྒོ་ནས་ཚུར་ལའང་ཕན་པ་དང་བདེ་བ་སྒྲུབ་པའི་གྲོགས་བྱེད་པ་ཤ་སྟག་ཡིན་ནའང༌། ཉོན་མོངས་པའི་དགྲ་བོ་མི་བསྲུན་པ་རྣམས་ནི་ཁོ་རང་དང་རྗེས་སུ་ མཐུན་པར་ཞུགས་ནས་གྲོགས་ཀྱི་ཚུལ་དུ་བསྟེན་པར་བྱས་ན་སྦྲུལ་ལ་འོ་མ་ཇི་ཙམ་སྟེར་བ་དེ་ཙམ་དུ་དུག་གི་ནུས་པ་འཕེལ་བ་ལྟར་སྟོབས་དང་ནུས་པ་གོང་འཕེལ་དུ་སོང་ནས་ཕྱིར་ཞིང་སྟེ་སླར་ཡང་སྡུག་བསྔལ་དག་པོ་སྐྱེད་ཅིང་གནོད་པ་ཆེན་པོ་བྱེད་པས་ན་དེའི་མཐུན་ གྲོགས་མི་བྱ་བར་ཕྱིན་ཆད་རང་བདེ་བའི་ཐབས་སུ་དེ་གཞོམ་པ་ལ་བརྩོན་པར་བྱའོ། །ཇི་ཙམ་དུ་འགྲོགས་པ་དེ་ཙམ་དུ་དགའ་བདེ་མི་འཐོབ་པ་ནི། བོ་དོང་དུ་བཤད་པ་དེ་ལྟར་དུས་ཡུན་རིང་བོ་ཐོག་མ་མེད་པ་ནས་བོར་མ་ཆད་པར་རྒྱུན་ཆགས་སུ་རང་ལ་གནོད་པ་ཚབས་ ཆེན་སྐྱེལ་བའི་དགྲར་གྱུར་པ་སྤྱིར་འཁོར་བ་ཁྱད་པར་ངན་སོང་གི་སྡུག་བསྔལ་དང་འཇིགས་པ་དང་འཚེ་བ་ལ་སོགས་པ་གནོད་པའི་ཚོགས་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་རབ་ཏུ་སྐྱེ་བ་དང་འཕེལ་བའི་རྒྱུའམ་ས་བོན་གཅིག་པུ་ཉིད་དུ་གྱུར་པའི་ཉོན་མོངས་པའི་དགྲ་ འདི་དག་བདག་གི་སྙིང་ལ་སྟེ་སེམས་རྒྱུད་ལ་ངེས་པར་གནས་འཆའ་ཞིང་འབྲལ་མེད་དུ་འགྲོགས་ན་བདག་འཁོར་བར་འཇིགས་པ་མེད་པ་དང་ཡིད་ལ་དགའ་བ་སྐྱེ་བར་ག་ལ་འགྱུར་ཏེ་མི་འགྱུར་རོ། །ཚིགས་བཅད་འདི་ནི་གོང་མ་རྣམས་ཀྱི་དོན་བསྡུ་ཡང་ཡིན་ཏེ། དེ་ལྟར་ཡུན་རིང་སོགས་དང་གནོད་པའི་ཚོགས་རབ་སོགས་དང་བདག་གི་སྙིང་ལ་སོགས་ནི་རིམ་པར་གོང་གིབདག་གི་ཉོན་མོངས་སོགས་དང་གལ་ཏེ་ལྷ་དང་ལྷ་མིན་སོགས་དང་བདག་གི་སེམས་ལ་སོགས་ཀྱི་དོན་བསྡུར་སྦྱར་རོ། །གཞན་ཡང་སྡུག་བསྔལ་
Page: 325 ༄༅། །སྣ་ཚོགས་ཀྱིས་འཆིང་བར་བྱེད་པ་ཡི་གནས་འཁོར་བའི་བཙོན་ར་ལས་ནམ་དུ་ཡང་ཐར་དུ་མི་སྟེར་ཞིང་གནོད་པ་བྱར་བཏུབ་ཚད་བྱ་ཞིང་ཨ་བཟོད་དཀའ་བའི་སྡུག་བསྔལ་དུ་མ་ལ་སྤྱོར་བའི་སྒོ་ནས་འཁོར་བའི་བཙོན་རའི་སྲུང་མ་བྱེད་ཅིང་དམྱལ་ བ་སོགས་ཀྱི་བཙོན་དོང་མ་རུངས་པར་འཕེན་པར་བྱེད་པ་དང༌། ཉོན་མོངས་པས་བསྐྱེད་པའི་ལས་ངན་པའི་དབང་གིས་དམྱལ་བ་ཡི་དྭགས་སོགས་ཀྱི་གནས་སུ་མི་དང་བྱ་ཁྱི་སོགས་གཤིན་རྗེའི་སྐྱེས་བུའི་ཚུལ་དུ་སྣང་བའི་གསོད་བྱེད་ཀྱི་གཤེད་མར་གྱུར་ཅིང་མཐོ་ རིས་དང་ཐར་བའི་སྲོག་གཅོད་པར་བྱེད་པའི་ཉོན་མོངས་པའི་དགྲ་བོ་མ་རུངས་པ་ཉེས་པ་མ་ལུས་པའི་འབྱུང་གནས་སུ་གྱུར་པ་འདི་དག་ནི་གལ་ཏེ་བདག་གི་བློ་ཡི་གནས་སམ་ཡིད་ཀྱི་ཁྱིམ་གྱི་ནང་དུ་ཆགས་པའི་དྲ་བ་སྟེ་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པའི་དྲ་བ་ལྕགས་ ཀྱི་གཟེབ་ལྟ་བུའི་ནང་ན་རྫོང་བཅས་ནས་རྟག་ཏུ་གནས་ན་བདག་ལ་དུས་ནམ་གྱི་ཚེ་ཡང་ལུས་སེམས་བདེ་བའི་གོ་སྐབས་ག་ལ་ཡོད་དེ་མེད་པ་ནི་དཔེར་ན་སྤྱང་ཀུ་དང་ལུག་གཉིས་ལྷན་ཅིག་ཏུ་སྦྲེལ་ཏེ་བཞག་ན་ལུག་ལ་བདེ་བའི་སྐབས་མེད་པ་བཞིན་ནོ་ཞེས་བླ་མ་རྗེའི་ ཞལ་རྒྱུན་ལས་སོ། །དེ་ལྟར་ཉོན་མོངས་པའི་དགྲས་ནི་གནོད་པ་ཤིན་ཏུ་ཆེན་པོ་བྱེད་པའི་ཕྱིར་དགྲའི་ནང་ནས་ཀྱང་དགྲ་ཆེན་པོ་མ་རུངས་པ་ཡིན་ཏེ། འཆར་བྱེད་ཀྱིས་ཞུས་པ་ལས། རྒྱལ་པོ་ཆེན་པོ་དགྲ་འདི་ནི་དགྲ་ཆུང་ངུ་ཡིན་ཏེ། འདི་མ་ཡིན་པའི་དགྲ་ ཆེན་པོ་ཤར་གཉེར་བ་ཞིག་ཡོད་དོ། །གསོལ་པ་དགྲ་དེ་གང་ལགས། བཀའ་སྩལ་པ། དགྲ་ཆེན་པོ་ཉོན་མོངས་པ་བདག་ཏུ་འཛིན་པ་ཞེས་བྱ་བ་ཞིག་ཡོད་དོ་ཞེས་དང༌། རྣམ་རྟོག་བདག་ཏུ་འཛིན་པའི་དགྲ་ཆེན་པོ། །འདི་ནི་སྒྱུ་བཞིན་དངོས་པོ་མེད་
Page: 326 བཞིན་དུ། །ཐོག་མ་མེད་ནས་བདག་མལ་གནས་ནས་ནི། །བདག་གི་ཆོས་སྐུ་ཡིད་བཞིན་རིན་ཆེན་ཏེ། །གཟོད་མའི་མུ་ནས་དགྲ་ཡིས་བརྐུས་ནས་སུ། །མཚན་མའི་ཚང་ཚིང་གསེབ་ཏུ་སྦས་ནས་བདགད་དུང་འཆིང་ཞིང་འཁོར་བར་འཁྱམ་དུ་འཇུག ། འཇིག་རྟེན་དགྲས་ནི་བསད་ནས་ནོར་འཕྲོག་ཙམ། །དེ་ལ་བཟོད་བྱས་བསོད་ནམས་ཚོགས་ཀྱང་རྫོགས། །དགྲ་འདི་ཞི་བདེ་ཐར་པའི་སྲོག་ཀྱང་གཅོད། །དེ་བསྟེན་བསོད་ནམས་འཁོར་བར་འདམ་དུ་འཆིང༌། །ཞེས་གསུངས་པའི་ཕྱིར། དེ་རྣམས་ནི་ཉོན་མོངས་ པའི་ཉེས་དམིགས་བསྟན་པ་ཡིན་ལ། དེ་ལྟ་བུའི་ཉེས་དམིགས་མཐོང་ནས་དེ་ལ་དགྲར་བཟུང་སྟེ་སྤང་དགོས་པ་ཡིན་པས་དེའི་ཉེས་དམིགས་ཤེས་པ་གལ་ཆེའོ། །གཞན་ཡང་ཉོན་མོངས་པའི་ཉེས་དམིགས་ནི། ཉོན་མོངས་སྐྱེས་པ་ན་དང་པོར་སེམས་ཀུན་ནས་ ཉོན་མོངས་པར་བྱེད་པ་དང་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་བྱེད་པ་དང་བག་ལ་ཉལ་བརྟན་པར་བྱེད་པ་དང་རིགས་མཐུན་གྱི་ཉོན་མོངས་པའི་རྒྱུན་མི་འཆད་པར་བྱེད་པ་དང༌། རང་གཞན་གཉིས་ཀ་ལ་གནོད་པ་ཆེན་པོ་བྱེད་པ་དང་ཚེ་འདི་ཕྱི་གཉིས་ཀ་ལ་ཁ་ན་མ་ཐོ་བ་ ཆེན་པོ་སྐྱེད་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་མྱོང་བར་བྱེད་པ་དང་སྐྱེ་བ་ལ་སོགས་པའི་སྲིད་པའི་སྡུག་བསྔལ་རྣམས་འགྲུབ་པར་བྱེད་པ་དང༌། ཐར་བ་ལས་རིང་དུ་བྱེད་པ་དང་དགེ་བ་དང་བདེ་བ་སོགས་ལས་ཉམས་པར་བྱེད་པ་དང་འཁོར་གྱི་ནང་དུ་སོང་བ་ན་དགའ་ བ་དང་མི་འཇིགས་པ་མེད་ཅིང་ཡིད་ཞུམ་པ་དང་ཕྱོགས་མཚམས་རྣམས་སུ་མི་སྙན་པ་འཕེལ་བ་དང་བསྟན་པ་སྲུང་བའི་ལྷ་དང་སྟོན་པ་དང་གྲོགས་དམ་པ་རྣམས་ཀྱིས་སྨོད་པ་དང་འགྱོད་བཞིན་དུ་འཆི་ལ་ཤི་བའི་འོག་ཏུ་ཡང་ངན་འགྲོར་སྐྱེ་བ་སོགས་ཀྱི་ཉེས་དམིགས་
Page: 327 ༄༅། །མང་དུ་འབྱུང་བར་གསུངས་ལ། མདོ་སྡེའི་རྒྱན་ལས་ཀྱང་། ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་ཅན་འཇོམས་ཤིངཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་ བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམ་གནས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་ཐོབ། །ཅེས་གསུངས་སོ། །གཉིས་པ་ཉོན་མོངས་སྤོང་བའི་དཀའ་སྤྱད་བཟོད་རིགས་པ་ནི། དེ་ལྟས་ཇི་སྲིད་སོགས་ཏེ། དེ་ལ། ཉོན་མོངས་པའི་ དགྲ་གཞོམ་པའི་ཕྱིར་གོ་ཆ་བགོ་བ་ནི། མི་འདོད་པ་དང་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པ་དེ་ལྟས་ཏེ་དེའི་ཕྱིར་ཇི་སྲིད་བདག་གིས་དགྲ་བོ་མ་རུངས་པ་ཉོན་མོངས་པ་འདི་དག་སྐྱེད་བྱེད་ཀྱི་ས་བོན་དང་བཅས་མངོན་སུམ་དུ་མཐོང་བཞིན་དུ་ངེས་པར་མ་བཅོམ་པ་དེ་སྲིད་དུ་ བདག་ཉོན་མོངས་པའི་གཡུལ་ངོར་ཞུགས་པའི་སྐབས་འདིར་དེ་འཇོམས་བྱེད་ཀྱི་གཉེན་པོ་སྟོབས་ལྡན་བསྟེན་པ་ལ་གབརྩོན་པའི་དམ་བཅའི་ཁུར་དེ་ཉིད་སྐད་ཅིག་ཀྱང་མི་འདོར་བར་འབད་པར་བྱ་སྟེ། དཔེར་ན་འཇིག་རྟེན་ན་ཐ་མལ་པའི་གནོད་བྱེད་ཀྱི་དགྲ་ཆེན་པོ་ ལྟ་ཞོག་རེ་ཞིག་གནོད་བྱེད་ཆུང་དུ་ཚིག་ངན་སྨྲ་བ་ཙམ་ལ་ཡང་ཁྲོས་པར་གྱུར་པ་ན་འཁོན་འཛིན་ཤིན་ཏུ་ཆེ་བས་ང་རྒྱལ་ཤུགས་དྲག་རྒྱས་ཏེ་བདོ་བ་རྣམས་གནོད་བྱེད་དེ་ངེས་པར་མ་བཅོམ་པར་བློ་བདེ་མོར་བྱས་ནས་གཉིད་མི་འོང་བ་ཙམ་དུ་བརྩོན་པར་བྱེད་ན། གནོད་པ་ཤིན་ཏུ་ ཆེན་པོ་བྱེད་པའི་ཉོན་མོངས་པའི་དགྲ་གཞོམ་པ་ལ་ཅིའི་ཕྱིར་བརྩོན་པར་མི་བྱེད་དེ་ཤིན་ཏུ་བརྩོན་པར་བྱ་རིགས་སོ། །དཔེ་འགར་དེ་ལྟར་ཇི་སྲིད་ཞེས་ཡོད་ཀྱང་སྔ་མ་ལྟར་བྱས་ན་གོ་བདེ་ལ། བདག་གི་དགྲ་བོ་ཉོན་མོངས་པ་ཞེས་པའང་ཡོད་དོ། །གོ་ཆ་བགོས་
Page: 328 པ་བརྟན་པར་བྱ་དགོས་པ་ན། གསོད་བྱེད་ལ་ལྟོས་མི་དགོས་པར་རང་བཞིན་གྱིས་ཏེ་རང་གི་ངང་གིས་རིང་དུ་མི་གནས་པར་གསོན་མཐའ་འཆི་བས་ནོན་པའི་བ་སྡུག་བསྔལ་དང་ལྡན་པར་གྱུར་པའི་ཐ་མལ་པའི་དགྲ་ཉོན་མོངས་པ་སྟེ་ཉམས་ཆུང་ཞིང་སྙིང་རྗེ་བའི་གནས་ སུ་གྱུར་པ་དེ་དག་ཀྱང་གསོད་པ་སོགས་ཀྱི་ཕྱིར་ཕ་རོལ་གྱི་གཡུལ་ངོར་བཙན་ཐབས་སུ་ཞུགས་ཏེ་ཕན་ཚུན་གྲལ་དུ་སྒྲིག་པའམ་ཚར་དུ་དངར་བ་སྟེ་གཡུལ་སྤྲད་ནས་འཐབ་མོ་འགྱེད་པའི་ཚེ་སྙིང་སྟོབས་བསྐྱེད་དེ་ནན་གྱིས་ཕ་རོལ་པོ་གཞོམ་པ་སྟེ་སྲོག་འཕྲོག་པར་ འདོད་པའི་གཏུམ་པོ་དྲག་ཤུལ་ཅན་ཡང་མདའ་མདུང་རལ་གྲི་ལ་སོགས་པའི་མཚོན་རྣོན་གྱིས་སླར་ཡང་ཕོག་པའི་སྡུག་བསྔལ་ཆེན་པོ་རྣམས་ཀྱང་ཇི་མི་སྙམ་པར་ཁྱད་དུ་བསད་ནས་སྲོག་དང་བསྡོས་ནས་གསོད་པར་བྱེད་ཅིང་ཕ་རོལ་པོ་དེ་གསོད་པ་སོགས་ཀྱི་དོན་ དེ་མ་གྲུབ་པར་ཁ་ཕྱིར་ཕྱོགས་པའམ་ཕྱིར་ལོག་ནས་འབྱེར་བ་སྟེ་འབྲོས་པར་མི་བྱེད་པ་ཡིན་ནོ། །དེ་བས་ཆེས་ཆེར་ལྷག་པའི་དགྲ་བོ་དུས་རྟག་ཏུ་སྡུག་བསྔལ་མི་བཟད་པ་སྣ་ཚོགས་མྱོང་དགོས་པ་ཀུན་གྱི་རྒྱུར་གྱུར་པ། ཕར་གནོད་པ་མ་བྱས་ཀྱང་ཁོ་རང་སྐྱེས་ ཙམ་ནས་རང་བཞིན་གྱིས་གནོད་པ་འབའ་ཞིག་སྐྱེལ་བའི་དགྲར་ངེས་པ་ཅན་གཉེན་པོའི་མཚོན་གྱིས་མ་བཅོམ་པར་ནམ་ཡང་འགག་པར་མི་འགྱུར་བའི་ཉོན་མོངས་པ་འདི་དག་གཞོམ་པའི་ཕྱིར་དུ་བརྩོན་པ་བསྐྱེད་ནས་ཞུགས་པ་བདག་ལ་དེང་གཉེན་པོ་ བསྟེན་པའི་སྐབས་འདིར་ཚ་གྲང་བཀྲེས་སྐོམ་ངལ་དུབ་ལ་སོགས་པ་སྡུག་བསྔལ་བརྒྱ་ཕྲག་དུ་མའི་རྒྱུར་གྱུར་པ་གང་གིས་ཀྱང་སེམས་་ཞུམ་ཞིང་དཔའ་འཁུམ་པའི་ཡི་ཆད་པའམ་རེ་བ་ཆད་པ་དང་ད་ནི་མི་ནུས་སོ་སྙམ་ནས་དེར་གཉེན་པོ་བསྟེན་པ་ལ་འཇུག་
Page: 329 ༄༅། །མི་སྤྲོ་བས་སྐྱིད་ལུག་བར་མི་འགྱུར་བར་ཉོན་མོངས་པའི་དགྲ་མ་ཐུལ་བར་དུ་ཕྱིར་མི་ལྡོག་པར་བརྩོན་པར་བྱེད་དགོས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །དོན་ཆེན་འགྲུབ་པའི་རྒྱུ་ཡིན་པས་བཟོད་རིགས་པ་དཔེས་བསྟན་པ་ནི། ཅིའི་ ཕྱིར་ཞུམ་པ་དང་སྐྱིད་ལུན་བར་མི་བྱ་ཞེ་ན། འཇིག་རྟེན་ན་འདི་ཕྱི་གང་ལའང་སྒྲིག་སྡུག་འབའ་ཞིག་སྐྱེད་པ་ལས་རང་གཞན་ལ་ཕན་པའི་དོན་ཅི་ཡང་མེད་པ་ལའང་ཡོད་པ་ལྟར་བྱས་ནས་ཁྲོས་འཁྲུགས་ནས་འཐབ་ཀྲོལ་བྱེད་པའི་ཚེ་དགྲ་ཡི་མཚོན་ཆས་རང་གི་ ལག་པ་དང་དཔུང་བ་གདོང་བ་དང་སྙིང་ག་སོགས་ལ་རྨ་སྲོལ་བཏོད་པར་བྱས་པ་ཡི་ཆེན་པའི་ཤུལ་ཡང་འདི་དེའི་ཚེ་བཏོད་པ་ཡིན་ནོ་ཞེས་ཡིད་དགའ་བས་ཕྱིར་ཞིང་ངོན་པར་བྱེད་ཅིང་རང་དཔའ་བོར་མཚོན་པའི་རྟགས་སུ་བྱས་ནས་ལུས་ལ་རྒྱན་ཆ་དང་འདྲ་བར་སྤེལ་ བ་སྟེ་གཅེས་སྤྲས་ཀྱིས་འཆང་བར་བྱེད་ན། རང་གཞན་ཐམས་ཅད་ཀྱི་དོན་ཆེན་པོ་འགྲུབ་པའི་རྒྱུ་རྫོགས་པའི་སངས་རྒྱས་ཉིད་སྒྲུབ་པའི་ཕྱིར་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཡང་དག་པར་བརྩོན་པར་གྱུར་པ་བདག་ལ་ཉོན་མོངས་པའི་གཉེན་པོར་གྱུར་པའི་དམ་པའི་ཆོས་ སྒྲུབ་པའི་ཕྱིར་དཀའ་སྤྱད་ཀྱི་སྡུག་བསྔལ་འབྱུང་བ་ནི་ཅིའི་ཕྱིར་གནོད་བྱེད་ཡིན་ཏེ་མ་ཡིན་ལ་འདི་ཕྱིའི་ཕན་བདེའི་རྒྱུ་བྱང་ཆུབ་སྒྲུབ་པའི་གྲོགས་ཁོ་ན་ཡིན་པས་ཞུམ་པ་དང་སྒྱིད་ལུག་པར་མི་བྱ་བར་སྤྲོ་བ་དང་བཅས་པས་བསྟེན་པར་བྱ་རིགས་སོ་ཞེས་པའོ། །འོག་ཏུ འང༌། འགྲོ་བའི་གནོད་སེལ་སྡུག་བསྔལ་ལ། །དགའ་བ་འབའ་ཞིག་འདིར་བྱ་རིགས། །ཞེས་འཆད་པར་འགྱུར་བ་ལྟར་རོ། །ཉོན་མོངས་གཞོམ་པ་ལ་སྤྱིར་བརྩོན་དགོས་མོད་ཀྱི་རང་གི་བདེ་བ་དང་མི་འགལ་བར་བརྩོན་རིགས་ཀྱི་གནོད་པའི་སྡུག་བསྔལ་དུ་
Page: 330 མ་དང་བཅས་བཞིན་དུ་བརྩོན་མི་རིགས་སོ་སྙམ་ན། །འཇིག་རྟེན་ན་ཉ་གཤོར་བས་འཚོ་བའི་ཉ་པ་སོགས་ཀྱི་རྔོན་པ་དང་། ཕྱུགས་གསོད་པའི་ཤན་པ་ལ་གདོལ་བ་ཞེས་བརྗོད་པ་དེའམ་གཞན་གྱི་ནོར་རྐུ་འཕྲོག་བྱེད་པའི་ཆོམ་རྐུན་ལ་སོགས་པའི་གདོལ་བ་དང་ ཞིང་ལ་ས་བོན་འདེབས་པ་དང་རྨོད་པ་སོགས་སོ་ནམ་གྱི་ལས་ཀྱིས་འཚོ་བའི་ཞིང་པ་དང་། ལ་སོགས་ཞེས་པས་བསྟན་པ་ཁེ་ཆེན་པོ་ཐོབ་པའི་ཕྱིར་ཉོ་ཚོང་སྣ་ཚོགས་བྱེད་པའི་ཚོང་པ་དང་གཞན་གྱི་ཟས་གོས་ཙམ་ལ་བསྟེན་ནས་འཚོ་བའི་བྲན་གཡོག་ བྱེད་པ་ལ་སོགས་པ་རྣམས་རང་དང་རང་གི་ཆུང་མ་དང་བུ་དང་བུ་མོ་སོགས་ཀྱི་ཚེ་འདིའི་ཟས་གོས་སོགས་ཀྱི་འཚོ་བ་ཙམ་ཞིག་སེམས་ཤིང་སྒྲུབ་པར་བྱེད་པ་ལྟ་བུ་འཇིག་རྟེན་པའི་དགོས་པ་དམན་པ་རེ་སྒྲུབ་པའི་ཆེད་དུ་ཡང་གྲང་བ་དང་ཚ་བ་རླུང་དང་ཆར་པ་སྡིག་ སྤྲུལ་དང་གཅན་གཟན་ལ་སོགས་པའི་གནོད་པ་ཐམས་ཅད་ལ་བསྲན་བཙུགས་ནས་སྲོག་དང་བསྡོས་ཏེ་ཉིན་མཚན་དུ་བྱ་དཀའ་བའི་ལས་ཐམས་ཅད་བཟོད་པར་བྱེད་ན། མཐའ་ཡས་པའི་འགྲོ་བ་མ་ལུས་པའི་ཕན་བདེ་སྒྲུབ་པའི་སྐྱེས་བུ་མཆོག་གི་དོན་གྱི་ ཕྱིར་ཆོས་ལ་དཀའ་སྤྱད་ཀྱི་སྡུག་བསྔལ་བདག་གིས་ལྟ་ཅིས་མི་བཟོད་ཅེས་སམ་བདག་ལྟ་བུས་ཅིས་མི་བཟོད་དེ་བཟོད་རིགས་སོ་སྙམ་དུ་དཀའ་སྤྱད་ཀྱི་སྡུག་བསྔལ་ལ་མི་འཇིགས་པའི་བློ་བསྐྱེད་པར་བྱའོ། །ཡ་སདེ་དག་ནི་རྒྱན་ལས། གཞན་ལ་ཕན་བའི་ སྡུག་བསྔལ་ལ་རྟག་ཏུ། །ཕན་པའི་འདུ་ཤེས་དགའ་བ་རྙེད་གྱུར་པ། །ཞེས་སོགས་ལྟར་རོ། །འདི་དག་གིས་ཉོན་མོངས་སྤོང་བའི་དཀའ་སྤྱད་ལ་ཁུར་དུ་མི་འཛིན་པར་རྒྱུན་དུ་ལྟ་བའི་སྒོ་ནས་སེམས་ཀྱི་སྤྲོ་བའི་སྟོབས་བསྐྱེད་ཚུལ་བསྟན་ཏོ། །གོང་དུ་
Page: 331 ༄༅། །བཤད་པའི་ཉོན་མོངས་པའི་ཉེས་དམིགས་དང་དེ་སྤོང་བའི་དཀའ་སྤྱད་བཟོད་རིགས་པ་དེ་དག་གི་དོན་བསླབ་བཏུས་སུའང་སྡུག་བསྔལ་དང་ལེན་གྱི་བོད་པའི་སྐབས་འདི་ལྟར་གསུངས་ཏེ། ཇི་སྐད་དུ། འདི་ལྟར་རེ་ཞིག་ཤིན་ཏུ་བླུན་པ་ཁུར་རྩབ་ དང་ཉ་པ་དང་ཞིང་པ་ལ་སོགས་པ་དག་ཀྱང་སྡུག་བསྔལ་ལ་གོམས་པ་ལས་འབྲས་བུ་ཤིན་ཏུ་ཆུང་ངུ་དང་ལྡན་པའི་དངོས་པོ་ལའང་ཡུན་རྨད་དུ་བྱུང་བའི་མཚན་མ་ཅན་གྱི་སེམས་མཁྲངབ་དང་སྒྱིད་ལུག་པས་ཟིལ་གྱིས་མི་ནོན་ན་ཞེས་པ་ནས། ཁྱད་པར་དུ་ཡང་འགྱུར་ བ་ཁོ་ན་འོ་ཞེས་པའི་བར་བྱུང་སྟེ་དེ་དག་ཀྱང་འདིར་ཅི་རིགས་པར་སྦྱར་བར་བྱའོ། །མ་བརྩོན་ན་དམ་བཅའ་དང་འགལ་བས་བརྩོན་རིགས་པ་ནི། གཞན་ཉོན་མོངས་ལས་སྒྲོལ་བར་དམ་བཅས་པས་དེ་ལ་བརྩོན་པར་རིགས་མོད་རང་རྒྱུད་ཀྱི་ཉོན་མོངས་གཞོམ་པའི་ ཕྱིར་བརྩོན་མི་རིགས་ཏེ་དེ་ཁོ་ནར་བརྩོན་ན་ཉན་རང་ལྟར་ཞི་མཐར་ལྷུང་བར་འགྱུར་བས་སོ་ཞེ་ན། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར་ཁྱབ་བའི་འགྲོ་བ་ཇི་སྙེད་པ་ཐམས་ཅད་ཉོན་མོངས་པའི་འཆིང་བ་ལས་བསྒྲལ་བར་བྱའོ་ཞེས་སྔར་སེམས་བསྐྱེད་པའི་ དུས་སུ་སྐད་གསང་བསྟོད་དེ་དམ་བཅས་པ་ཡིན་ན་ད་ལྟའི་དུས་གང་གི་ཚེ་གཞན་ཉོན་མོངས་ལས་བསྒྲལ་བར་བྱས་ནས་གཞན་དོན་འགྲུབ་པ་ལྟ་ཞོག་བདག་ཉིད་ཀྱང་ཆགས་སོགས་ཉོན་མོངས་པ་རྣམས་ཀྱི་འཆིང་བ་ལས་མ་གྲོལ་བར་ཉོན་མོངས་པའི་གཞན་དབང་དུ་ གྱུར་པས་རང་དོན་ཙམ་ཡང་རྫོགས་པར་མ་གྱུར་ན བདག་རང་གི་བློ་ནུས་ཀྱི་ཚོད་ཀྱང་མི་ཤེས་པར་རང་དགར་བབ་ཅོལ་དུ་འགྲོ་བ་མཐའ་དག་ཉོན་མོངས་ལས་སྒྲོལ་ཞེས་སྨྲ་བ་ཇི་ལྟར་སྨྱོན་པ་མིན་ཏེ་སྨྱོན་པ་དང་ཁྱད་མེད་དུ་གྱུར་པས་ན་ཐོག་མར་བདག་ཉིད་ཉོན་མོངས་ཀྱི་དབང་
Page: 332 དུ་མི་གཏོང་བར་རང་རྒྱུད་ཀྱི་ཉོན་མོངས་བཞོམ་པ་ལ་ཅིར་སོང་ཡང་བརྩོན་པར་བྱ་རིགས་ཏེ་ཅིའི་ཕྱིར་ན་རང་གྲོལ་བས་ནི་གཞན་དགྲོལ་ནུས་ཀྱི་རང་ཉོན་མོངས་ལས་མ་གྲོལ་ཞིང་རང་རྒྱུད་མ་ཐུལ་བར་གཞན་ཉོན་མོངས་ལས་བསྒྲལ་ནས་དེའི་དོན་རྫོགས་པར་བྱ་མི་ནུས་པའི་ཕྱིར་རོ། ། རྒྱུ་མཚན་དེ་ལྟ་བས་ན་དང་པོར་རང་རྒྱུད་ཀྱི་ཉོ་མོངས་པའི་དགྲ་གཞོམ་པའི་ཕྱིར་བསམ་པའི་སྒོ་ནས་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་དེ་སྦྱོར་བའི་སྒོ་ནས་གཉེན་པོ་བསྟེན་པ་ལ་རྟག་ཏུ་ཕྱིར་མི་ལྡོག་པའི་བརྩོན་འགྲུས་བསྟེན་ནས་རང་རྒྱུད་གདུལ་བ་ལ་འབད་པར་བྱ་ དགོས་སོ། །འདིར་གོང་སྨོས་ལྟར་གྱི་དོགས་པ་གཅོད་ཚུལ་ཅུང་ཟད་སྨོས་ན། །འདི་སྐད་དུ། བྱང་སེམས་ནི་མྱང་འདས་ལ་དགའ་བརམི་བྱའི་དེ་ལ་རྒྱབ་ཀྱིས་ཕྱོགས་པར་བྱའོ། །ཉོན་མོངས་དང་ཉེ་ཉོན་ལའང་འཇིགས་པར་མི་བྱའོ། །དེ་དག་ལས་སེམས་ཀྱང་ ཤིན་ཏུ་དབེན་པར་མི་བྱ་སྟེ། འདི་ལྟར་བྱང་སེམས་ཀྱིས་ནི་བསྐམ་པ་གྲངས་མེད་གསུམ་དུ་འཁོར་བར་འཁོར་ཞིང་བྱང་ཆུབ་བསྒྲུབ་པར་བྱ་དགོས་སོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན། །སྡོམ་པ་ཉི་ཤུ་པར། འཁོར་བ་གཅིག་པུ་བགྲོད་པར་སེམས། །ཞེས་པས་བསྟན་པ་ལྟར་ གྱི་ཉོན་མོངས་ཅན་གྱི་ཉེས་བྱས་སུ་འགྱུར་ཏེ་འདི་ལ་ཉོན་མོངས་ཅན་མ་ཡིན་པ་མེད་པར་གསུངས་སོ། །དེ་ལྟར་འཛིན་པ་ཉེས་པར་འགྱུར་བའི་རྒྱུ་མཚན་ནི། ཇི་ལྟར་ཉན་ཐོས་མྱང་འདས་ལ་དགའ་བ་དང་ཉོན་མོངས་ལས་སེམས་སྐྱོ་བར་བྱེད་པ་དེ་ལྟ་བུ་ལས་བྱང་སེམས་ ཀྱིས་བྱེ་བ་ཕྲག་འབུམ་འགྱུར་དུ་བྱ་དགོས་ཏེ། ཉན་ཐོས་རང་གཅིག་པུ་སྲིད་པ་ལས་ཐར་བར་བྱེད་པ་ལའང་དེ་ལྟར་བྱ་དགོས་ན་བྱང་སེམས་སེམས་ཅན་ཐམས་ཅད་སྲིད་པ་ལས་སྒྲོལ་ཕྱིར་བརྩོན་དགོས་པ་སྨོས་ཅི་དགོས་ཏེ། མདོ་སྡེའི་རྒྱན་ལས། མགོ་ལ་སེམས་
Page: 333 ༄༅། །ཅན་ཁུར་ཆེན་འཁྱེར་བ་ཡི། །སེམས་དཔའ་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རང་བཅིངས་པས། །བརྩོན་པ་བརྒྱ་འགྱུར་བ་ནི་བྱ་བའི་རིགས། །ཞེས་དང་། བྱང་ས་ལས་ཀྱང་དེ་བཞིན་དུ་གསུངས། འོ་ན་མདོ་སྡེ་རྣམས་ལས། བྱང་སེམས་འཁོར་བ་ལ་དགའ་བ་ལྟར་མྱ་ངན་ལས་འདས་པ་ལ་དེ་ལྟ་མ་ཡིན་ནོ། །ཞེས་སོགས་གསུངས་པ་ཇི་ལྟར་ཡིན་སྙམ་ན། དེ་ནི་སྲིད་པར་སྐྱེ་བ་འཛིན་པ་ལ་གཏན་རྒྱབ་ཀྱིས་ཕྱོགས་པའི་མྱང་འདས་ལ་དགའ་བ་འགོག་ཅིང་ལས་ཉོན་ གྱིས་མ་གོས་པར་སྨོན་ལམ་དང་སྙིང་རྗེའི་དབང་གིས་རྟག་ཏུ་སྲིད་པར་འཁོར་བ་ལ་དགའ་ཞིང་སྤྲོ་བ་བསྔགས་པ་ཡིན་གྱི་འཁོར་བ་ལ་སྐྱོ་བ་དང་ལས་ཉོན་སོགས་རྒྱུན་ཆད་པའི་མྱང་འདས་ལ་དགའ་བ་འགོག་པ་མིན་པར་གསུངས་སོ། །རང་ཉོན་མོངས་ལས་མ་གྲོལ་བར་ གཞན་དེ་ལས་སྒྲོལ་མི་ནུས་པའང༌། །དཀོན་བརྩེགས་ལས། མ་རྒལ་བས་ནི་བསྒྲལ་མི་ནུས། །མི་གྲོལ་བས་ནི་གྲོལ་མི་ནུས། །ལོང་བས་ལམ་ཡང་སྟོན་མི་ནུས། །གྲོལ་བས་སྒྲོལ་བར་བྱེད་པར་ནུས། །མིག་ལྡན་ལོང་ལ་ལམ་སྟོན་ནུས། །ཞེས་དང༌། །འདུལ་བ་ལུང་ ལས་ཀྱང་། བདག་ཉིད་མ་དུལ་བར་གཞན་དུལ་བར་བྱེད་པ་སོགས་ནི་གནས་མེད་པར་གསུངས་ལ། ཀླུ་སྒྲུབ་ཀྱིས། །འགའ་ཞིག་རང་ཉིད་མ་དུལ་བར་ནི་རིགས་པར་ལྡན་པའི་ཚིག་སྨྲ་ཡང་། །རང་གི་ཚིག་དང་འགལ་བར་སྤྱོད་པས་གཞན་དག་གདུལ་བར་མི་ནུས་ཞེས། ། ཁྱོད་ཀྱིས་དགོངས་ཏེ་དེ་སླད་འགྲོ་བ་མཐའ་དག་ཐུགས་ལོ་བཞག་མཛད་ནས། །རེ་ཞིག་རང་ཉིད་མ་དུལ་བ་ཉིད་དུལ་བར་མཛད་ཕྱིར་བརྩོན་པ་ལགས། །ཞེས་དང༌། ཡང་། སྔོན་དུ་རང་ཉིད་མ་གྲོལ་བར། །གཞན་དག་དགྲོལ་བར་ག་ལ་ནུས། །ཞེས་པ་ལྟར་རོ། །དེས་
Page: 334 གཞན་གདུལ་བ་དང་དགྲོལ་བ་ལ་ཐོག་མར་རང་དུལ་བ་དང་གྲོལ་བ་དགོས་ཞེས་བསྟན་པ་ལྟར་གྱི་ཉམས་ལེན་གྱི་རིམ་པ་ལ་མཁས་པར་བྱས་ནས་ཉོན་མོངས་སྤོང་བ་ལ་བརྩོན་པར་བྱའོ། །དེ་ལྟས་སོགས་ཚིག་རྐང་ཕྱི་མ་གཉིས་པོ་འདི་འགྲེལ་པ་འགར་ཉོན་མོངས་ སྤོང་ཚུལ་ལ་མར་སྦྲེལ་ནས་འོཆད་དེ་ཤིན་ཏུ་འབྲེལ་ལོ། །གསུམ་པ་ཉོན་མོངས་ཇི་ལྟར་སྤོང་ཚུལ་ནི། འདི་ལ་བདག་གིས་སོགས་ཏེ། དེ་ལ། གཉེན་པོའི་བསྲན་འཛུགས་པ་ནི། ཉོན་མོངས་སྤོང་བའི་ཕྱིར་དུ་གཉེན་པོ་བསྟེན་པ་འདི་ལ་བདག་གིས་ཆེད་དུ་གཉེར་ནས་འདུན་པ་ དྲག་པོ་བསྐྱེད་དེ་མངོན་པར་ཞེན་པར་བྱ་ཞིང་ཐོག་མེད་ནས་ཉོན་མོངས་པ་འདིས་བདག་ལ་གནོད་པ་དཔག་ཏུ་མེད་པ་བྱས་སོ་འཁོན་དུ་བཟུང་ནས་བརྩོན་འགྲུས་བརྟན་པོས་ནན་ཏན་དུ་བྱས་ནས་སྤང་གཉེན་གཉིས་ཕན་ཚུན་གཡུལ་སྤྲད་དེ་གཉེན་པོའི་ཕྱོགས་ཀྱི་དཔུང་ ཚོགས་ལ་བརྟེན་ནས་སྤང་བྱའི་ཕྱོགས་ཀྱི་དགྲ་གཞོམ་པར་བྱའོ། །གཉེན་པོ་ལ་ཆགས་ཤིང་ཞེན་པ་དང་སྤང་བྱ་ལ་སྡང་བས་འཁོན་དུ་འཛིན་པའང་སྤང་བྱའི་ཉོན་མོངས་པ་མིན་ནམ་ཞེ་ན། སྤང་བྱ་ལ་འཁོན་དུ་འཛིན་ཞིང་སྤང་བྱའི་གཉེན་པོ་ལ་ཞེན་པ་བསྐྱེད་ནས་བསྟེན་ པའི་རྣམ་པ་དེ་འདྲ་བའི་ཉོན་མོངས་པ་ནི་ཞེན་པའམ་ཆགས་པ་དང་འཁོན་འཛིན་ལྟར་སྣང་བས་མིང་དེ་ལྟར་བཏགས་ན་འང་དོན་ནི་དྲན་པ་དང་ཤེས་བཞིན་ལྟ་བུའི་ཉོན་མོངས་འཇོམས་བྱེད་ཀྱི་གཉེན་པོའི་ཕྱོགས་སུ་གཏོགས་ཀྱི་ཉོན་མོངས་མཚན་ཉིད་པ་མིན་པས་གཞོམ་བྱའི་ ཉོན་མོངས་པའི་ཕྱོགས་སུ་མ་གཏོགས་སོ། །རང་རྒྱུད་འཆིང་བྱེད་ཀྱི་རྒྱུར་གྱུར་པའི་ཆགས་། སྡང་དང་འཁོན་འཛིན་སོགས་ནི་འདིར་གཞོམ་བྱར་བསྟན་པའི་ཉོན་མོངས་སུ་ཤེས་པར་བྱའོ། །ཡང་རེ་ཞིག་སྤང་བྱར་མ་གཏོགས་ཞེས་དང་རེ་ཞིག་མི་སྤོང་ལ་ཕྱིས་དེའང་སྤོང་
Page: 335 ༄༅། །ཞེས་འགྲེལ་བ་འགར་སྤང་བྱར་བཤད་པ་ནི་སྤང་བྱ་ཟད་པ་ན་སྤང་གཉེན་གཡུལ་སྤྲོད་མི་དགོས་པའི་དོན་ཡིན་པར་དར་ཌཱིཀ་ཏུ་གསུངས་སོ། །འགྲེལ་ཆེན་དུ་གང་ཡང་ཚོགས་གསོག་པའི་རྒྱུ་སྐྱེད་པ་དེ་དག་ཇི་སྲིད་དུ་ཚོགས་རྫོགས་པར་མ་གྱུར་གྱི་ བར་དུ་རྟ་ཤིན་ཏུ་དུལ་བ་བཞིན་དུ་དུལ་བར་བྱས་ཏེ་གཞག་པར་བྱའོ། །ཕྱིས་ནི་དེ་དག་ཀྱང་གཞོམ་པར་བྱ་བ་ཁོ་ན་ཡིན་ཏེ་ཞེས་གསུངས། འགའ་ཞིག་གིས་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་རྣམས་རེ་ཞིག་མི་སྤོང་ཞེས་བྱང་སེམས་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་ཉོན་ མོངས་དགོས་པར་འདོད་པ་ནི་མི་རིགས་ཏེ། རིན་ཆེན་ཕྲེང་བ་ལས། འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་དང༌། ཉི་སྣང་དུའང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི། །སྲིད་བར་དགའ་བར་བྱེད་པ་སྟེ། །ཞེས་བྱང་སེམས་རྣམས་ སྙིང་རྗེའི་དབང་གིས་སྲིད་པར་ཉིང་མཚམས་སྦྱོར་བ་དང་སྲིད་པ་ལས་གྲོལ་བ་དོན་དུ་མི་གཉེར་བར་གསུངས་པ་ལྟར་སྙིང་རྗེ་ཉིད་སྲིད་པར་སྐྱེ་བའི་རྒྱུ་ཡིན་ལ་སྨོན་ལམ་ལ་སོགས་པའི་དབང་ལས་ཀྱང་སྲིད་པར་སྐྱེ་བ་ཡིན་ནོ། །དེ་ལས་གཞན་དུ་སྐྱེ་བ་ལེན་པའི་རྒྱུར་ལས་ ཉོན་མཚན་ཉིད་པ་དགོས་ན། བྱང་འཐགས་དག་དེའི་དབང་གིས་སྐྱེ་བར་འགྱུར་བ་དང་སྐྱེ་བ་བླངས་པ་ན་གནས་རིས་གར་སྐྱེས་པ་དེའི་སྡུག་བསྔལ་གྱིས་ཀྱང་གནོད་པར་འགྱུར་ན། དེ་ནི་མི་རིགས་ཏེ། རྒྱུད་བླ་མར། འཕགས་པས་འཆི་དང་རྒ་བ་དང༌། །ན་བའི་སྡུག་ བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པས་སོ། །གཞན་ཡང་སྲིད་པར་སྐྱེ་བ་ལེན་པ་ལ་རྒྱུ་མ་རིག་པ་དང་སྲེད་པ་སོགས་ཉོན་མོངས་དགོས་ན་ཉན་རང་དགྲ་བཅོམ་ཐེག་ཆེན་དུ་ཞུགས་པའི་བྱང་
Page: 336 སེམས་ཀྱིས་ཀྱང་སྐྱེ་བ་ཇི་ལྟར་འཛིན་ཏེ་མི་རིགས་ལ། གལ་ཏེ་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཀྱི་དེ་དག་སྐྱེ་བ་འཛིན་ནོ་ཞེ་ན་བྱང་སེམས་ལ་ཡང་མཚུངས་སོ། །ཉོན་མོངས་སྤོང་བ་ལ་དཀའ་བ་བརྒྱ་ཕྲག་འོང་བས་དེ་བས་དེ་ལ་ཉེ་བར་བཏུད་ནས་བསྟེན་ པ་སླའོ་ཞེ་ན། བདག་ནི་བགྲོགས་ཏེ་བསད་ཅེས་ཏེ། དེའི་དོན་ནི་མདུང་ཐུང་ལྟ་བུས་བསྣུན་ནས་རྒྱུ་མ་བསླུགས་ནས་བསད་པའི་དོན་ཏེ། འཕྲལ་དུ་བསྲོགས་ཏེ་བསད་ཅེས་པ་དེ་ཡིན་ལ་གསོན་པོར་བཤས་ཏེ་དུམ་བུར་གཏུབས་ནས་བསད་པ་ལའང་འཇུག་པར་གསུངས་ པས་དེ་ལྟར་བསད་པར་གྱུར་ཏམ། བདག་གི་མགོ་བོ་དུངས་ནས་བཅད་དེ་ས་ལ་ལྷུང་བར་བྱས་ནས་བསད་ཀྱང་བླའི་སྟེ་དེ་དག་ནི་ཚེ་འདིའི་སྲོག་དང་བྲལ་བ་ཙམ་དུ་ཟད་ལ། རྣམ་པ་ཀུན་ཏུ་ཉོན་མོངས་པའི་དགྲ་ལ་འདུད་པའི་སྒོ་ནས་དེའི་དབང་དུ་འགྲོ་བར་མི་བྱའོ་ སྟེ་དེས་ནི་དམྱལ་སོགས་ཀྱི་སྡུག་བསྔལ་སོགས་མི་འདོད་པའི་རིགས་ཐམས་ཅད་བསྐྱེད་ཅིང་འདོད་པ་ཐམས་ཅད་ཀྱི་གེགས་བྱེད་ལ་ཕན་བདེ་མཐའ་དག་འཇོམས་པས་སོ། སྤྱོད་འཇུག་གི་དཔེ་འགར་བསྲེགས་ཏེ་བསད་ཅེས་སྣང་ལ་འགྲེལ་པ་འགའ་ཞིག་ཏུ་ ཡང་མེད་བསྲེགས་ཏེ་བསད་ཅེས་བཀྲལ་ཡང་དོན་ནི་སྔ་མ་ལྟར་ངེས་ཏེ་སྤྱོད་འཇུག་རྩ་འགྲེལ་གྱི་དཔེ་རྙིང་སྔ་མ་ཐམས་ཅད་དང་གཞན་དུ་ལུང་དྲངས་པ་རྣམས་སུ་ཡང་བསྲོགས་ཏེ་ཞེས་འདུག་པས་སོ། །བསྲེགས་ཞེས་པ་འདི་ཕྱི་ནས་གསར་དུ་བཅོས་པ་ཞིག་ཡིན་ པ་འདྲའོ། །འདི་ཡང་ང་རྒྱལ་གྱི་རྣམ་པའི་གཉེན་པོ་བསྐྱེད་ནས་དུས་ནམ་ཡང་དེའི་དབང་དུ་མི་གཏོང་ཞེས་གཉེན་པོའི་བསྲན་འཛུགས་པའོ། །དེ་ནས་སྤོང་ནུས་ཀྱི་སྤྲོ་བ་བསྐྱེད་པ་ལ། གནས་པའི་རྟེན་མེད་པས་སྤོང་ནུས་པ་ནི། འདི་ལན་ཅིག་སྤོང་ནུས་ཀྱང་
Page: 337 ༄༅། །ནུས་པ་འཐེལ་ནས་ཡང་ཚུར་གནོད་དུ་འོང་བོ་སྙམ་ན། འཇིག་རྟེན་ཐ་མལ་བའི་དགྲ་བོ་རྣམས་ནི་ཡུལ་ནས་དབྱུང་དཀའ་ཞིང་ལན་ཅིག་ཡུལ་ནས་བྱུང་ནུས་པར་གྱུར་ན་ཡང་ནི་ཡུལ་གཞན་དག་ཏུ་གནས་བཅས་ཤིང་ས་ཕྱོགས་བཙན་པོ་གཞན་ གྱིས་ཚུར་གནོད་མི་ནུས་པ་ཞིག་ཡོངས་སུ་བཟུང་ནས་དེར་མཐུ་དང་ནུས་པ་བརྟས་པ་སྟེ་འཕེལ་བའམ་རྒྱས་ནས་དེ་ནས་སྔར་རང་ཉིད་ཡུལ་ནས་དབྱུང་མཁན་གྱི་དགྲ་ལ་གནོད་ལན་འཇལ་ཞིང་ཚར་གཅོད་པའི་ཆེད་དུ་སླར་ཡང་ཕྱིར་ལྡོག་ཅིང་གནོད་པ་བྱེད་དུ་འོང་གི་ ཉོན་མོངས་པའི་དགྲའི་ངང་ཚུ་ལ་ལམ་ཚུལ་ལུགས་ནི་དེ་དང་འདྲ་བ་མ་ཡིན་ཏེ་གཉེན་པོའི་སྟོབས་ཀྱིས་ལན་ཅིག་ས་བོན་རྩ་བ་ནས་བྱུང་སྟེ་སྤངས་ན་དེ་ནས་སྤངས་པ་སླར་མི་ལྡོག་པས་གཞན་དུ་ཡུལ་གཟུང་ནས་གནས་པ་ཡང་མེད་ལ་ནུས་པ་འཕེལ་ནས་སླར་ཡང་ཕྱིར་ རྒོལ་དུ་འོང་བའང་གཏན་ནས་མི་སྲིད་དོ། ་དེ་དག་ནི་གཙོ་བོར་ཀུན་རྫོབ་ཀྱི་གཉེན་པོ་སྒོམ་ཚུལ་ཡིན་ལ། དོན་དམ་གྱི་གཉེན་པོ་སྒོམ་ཚུལ་ལ། བདེན་པར་མ་གྲུབ་པས་སྤོང་ནུས་པ་ནི། དེ་ཡང་སྤང་བྱ་ཉོན་མོངས་པ་འདི་དག་གི་རང་བཞིན་ལ་དཔྱད་ན་གཞོམ་སླ་བས་ དེ་ལ་ཉོན་མོངས་པ་ཞེས་བརྙས་ཚིག་གིས་བསྟན་ལ། དེ་ལྟ་བུའི་ཉོན་མོངས་པ་རྣམས་ནི་རྩ་བ་ཕྱིན་ཅི་ལོག་གི་ཀུན་རྟོག་ལས་བྱུང་བ་ཙམ་ཡིན་གྱི་རང་བཞིན་གྱིས་གནས་པའི་རྟེན་མེད་པས་ན་གཉེན་པོ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་མིག་གིས་བལྟས་པའམ་ བརྟགས་ཤིང་དཔྱད་ནས་དེའི་ས་བོན་སྤོང་བའི་སྒོ་ནས་སྤང་བར་བྱ་བ་ཞེས་སམ་དེའི་རང་བཞིན་ཤེས་པ་ཙམ་གྱི་སྒོ་ནས་སྤང་བར་བྱ་བ་ཡིན་ཞིང་དེས་འཇིག་རྟེན་པའི་ཤེས་རབ་ཀྱིས་ས་བོན་མགོ་གནོན་པ་དང་འཇིག་རྟེན་ལས་འདས་པའི་་ཤེས་རབ་ཀྱིས་དེའི་ས་བོན་རྩད་
Page: 338 ནས་འབྱིན་པའི་སྒོ་ནས་སྤོང་བ་ཡིན་ལ། དེ་ལྟར་ས་བོན་རྩ་བ་ནས་སྤངས་ན་མངོན་གྱུར་རྒྱུད་ལ་སྐྱེ་མི་སྲིད་པའི་ཕྱིར་ན་དེ་ལྟའི་སྤང་བྱ་དེ་བདག་གི་ཡིད་ལས་གཉེན་པོས་་བསལ་བ་ན་དེ་གང་དུ་འགྲོ་བར་འགྱུར་ཏེ་འགྲོ་ས་མེད་ལ་གང་དུ་གནས་ནས་ནུས་པ་རྙེད་དེ་སླར་བདག་ལ་ གནོད་པ་བྱ་བའི་ཕྱིར་འོང་སྟེ་འོང་བ་མི་སྲིད་དོ། །དེ་ལྟ་ཡིན་ཡང་བློ་སྟོབས་ཞན་ཏེ་ཉོན་མོངས་པ་འདི་དག་ཇི་ལྟར་ན་སྤོང་ནུས་སྙམ་པས་སྒྱིད་ལུག་ནས་བདག་ལ་བརྩོན་པ་མེད་པར་གྱུར་པ་འབའ་ཞིག་ཏུ་ཟད་ཀྱི་དེ་སྤོང་པ་ལ་སེམས་སྤྲོ་བཞིན་དུ་འཇུག་པའི་བརྩོན་པ་ ཡོད་ན་མི་སྤོང་མི་སྲིད་དེ་དང་གཞན་ལས་ཀྱང་འཇོམས་སླ་བས་སོ། །ཞེས་པའམ། ཡང་ན་གཉེན་པོ་བདག་མེད་རྟོགས་པའི་བློ་ནུས་ཞན་པས་བདག་ལ་དེ་ལན་ཅིག་རྩ་བ་ནས་འདོན་པའི་བརྩོན་པ་མེད་པར་ཟད་ཅེས་བཤད་ཀྱང་ཆོག་གོ། །ཉོན་མོངས་ཉོན་མོངས་ ཞེས་པའི་དོན་དེ་ལྟར་འཆད་པ་བླ་མ་དམ་པའི་གསུང་རྒྱུན་ལྟར་ཡིན་ལ་དེ་ནི་འགྲེལ་ཆེན་དུ། ཉོན་མོངས་འདི་ནི་རྩ་བ་མེད་པའི་ཕྱིར་དོན་དམ་པ་དེ་ཁོ་ན་ཉིད་མཐོང་བ་ཙམ་གྱིས་སྤང་བར་བྱ་བ་ཡིན་པས་ན་ཉོན་མོངས་པ་ཞེས་དང་། རྣམ་བཤད་དུ། ་འདོད་ཆགས་ ལ་སོགས་པའི་ཉོན་མོངས་ཉོན་མོངས་པ་འདི་དག་ནི་ཞེས་གསུངས་པ་དག་ལ་བསྟེན་པ་སྟེ། འ་མདོར་ན་ཤེས་རབ་ཀྱི་མིག་གིས་བལྟས་པ་ཙམ་གྱིས་བྲོས་འགྲོ་བས་ན་ཉོན་མོངས་ཉོན་མོངས་པ་ཞེས་བརྙས་ཚིག་ཏུ་མཛད་་པའོ། །དར་ཊཱིཀ་ཏུ། ཉོན་མོངས་ལན་ ཅིག་རྩ་བ་ནས་བྱུང་ན་གནས་པའི་རྟེན་མེད་ཕྱིར་ཉོན་མོངས་པ་རྩ་བ་ཕྱིན་ཅི་ལོག་ལས་བྱུང་བས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་མིག་གིས་ས་བོན་སྤང་ཞེས་སོགས་གསུངས་པའང་འགྲེལ་ཆེན་ལྟར་དང༌། ཡང་སྤང་བྱའི་ཉོན་མོངས་རྣམས་ནི་གཉེན་པོ་ཉོན་མོངས་
Page: 339 ༄༅། །དེའི་རང་བཞིན་སྟོང་ཉིད་དུ་རྟོགས་པའི་ཤེས་རབ་ཀྱི་མིག་གིས་བརྟགས་ནས་སྤང་ཞེས་ཀྱང་འགའ་ཞིག་འཆད་དེ། བཤད་ཚུལ་དེ་དག་གང་ལྟར་བྱས་ཀྱང་མི་འགལ་ཏེ་ཐམས་ཅད་ཀྱིས་འགྲེལ་ཆེན་དང་བསྟུན་ནས་བཤད་པས་སོ། ། འོན་ཀྱང་གོ་བ་ལེན་ཚུལ་འདི་ལྟར་བྱས་ཀྱང་ཆོག་སྟེ། རྐུན་མ་ནི་འདིའོ་ཞེས་དེ་དང་པོ་ངོས་འཛིན་པ་དང་རྐུན་མ་ལད་ཆད་པ་འདི་ལྟར་གཅོད་ཟེར་བ་ལྟར་ཉོན་མོངས་སྔ་མ་ནི་དེ་སྤང་བྱར་ངོས་འཛིན་པ་དང་ཉོན་མོངས་ཕྱི་མ་ནི་དེ་འདྲའི་སྤང་བྱ་དེའི་རང་བཞིན་གཉེན་པོ། །བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཤེས་པ་ཙམ་གྱིས་སྤོང་ཞེས་པའི་དོན་དུ་བཤད་ནའང་ལེགས་སྙམ་སྟེ་བདག་གི་ཁོང་པའི་ནང་ན་ཉེས་སྐྱོན་ཐམས་ཅད་སྐྱེད་པའི་རྨོངས་བྱེད་ཀྱི་རྒྱུ་ཅི་ཞིག་ཡོད་ཅེས་བརྟགས་པ་ན་ཉོན་མོངས་ལས་གཞན་མེད་པར་མཐོང་ནས་ རྨོངས་བྱེད་ཀྱི་རྒྱུ་ནི་ཉོན་མོངས་སོ་ཞེས་དེ་ཉིད་ཉེས་སྐྱོན་ཐམས་ཅད་ཀྱི་རྩ་བར་གྱུར་པའི་སྤང་བྱར་ངོས་བཟུང་ནས་དེ་ཉིད་གཉེན་པོ་བདེན་མེད་རྟོགས་པའི་ཤེས་རབ་ཀྱིས་དེའི་རང་བཞིན་ཤེས་པའི་སྒོནས་སྤང་དགོས་པར་བསྟན་པས་སོ། །ཡང་འགའ་ཞིག་ཏུ་ དྲུག་རྩ་བའི་ཉོན་མོངས་དང་ཉི་ཤུ་ཉེ་བའི་ཉོན་མོངས་ཞི་ས་གསུངས་ཏེ་འཆད་ཚུལ་གྱི་རྣམ་གྲངས་ཙམ་མོ། །ཤེས་རབ་ཀྱི་མིག་གིས་སྤོང་ཚུལ་རྒྱས་པར་སྟོན་པ་ནི། བརྩོན་པ་ཡོད་ཀྱང་ཤེས་རབ་ཀྱི་མིག་གིས་བལྟས་པ་ཙམ་གྱིས་སྤོང་མི་ནུས་སོ་སྙམ་ན། རིགས་ པ་ཡང་དག་གིས་བརྟགས་ཤིང་དཔྱད་ན་ཉོན་མོངས་པ་རྣམས་ནིགཟུགས་སོགས་ཕྱི་རོལ་གྱི་ཡུལ་གྱི་སྟེང་ན་རང་བཞིན་གྱིས་མི་གནས་ལ། མིག་གི་དབང་པོ་ལ་སོགས་པ་ནང་དབང་པོའི་ཚོགས་ལའང་རང་བཞིན་གྱིས་གནས་པ་མིན་ཞིང་། ཡུལ་དབང་
Page: 340 དེ་དག་གི་བར་ནའང་རང་བཞིན་གྱིས་གནས་པ་མིན་ལ། །གསུམ་པོ་དེ་དག་ལས་གཞན་ནའང་། རང་བཞིན་གྱིས་གནས་པ་མིན་ན་ཉོན་མོངས་འདི་དག་གམ་དེ་དག་རང་བཞིན་གྱིས་གྲུབ་པ་ཞིག་གར་གནས་ནས་འགྲོ་བ་ཀུན་ལ་གནོད་པ་བྱེད་དེ་གོང་དུའང་མི་གནས་ ཤིང་གནོད་བྱ་གནོད་བྱེད་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། དེ་ལྟར་རང་བཞིན་གྱིས་མ་གྲུབ་པའི་ཚུལ་རིགས་པས་གཏན་ལ་ཕབ་པ་བཞིན་དུ་ཤེས་ཤིང་རྟོགས་ན་དེ་མ་ཐག་སྤོང་ནུས་སོ། །གཟུགས་སོགས་ལ་གནས་ན་དགྲ་བཅོམ་རྣམས་ཀྱིས་ཀྱང་དེ་ དག་མཐོང་ཚེ་དེ་ཡིད་དུ་འོང་མི་འོང་ལ་བརྟེན་ནས་ཆགས་སྡང་སྐྱེ་བའི་རིགས་ན་དེ་མི་སྐྱེ་བས་དེར་མི་གནས་ལ། དབང་ཚོགས་ལ་གནས་ན་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པའི་ཚེའང་མིག་སོགས་ཡོད་ཀྱང་ཉོན་མོངས་མ་དམིགས་པའི་ཕྱིར་དེར་ཡང་མི་གནས་སོ། །རང་བཞིན་ གྱིས་གནས་པ་མེད་པར་བསྟན་པ་འདིས་རང་བཞིན་གྱིས་སྐྱེ་བ་དང་འགག་པ་མེད་པའི་ཚུལ་ཡང་ཁོང་དུ་ཆུད་པར་བྱའོ། །འདི་ནི་འཆར་བྱེད་ཀྱིས་ཞུས་པ་ལས་བདག་མེད་པའི་དོན་བསྒོམས་ནས་བདག་ཏུ་འཛིན་པའི་ཉོན་མོངས་སྤོང་དགོས་པར་གསུངས་པ་ལྟར་ཡིན་ལ། སློབ་དཔོན་ཞི་བ་འཚོས་ཀྱང་། །ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་པ་གོམས་བྱས་པས། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་སྤོང༌། །ཞེས་དང༌། དངོས་པོར་ཞེན་པའི་དབང་གིས་སྐྱོན། །ཆགས་དང་ཞེ་སྡང་ལ་ སོགས་པ། །དགྲ་རྣམས་རབ་བྱུང་དེ་ལོག་ན། །དེ་རྣམས་འབྱུང་བར་ག་ལ་འགྱུར། །ཞེས་གསུངས་ཏེ་དེའི་དོན་ནི་དངོས་པོར་འཛིན་པའི་བདེན་ཞེན་ལ་བརྟེན་ནས་ཉོན་མོངས་པ་རྣམས་འབྱུང་བས་བདེན་མེད་རྟོགས་པ་ན་དེ་རྣམས་རང་གི་ངང་གིས་འགག་པར་འགྱུར་
Page: 341 ༄༅། །ཏེ་མེ་བསད་པ་ན་དུ་བ་ཞི་བ་བཞིན་ནོ་ཞེས་པའོ། །དེའང་བདེན་འཛིན་གྱི་ཞེན་ཡུལ་རིགས་པ་ཡང་དག་གིས་སུན་དབྱུང་བའི་སྒོ་ནས་སྤོང་བ་ཡིན་ལ་དེའི་ཚུལ་ནི་འོག་ཏུ་ཤེར་ལེའི་སྐབས་སུ་ཤེས་པར་བྱའོ། །འདིར་ཉོན་མོངས་པ་རྣམས་ གང་དུའང་མི་གནས་པར་བསྟན་པ་ནི་དོན་དམ་པར་གང་དུའང་མི་གནས་པའི་དོན་ཡིན་ལ་སྔར་རང་གི་སེམས་ལ་གནས་པར་བཤད་པ་ནི་ཐ་སྙད་ཀུན་རྫོབ་པའི་དབང་དུ་བྱས་པ་ཡིན་པས་མི་འགལ་ལོ། །དེ་དག་ནི་ཉོན་མོངས་པ་དོན་དམ་དུ་མ་གྲུབ་པར་སྒོམ་པ་ཡིན་ ལ། མ་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུར་སྒོམ་པ་ནི། དེས་ན་ཉོན་མོངས་པ་འདི་དག་ནི་རང་བཞིན་གྱིས་གྲུབ་པ་ལྟར་སྣང་ནའང་རང་བཞིན་གྱིས་གྲུབ་པས་སྟོང་པ་སྔགས་རྫས་སོགས་ཀྱི་སྟོབས་ལས་མེད་བཞིན་དུ་ཨ་སྣང་བའི་སྒྱུ་མ་དང་འདྲ་བའི་བརྫུན་པ་ཡིན་པ་དེའི་ཕྱིར། འདི་རང་བཞིན་གྱིས་གྲུབ་པ་ཡོད་སྤོང་ག་ལ་ནུས་སྙམ་དུ་སྙིང་ལ་འཇིགས་པ་སྤངས་ནས་སམ་སྤོང་ལ་གཉེན་པོ་འདིའི་རང་བཞིན་ཤེས་ནུས་པའི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་བསྐྱེད་ནས་དེ་སྤོང་བའི་ཕྱིར་བརྩོན་པ་བསྟེན་རིགས་པས་དེ་ལྟར་འབད་པར་གྱིས་ཤིག་ ཅེས་སམ། ཡང་ན་གཉེན་པོ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་བསྐྱེད་བའི་ཕྱིར་བརྩོན་པར་བསྟེན་པར་རིགས་ཞེས་སྦྱར་རོ། །དེ་ལྟར་མིན་པར་སྤོང་ནུས་བཞིན་དུ་མི་སྤོང་བར་དོན་དང་དད་དགོས་པ་ཅི་ཡང་མེད་པ་ཉིད་དུ་ཉོན་མོངས་པའི་དབང་དུ་བཏང་ནས་བདག་ལ་ དམྱལ་བ་ལ་སོགས་པའི་ངན་སོང་རྣམས་སུ་ཅི་སྟེ་སྡུག་བསྔལ་གྱིས་གནོད་པ་བྱེད་དུ་འཇུག་སྟེ་བྱེད་དུ་འཇུག་པ་འདི་རྣམ་པ་ཀུན་ཏུ་མི་རིགས་སོ་ཞེས་པའོ། །དེ་རྣམས་ནི་སྤང་བྱ་ཉོན་མོངས་ལ་བསམས་ཏེ་བག་ཡོད་བྱ་བའི་ཚུལ་ཡིན་ལ། དེའང་གཉེན་པོ་བག་
Page: 342 ཡོད་པ་ལ་བརྟེན་ནས་སྤང་བྱ་ཉོན་མོངས་ཀྱི་རྒྱུ་བ་འགོག་པར་བྱེད་པ་ཡིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། གཞན་ཡང་བག་ཡོད་པ་གང་ཞེ་ན། རང་གི་སེམས་འདུལ་བ་དང་གཞན་གྱི་སེམས་རྗེས་སུ་སྲུང་བ་དང་ཉོན་མོངས་པ་ལ་དགའ་བ་ སེལ་བ་དང་ཆོས་ལ་དགའ་བས་རྗེས་སུ་འཇུག་པ་དང་། འདོད་པ་ལ་རྣམ་པར་རྟོག་པ་དང་གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་རྣམས་ཀྱི་རྒྱུ་བ་མེད་པ་དང༌། ཞེས་པ་ནས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་བ་མེད་ པ་དང་སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཀྱི་རྒྱུ་བ་མེད་པ་སྟེ་འདི་ནི་བག་ཡོད་པ་ཞེས་བྱའོ་ཞེས་སོགས་རྒྱས་པར་གསུངས་པ་ལྟར་རོ། །དོན་བསྡུ་བ། གསུམ་པ་དོན་བསྡུ་བ་ནི། དེ་ལྟར་སོགས་ཏེ། སྔར་གོང་དུ་བཤད་པ་དེ་ལྟར་ལེགས་པ་རྣམ་པར་བསམས་ནས་མདོ་ དང་བསྟན་བཅོས་ལས་ཇི་སྐད་བཤད་པའམ་གོང་དུ་བག་ཡོད་ལེའུར་ཇི་སྐད་༠༠བཤད་པ་ཡི་བསམ་པ་སེམས་བསྐྱེད་དང་བྱང་ཆུབ་སེམས་དཔས་གང་ལ་བསླབ་པར་འོས་པའི་བསླབ་པ་རྒྱ་ཆེ་བ་རྣམས་ཇི་ལྟ་བ་བཞིན་དུ་བསྒྲུབ་པའི་ཆེད་དུ་དེ་དང་དེའི་མི་མཐུན་ཕྱོགས་ སྤོང་བ་དང་གཉེན་པོ་བ་སྒོམ་པ་ནན་ཏན་དུ་བྱེད་ཅིང་གཟོབ་པ་ལྷུར་ལེན་བྱེད་པའི་བསམ་པ་བག་ཡོད་པའི་སྒོ་ནས་སྦྱོར་བས་ཀྱང་། དེ་བཞིན་དུ་ཉམས་སུ་ལེན་པ་ལ་འབད་པར་བྱ་དགོས་ཏེ། དེ་ལྟར་བསླབ་པར་མ་བྱས་ན་རང་རྒྱུད་ཀྱི་ཉོན་མོངས་པའི་ནད་སོས་པ་མི་སྲིད་ དེ། དཔེར་ན་སྨན་པ་མཁས་པའི་ངག་ལ་ཇི་བཞིན་དུ་མ་ཉན་ན་སྨན་དག་གིས་ངེས་པར་བཅོས་དགོས་པའི་ནད་པ་སོས་པ་ག་ལ་ཡོད་དེ་མེད་པ་དེ་བཞིན་དུ་སྨན་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ལུང་ལས་ཇི་ལྟར་བསྟན་པ་བཞིན་དུ་བསྒྲུབ་པར་མ་བྱས་ན་ལས་ཉོན་སྡུག་བསྔལ་
Page: 343 ༄༅། །བ་དང་བཅས་པའི་ནད་ལས་ཡོལ་བ་ག་ལ་ཡོད་དེ་མེད་དོ་ཞེས་པའོ། །མདོ་སོགས་ལས་ཇི་སྐད་གསུངས་པའི་བསླབ་གཞི་རྣམས་ལ་ཚུལ་བཞིན་དུ་སློབ་དགོས་པ་དང་ལས་དང་པོ་བས་དེ་ལྟར་རྒྱས་པར་སློབ་མི་ནུས་ཀྱང་བསླབ་པའི་གནད་བསྡུས་ པ་ལ་ངེས་པར་སློབ་དགོས་པ་ནི། བསླབ་བཏུས་ལས། བཅོམ་ལྡན་འདས་ཀྱིས་མདོ་དག་ལས་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་གསུངས་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ སེམས་དཔའི་བསླབ་པའི་སྡོམ་པས་བསྡམས་པ་ཡིན་ཞེ་ན། ་འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དཔྱོད་དེ་སོ་སོ་ཐར་པའི་སྡོམ་པ་ཙམ་གྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱི། དེ་བཞིན་ གཤེགས་པས་གང་མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བཅས་པ་གང་ཡིན་པ་དེ་དག་ལ་བདག་གིས་བསླབ་པར་བྱའོ་ཞེས་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་བས་ན་བདག་ལྟ་བུ་བློཞན་པས་རྒྱ་ཆེར་ གསུངས་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པ་ཤེས་པར་དཀའ་བས་ན་དེ་ལ་ཇི་ལྟར་བྱ་བའི་རིགས་ཤེ་ན། གང་གིས་ལྟུང་བར་མི་འགྱུར་བའི། །ཞེས་སོགས་འོག་ཏུ་ཅུང་ཟད་འཆད་པ་ལྟར་སློབ་དགོས་པར་གསུངས་སོ། །དེ་ལྟར་ཚུལ་བཞིན་དུ་ཉམས་སུ་བླངས་ནས་ མ་བསླབས་ན་རང་རྒྱུད་ཀྱི་ཉོན་མོངས་པ་སྤོང་མི་ནུས་པ་ནི། །ཟླ་བ་སྒྲོན་མེར། མི་དག་ན་ཞིང་ལུས་ནི་སྡུག་བསྔལ་ཏེ། །ལོ་གྲངས་མང་པོར་རེས་འགའ་མ་ཐར་བ། །དེ་ནི་ཡུན་རིང་ནད་ཀྱིས་ཉོན་མོངས་པས། །ནད་རྣམས་གསོ་བའི་ཕྱིར་ཡང་སྨན་པ་བཙལ། །ཡང་
Page: 344 དང་ཡང་དུ་དེ་ཡིས་བཙལ་བ་ཡིས། །སྨན་པ་མཁས་ཤིང་རིག་པ་དེ་རྙེད་དེ། །དེས་ཀྱང་སྙིང་རྗེ་ཉེ་བར་བཞག་ནས་ནི། །སྨན་འདི་གཏང་བར་གྱིས་ཞེས་སྦྱིན་པ་དང༌། །སྨན་མང་བཟང་ཞིང་ཕངས་པ་དེ་བླངས་ནས། །ན་བ་འཚོ་བར་འགྱུར་བའི་སྨན་མི་འཐུང་། །སྨན་ པས་མ་ལན་སྨན་གྱིས་མ་ཉེས་ཏེ། །ནད་པ་དེ་ཉིད་ཀྱིས་ནི་ཉེས་པ་ཡིན། །དེ་བཞིན་བསྟན་པ་འདི་ལ་རབ་བྱུང་སྟེ། །སྟོབས་དང་བསམ་གཏན་དབང་པོ་ཀུན་རིག་ནས། །སྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད། །རིགས་པར་མི་བརྩོན་ག་ལ་མྱ་ངན་འདའ། །ཞེས་དང༌། ལྷག་བསམ་བསྐུལ་བ་ལས་ཀྱང་། །ངས་ནི་རབ་ཏུ་བཟང་པོའི་ཆོས་བཤད་ཀྱང༌། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན། །ནད་པ་སྨན་གྱི་རྐྱལ་པ་ཐོགས་པ་དག །བདག་གི་ནད་ནི་གསོ་བར་མི་ནུས་བཞིན། །ཞེས་གསུངས་པ་ལྟར་ཡིན་ལ། ཚུལ་བཞིན་དུ་བསྒྲུབས་ ན་ནི་སྨན་པའི་ངག་མཉན་ནས་སྨན་བསྟེན་པས་ནད་སོས་པ་བཞིན་དུ་སྡུག་བསྔལ་དང་ཉོན་མོངས་མཐའ་དག་ལས་གྲོལ་བ་ཐོབ་པར་འགྱུར་རོ། །དེས་ན་སྨན་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་བཞིན་དུ་བསྒྱུབས་ནས་ཉམས་སུ་བླང་བར་བྱའོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་ཅེས་སོགས་ཏེ། འདིས་བསླབ་པ་ལ་བག་ཡོད་བྱ་ཚུལ་སྟོན་པས་བག་ཡོད་ཀྱི་ལེའུ་ཞེས་བསྟན་ཏེ་བཞི་པའོ། ༈ །
ལེའུ་ལྔ་པ། ཤེས་བཞིན་བསྲུང་བ།
[edit]གཉིས་པ་ཤེས་བཞིན་ལེའུ་ལ་གཉིས། ལེའུའི་གཞུང་། ལེའུའི་མཚན་ནོ། །དང་པོ་ལ་བཞི། བསླབ་པ་བསྲུང་བའི་ཐབས་སུ་ སེམས་སྲུང་བ། སེམས་བསྲུང་བའི་ཐབས་སུ་དྲན་ཤེས་བསྟེན་པ། དྲན་ཤེས་དང་ལྡན་པས་སེམས་སྦྱོང་གི་སྤྱོད་པ་ལ་སློབ་ཚུལ། སྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པའོ། །དང་པོ་ལ་གཉིས། མདོར་བསྟན་པ། རྒྱས་བར་བཤད་པའོ། །དང་
Page: 345 ༄༅། །པོ་ནི། བསླབ་པ་བསྲུང་བར་སོགས་ཏེ། དེ་ལ། སེམས་བསྲུང་དགོས་པའི་རྒྱུ་མཚན་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ལ་བསླབ་པར་བྱ་བའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་མི་མཐུན་ཕྱོགས་ཀྱིས་མ་ཉམས་པར་ཡོངས་སུ་ དག་པར་བསྲུང་བར་འདོད་པའི་སྐྱེ་བོ་ཡིས་དེ་སྲུང་བྱེད་ཀྱི་་ཐབས་ལ་བརྟེན་ནས་རབ་ཏུ་བསྒྲིམས་ནས་སེམས་ཕྱིན་ཅི་ལོག་གི་ཡུལ་ལ་བྱུང་རྒྱལ་དུ་གཡོ་ཞིང་གཡེང་བ་འདི་ཉིད་རྩེ་གཅིག་ཏུ་བསྲུང་བ་ལ་འབད་པར་བྱ་སྟེ། གློག་དང་རྒྱ་མཚོའི་རླབས་སོགས་ལྟར་མི་བརྟན་ཞིང་ གཡོ་བའི་སེམས་འདི་ལེགས་པར་བསྲུང་བར་མ་བྱས་ཤིང་དབང་དུ་མ་གྱུར་ན་ཉེས་སྤྱོད་ལ་འཇུག་པས་ཚེ་འདིར་བསླབ་པ་བསྲུང་བར་ཡོང་ཡེ་སྟེ་རྣམ་པ་ཀུན་ཏུ་མི་ནུས་པའི་ཕྱིར་རོ། །དེ་ལ་བསླབ་པ་བསྲུང་ཞེས་པའང་སེམས་བསྐྱེད་དང་སྡོམ་པ་བཟུང་བ་དག་གིས་གནང་བ་ རྣམས་བྱེད་པ་དང་བཀག་པ་རྣམས་མི་བྱེད་པ་ལ་བསླབ་པ་ཡིན་པར་འགྲེལ་ཆེན་དུ་བཤད་དོ། །ཕྱིན་ཅི་ལོག་གི་ཡུལ་ལ་གཡོ་བའི་སེམས་བསྲུང་དགོས་པ་ནི། བཤེས་སྤྲིང་ལས། གཡོ་བའི་སེམས་ནི་ཐོས་མཚུངས་བུ་ལྟ་བུར། །གཏིར་བཞིན་སྲོག་དང་འདྲ་བར་བསྲུང་ བགྱི་སྟེ། །ཞེས་དང་། དཔུང་བཟང་གིས་ཞུས་པར་ཡང་། སེམས་ནི་གློག་དང་སྤྲིན་དང་རླུང་དང་མཚུངས། །རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་འདྲ། །སྒྱུ་ཅན་འདོད་དགུར་ཡུལ་ལ་མངོན་དགའ་བ། །གཡོ་ཞིང་འཕྱན་པ་ངེས་པར་འདུལ་བར་བྱ། །ཞེས་དབང་པོ་ ཡུལ་ལ་བྱུང་རྒྱལ་དུ་གཡོ་བ་དགག་པའི་སྒོ་ནས་སེམས་བསྲུང་བ་དང་། ཡང་། དབང་པོ་དྲུག་པོ་ཡུལ་ལ་འཕྲོ་བ་དག །བདེ་གཤེགས་གསུངས་པའི་ཤེས་པས་བསྲུང་བར་བྱ། །ཞེས་ཡུལ་གྱི་མཚན་ཉིད་ཤེས་པའི་སྒོ་ནས་བསྲུང་དགོས་པར་བསྟན་པ་ལྟར་རོ། །གཉིས་
Page: 346 པ་རྒྱས་པར་བཤད་པ་ལ་གསུམ། གནོད་པ་ཐམས་ཅད་སེམས་ལས་བྱུང་ཚུལ། དགེ་བ་ཐམས་ཅད་སེམས་ལས་བྱུང་ཚུལ། དེས་ན་ངེས་པར་སེམས་བསྲུང་དགོས་པར་བསྟན་པའོ། །དང་པོ་ནི། སེམས་ཀྱི་གླང་ཆེན་སོགས་ཏེ། དེ་ལ། སེམས་མ་བསྲུངས་པའི་ ཉེས་དམིགས་ནི། རང་ཉིད་གར་འདོད་འདོད་ལ་སྤྱོད་པའི་སེམས་ཀྱི་གླང་པོ་ཆེ་ཆགས་སོགས་ཉོན་མོངས་པས་མྱོས་པ་གང་དྲན་ཤེས་ཀྱི་ལྕགས་ཀྱུས་དབང་དུ་མ་བྱས་པར་རང་དགར་ཕྱིན་ཅི་ལོག་གི་ཡུལ་ལ་ཡན་པར་བཏང་བས་ཉེས་སྤྱོད་སྣ་ཚོགས་ལ་ཞུགས་ཏེ་ ཕྱི་མར་མནར་མེད་པའི་དམྱལ་བ་སོགས་ཀྱི་སྡུག་བསྔལ་མང་པོར་སྐྱེད་ནས་གནོད་པ་བྱེད་པ་ལྟར་ཐ་མལ་པའི་གླང་ཆེན་འདུལ་སྦྱོང་གི་སྒོ་ནས་མ་ཐུལ་ཞིང་མྱོས་བྱེད་ཀྱི་ཆུས་མྱོས་པ་ཡིས་མཐོང་བ་དང་མ་མཐོང་བའི་འཇིག་རྟེན་འདི་ན་མནར་མེད་སོགས་ཀྱི་སྡུག་ བསྔལ་སྐྱེད་པ་དེ་འདྲའི་གནོད་པ་ཆེན་པོ་མི་བྱེད་དེ་དེ་བྱེད་པ་མི་སྲིད་པས་སེམས་མ་ཉམས་པར་བསྲུང་བར་བྱའོ། །སེམས་བསྲུངས་པའི་ཕན་ཡོན་སྤྱིར་བསྟན་པ་ནི། རྣམ་པ་ཀུན་ནས་བླང་དོར་གྱི་གནས་མི་བརྗེད་པར་གསལ་བར་དྲན་པའི་ཐག་པ་ཡིས་སེམས་ ཀྱི་གླང་པོ་ཆེ་ཚུལ་མིན་ཡིད་བྱེད་ཀྱིས་བསྐྱེད་པའི་ཉོན་མོངས་པའི་མྱོས་ཆུས་མྱོས་ཤིང་དྲེགས་པར་གྱུར་པ་འདི་ཕྱིན་ཅི་ལོག་གི་ཡུལ་ལ་འཇུག་པ་བཀག་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་དགེ་བའི་དམིགས་རྣམ་གྱི་ཀ་ཆེན་བརྟན་པོ་ལ་དམ་དུ་བཏགས་ན་ཚེ་འདི་ དང་ཕྱི་མར་གནོད་པའི་འཇིགས་པ་ཐམས་ཅད་མེད་པར་འགྱུར་ཞིང་རང་གཞན་ལ་མངོན་མཐོ་ངེས་ལེགས་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་སྐྱེད་བྱེད་ཀྱི་རྒྱུར་གྱུར་པའི་དགེ་བ་སྤྱི་དང་ཁྱད་པར་འོག་ཏུ་འཆད་པ་ལྟར་ཕྱིན་དྲུག་གི་དགེ་
Page: 347 ༄༅། །བ་ཐམས་ཅད་ཆེད་དུ་གཉེར་ནས་དཀའ་ཚེགས་ཀྱིས་སྒྲུབ་མིདགོས་པར་འབད་མེད་དུ་ལག་ཏུ་གཏད་པ་བཞིན་དུ་ཉེ་བར་འོང་བར་འགྱུར་ཏེ་དེའི་རྒྱུ་ཐོབ་པའི་ཕྱིར། དཔེར་ན་ཆར་བབས་པས་འབྲས་ས་ལུ་སྐྱེས་ཟེར་བ་བཞིན་ནོ། །དེ་ནི། མདོ་ལས། སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བ་ནི་བདེ་བ་འདྲེན། །ཞེས་སོགས་གསུངས་པ་ལྟར་རོ། །དེ་བས་ན་དུས་དང་རྣམ་པ་ཐམས་ཅད་དུ་དྲན་ཤེས་བསྟེན་ནས་སེམས་མ་ཉམས་པར་བསྲུང་བ་ལ་འབད་པར་བྱ་རིགས་སོ་ཞེས་སྤྱིར་བསྟན་པའོ། ། ཁྱད་པར་འཇིགས་པ་ཐམས་ཅད་སེལ་བ་ནི། ནང་གི་སེམས་བསྲུངས་ཀྱང་ཕྱི་རོལ་གྱི་གནོད་བྱེད་མང་པོ་ཡོད་པས་འཇིགས་པ་ཐམས་ཅད་མེད་པར་ག་ལ་འགྱུར་སྙམ་ན། འགྱུར་ཏེ། །ཚེ་འདིར་འཇིགས་བ་སྐྱེད་པའི་སྟག་དང་སེང་གེ་དང་གླང་ཆེན་དང་དྲེད་དང་ དུག་སྤྲུལ་དང་མི་དང་མི་མིན་གྱི་དགྲ་གཞན་རྣམས་ཐམས་ཅད་དང༌། ཕྱི་མར་འཇིགས་པ་སྟེར་བའི་སེམས་ཅན་དམྱལ་བའི་སྲུང་མ་འཇིགས་སུ་རུང་བའི་གཤིན་རྗེའི་སྐྱེས་བུ་སོགས་དང༌། གཞན་ཡང་རིགས་སྔགས་ཀྱི་མཐུས་གནོད་པ་བྱེད་པའི་བྱད་མ་མཁའ་ འགྲོ་མའམ་རང་ལ་མཐུ་གཏད་མནན་བསྲེགས་སོགས་ཀྱི་སྒོ་ནས་གནོད་པའི་སྦྱོར་བ་བྱེད་པའི་བྱད་མ་དང༌། དེ་བཞིན་དུ་ཡི་དྭགས་ཀྱི་འགྲོ་བར་གཏོགས་པའི་སྲིན་པོ་ལ་སོགས་པའི་གནོད་བྱེད་ཡོད་དོ་ཅོག་ དེ་རྣམས་ཀྱང་ནང་རང་གི་སེམས་འདི་གཅིག་པུ་གཉེན་པོ་ འཇུག་ལྡོག་གི་བསླབ་པའི་གནས་ཐམས་ཅད་མི་བརྗེད་པའི་དྲན་པའི་ཐག་པས་དགེ་བའི་དམིགས་པ་ལ་དམ་དུ་བཏགས་པ་ཡིས་འཇིགས་པ་ཐམས་ཅད་སྐྱེད་བྱེད་ཀྱི་རྒྱུ་བཟློག་པའི་སྒོ་ནས་ཕྱི་རོལ་གྱི་གདུག་པ་ཅན་མ་རུངས་པ་གང་ཡོད་དེ་ཐམས་ཅད་བཏགས་
Page: 348 པའམ་བཅིངས་པ་དང་འདྲ་བར་གནོད་འཚེ་ཅུང་ཟད་ཀྱང་མི་བྱེད་པར་འགྱུར་ལ། །ནང་རང་གི་སེམས་འདི་གཅིག་པུ་གཉེན་པོ་འཇུག་ལྡོག་གི་བྱ་བ་ལ་མཁས་པའི་ཤེས་བཞིན་གྱི་སྟོབས་ཀྱི་ཉེས་སྤྱོད་ལ་རང་དགར་འཇུག་པ་བཏུལ་བ་ནའམ་བཏུལ་བ་ཡིས་ འཇིགས་པ་ཐམས་ཅད་ཀྱི་རྒྱུ་ཐུལ་བའི་སྒོ་ནས་སྟག་དང་སེང་གེ་ལ་སོགས་པ་ཕྱི་རོལ་གྱི་གནོད་བྱེད་དེ་དག་ཐམས་ཅད་རྣམ་པར་ཐུལ་བ་དང་འདྲ་བར་རང་གིས་དབང་དུ་འདུ་ཞིང་གནོད་པ་ཅི་ཡང་མི་བྱེད་པར་འགྱུར་བས་ན་སེམས་དགེ་བའི་དམིགས་པ་ལ་ བཏགས་ནས་གདུལ་བ་ལ་འབད་པར་བྱའོ། །དེ་ལྟར་སྐྱེས་རབས་ལས། དེ་ཡི་རང་བཞིན་སྙིང་རྗེའི་བདག་ཉིད་ཀྱིས། །རྣམ་པར་བརླན་པ་བཞིན་དུ་བརླན་གྱུར་པས། །ཕན་ཚུན་གནོད་པ་མེད་པའི་ཡིད་གྱུར་ཏེ། །དཀའ་ཐུབ་ཅན་བཞིན་གཅན་གཟན་ ཁྲོ་བོའང་སྤྱོད། །ཅེས་པ་ལྟར་དང༌། དེད་དཔོན་སེང་གེས་སེམས་བསྲུངས་པས་སྲིན་མོ་ཐུལ་བ་དང༌། གྲུབ་པ་ཐོབ་པའི་སྐྱེས་བུ་རྣམས་སྟག་དང་སེང་གེ་སོགས་ལ་ཞོན་པ་དང་དུག་སྦྲུལ་ལག་ཏུ་ཐོགས་པ་སོགས་ལྟར་ཡིན་པར་གསུངས་ལ། ཇོ་བོས་ ཀྱང་། ནང་གི་སེམས་འདི་དུལ་གྱུར་ན། །ཕྱི་ཡི་དགྲ་འདིས་གནོད་མི་ནུས། །ནང་གི་རང་གེམས་གཡོ་བ་ན། །ཕྱི་ཡི་དགྲ་འདིས་རྐྱེན་བྱས་ནས། །ནང་གི་དགྲ་འདིས་རང་རྒྱུད་སྲེག །དེས་ན་ནང་གི་དགུ་འདི་གཞོམ། །ཞེས་གསུངས། སེམས་ཐུལ་ན་ དེ་དག་ཐུལ་བའི་རྒྱུ་མཚན་སྟོན་པ་ལ། ཡིད་ཆེས་པའི་ལུང་གིས་སྒྲུབ་པ་ནི། འདི་ལྟར་ཚེ་འདི་ཕྱིའི་འཇིགས་པ་ཐམས་ཅད་དང་ལུས་སེམས་ཀྱི་སྡུག་བསྔལ་དང་ཡིད་མི་བདེ་བ་དཔག་ཏུ་མེད་པ་ཇི་སྙེད་ཅིག་ཡོད་པ་ཡང་སྔར་གྱི་ལས་ངན་གྱི་འཕེན་པའི་དབང་
Page: 349 ༄༅། །གིས་འབྱུང་ལ། ལས་དེ་ཡང་། སྡོང་བོ་བཀོད་པ་ལས། འཇིག་རྟེན་སྣ་ཚོགས་ཟསོ་ནི་ལས་ལས་སྐྱེས་པ་ཡིན་ཞིང་ལས་ཀྱང་དངོས་སུ་སེམས་པ་ཡིན་ནོ། །ཞེས་དང་། ཡང་ཇི་སྐད་དུ། སེམས་ཅན་འཇིག་རྟེན་སྣོད་ཀྱི་འཇིག་རྟེན་དག་སྣ་ ཚོགས་སེམས་ཉིད་ཀྱིས་ནི་སྤྲོས་པ་སྟེ། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་བསྟན། །སེམས་ལས་མ་གཏོགས་ལས་ནི་ཡོད་མ་ཡིན། །ཞེས་འགྲེལ་ཆེན་དུ་དྲངས་པ་དང་། མཛོད་ལས་ཀྱང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །དེ་ནི་སེམས་པ་དང་ དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་པ་ལྟར། སེམས་པ་དང་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ཡིན་ལ་ཟག་བཅས་ཀྱི་ལས་དེ་དག་ཀྱང་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་ཕྱིན་ཅི་ལོག་གི་སེམས་ ཀྱིས་བསགས་པ་ཡིན་ཕྱིར་སེམས་མེད་ན་མི་འབྱུང་བས་སེམས་ལས་བྱུང་བ་ཡིན་ནོ་ཞེས་ཤེས་བྱའི་ཆོས་ཐོམས་ཅད་ཀྱི་གནས་ཚུལ་ཕྱིན་ཅི་མ་ལོག་པ་ཇི་ལྟ་བ་བཞིན་དུ་རང་ཉིད་ཀྱིས་ཐུགས་སུ་ཆུད་ནས་གདུལ་བྱ་ལ་ཡང་དག་པར་གསུང་བ་སྟོན་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱིས་ལེགས་པར་བསྟན་ཏེ། མདོ་ལས། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་དང༌། སྐུ་འ་དཀོན་མཆོག་སྤྲིན་ལས་ཀྱང་། སེམས་ནི་མི་རྟག་པ་ལ་རྟག་པར་མངོན་པར་དགའ་བའོ། །སྡུག་བསྔལ་ལ་བདེ་བར་མངོན་པར་དགའ་ བའོ། །བདག་མེད་པ་ལ་བདག་ཏུ་མངོན་པར་དགའ་བའོ། །མི་གཙང་བ་ལ་གཙང་བར་མངོན་པར་དགའ་བའོ། ་། གཡོ་ཞིང་མི་བརྟན་པ་ལ་མྱུར་དུ་འགྱུར་བའོ། །ཉོན་མོངས་པ་རྣམས་ཀྱི་རྩ་བའོ། །ངན་སོང་རྣམས་ཀྱི་སྒོའོ། །ཉེ་བའི་ཉོན་མོངས་པ་རྣམས་ཀྱི་གཞིའོ། །
Page: 350 བདེ་འགྲོ་རྣམས་ཆུད་གསོན་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཀྱི་རྐྱེན་དུ་གྱུར་པའོ། །ཆོས་ཐམས་ཅད་ཀྱི་བདག་པོར་གྱུར་པའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སེམས་སྔོན་དུ་འགྲོ་བ་ཅན་ཏེ་གང་གི་ཚེ་སེམས་འབའ་ཞིག་དབང་དུ་གྱུར་ན་ཆོས་ཐམས་ ཅད་དབང་དུ་འགྱུར་རོ་ཞེས་དང༌། སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ་སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ་ཞེས་དང༌། གཞན་ཡང་། འཇིག་རྟེན་སེམས་ཀྱིས་བྲིས་པ་སྟེ། །སེམས་ནི་སེམས་ཀྱིས་མི་མཐོང་ངོ་། །དགེ་བ་ འམ་འོན་ཏེ་མི་དགེ་བའི། །ལས་ནི་སེམས་ཀྱིས་བསགས་པ་ཡིན། །སེ་མས་ནི་མགལ་མེ་བཞིན་དུ་འཁོར། །སེམས་ནི་རླབས་དང་འདྲ་བར་གཡོས། །སེམས་ནི་ནགས་ཀྱི་མེ་བཞིན་སྲེག །སེམས་ནི་ཆུ་ཆེན་བཞིན་དུ་སྐྱེད། །དེ་དེ་ལྟར་རྟོག་པས་སེམས་ལ་དྲན་པ་ཤིན་ཏུ་ཉེ་ བར་གཞག་ཅིང་གནས་ཏེ་སེམས་ཀྱི་དབང་དུ་མི་འགྲོའི་སེམས་ཉིད་དེའི་དབང་དུ་འགྲོ་སྟེ་སེམས་དེའི་དབང་དུ་གྱུར་པས་ཆོས་ཐམས་ཅད་དབང་དུ་གྱུར་པ་ཡིན་ཏེ་ཞེས་སོགས་དང༌། ཡང་མདོ་ལས། འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། །སེམས་ཀྱིས་ཡོངས་སུ་དྲངས་པ་ཡིན་ ཞེས་དང་། ཆོས་རྣམས་སྔོན་དུ་ཡིད་འགྲོ་སྟེ། ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། །ཞེས་སོགས་གསུངས། རིགས་པ་དང་ལུང་གཉིས་ཀས་སྒྲུབ་པ་ནི། གཞན་ཡང་དམྱལ་སོགས་ཀྱི་འཇིགས་པ་དང་སྡུག་བསྔལ་སོགས་མྱོང་བ་ཡང་རང་གི་སྔོན་གྱི་སྡིག་སེམས་ ལས་བྱུང་བ་མ་ཡིན་ན། སེམས་ཅན་དམྱལ་བ་པ་རྣམས་ལ་གནོད་པ་སྟེར་བའི་མཚོན་ཆ་མདུང་ཐུང་དང་སོག་ལེ་དང་གཏུན་ཤིང་དང་རལ་གྲིའི་ནགས་ཚལ་ལ་སོགས་པ་རྣམས་བྱེད་པ་པོ་སུ་ཞིག་གིས་ནི་དོན་གང་གི་ཆེད་དུ་འབད་ནས་བྱས་ཏེ་བྱེད་པ་པོ་གཞན་སུ་ཡང་མེད་ལ། དེ་
Page: 351 ༄༅། །བཞིན་དུ་མེ་རབ་ཏུ་འབར་བའི་ལྕགས་བསྲེགས་ཀྱི་རང་བཞིན་ཅན་གྱིས་གཞི་ཡང་སུ་ཡིས་བྱས་ཏེ་དབང་ཕྱུག་དང་ཚངས་པ་སོགས་བྱེད་པ་པོ་གཞན་སུས་ཀྱང་མ་བྱས་སོ། །ཤལ་མ་རིའི་སྟེང་འོག་ཏུ་འབབ་འཛེགས་བྱེད་པའི་མོ་ཚོགས་ཏེ་བུད་མེད་ དེ་དག་ཐམས་ཅད་ཀྱང་སྔར་ལོག་པར་གཡེམ་པ་ལ་ཞུགས་པའི་སྡིག་སེམས་ཀྱིས་བསྐྱེད་པ་ལས་གཞན་པའི་རྒྱུ་ཅི་ལས་བྱུང་གང་ལས་ཀྱང་མ་བྱུང་སྟེ་རྒྱུ་མེད་ལས་བྱུང་བ་སོགས་གང་ཡང་མི་རིགས་པས་སོ། །རྒྱ་དཔེ་དང་རྒྱ་འགྲེལ་དག་ལས། བུད་མེད་དེ་དག་ཅི་ལས་སྐྱེས། ཞེས་བྱུང་ལ། དཔང་ལོས་ཀྱང་དེ་ལྟར་གསུངས་པས་མེ་ཚོགས་ཞེས་པ་དཔེ་མ་དག་པར་གསུངས་སོ། །དེས་ན་དེ་འདྲ་བའི་འཇིགས་པ་དང་སྡུག་བསྔལ་གྱི་རྣམ་པར་སྣང་བ་དེ་དང་དེ་དག་ཐམས་ཅད་ཀྱང་རང་གིས་སྡིག་པ་མི་དགེ་བའི་ལས་མངོན་པར་འདུ་བྱས་ཤིང་བསགས་ པའི་སེམས་ཉིད་ལས་བྱུང་བའམ་དེ་འདྲའི་སེམས་ཉིད་ཀྱིས་བསྐྱེད་པ་ཡིན་པར་ཐུབ་དབང་ཐམས་ཅད་མཁྱེན་པས་གསུངས་པ་ཡིན་ཏེ། འགྲོ་བ་རྣམ་འབྱེད་ཀྱི་མདོ་ལས། ལྕགས་ཀྱི་ས་གཞི་འབོར་ཞིང་ཚ། །འབར་བའི་མེ་ལྕེས་ཀུན་ནས་ཁྱབ། །ལྕགས་ཀྱི་སོག་ ལེ་རྣོན་པོ་ཡིས། །ལུས་གཅིག་ཆ་ཤས་བརྒྱར་གཤོགས་པ། །ལུས་ངག་ཡིད་ཀྱི་སྡིག་པ་ཅན། །རྣམས་ཀྱི་སེམས་ལས་བྱུང་བ་ཡིན། འོ། ཞེས་དང༌། རྡོ་རྗེ་སྙིང་པོའི་མདོར་ཡང་། འཇམ་དཔལ་སེམས་ཅན་དམྱལ་བ་རྣམས་ནི་ཡོད་པ་མ་ཡིན་པ་ལ་བྱིས་པ་སོ་སོའི་སྐྱེ་ བོ་རྣམས་ཀྱིས་ཕྱིན་ཅི་ལོག་གིས་བསྒྲུབས་ཏེ་རང་རང་གི་རྣམ་པར་རྟོག་པ་ལས་བྱུང་བའོ། །ཞེས་སོགས་གསུངས་ཏེ། སྡིག་པའི་ལས་མངོན་པར་འདུ་བྱས་པའི་སེམས་ཉིད་དེ་དག་ཏུ་སྣང་བའི་རྒྱུ་ཡིན་གྱི་དེ་ལས་གཞན་པའི་བྱེད་པ་བོ་མེད་ཅེས་པར་བསྟན་པའོ། །དེ་དག་གི་
Page: 352 དོན་བསྡུ་བ་ནི། འཇིགས་པ་དང་སྡུག་བསྔལ་ཐམས་ཅད་སེམས་ལས་བྱུང་བ་འབའ་ཞིག་ཡིན་པ་དེ་ལྟས་ཏེ་དེ་ལྟ་བས་ན་འཇིག་རྟེན་གསུམ་སྟེ་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་མམ་འདོད་ཁམས་སོགས་ཁམས་གསུམ་པོ་ཐམས་ཅད་ན་རང་གི་སེམས་སྡིག་པའི་ དབང་དུ་གྱུར་པའི་སྣང་བ་ཙམ་ལས་འཇིགས་པའི་རྒྱུ་གཞན་འགའ་ཡང་མེད་པས་སེམས་དབང་དུ་བྱས་ནས་གདུལ་བ་ལ་འབད་པར་བྱའོ། །དེ་ལྟར་འཇིག་རྟེན་ཞེས་པའང་ཡོད་དོ། །དེ་ནི་དྲན་པ་ཉེར་གཞག་ལས། །སེམས་ནི་དགྲ་ནང་དགྲ་ཆེན་ཏེ། །སེམས་ལས་ གཞན་པའི་དགྲ་མེད་དོ། །གཙུབ་ཤིང་རང་གིས་རང་སྲེག་ལྟར། །སེམས་ནི་རང་གི་སེམས་ཀྱིས་སྲེག །ཅེས་དང༌། འགྲེལ་ཆེན་དུ། འཇིག་རྟེན་ན་ནི་སྡིག་པའི་སེམས། །མེད་པར་སྣང་དང་འཇིགས་པ་མེད། །གང་གིས་སེམས་ནི་དབང་བྱས་པ། །དེ་ཡི་ བདེ་བ་ཉམས་པ་མེད། །ཅེས་པའི་ལུང་དྲངས་ནས་གནོད་སེམས་མེད་པ་ལས་སུས་ཀྱང་གནོད་པར་བྱེད་པར་མི་འགྱུར་བར་གསུངས་པ་ལྟར་དང་། རྒྱ་མཚོའི་ལྷས་བསྒྲིགས་པ་ལ་དགེ་བསྙེན་གྱིས་ལན་བཏབ་པ་བཞིན་ཡིན་པར་གསུངས་སོ། །གཉིས་པ་དགེ་བ་ ཐམས་ཅད་སེམས་ལས་བྱུང་ཚུལ་ནི། གལ་ཏེ་འགྲོ་བ་སོགས་ཏེ། དེ་ཡང་བྱང་སེམས་ཀྱིས་བསྒྲུབ་བྱའི་དགེ་བའི་གཙོ་བོ་ནི་ཕར་ཕྱིན་དྲུག་ཡིན་ལ་དེ་དག་ཀྱང་སེམས་ལ་རག་ལས་ཞེས་རིམ་པར་སྟོན་པ་ལ། སྦྱིན་པ་སེམས་ལ་ལྟོས་པ་ནི། གལ་ཏེ་སྦྱིན་བྱའི་རྫས་བཏང་ བས་འགྲོ་བ་མཐའ་དག་བདེ་བའི་ལོངས་སྤྱོད་ཀྱིས་དབུལ་ཞིང་ཕོངས་པའི་བཀྲེན་པ་དེ་བོར་བས་ཏེ་དེ་དང་བྲལ་ནས་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པས་ཕྱུག་པོར་གྱུར་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་ཚད་ཡིན་པས་དངོས་པོ་གཙོ་ཆེའོ་ཞེས་འགའ་
Page: 353 ༄༅། །ཞིག་འདོད་པ་ལྟར་ཡིན་ན། ད་དུང་དུ་ཡང་འགྲོ་བ་བཀྲེན་ཞིང་ཕོངས་པ་དུ་མ་འཇིག་རྟེན་འདི་ན་མངོན་སུམ་དུ་དམིགས་བཞིན་པ་ཡོད་པའི་ཕྱིར་ན་སྔོན་གྱི་སྐྱོབ་པ་སངས་རྒྱས་རྣམས་ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཏེ་རྫོགས་པ་ མི་རིགས་པར་འགྱུར་རོ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་སྦྱིན་པའི་ཕར་ཕྱིན་མ་རྫོགས་པར་ནི་སུས་ཀྱང་འདོད་མི་ནུས་ཏེ་དེ་དག་གིས་སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་རྫོགས་ཤིང་མཐར་ཕྱིན་ནས་སངས་རྒྱས་པའི་ཕྱིར་ཏེ། ཇི་ལྟར་བཅོམ་ལྡན་སྦྱིན་ པའི་ཕ་རོལ་ཕྱིན། །ཞེས་སོགས་གསུངས་པས་སོ། །དེས་ན་སྦྱིན་པའི་ཕར་ཕྱིན་རྫོགས་པ་འགྲོ་བ་མཐའ་དག་གིས་དབུལ་བ་བོར་བ་ལ་ལྟོས་པ་མ་ཡིན་ནོ། །དེ་ལྟར་འདོད་མཁན་གྱི་ཕྱོགས་སྔ་མ་ནི་ཉན་ཐོས་སྡེ་པ་དག་ཅེས་ས་བཟང་འགྲེལ་པར་བཤད་དོ། །འོན་ ཀྱང་འདི་ནི་གོང་དུ་སེམས་གཙོ་ཆེ་བས་སེམས་དབང་དུ་གྱུར་ན་ཆོས་ཐམས་ཅད་དབང་དུ་འགྱུར་ཞིང་དགེ་བ་ཐམས་ཅད་ཀྱང་ལག་ཏུ་འོང་བར་བསྟན་པ་ལ། འོ་ན་སྦྱིན་སོགས་ལ་ཇི་ལྟར་སེམས་གཙོ་བོ་ཡིན། སྦྱིན་པ་ནི་སེམས་ཅན་གྱི་དབུལ་བ་སེལ་བར་བྱེད་པའི་ མཚན་ཉིད་ཅན་ཡིན་པས་སེམས་ལ་མི་ལྟོས་པར་སེམས་ཅན་གྱི་དབུལ་བ་བོར་བ་ལ་ལྟོས་དགོས་སོ་སྙམ་པའམ་དེ་སྐད་ཟེར་བའི་དོགས་པ་སྤོང་བ་སྟེ་འོག་མ་ཚུལ་ཁྲིམས་སོགས་ལའང་དེ་ལྟར་རོ། །དེས་ན་དོགས་པ་ཁོང་སློང་གི་སྒོ་ནས་འགལ་སྤོང་མཛད་པའི་ དོན་ཡིན་པར་བྱས་ཀྱང་ཆོག་གོ། འོ་ན་དེ་རྫོགས་ཚུལ་ཇི་ལྟར་ཡིན་ཞེ་ན། ཕྱི་རོལ་ཏུ་སེམས་ཅན་རྣམས་དབུལ་བ་དང་བྲལ་ལམ་མ་བྲལ་ཡང་རུང་སྟེ་རང་གི་རྒྱུད་སྟེང་དུ་བདོག་པ་ཐམས་ཅད་གཏོང་བའི་སེམས་གོམས་ཤིང་མཐར་ཕྱིན་པས་སྦྱིན་པ་རྫོགས་པ་ཡིན་
Page: 354 ནོ་ཞེས་སྟོན་པ་ནི་འདི་ལྟར། རང་ལ་བདོག་པའི་དངོས་པོ་ལུས་ལོངས་སྤྱོད་དགེ་རྩ་གསུམ་གྱིས་བསྡུས་པ་གང་ཡོད་ཐམས་ཅད་ལ་སེར་སྣའི་ཀུན་འཛིན་བཅོམ་ནས་གཞན་ལ་བསམ་པ་ཐག་པ་ནས་གཏོང་ཞིང་དེ་ཙམ་དུ་མ་ཟད་བཏང་བའི་འབྲས་བུ་ཕན་ཡོན་ནམ་རྣམ་ སྨིན་དང་བཅས་ཏེ་སྦྱིན་ཡུལ་སོགས་ཀྱི་སྐྱེ་བོ་ཀུན་ལ་བཏང་བར་འདོད་པའི་སེམས་གོམས་པ་རབ་ཀྱི་མཐར་ཕྱིན་ནས་ཆགས་པ་དང་སེར་སྣ་བྲལ་བ་དེ་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ཡོངས་སུ་རྫོགས་པར་མདོ་ལས་གསུངས་ཏེ། རྒྱུ་མཚན་དེ་ལྟ་ བས་ན་སྦྱིན་པ་དེ་ཡི་ངོ་བོ་ནི་གཏོང་སེམས་དང་དེ་གོམས་པ་མཐར་ཕྱིན་པ་ལས་སྦྱིན་པའི་ཕར་ཕྱིན་རྫོགས་པའི་ཚད་ཉིད་དུ་འདོད་པས་ན་སེམས་ཉིད་དོ་ཞེས་ལུས་དང་ངག་མི་གཙོ་བར་སེམས་གཙོ་ཆེ་བའི་ཕྱིར་སྦྱིན་པའང་སེམས་སྟེང་ནས་འཇོག་དགོས་ཞེས་བསྟན་ཏོ། ། དེ་ལྟས་དེ་ནི་སོགས་ཀྱི་ཚིག་རྐང་འདི་འོག་མ་ཚུལ་ཁྲིམས་སོགས་ལ་སྒྱུར་བར་བྱ་ཞིང་དོན་ཡང་དེ་ལྟར་ཤེསབཔར་བྱའོ། །མདོ་ལས་ཇི་ལྟར་གསུངས་ན། བློ་གྲོས་མི་ཟད་པས་བསྟན་པ་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟ་སྟེ་བདོག་པ་ཐམས་ ཅད་འབྲས་བུ་དང་བཅས་ཏེ་གཞན་ལ་གཏོང་བའི་སེམས་སོ་ཞེས་གསུངས་ལ། དཀོན་མཆོག་སྤྲིན་ལས་ཀྱང་དེ་ཁོ་ན་ལྟར་གསུངས་སོ། །དེས་ན་སྦྱིན་པའི་ངོ་བོ་ནི་གཏོང་བའི་སེམས་པ་དགེ་བ་དང་དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ཏེ། བྱང་ས་ལས། སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན། ཡོ་བྱད་ཐམས་ཅད་དང་རང་གི་ལུས་ལ་མི་ལྟ་བའི་བྱང་ཆུབ་སེམས་དཔའི་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དང་དེས་ཀུན་ནས་བསླང་བ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་དང་ངག་གི་ལས་
Page: 355 ༄༅། །དང་ཞེས་སོ། །ཡང་བདོག་པ་ཐམས་ཅད་འབྲས་བཅས་ཏེ་ཞེས་པའི་བདོག་པ་ཐམས་ཅད་ནི་ལུས་ལོངས་སྤྱོད་དང་འབྲས་བཅས་ནི་དེ་དག་བཏང་བ་ལས་བྱུང་བའི་དགེ་རྩ་སྟེ་དེ་གསུམ་ཀ་ཞེས་བཤད་པའང་སྣང་ངོ༌། །ཚུལ་ཁྲིམས་སེམས་ ལ་རེག་ལས་པ་ནི། ཡང་གསད་བྱའི་སེམས་ཅན་དང་བརྐུ་བྱའི་ནོར་སོགས་མེད་པ་དང་གསོད་པ་དང་རྐུ་བ་སོགས་གནོད་འཚེ་མ་ལུས་པོ་རྒྱུན་ཆད་ནས་མེད་པ་ཞིག་ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་པའི་ཚད་ཡིན་པས་དངོས་པོ་གཙོ་ཆེའོ་ཞེས་འདོད་པ་ལྟར་ཡིན་ན། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་མ་རྫོགས་པར་འགྱུར་ཏེ། གསད་བྱའི་ཉ་དང་བྱ་དངརི་དྭགས་སོགས་རང་གཞན་གྱི་ནོར་དང་གཞན་གྱི་བུད་མེད་དང་ཆང་ལ་སོགས་པ་རྣམས་ཡུལ་གང་ཞིག་ཏུ་དེ་དག་སུས་ཀྱང་གཏན་ནས་གསོད་པ་དང་ལེན་པ་སོགས་སུ་ མི་འགྱུར་བར་བསྐྲད་དེ་མ་བསྐྲད་པར་ད་དུང་གསོད་པ་དང་རྐུ་བ་སོགས་གནོད་འཚེ་བྱེད་པ་མང་དུ་ཡོད་པས་སོ་ཞེས་ཚུལ་ཁྲིམས་རྫོགས་པ་གསོད་བྱའི་སེམས་ཅན་སོགས་ཟད་པ་ལ་མི་ལྟོས་པར་བསྟན་ཏོ། །འོ་ན་དེ་རྫོགས་ཚུལ་ཇི་ལྟར་ཞེ་ན། ཕྱི་རོལ་ཏུ་སེམས་ ཅན་རྣམས་གནོད་འཚེ་སོགས་དང་བྲལ་ལམ་མ་བྲལ་ཡང་བླའི་རང་གི་རྒྱུད་སྟེང་དུ་དེ་དག་ལོ་གནོད་འཚེ་བྱེད་པ་སོགས་ལས་ལྡོག་པའི་སྤོང་སེམས་གོམས་པ་མཐར་ཕྱིན་པ་ལས་དེ་རྫོགས་པ་ཡིན་ཞེས་སྟོན་ཏེ། དེ་ཡང་གསོད་འདོད་དང་མ་བྱིན་ལེན་འདོད་སོགས་ཀྱི་སྒོ་ ནས་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ཡིད་ཕྱི་ར་ལོག་པའི་སྤོང་བའི་སེམས་ནི་ཚུལ་ཁྲིམས་ཡིན་ལ་དེ་གོམས་པ་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་ཐོབ་པ་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཡིན་པར་མདོ་ལས་བཤད་དེ། ཇི་སྐད་དུ། ཚུལ་
Page: 356 ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། གཞན་ལ་གནོད་པ་སྤོང་བའི་སེམས་པའོ། །ཞེས་སོ། །དེ་ལྟར་ན་ཚུལ་ཁྲིམས་ཀྱང་སྤོང་བའི་སེམས་ཉིད་ལ་འདོད་ཅིང་དེ་གོམས་པ་མཐར་ཕྱིན་པ་ལས་དེ་རྫོགས་པར་འཇོག་དགོས་པས་བསམ་པ་གཙོ་ཆེའོ། །སྤོང་བའི་སེམས་ནི་ཐོབ་པ་ཞེས་པ་གཙོ་བོར་ སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ལ་དེ་ནི་མཚོན་པ་སྟེ་དགེ་ཆོས་སྡུད་པ་དང་སེམས་ཅན་དོན་བྱེད་ལ་འཇུག་པའི་སེམས་དྲན་ཤེས་དང་ལྡན་པ་ནི་དེ་དང་དེའི་ཚུལ་ཁྲིམས་སུ་འཇོག་པར་བཤད་དོ། །རྣམ་བཤད་དུ། ཚུལ་ཁྲིམས་ལ་ཇི་ལྟ་བ་བཞིན་དུ་བཟོད་པ་ནས་ཤེས་རབ་ཀྱི་བར་དུའང་ཕྱི་ རོལ་ཏུ་གནོད་བྱེད་ཀྱི་དགྲ་དང་ལེ་ལོ་ཅན་དང་རྣམ་གཡེང་ཅན་དང་ཤེས་རབ་འཆལ་བོ་རྣམས་སྤོང་བའི་ཚེགས་མེད་པར་རང་གི་སེམས་གནོད་སེམས་ལེ་ལོ་རྣམ་གཡེང་འཆར་བའི་ཤེས་རབ་ལས་བསྲུངས་པ་ཙམ་གྱིས་བཟོད་པ་སོགས་རྫོགས་པར་འགྱུར་ཞེས་གསུངས་ལ། དེ་ལས་གཞན་དུ་ཕྱི་ རོལ་གྱི་དགྲ་ཟད་པ་སོགས་དགོས་ན་ཚེགས་ཆེ་བའི་སྐྱོན་དང་སྔོན་གྱི་སྐྱོབ་པ་རྣམས་ཀྱིས་སྦྱིན་སོགས་མ་རྫོགས་པའི་སྐྱོན་ཏེ་སྐྱོན་གཉིས་རེ་འབྱུང་བར་ཡང་བཤད་དོ། །བཟོད་པ་སེམས་ལ་རག་ལས་པ་ནི། ཡང་དགྲ་ཐམས་ཅད་བཏུལ་ནས་ཟད་པ་དང་གཅིག་གིས་མ་ཙལགཅིག་ལ་འཚེ་བ་སོགས་རྒྱུན་ཆད་ནས་ཕན་ཚུན་ཁྲོ་བ་དང་ འཁོན་པ་མེད་པ་བཟོད་པ་རྫོགས་པའི་ཚད་དེ་དངོས་པོ་གཙོ་ཆེ་བས་སོ་ཞེས་འདོད་ན། སྔོན་གྱི་སྐྱོབ་པ་རྣམས་ཀྱི་བཟོད་པ་མ་རྫོགས་པར་འགྱུར་ཏེ་སེམས་ཅན་མི་བསྲུན་པ་སྟེ་མ་རུངས་པ་ནི་ནམ་མཁའ་བཞིན་དུ་མཐའ་ཡས་པས་དེ་དག་ཐམས་ཅད་སུས་ཀྱང་གདུལ་བའམ་གཞོམ་གྱིས་ཡོང་ཡེའམ་རྣམ་པ་ཀུན་ཏུ་མི་ལང་ ཞེས་ཏེ་གཞོམ་ཚོད་མེད་ལ། དེའི་ཕྱིར་ད་དུང་ཡང་གནོད་བྱེད་ཀྱི་དགྲ་དང་ཕན་ཚུན་འཚེ་བ་མང་དུ་སྣང་བ་ཡིན་ནོ། །རྒྱུ་མཚན་དེས་ན་གནོད་བྱེད་མང་པོ་ཡོད་ཀྱང་རང་གི་ཁོང་ཁྲོ་བའི་སེམས་འདི་གཅིག་པུ་གཉེན་པོ་དྲན་ཤེས་སོགས་ཀྱི་མཚོན་ཆ་རྣོན་པོའི་སྟོབས་ཀྱི་བཅོམ་སྟེ་སྤངས་ན་ཕྱི་རོལ་གྱི་དགྲ་དེ་དག་ཐམས་ཅད་ཆོམས་པ་དང་འདྲ་བར་འགྱུར་ཏེ་གནོད་བྱེད་ལ་
Page: 357 ༄༅། །དགྲར་མི་འཛིན་པས་སེམས་མི་འཁྲུགས་པའི་ཕྱིར་དང་འདི་ཕྱི་ཀུན་ཏུ་དགྲ་ཐམས་ཅད་ཞི་བར་འགྱུར་བས་སོ། །མདོ་ལས། ཁྲོ་བ་ཐུལ་ན་དགྲ་ཞི་བར་འགྱུར་གྱི་གཞན་དུ་ན་དགྲ་འཕེལ་ལོ་ཞེས་པ་ལྟར་རོ། །པ་དོན་དེ་ཉིད་མཚོན་བྱེད་ཀྱི་དཔེ་ནི། དཔེར་ན་རང་གི་རྐང་པ་ ལ་ཚེར་མ་ལ་སོགས་པའི་གནོད་པ་སྤོང་བའི་ཆེད་དུ་ས་སྟེང་འདི་དག་ཐམས་ཅད་ཀོ་བས་ཁྱབ་པར་གཡོག་ཏུ་འདོད་ཀྱང་དེ་སྙེད་གཡོག་བྱེད་ཀྱི་ཀོ་བས་ག་ལ་ལང་སྟེ་གཏན་ནས་མི་ལྡང་ལ། འོན་ཀྱང་ལྷམ་མཐིལ་ཙམ་གྱི་ཀོ་བས་ནི་རང་རང་གི་རྐང་པ་ལ་ཚུར་གཡོགས་པས་ས་སྟེང་ ཐམས་ཅད་གཡོགས་པ་དང་འདྲ་སྟེ་ཚེར་མ་སོགས་ཀྱིས་མི་གནོད་པའི་ཐབས་འགྲུབ་པས་སོ། །དཔེ་དོན་སྦྱར་བ་ནི། དེ་བཞིན་དུ་ཕྱི་རོལ་གྱི་དགྲ་སོགས་གནོད་བྱེད་ཀྱི་དངོས་པོ་མ་ལུས་པ་ཡང་བདག་གིས་ཕྱིར་བཟློག་པ་དང་གཞོམ་གྱིས་མི་མང་གི་སྟེ་གཞོམ་ཚོད་མེད་ཀྱི། བདག་གི་སེམས་འདི་གནོད་བྱེད་ཀྱི་ཡུལ་ལ་དམིགས་ནས་ཁོང་ཁྲོ་སྐྱེ་བ་འདི་ཡིས་ཕྱིར་བཟློག་པར་བྱ་བའམ་བསྲུང་བར་བྱ་ཞིང་པདེ་གོམས་པར་བྱས་པའི་སྟོབས་ལས་བཟོད་པ་རྫོགས་པར་ཞགྱུར་བས་ནི་དེ་ལྟར་བྱའི་ཕྱི་རོལ་གྱི་ད་ག་སོགས་གནོད་བྱེད་གཞན་རྣམས་བཟློག་ཀོ་ཅི་ཞིག་ དགོས་ཏེ་བཟློག་པ་ལ་ཚེགས་ཆེ་ཞིང་དགོས་པ་མེད་ལ། དེ་དག་མ་བཟློག་ཀྱང་རང་གི་སེམས་གཅིག་པུ་གཉེན་པོས་བཟློག་ནས་ཁྲོ་བ་ཞི་བར་གྱུར་ན་དེ་ཁོ་ནས་དགོས་པ་འགྲུབ་ཅིང་བཟོད་པ་རྫོགས་པར་འགྱུར་ཏེ། མདོ་ལས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། སེམས་ ཀུན་ནས་མནར་སེམས་པ་དང་། བྲལ་བའོ་ཞེས་གསུངས་ལ། དཔའ་བོས་ཀྱང་། ཁྲོ་བ་གཅིག་པུ་བཅོམ་པ་ཡིས། །རྣམ་པར་སྡང་བ་ཐམས་ཅད་བཅོམ། །ཞེས་སོ། །དེས་ན་བཟོད་པའང་སེམས་ལ་ཁྲོ་བ་ཞི་བ་ཉིད་ལ་འདོད་ཅིང་དེ་གོམས་པ་མཐར་ཕྱིན་པ་ལས་དེ་རྫོགས་པར་
Page: 358 འཇོག་གོ །བརྩོན་འགྲུས་སེམས་ལ་རག་ལས་པ་ནི། ལུས་ངག་གི་ལས་དང་མ་འབྲེལ་ཀྱང་རྒྱུ་སྙོམས་འཇུག་གི་བསམ་གཏན་དང་པོ་སྒོམ་པ་ལ་སྤྲོ་བའི་སེམས་ཆེས་ཆེར་གསལ་བའི་ཏིང་ངེ་འཛིན་ལེ་ལོ་སོགས་ཀྱི་སྐྱོན་མེད་པ་གཅིག་བསྐྱེད་དེ་བསྒོམས་པའི་འབྲས་བུ་ཡང་ཞེས་ པའམ་འབྲས་བུ་གང་བསམ་གཏན་དང་པོའི་ལྷ་གནས་སུ་ཚང་པ་ལ་སོགས་པར་སྐྱེ་བར་བཤད་པ་གང་ཡིན་པ་ལྟར། སེམས་ཀྱི་ཀུན་སློང་སྤྲོ་ཞིང་གསལ་བ་སྟོབས་ལྡན་དང་མ་འབྲེལ་ན་ལུས་ངག་གི་ལས་མེད་པར་མ་ཟད་ལུས་གང་ངག་དང་བཅས་པའི་སྒོ་ནས་འབད་རྩོལ་གྱིས་བསྒྲུབས་ པའི་དགེ་བའི་ལས་ཀྱི་འབྲས་བུ་ཡང་དེ་ལྟར་སེམས་ཀྱི་སྤྱོད་པ་ཞན་པའམ་སྤྲོ་བའི་འཇུག་པ་ཞན་པར་གྱུར་པས་དེའི་འབྲས་བུ་ཡང་ཚངས་སོགས་ཀྱི་གནས་སུ་སྐྱེ་བ་དེ་ལྟ་བུ་མིན་ཏེ་དེར་སྐྱེ་མི་ནུས་པས་སོ། །འདི་དཔེར་ན་མདོ་ལས། བྱམས་སོགས་ཚད་མེད་བཞིའི་སེམས་བསྐྱེད་པས་ ཚངས་པར་སྐྱེས་པར་གསུངས་པ་ལྟར་ཡིན་ཞེས་འགའ་ཞིག་ཏུ་བཤད་ལ། ཡང་མདོ་མྱང་འདས་ལས། སྔོན་མ་སྨད་གཉིས་ཀྱིས་ཆུ་བརྒལ་བའི་ཚེ་མས་བུ་མོ་འདི་ཆུས་ཁྱེར་ནས་མ་ཤི་ན་སྙམ་བུ་མོས་མ་འདི་ཆུས་ཁྱེར་ནས་མ་ཤི་ན་ཅི་མ་རུང་སྙམ་པའི་བྱམས་པའི་སེམས་སམ་ སྙིང་བརྩེའི་བསམ་པ་ཤིན་ཏུ་གསལ་བོ་སྐྱེས་པ་ལས་གཉིས་ཀ་ཆུས་ཁྱེར་ནས་ཤི་བར་གྱུར་ཀྱང་དགེ་སེམས་དེའི་སྟོབས་ཀྱིས་ཚངས་པའི་གནས་སུ་སྐྱེས་པར་གསུངས་པ་ལྟ་བུ་ཡིན་པར་ཡང་བཤད་དོ། །དེས་ན་བརྩོན་འགྲུས་ཀྱང་དམིགས་པ་དགེ་བ་ལ་དམིགས་ནས་རྣམ་པ་མངོན་ པར་སྤྲོ་བའི་སེམས་གསལ་བ་ཞིག་ལ་འདོད་ལ་དེ་གོམས་པ་མཐར་ཕྱིན་པ་ལས་དེ་རྫོགས་པར་འཇོག་གོ །བསམ་གཏན་སེམས་ལ་རག་ལས་པ་ནི། ངག་གི་གཟུངས་སྔགས་སོགས་ཀྱི་བཟླས་བརྗོད་དང་ནི་ལུས་ཀྱིས་སྨྱུང་བར་གནས་པ་དང་དབང་པོའི་སྒོ་སྡོམ་པ་ལ་སོགས་པའི་ Page: 359 ༄༅། ། དཀའ་ཐུབ་ཀུན་དུས་ཐུང་དུར་བྱས་པ་ལྟ་ཞོག་ཡུན་རིང་པོའི་བར་གྱི་དུས་སུ་སྤྱད་ནས་གོམས་པར་བྱས་ཀྱང་དྲན་ཤེས་ཀྱིས་མ་ཟིན་པས་སེམས་གཉིད་རྨུགས་དང་བྱིང་རྒོད་ལ་སོགས་པར་སོང་བའི་དབང་གིས་དགེ་བའི་དམིགས་པ་ལས་གཞན་པའི་ཡུལ་ལ་ གཡེངས་པར་གྱུར་པས་བྱས་པ་དག་ནི་ཆོས་རྣམས་ཀྱི་གནས་ལུགས་དེ་ཉིད་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་རིག་པ་ཐམས་ཅད་མཁྱེན་པས་དོན་དང་འབྲས་བུ་མེད་ཅེས་གསུངས་ལ། དེ་ཡང་རང་གིས་འདོད་པའི་དོན་ནམ་དགོས་པའི་འབྲས་བུ་དམན་པའམ་ཆུང་བ་ལས་ མེད་པའི་དོན་ཡིན་པས་དམན་པ་ལ་དགག་སྒྲ་སྦྱར་ནས་བསྟན་པ་སྟེ། དཔེར་ན། བུས་བྱ་བ་བྱེད་མི་ནུས་པ་ལ་བུ་མིན་ཞེས་པའམ་བུད་མེད་ཅེས་བརྗོད་པ་བཞིན་ཡིན་པར་བཤད་དོ། །དེས་ནི་སེམས་གཞན་དུ་གཡེངས་པའི་དགེ་སྦྱོར་ཐམས་ཅད་དོན་ཆུང་བར་བསྟན་ལ། དེ་ལྟར་ ཏིང་ངེ་འཛིན་སྡུད་པའི་མདོ་ལས། དགེ་སློང་དག་འདོད་པ་ལ་སེམས་གཡེངས་པའི་དཀའ་ཐུབ་དང་ཁ་ཏོན་ལ་སོགས་པ་ནི་འབྲས་བུ་མེད་པར་འགྱུར་རོ་ཞེས་དང་། ཡུམ་ལས།སེམས་གཡེངས་པའི་ནི་བདག་གི་དོན་ཡང་འགྲུབ་པར་མི་འགྱུར་ན་གཞན་གྱི་དོན་ ལྟ་ཅི། དེའི་ཕྱིར་སེམས་གཡེངས་པའི་གོ་སྐབས་ནི་འགའ་ཙམ་ཡང་དབྱེ་བར་མི་བྱའོ། །ཞེས་སོགས་གསུངས་ལ། དེ་བཞིན་དུ་གང་སྒོམ་རྒྱུའི་དམིགས་པ་དེ་ལས་གཞན་དུ་རྣམ་པར་མ་གཡེངས་པ་དགོས་པའི་ཚུལ་གཞན་ཡང་། ཐེག་པ་ཆེན་པོ་ལ་དད་པ་སྒོམ་ པའི་མདོ་ལས། རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ཐེག་པ་ཆེན་པོ་ལས་འབྱུང་བ་གང་ཅི་ཡང་རུང་དེ་ཐམས་ཅད་ནི་རྣམ་པར་མ་གཡེངས་བའི་སེམས་ཀྱིས་དོན་དང་ཆོས་ཡང་དག་བསམ་པ་ལས་བྱུང་བར་
Page: 360 རིགས་པར་བྱའོ། །ཞེས་སོ། །དེས་ན་བསམ་གཏན་ཡང་དམིགས་བྱའི་དངོས་པོ་དེ་ལས་གཞན་དུ་མ་ཡེངས་པའི་སེམས་རྩེ་གཅིག་པ་ལ་འདོད་པས་སེམས་གཙོ་ལ་དེ་གོམས་པ་མཐར་ཕྱིན་པ་ལས་བསམ་གཏན་གྱི་ཕར་ཕྱིན་རྫོགས་པར་འཇོག་གོ །ཤེས་རབ་སེམས་ལ་ རག་ལས་པ་ནི། སྲིད་པའི་སྡུག་བསྔལ་དང་བྲལ་ཞིང་ཟག་མེད་ཞི་བའི་བདེ་བ་ཐོབ་པར་འདོད་པའི་གང་ཟག་གང་གིས་འཇིག་རྟེན་ལས་འདས་མ་འདས་ཀྱི་ཆོས་ཐམས་ཅད་ཀྱི་གཙོ་བོ་མཆོག་གམ་དོན་པོ་མཆོག་ཏུ་གྱུར་པ་ནི་སེམས་ཀྱི་གསང་སྟེ་སེམས་ཀྱི་གནས་ལུགས་ དེ་ཡིན་ལ། དེ་ནི་བྱིས་པ་རྣམས་ཀྱིས་སྒྲ་རྟོག་སོགས་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོམ་སྣོད་མིན་ལ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་སེམས་ཀྱི་གསང་ཞེས་བརྗོད་པ་སྟེ། མདོ་ལས། འོད་སྲུང་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དེ་གང་མི་རྙེད་པ་དེ་ནི་མི་དམིགས་པའོ། ། གང་མི་དམིགས་པ་དེ་ནི་དུས་གསུམ་ལས་འདས་པ་སྟེ་དེ་ནི་ཡོད་པའང་མ་ཡིན་མེད་པའང་མ་ཡིན་ནོ་ཞེས་དང་། ཡུམ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་སོགས་གསུངས་པ་ལྟར་ཡིན་ལ། དེ་ལྟར་རྟོགས་པར ་དཀའ་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གཏེར་དུ་གྱུར་པའི་སེམས་ཀྱི་དེ་ཁོ་ན་ཉིད་དོན་དམ་བདེན་པ་ཡོད་མེད་སོགས་ཀྱི་མཐའ་དང་བྲལ་བའི་གནས་ལུགས་ཡང་དག་པ་འདི་མ་ཤེས་ཤིང་གོམས་པར་མ་བྱས་ན་ཞི་བ་མྱ་ངན་ལས་འདས་ པའི་བདེ་བ་འཐོབ་པར་འདོད་པ་དང་འཁོར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་གཞོམ་པར་འདོད་པའི་བློ་ཡོད་ཅིང་དེའི་ཐབས་ལ་འབད་ཀྱང་། དེའི་ཐབས་ལ་རྨོངས་པར་གྱུར་པ་དེ་དག་གིས་ནི་ཇི་ཙམ་བརྩོན་ཡང་ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་འདོད་པའི་དོན་གང་
Page: 361 ༄༅། །ཡང་འགྲུབ་པ་མེད་པར་རང་དགར་གྱི་ན་ཉིད་དུ་ནམ་མཁའ་ལ་ཀ་ཤིའི་མེ་ཏོག་རླུང་གིས་བདས་པ་བཞིན་དུ་སྲིད་པར་འཁྱམས་པར་འགྱུར་རོ་ཞེས་བསྟན་ཏེ། དེ་ནི་དཔེར་ན་སྲིད་པ་ལས་ཐར་འདོད་ཀྱི་བློ་ཙམ་ཡོད་ཀྱང་དེ་སྒྲུབ་པའི་ཐབས་ལ་རྨོངས་ པར་གྱུར་པའི་མུ་སྟེགས་བྱེད་ལ་སོགས་པ་དེ་དག་གིས་མེ་ལྔ་བསྟེན་པ་དང་སྐུ་འབལ་བ་སོགས་ཀྱི་བརྟུལ་ཞུགས་དང་དཀའ་སྤྱད་ལ་ཇི་ཙམ་བརྩོན་པར་བྱས་ཀྱང་རང་གིས་འདོད་པའི་དོན་གང་ཡང་འགྲུབ་པ་མེད་པ་བཞིན་ནོ།འདིས་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན་མ་ རྟོགས་པར་དངོས་པོར་འཛིན་པ་དང་བཅས་པས་དགེ་སྦྱོར་དང་དཀའ་སྤྱད་སོགས་ཅི་ཙམ་བྱས་ཀྱང་སྡུག་བསྔལ་རྒྱུ་དང་བཅས་པ་སྤངས་པའི་ཞི་བ་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པ་མེད་ཅེས་བསྟན་ཏེ། དེ་ནི་ཡུམ་མདོར་དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་མེད་ཅེས་ སོགས་གསུངས་པ་ལྟར་ཡིན་ལ། དེ་ལྟར་གནས་ལུགས་ཀྱི་དོན་ལ་རྨོངས་པའི་འགྲོ་བ་འཁྲུལ་པ་རྣམས་སྲིད་པའི་གནས་འདིར་རི་དྭགས་རྒྱུར་ཆུད་པ་དང་འདྲ་བར་གྲོལ་བ་མེད་པར་ཤེས་ནས་བདག་མེད་པའི་དེ་ཁོ་ན་ཉིད་ལ་མཁས་པའི་ཤེས་རབ་དང་ལྡན་པ་རྣམས་བྱ་ ནམ་མཁར་རྒྱུ་ཡང་ནམ་མཁར་མི་གནས་པ་བཞིན་དུ་སྲིད་པར་གནས་ཀྱང་དེར་བདེན་ཞེན་གྱི་དབང་གིས་མི་གནས་པའི་ཚུལ་ནི། ཤེར་ཕྱིན་སྡུད་པ་ལས། འགྲོ་བ་འཁྲུལ་པ་རི་དྭགས་རྒྱུར་ཆུད་འདྲར་ཤེས་ནས། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། ། ཞེས་སོ། །དེས་ན་དེ་ལྟས་དེ་ནི་སེམས་ཉིད་དོ། །ཞེས་བཤད་པ་ལྟར། ཤེས་རབ་ཀྱང་གཙོ་བོ་དངོས་པོ་ལ་མངོན་པར་ཞེན་པའི་ཤེས་འཆལ་ལས་སེམས་བསྲུངས་པའི་སྒོ་ནས་དེ་ཁོ་ན་ཉིད་ཇི་བཞིན་ཤེས་པའི་ཤེས་རབ་ལ་འདོད་པས་སེམས་གཙོ་ཚེ་ལ་དེ་གོམས་པ་
Page: 362 མཐར་ཕྱིན་པ་ལས་དེའི་ཕ་རོལ་ཏུ་ཕྱིན་པ་ཞེས་འཇོག་གོ །ཐབས་ཀྱི་ཕར་ཕྱིན་སོགས་གཞན་བཞི་ཡང་ཤེར་ཕྱིན་ལས་ཕྱེ་བའམ་དེའི་ནང་དུ་འདུས་པས་དེ་དག་ཀྱང་སེམས་སྟེང་ནས་འཇོག་དགོས་པར་གྲུབ་པ་ཡིན་ནོ། །རྒྱུ་མཚན་དེ་དག་གི་ཕྱིར། སྡོང་པོ་བཀོད་པ་ ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ཏོ། །སེམས་ཅན་སྨིན་པར་བྱ་བ་དང་གདུལ་བར་བྱ་བ་ཐམས་ཅད་ཀྱང་རང་གི་སེམས་ལ་བརྟེན་ཏོ། །དེ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུ་དེ་ལ་བདག་འདི་སྙམ་དུ་སེམས་ཏེ་དགེ་བའི་རྩ་བ་རྣམས་ ཀྱིས་རང་གི་སེམས་ཉིད་ཉེ་བར་བརྟེན་པར་བྱའོ། །ཆོས་ཀྱི་སྤྲིན་རྣམས་ཀྱིས་རང་གི་སེམས་ཡོངས་སུ་བརླན་པར་བྱའོ། །སྒྲིབ་པར་འགྱུར་བའི་ཆོས་ཅན་རྣམས་ལས་རང་གི་སེམས་ཡོངས་སུ་སྦྱང་བར་བྱའོ། བརྩོན་འགྲུས་ཀྱིས་རང་གི་སེམས་ཉིད་བརྟན་པར་བྱའོ། ། ཞེས་སོགས་གསུངས་ལ། འཕགས་པ་ལྷས་ཀྱང་། སེམས་མ་གཏོགས་པར་འགྲོ་སོགས་ལ། །གང་ཕྱིར་བསོད་ནམས་ལ་སོགས་པ། །མ་མཐོང་དེ་ཕྱིར་ལས་རྣམས་ལ། །ཡིད་ནི་དོན་པོར་བསྒྲུབ་པར་བྱ། །ཞེས་གསུངས་པ་ལྟར། དགེ་ཆོས་ཐམས་ཅད་ཀྱང་སེམས་ ལ་བརྟེན་ཞིང་སེམས་ལ་རག་ལས་པ་ཡིན་ནོ།གསུམ་པ་དེས་ན་ངེས་པར་སེམས་བསྲུང་དགོས་པར་བསྟན་པ་ནི། དེ་ལྟས་བདག་གིས་སོགས་ཏེ། དེ་ལ། བསྡུས་ཏེ་དེ་སྲུང་བར་གདམས་པ་ནི། གོང་དུ་བཤད་མ་ཐག་པ་ལྟར་དགེ་མི་དགེ་ཐམས་ཅད་ཀྱི་རྩ་བ་ སེམས་ཡིན་པ་དང་དེ་བསྲུངས་པ་ལས་ཕན་ཡོན་དང་མ་བསྲུངས་པ་ལས་ཉེས་པ་ཡོད་པའི་རྒྱུ་མཚན་དེ་ལྟས་ཏེ་དེའི་ཕྱིར་བདག་གིས་སེམས་འདི་ནི་དྲན་པ་ལ་བརྟེན་ནས་ལེགས་པར་བརྟན་པར་གཟུང་ཞིང་ཤེས་བཞིན་ལ་བརྟེན་ནས་མི་ཉམས་པར་ལེགས་པར་བསྲུང་
Page: 363 ༄༅། །བར་བྱ་ཞེས་སམ། ཡང་ན་སེམས་འདི་ནི་དྲན་ཤེས་ཀྱིས་ལེགས་པར་བཟུང་ནས་བསྒྲིམས་ཏེ་མི་མཐུན་ཕྱོགས་ཀྱིས་མི་ཉམས་པར་ལེགས་པར་བསྲུང་བར་བྱའོ་ཞེས་སྦྱར་རོ། །རྣམ་བཤད་དུ་སེམས་འདི་བག་ཡོད་པ་ལ་ལེགས་པར་བཟུང་ཞིང་ བག་མེད་པ་ལས་ལེགས་པར་བསྲུང་བར་བྱའོ་ཞེས་སོ།།དེ་ལྟར་བྱང་ཆུབ་ཀྱི་སེམས་སོགས་མི་ཉམས་པའི་ཐབས་སུ་སེམས་ཉོན་མོངས་པ་ལས་བསྲུང་བའི་བརྟུལ་ཞུགས་འདིའི་ནང་དུ་བསླབ་པ་ཐམས་ཅད་འདུ་བས་འདི་ནི་བརྟུལ་ཞུགས་ཐམས་ཅད་ཀྱི་གཙོ་བོ་གོང་ ན་མེད་པ་མཆོག་ཡིན་པས་དེ་ཁོ་ན་མ་གཏོགས་པ་སེམས་མི་མཐུན་ཕྱོགས་ལས་བསྲུང་བའི་ཐབས་སུ་མི་འགྱུར་བས་འབྲས་བུ་མེད་ཅིང་ངལ་བ་འབའ་ཞིག་ཙམ་སྐྱེད་པའི་རྒྱུར་འགྱུར་ལ་དེ་ལྟ་བུའི་ཕྱི་ལུས་ངག་གི་བརྟུལ་ཞུགས་གཞན་མང་པོས་ཅི་ཞིག་བྱ་སྟེ་ཕན་པའི་ དོན་དང་དགོས་པའི་སྙིང་པོ་མེད་པས་སོ། །ཞེས་པ་སྟེ། འདི་ནི་རིན་པོ་ཆེའི་ཕུང་བོའི་མདོ་ལས། འདི་ལྟར་ཡང་སེམས་ཀྱིས་ལུས་དག་པར་འགྱུར་གྱིས་ལུས་ཀྱིས་སེམས་དག་པར་མི་འགྱུར་རོ། །དེ་བས་སེམས་དག་པར་འགྱུར་བར་བྱའི་ལུས་ཆེ་བས་དག་པ་ ནི་མ་ཡིན་ཏེ་སེམས་དག་པ་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཚངས་པར་སྤྱོད་པ་ཞེས་གསུངས་སོ་སྙམ་དུ་སེམས་ངེས་པར་བསམ་པར་བྱའོ་ཞེས་གསུངས་པ་ལྟར་ཡིན་ལ། གཞན་ཡང་སེམས་མི་ཉམས་པར་བསྲུང་བ་འདི་བརྟུལ་ཞུགས་ཐམས་ཅད་ཀྱི་མཆོག་ ཡིན་པ་ལ་དེ་བོར་ནས་ངལ་བ་འབྲས་བུ་མེད་པར་བྱེད་པའི་བརྟུལ་ཞུགས་གཞན་རྣམ་གཡེང་དང་འབྲེལ་བའི་དགེ་སྦྱོར་གྱི་རྣམ་པ་ཕལ་ཆེར་བྱང་ཆུབ་ཀྱི་སེམས་སོགས་དགེ་བའི་ཕྱོགས་བསྲུང་བ་དང་འཕེལ་བའི་རྒྱུར་མི་འགྱུར་ཞིང་ཉམས་པར་བྱེད་པའི་བདུད་ལས་སུ་
Page: 364 འགྱུར་བའང་ཡོད་པར་གསུངས་པའི་ཕྱིར་ཅི་ཞིག་བྱ་ཞེས་ཀྱང་བསྟན་ཏེ། སྡོང་བོ་བཀོད་པ་ལས། བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་རྩ་བ་བརྩམས་པ་ཐམས་ཅད་ནི་བདུད་ཀྱི་ལས་སོ། །ཞེས་སོ།།འོ་ན་སྦྱངས་ཡོན་བཅུ་གཉིས་སོགས་ཀྱང་དོན་ མེད་པར་འགྱུར་རམ་ཞེ་ན། དེ་དག་ཀྱང་ཉོན་མོངས་སྤོང་བའི་ཡན་ལག་ཏུ་གསུངས་ཀྱི་དེའི་ཡན་ལག་ཏུ་མི་འགྱུར་ན་དེ་དག་ཀྱང་དོན་མེད་པ་ཡིན་ན་ཕྱི་རོལ་གྱི་བརྟུལ་ཞུགས་གཞན་ལྟ་ཅི་ཞེས་རྣམ་བཤད་དུ་གསུངས་ལ། དར་ཊཱིཀ་ཏུའང་། སེམས་མི་བསྲུང་ བའི་བརྟུལ་ཞུགས་གཞན་ཁ་ཏོན་ལ་སོགས་པ་མང་པོས་ཅི་ཞིག་བྱ་སྟེ་དགོས་པ་མེད་པས་སོ། །ཞེས་སོ། །སེམས་སྲུང་ཚུལ་དང་སྲུང་རིགས་པའི་རྒྱུ་མཚན་བཅས་དཔེས་བསྟན་པ་ནི། མ་གྲངས་གྲོལ་བའི་སྟེ་མ་གྲངས་ནི་དྲན་ཤེས་མེད་པའི་སྐྱེ་བོ་རྒོད་བག་ཅན་ དང་གྲོལ་བ་ནི་སེམས་རྣམ་པར་གཡེངས་ནས་སྤྱོད་ལམ་ལེགས་པར་མ་བསྡམས་པར་རང་ཡན་དུ་གཏོང་བ་སྟེ། དེ་ལྟ་བུའི་བྱིས་པ་གཞོན་པ་མ་བསླབས་པ་དམུ་རྒོད་དག་གི་ནང་ངམ་ཁྲོད་དུ་གནས་པ་ན་ལུས་ལ་རྨ་ཡོད་པའི་གང་ཟག་གིས་འབད་པས་བསྒྲིམས་ཏེ་རྨ་ལ་གནོད་ པ་འབྱུང་གིས་དོགས་ནས་རྨ་སྲུང་བ་དེ་ཡི་ཆེད་དུ་བག་ཟོན་ནམ་འཛེམ་བག་ཆེར་བྱེད་པ་དེ་བཞིན་དུ་གང་ལ་དམིགས་ནས་ཉོན་མོངས་སྐྱེ་བའི་རྐྱེན་དུ་གྱུར་པའི་སྐྱེ་བོ་ངན་པ་ཉེས་སྤྱོད་སྣ་ཚོགས་བྱེད་པའི་ཁྲོད་དུ་གནས་པ་ན་གཅེས་སྤྲས་ཀྱི་སྒོ་ནས་རང་གི་བསླབ་པ་ བསྲུང་བར་འདོད་པས་ཀྱང་སེམས་ཀྱི་རྨ་འདི་དུས་རྟག་ཏུ་ཐབས་སྣ་ཚོགས་ཀྱི་སྒོ་ནས་བག་ཟོན་ཆེས་ཆེར་བྱས་ཏེ་བསྲུང་བ་ལ་འབད་པར་བྱ་དགོས་ཏེ། མ་བསྲུངས་པས་ཉམས་ན་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་བྱེད་པ་སོགས་ཀྱི་ཉེས་དམིགས་ཆེན་པོ་སྐྱེད་པས་སོ། །
Page: 365 ༄༅། །འདིས་ནི་དུས་ཇི་སྲིད་ཀྱི་བར་དུ་སེམས་བསྲུང་དགོས་སྙམ་ན་དུས་རྟག་ཏུ་བསྲུང་དགོས་ཞེས་བསྟན་པའོ། །ཉེས་དམིགས་ཇི་ལྟར་སྐྱེད་ན། ཐ་མལ་གྱི་རྨ་མ་བསྲུངས་པར་ཉམས་པ་ཡི་སྡུག་བསྔལ་ཆུང་ངུ་འབྱུང་བ་ཡིས་འཇིགས་ཤིང་སྐྲག་ པའང་རྨ་དེ་སྲུང་བ་ཡི་ཆེད་དུ་འཛེམ་བག་བྱེད་ན་སེམས་ཀྱི་རྨ་མ་བསྲུངས་པས་ཉོན་མོངས་པ་སྐྱེས་ནས་དེའི་དབང་གིས་སྡིག་ལྟུང་སོགས་བྱུང་བས་ཉམས་པར་གྱུར་ན་ཕྱི་མར་དམྱལ་བ་བསྡུས་འཇོམས་ཀྱི་གནས་སུ་སྲོག་ཆགས་སྣ་ཚོགས་པའི་མགོ་བརྙན་ཅན་གྱི་རི་ཆེན་ པོའི་བར་དུ་བཅར་བས་ལུས་འཇོམས་པར་བྱེད་པའི་སྡུག་བསྔལ་ཚབས་ཆེན་སྟོང་ཕྲག་དུ་མ་ལ་སྐྲག་པ་ཡིས་སམ་དག་གིས་དྲན་ཤེས་བསྟེན་ནས་སེམས་ཀྱི་རྨ་ལྟ་ཅིས་མི་བསྲུང་སྟེ་ཅི་ནས་བསྲུང་བར་བྱ་རིགས་ཏེ་གལ་ཏེ་མ་བསྲུངས་པས་ཉམས་ན་སྔ་མ་ལས་ཆེས་ ཆེར་ལྷག་པའི་ཉེས་དམིགས་ཆེན་པོ་སྐྱེད་པ་དེའི་ཕྱིར་རོ།།ར་ཡང་མ་གྲངས་གྲོལ་བ་རྒྱ་གར་གྱི་སྐད་དོད་གཅིག་ལ་བོད་སྐད་གཉིས་སུ་བསྒྱུར་བ་སྟེ་མཉམ་པར་མ་བཞག་པས་མ་གྲངས། རྣམ་པར་གཡེངས་པས་གྲོལ་བ་སྟེ་མ་བསྡམས་པར་སྤྱོད་པ་རང་ཡན་དུ་སོང་ བའི་བྱིས་པ་ཙབ་ཀྲོལ་ཅན་ཞེས་བུ་སྟོན་སོགས་གསུང་ངོ༌། །སྐྱེས་བུ་དམ་པས་མ་དྲངས་ཞེས་བཤད་པའང་བྱུང་ངོ༌། །སེམས་ཉམས་ན་ངན་སོང་དུ་སྐྱེ་བ་ལས་འདིར་བསྡུས་འཇོམས་ཞེས་ཁྱད་པར་དུ་སྨོས་པ་ནི་རྨ་བཅར་བ་དང་ཆོས་མཚུངས་སྒྱུར་བས་ཡིན་སྙམ་མོ། ། ལུག་ལྟ་བུའི་རི་བོ་དག་ཕྱོགས་གཉིས་ནས་འོངས་པས་ཤིག་ལ་སོགས་པ་བཅར་བ་ལྟར་དེ་དག་འཇོམས་པར་སྐྲག་པས་སེམས་ཀྱི་རྨ་ལྟ་ཅིས་མི་སྲུང་ཞེས་དགེ་ལྷ་འཆད་ལ།སེན་མོའི་བར་དུ་ཤིག་བཅར་ནས་བསད་པས་བསྡུས་འཇོམས་སུ་སྐྱེས་ནས་ལྕགས་ཀྱི་རི་
Page: 366 གཉིས་ཀྱི་བར་དུ་བཅར་བའི་སྡུག་བསྔལ་མྱོང་དགོས་པར་རྣམ་སྣང་གསུང་ངོ་། །བསྒྲིམས་ཏེ་སེམས་བསྲུངས་པའི་ཕན་ཡོན་ནི། དྲན་ཤེས་བསྟེན་ཏེ་རང་གི་སེམས་ཉོན་མོངས་པའི་རྨ་ལས་སྲུང་བའི་སྤྱོད་པ་འདི་འདྲས་དུས་རྒྱུན་པར་གནས་པར་བྱེད་ན་ཞེ་སྡང་སྐྱེ་ཡུལ་གྱི་ སྐྱེ་བོ་ངན་པ་མི་རིགས་པ་སྣ་ཚོགས་པ་བྱེད་པ་མང་པོའི་ཁྲོད་ན་གནས་སམ། འདོད་ཆགས་སྐྱེ་ཡུལ་གྱི་བུད་མེད་མཛེས་སྡུག་ལྡན་པ་གཡོ་ཐབས་ཅན་མང་པོའི་ཁྲོད་ན་གནས་གང་རུང་སྟེ་རང་རྒྱུད་ཀྱི་བསླབ་སྡོམ་བསྲུང་བ་ལ་གུས་ཤིང་སྤྲོ་བའི་བརྩོན་པ་ཅན་གྱི་སྡོམ་སེམས་ བརྟན་པའམ་བག་ཡོད་བརྟན་པོ་ཉམས་ཤིང་ཞིག་པར་མི་འགྱུར་ཏེ་བསླབ་པ་སྲུང་འདོད་ཀྱི་གཉེན་པོའི་ཡིད་བྱེད་བརྟན་པོ་ཅུང་ཟད་ཀྱང་འཁྲུལ་པར་མི་འགྱུར་བས་སོ། །ཡང་ཁོང་ཁྲོ་ཅན་གྱི་སྐྱེ་བོ་ངན་པའི་ཁྲོད་དང་ཆགས་པ་ཅན་གྱི་བུད་མེད་ཀྱི་ཁྲོད་ཅེས་ཀྱང་གསུངས་སོ། ། སེམས་བསྲུང་བ་ལ་འབད་པར་གདམས་པས་དོན་བསྡུ་བ་ནི། བདག་གི་བསོད་སྙོམས་ཆོས་གོས་སོགས་ཟས་གོས་ཀྱི་རྙེད་པ་དང་ཕྱག་འཚལ་བ་དང་གདན་སྟོབ་པ་སོགས་ཀྱི་བཀུར་སྟི་དང་ལུས་དང་སྲོག་གི་རྒྱུན་བདེ་བར་གནས་པའི་རྐྱེན་དུ་གྱུར་པའི་འཚོ་བ་སྟེ་ཟས་གོས་ སོགས་ཀྱི་འཚོ་བའི་ཡོ་བྱད་དམ་ཡང་ན་འཚོ་བའི་ཚེ་སྲོག་ལ་སོགས་པ་ཉམས་ནས་མེད་པར་གྱུར་ཀྱང་བླ་ཞིང་། གཞན་ཕན་གྱི་བསམ་པ་སྲུང་བའི་ཐབས་སུ་མི་འགྱུར་བའི་ལུས་ངག་གི་དགེ་བ་གཞན་དང་བདེ་བ་དང་ཡིད་བདེ་སྐྱེད་བྱེད་ཀྱི་རྒྱུ་གཞན་གང་ཡང་རུང་བ་དག་ཉམས་ པ་བླ་ཡི་སྟེ་ཉམས་སུ་ཆུག་གི་ཐེག་ཆེན་སེམས་བསྐྱེད་དང་བསླབ་པ་སྲུང་བའི་ཐབས་སུ་དྲན་ཤེས་ལ་བརྟེན་ནས་རང་གི་སེམས་བསྲུང་བའི་བརྟུལ་ཞུགས་འདི་ནི་དུས་ནམ་གྱི་ཚེ་ཡང་ཉམས་པར་མི་བྱའོ་ཞེས་པ་སྟེ། དོན་བསྡུས་ན་བདག་གིས་བསམ་པ་དགེ་བ་བྱང་ཆུབ་
Page: 367 ཀྱི་སེམས་མི་ཉམས་པར་བསྲུང་བ་འདི་ནི་ཐེག་ཆེན་ལ་ཞུགས་པ་རྣམས་ཀྱི་ལས་སུ་བྱ་བའི་གཙོ་བོ་ཅི་ནས་ཀྱང་བྱ་བར་འོས་པ་ཡིན་ནོ་སྙམ་དུ་དོན་འདི་ལ་མངོན་ཞེན་བརྟན་པོ་བསྐྱེད་ནས་སློབ་དགོས་ཞེས་པའོ། །རྒྱལ་པོ་ལ་གདམས་པ་ལས། བདག་གི་ནོར་ནི་བཏང་ལ་ལུས་བསྲུང་ངོ༌། །ནོར་དང་ལུས་ཀྱང་བཏང་ལ་སྲོག་བསྲུང་ངོ༌། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་དང་། །ཐམས་ཅད་བཏང་ནས་འདིར་ནི་ཆོས་བསྲུང་ངོ༌། །ཞེས་པ་ལྟར་རོ། །རང་དོན་གྱི་དགེ་བ་གཞན་ཡང་ཉམས་བླ་ཡི་ཞེས་རྣམ་སྣང་ གསུང་ལ། བྱང་ཆུབ་ཀྱི་སེམས་བཅུ་བོ་འདི་ནམ་ཡང་ཉམས་པར་མི་བྱའོ་ཞེས་དགེ་ལྷ་འཆད་དོ། །དེས་ནི་རྙེད་བཀུར་སོགས་ཉམས་ཀྱང་དགེ་བའི་སེམས་མི་ཉམས་པར་བསྲུང་དགོས་ཞེས་བསྟན་ཏེ་ཇི་ཙམ་དུ་སེམས་བསྲུང་དགོས་སྙམ་པའི་དོགས་པ་གཅོད་པའོ། ། དེ་ཡན་ཆད་ཀྱིས་བསླབ་པ་བསྲུང་བའི་ཐབས་བླ་ན་མེད་པ་སེམས་བསྲུང་བའི་ཚུལ་བསྟན་ལདེའང་སེམས་ཆོས་ཀྱི་རྩ་བར་བསྟན་པ་དང་སེམས་ཆོས་ཀྱིས་གདུལ་བའི་ཚུལ་བསྟན་པ་གཉིས་སུ་འདུ ལ།དེ་གཉིས་ཀྱི་དོན་ཡང་རྒྱུས་པར་གོང་དུ་བཤད་པ་ལྟར་ཡིན་ལ། དོན་གྱི་གནད་བསྡུ་ན། ཆོས་ཡང་དག་པར་སྡུད་པ་ལས། ཆོས་ཆོས་ཞེས་བགྱི་བའི་ཆོས་གང་ལགས་པ་དེ་ནི་ཡུལ་ན་མི་གནས་ཕྱོགས་ན་མི་གནས་ཏེ་གཞན་དུ་ན་ཆོས་རང་གི་སེམས་ལ་རག་ལས་པ་ནི་མ་གཏོགས་སོ་ཞེས་སེམས་ཆོས་ཀྱི་རྩ་བར་བསྟན་ལ། དེ་ལྟ་བས་ ན་བདག་གིས་རང་གི་སེམས་ཤིན་ཏུ་གཟུང་བ་དང་ཤིན་ཏུ་མཐར་གཏུགས་པ་དང་ཤིན་ཏུ་ཐུལ་བ་དང་ཤིན་ཏུ་མཉམ་པར་བརྩལ་བ་དང་ཤིན་ཏུ་ཚར་བཅད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་གང་ན་མཆིས་པ་དེ་ན་ཡོན་ཏན་དང་ཉེས་པ་རྣམས་མཆིས་ཀྱི་སེམས་མ་མཆིས་
Page: 368 པ་ལ་ནི་ཡོན་ཏན་དང་ཉེས་པ་༌་རྣམས་མ་མཆིས་སྙམ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཉེས་པ་རྣམས་ལས་སེམས་བཟློག་ནས་ཡོན་ཏན་རྣམས་ལ་འཇུག་སྟེ་ཞེས་སེམས་ཆོས་ཀྱིས་འདུལ་ཚུལ་བསྟན་ལ། དེ་ལྟ་བས་ན་ཆོས་ནི་སེམས་ལ་རག་ལས་བྱང་ཆུབ་ནི་ ཆོས་ལ་རག་ལས་ཞེས་བགྱིའོ་ཞེས་སྔ་མ་དེ་དག་གིས་དོན་བསྡུ་བ་བསྟན་ལ། དེ་བཞིན་དུ་བཤེས་སྤྲིང་ལས་ཀྱང༌། བསྙེངས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། ། སེམས་ནི་ཆོས་ཀྱི་རྩ་བར་ལགས་པར་གསུངས། །ཞེས་ལེགས་ཉེས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་ཕྱིར་བསླབ་པ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་གཙོ་བོ་སེམས་གདུལ་བ་དང་སྦྱོང་བའི་ཚུལ་ལས་མ་འདས་ཞེས་བསྟན་ཏོ། །དེ་ལྟར་སེམས་བསྲུང་ཞིང་གདུལ་བ་ལ་ བརྩོན་པར་བྱས་ན་རྒྱུ་ཉེས་སྤྱོད་དང་འབྲས་བུ་སྡུག་བསྔལ་ཐམས་ཅད་བཟློག་པ་དང་རྒྱུ་དགེ་བ་དང་འབྲས་བུ་བདེ་བ་ཐམས་ཅད་ལག་ཏུ་གཏད་པ་བཞིན་རང་གི་ངང་གིས་འབྱུང་བར་གསུངས་ཏེ།སེམས་རིན་པོ་ཆེ་རྣམ་པར་སྦྱོང་བ་ལས། གང་ཞིག་མ་བཏུལ་མནར་མེད་ སོགས། །སྡུག་བསྔལ་བཟོད་དཀའ་སྐྱེད་བྱེད་ཅིང་། །དེ་ཉིད་བཏུལ་བས་ལྷ་མི་དང་། །འཇིག་རྟེན་མིན་པའི་བདེ་བའང་ཐོབ། །རབ་ཏུ་མཐུ་ལྡན་སེམས་འདི་ནི། །མཁས་པ་སུ་ཞིག་འདུལ་མི་བྱེད། །ཅེས་སོ། །གཉིས་པ་སེམས་སྲུང་བའི་ཐབས་སུ་དྲན་ཤེས་ བསྟེན་པ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། སེམས་བསྲུང་འདོད་པ་སོགས་ཏེ། བསླབ་པ་སྲུང་བའི་ཐབས་སུ་སེམས་བསྲུང་བར་འདོད་པའི་རྗེས་འཇུག་གི་སྐྱེ་བོ་རྣམས་ལ་ནི་འཇུག་ལྡོག་གི་གནས་རྣམས་ཇི་ལྟ་བ་བཞིན་
Page: 369 ༄༅། །དུ་མི་བརྗེད་པར་དྲན་པའམ་གནང་བཀག་གཉིས་ཅི་རིགས་པར་དྲན་པའི་དྲན་པ་དང་ནི་སྒོ་གསུམ་གྱི་གནས་སྐབས་ཇི་ལྟར་འགྱུར་བ་སོ་སོར་བརྟགས་ནས་འཇུག་པའི་ཤེས་བཞིན་ཏེ། དེ་གཉིས་གང་རུང་རེ་ཙམ་མ་ཡིན་པར་གཉིས་པོ་དག་ནི་རྣམ་ པ་ཐམས་ཅད་དུ་འབད་པས་སྲུང་ཤིག་ཅེས་སམ་སྲོག་ལ་བབས་ཀྱང་སྲུངས་ཤིག་ཅེས་ཏེ་རྩ་ཚིག་ལ་མི་འདྲ་བའི་ཁྱད་པར་ཡོད་པ་ལྟར་དང་། རྒྱ་དཔེ་ལྟར་ན། ཀུན་ཏུ་འབད་པས་སྲུངས་ཤིག་ཅེས། །ཞེས་ཀྱང་ཡོད་པར་གསུངས་ལ། གང་ལྟར་ཡང་དེ་ལྟར་མི་ཉམས་ པར་སྲུངས་ཤིག་ཅེས་ཞི་བའི་ལྷ་བདག་ནི་དེ་ལྟར་ཐལ་མོ་སྦྱར་ཞིང་གསོལ་བ་འདེབས་སོ་ཞེས་སམ། ཡང་། བདག་ནི་དེ་ལྟར་འདོམས་པར་བྱེད། །ཅེས་པའང་སྣང་ངོ༌། །འདི་ནི་དྲན་ཤེས་དང་བྲལ་ན་སེམས་བསྲུང་མི་ནུས་ལ་དེ་མ་བསྲུངས་ན་བསླབ་པ་བསྲུང་མི་ནུས་པས་ བསླབ་པ་སྲུང་བར་འདོད་པ་རྣམས་ཀྱིས་སེམས་སྲུང་བའི་ཐབས་སུ་དྲན་ཤེས་བསྟེན་པ་འདི་ཤིན་ཏུ་གལ་ཆེ་བས་དེ་བསྟེན་པ་ལ་ནན་ཏན་གྱིས་ཞེས་བསྟན་བཅོས་མཛད་པ་པོས་རྗེས་འཇུག་ལ་གདམས་པར་མཛད་པའི་སྒོ་ནས་སེམས་ཇི་ལྟར་བསྲུང་ཚུལ་མདོར་བསྟན་པ་ ཡིན་ལ། ཇོ་བོས་ཀྱང་། དྲན་དང་ཤེས་བཞིན་བག་ཡོད་པས། །དབང་པོའི་སྒོ་རྣམས་རྟག་ཏུ་བསྲུང་། །ཉིན་མཚན་དུས་གསུམ་ཡང་དང་ཡང་། །སེམས་ཀྱི་རྒྱུད་ལ་བརྟག་པར་བྱ། །ཞེས་རྟག་ཏུ་དྲན་ཤེས་བག་ཡོད་བསྟེན་པ་གལ་ཆེ་བར་གསུངས་སོ། །དེ་ལ་ དྲན་པ་ཞེས་པའི་ངོ་བོ་དང་བྱེད་ལས་ནི། ཀུན་བཏུས་སུ། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་སེམས་ཀྱིས་བརྗེད་པ་མེད་པ་སྟེ་རྣམ་པར་མི་གཡེང་བའི་ལས་ཅན་ནོ་ཞེས་ཁྱད་ཆོས་གསུམ་ལྡན་གྱི་རིག་པ་ལ་བཤད་ལ། དེ་ནི་ཡུལ་གྱི་ཁྱད་པར་འདྲིས་པའི་དངོས་པོ།
Page: 370 ༄༅། །རྣམ་པའི་ཁྱད་པར་ཡུལ་དེ་ལ་དམིགས་ནས་བརྗེད་པ་མེད་པ། བྱེད་ལས་ཀྱི་ཁྱད་པར་མི་གཡེང་བར་བྱེད་པ་དང་གསུམ་ཡིན་ལ། དེ་ཡང་སྔར་མ་འདྲིས་པ་ལ་དྲན་པ་མི་སྐྱེ་བས་འདྲིས་པའི་དངོས་པོ་ཞེས་དང་། སྔར་འདྲིས་ཀྱང་ད་ལྟ་བློའི་ཡུལ་དུ་མ་ཤར་ན་དྲན་པར་མི་ འགྱུར་བས་བརྗེད་པ་མེད་པ་ཞེས་སྨོས་ལ། དེ་ལྟ་བུའི་དྲན་པ་ལ་བརྟེན་ནས་སེམས་གནས་གོང་འཕེལ་དུ་འགྱུར་བས་མི་གཡེང་བའི་བྱེད་ལས་ཅན་ནོ་ཞེས་གསུངས་པ་ཡིན་ལ། མདོར་ན་གནང་བ་དང་བཀག་པ་གཉིས་ཅི་རིགས་པར་དྲན་པ་ནི་དྲན་པ་ཞེས་བྱ་སྟེ། གང་གི་ ཕྱིར་ན་དྲན་པ་ནི་དམིགས་པ་མ་བརྗེད་པའོ་ཞེས་བསྟན་པས་སོ། །ཤེས་བཞིན་ནི། ཡུམ་མདོ་ལས། སྤྱོད་ན་ཡང་བདག་སྤྱོད་དོ་ཞེས་རབ་ཏུ་ཤེས་སོ་འགྲེང་ན་ཡང་བདག་འགྲེང་ངོ་སྙམ་དུ་རབ་ཏུ་ཤེས་སོ། །འདུག་ན་ཡང་བདག་འདུག་གོ་སྙམ་དུ་རབ་ཏུ་ཤེས་སོ། །ཉལ་ན་ཡང་ བདག་ཉལ་ལོ་སྙམ་དུ་རབ་ཏུ་ཤེས་སོ། །དེའི་ལུས་ཇི་ལྟ་ཇི་ལྟ་བུར་གནས་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་རབ་ཏུ་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ། དེ་འགྲོ་བ་དང་འོང་བ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་ཡིན་ལ། མདོར་ན། ལུས་ དང་སེམས་ཀྱི་གནས་སྐབས་ལ། ཞེས་སོགས་འཆད་འགྱུར་ལུས་དང་སེམས་ཀྱི་གནས་སྐབས་ལ་སོ་སོར་བརྟགས་ནས་ཡང་དག་པར་ཤེས་པ་ནི་ཤེས་བཞིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཤེས་བཞིན་མེད་པའི་ཉེས་དམིགས། དྲན་པ་བསྟེན་པའི་ ཐབས་དངོས་སོ། །དང་པོ་ནི། ནད་ཀྱིས་དཀྲུགས་པའི་སོགས་ཏེ། དེ་ལ། དྲན་ཤེས་ཉམས་པའི་ཉེས་པ་སྤྱིར་བསྟན་པ་ནི། འབད་པས་སྲུང་ཅི་དགོས་མ་བསྲུངས་ན་ཉེས་པ་ཅི་ཡོད་སྙམ་ན། དཔེར་ན། རླུང་མཁྲིས་སོགས་ཀྱི་ནད་ཀྱིས་ཁམས་དཀྲུགས་པའི་མི་དག་ནི་འགྲོ་འོང་
Page: 371 ༄༅། །དང་ཞིང་ལས་ལ་སོགས་པ་དང༌། ཐ་ན་བཟའ་བཏུང་སོགས་བྱ་བའི་ལས་རྣམས་ཀུན་ལ་ནུས་མཐུ་མེད་པས་ཅི་ཡང་བྱ་བར་མི་བཟོད་པ་དེ་ཇི་ལྟ་བ་བཞིན་དུ་དྲན་པ་དང་ཤེས་བཞིན་མེད་པར་བླང་དོར་ལ་རྨོངས་པས་སེམས་དཀྲུགས་པ་དག་ནི་གསུང་རབ་ ཀློག་པ་དང་སྤོང་བ་བསམ་གཏན་ལ་སོགས་པའི་དགེ་བའི་ལས་རྣམས་ཀུན་སྒྲུབ་པ་ལ་ནུས་མཐུ་མེད་པས་རང་གིས་ཇི་ལྟར་འདོད་པ་བཞིན་གྱི་དགེ་བའི་ལས་ཅི་ཡང་བྱ་བར་མི་ནུས་པ་ཉིད་དོ་ཞེས་དྲན་ཤེས་ཉམས་པས་བྱ་བ་གང་ལའང་མཐུ་ཆུང་བ་བསྟན་ཏོ། །འདི་འགྲེལ་ ཆེན་དུ། དྲན་ཤེས་གཉིས་ཀ་མེད་པའི་ཉེས་པ་དང་རྣམ་བཤད་ལས་ཤེས་བཞིན་མེད་པའི་ཉེས་པར་འཆད་ལ། འདིར་ས་བཅད་དུའང་ཤེས་བཞིན་མེད་པའི་ཉེས་དམིགས་ཞེས་གསུངས་ཏེ། དེའང་རྩ་ཚིག་གིས་དངོས་བསྟན་གྱི་དབང་དུ་བྱས་ན་ཤེས་བཞིན་མེད་པའི་ཉེས་པ་ དང་དོན་ཐོབ་ཀྱི་དབང་དུ་བྱས་ན་དྲན་ཤེས་གཉིས་ཀ་མེད་པའི་ཉེས་པར་བཤད་དགོས་སོ་སྙམ་མོ། །ཤེས་བཞིན་ཉམས་པའི་ཉེས་པ་བྱེ་བྲག་ཏུ་སྟོན་པ་ལ། ཤེས་རབ་རྣམ་དག་ལས་ཉམས་པ་ནི། སྒོ་གསུམ་གྱི་བྱ་བ་དང་བྱ་བ་མ་ཡིན་པའི་གནས་སྐབས་ལ་སོ་སོར་ རྟོག་ཅིང་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་བཞིན་གྱི་གྲོགས་ཀྱིས་ཟིན་པ་མེད་པའི་སེམས་དང་ལྡན་པའི་གང་ཟག་གི་རྒྱུད་ལ་བདག་རྐྱེན་སློབ་དཔོན་གྱི་ངག་ལས་གསུང་རབ་ཀྱི་ཚིག་དོན་ཐོས་པ་ལས་བྱུང་བའི་ཐོས་པའི་ཤེས་རབ་དང་། ཐོས་དོན་རིགས་པ་རྣམ་པ་བཞིས་ ཚུལ་བཞིན་དུ་བརྟགས་ཤིང་དཔྱད་པ་བྱས་པ་ལས་བྱུང་བའི་བསམ་པའི་ཤེས་རབ་དང་། བསམ་པའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་བསྒོམས་པ་ལས་བྱུང་བའི་སྒོམ་པའི་ཤེས་རབ་སྟེ་ཤེས་རབ་གསུམ་པོ་ཕུན་སུམ་ཚོགས་པ་སྔར་སྐྱེས་པར་གྱུར་པ་ཡང་།
Page: 372 དཔེར་ན། གློའམ་ཞབས་བུག་རྡོལ་ཅན་དུ་གྱུར་པའི་བུམ་པའི་ནང་དུ་དང་པོ་ཆུ་བླུགས་ནས་གང་བར་བྱས་པ་ཡང་ནང་དུ་ཡུན་རིང་མི་གནས་པར་ཕྱིར་ཟག་ནས་ཟད་པར་འགྱུར་བ་བཞིན་དུ་ཤེས་བཞིན་དང་མི་ལྡན་པའི་གང་ཟག་དེའི་དྲན་པ་ལ་ནི་སྔར་ཡོད་ཀྱི་ཤེས་རབ་གསུམ་པོ་ དེ་དག་ཀྱང་འཕྱིས་མི་གནས་པའི་ཤེས་རབ་ཕུན་སུམ་ཚོགས་པའང་ཉམས་ཤིང་ཆུད་འཛའ་བར་འགྱུར་རོ། །ཚུལ་ཁྲིམས་རྣམ་དག་ལས་ཉམས་པ་ནི། མང་དུ་ཐོས་པའི་ཤེས་རབ་དང་ལྡན་ཞིང་དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་ཡོད་པའི་དད་པ་ཅན་དང་ ནི། དགེ་ཆོས་སྤྱི་དང་ཁྱད་པར་བསླབ་པ་ལ་གུས་ཤིང་སྤྲོ་བའི་སྒོ་ནས་བླང་དོར་ལ་འཇུག་པའི་བརྩོན་པ་ལྷུར་ལེན་བྱེད་པའི་བག་ཡོད་དང་ལྡན་པའི་གང་ཟག་དུ་མ་ཡང་རང་གི་སྒོ་གསུམ་གྱི་སྤྱོད་པ་ལ་ཇི་ལྟར་གྱུར་པ་ཡང་ཡང་རྟོག་ཅིང་དཔྱད་པའི་སྒོ་ནས་མི་མཐུན་ ཕྱོགས་སྲུང་བའི་ཤེས་བཞིན་མེད་པའི་སྐྱོན་ཆགས་པ་དེ་གཅིག་པུའི་ཉེས་པས་རང་རྒྱུད་ལ་བཅས་རང་གི་ཁ་ན་མ་ཐོ་བའི་སྡིག་པ་དང་ལྟུང་བའི་རྟོག་པའི་དྲི་མ་དང་བཅས་པར་གྱུར་ནས་ཚུལ་ཁྲིམས་ཕུན་སུམ་ཚོགས་པའང་ཉམས་ཤིང་ཆུད་འཛའ་བར་འགྱུར་རོ། ། ཡང་ཞེས་པའི་སྒྲས་ཐོས་པ་དད་པ་སོགས་དང་མི་ལྡན་པ་ཉམས་པར་མ་ཟད་ལྡན་པའང་ཉམས་ཞེས་སྡུད་པའོ། །དེ་ལྟར་མང་ཐོས་དད་པ་བླང་དོར་ལ་འཇུག་པའི་བག་ཡོད་གསུམ་དང་ལྡན་པས་རིམ་པར་བསླབ་བྱ་མི་ཤེས་པ་དང་བསླབ་པ་ལ་མ་གུས་པ་དང་བླང་དོར་མི་ བྱེད་པའི་བག་མེད་པ་གསུམ་སོ་སོའི་སྒོ་ནས་ལྟུང་བ་མི་འབྱུང་ཡང་ཤེས་བཞིན་མ་ཡིན་པའམ་ཤེས་རབ་ཉོན་མོངས་ཅན་དུ་གྱུར་པའི་ཉོན་མོངས་ཀྱི་དབང་ལས་ལྟུང་བ་འགྱུར་བ་ཡིན་ཏེ། མི་ཤེས་པ་ནི་ལྟུང་བ་འབྱུང་བའི་རྒྱུའོ་ཞེས་འདུལ་བ་ལས་བཤད་པ་ལྟར་རོ། །འགྲེལ་
Page: 373 ༄༅། །པ་རྣམས་སུ་བསླབ་པ་ལ་གུས་པའི་བརྩོན་པ་ལྷུར་ལེན་ཞེས་པ་ཙམ་ལས་བག་ཡོད་ལ་སྦྱར་བ་མི་འདུག་གོ། །རྒྱུ་དགེ་ཆོས་བཅོམ་ནས་འབྲས་བུ་ངན་འགྲོར་འཕེན་པ་ནི། བྱ་བ་དང་བྱ་བ་མ་ཡིན་པ་ཇི་བཞིན་ཤེས་པའི་ཤེས་བཞིན་མེད་པའི་གང་ ཟག་ལ་ཉོན་མོངས་པའི་ཆོམ་རྐུན་མ་རུངས་པ་དག་སྲུང་མཁན་གྱི་དྲན་པ་ཡང་ཉམས་པར་འགྱུར་ལ། དགེ་བའི་དམིགས་པ་བརྗེད་ནས་དྲན་པ་དེ་ཉམས་མ་ཐག་པའི་རྗེས་སུ་ཉོན་མོངས་པའི་ཆོམ་རྐུན་དག་འབྲང་ནས་འོང་བས་ན་སྔོན་བསོད་ནམས་དགེ་བའི་ནོར་དག་ནི་ཉེ་ བར་བསགས་ཀྱང་། དཔེར་ན། ནོར་བསགས་པ་རྣམས་རྐུན་པོས་གཏོགས་པའམ་ཕྲོགས་ནས་དབུལ་པོར་གཏོང་བ་བཞིན་དུ་ཉོན་མོངས་པའི་ཆོམ་རྐུན་མ་རུངས་པ་དེ་དག་གིས་ཀྱང་རྒྱུ་དགེ་བའི་ནོར་གང་ཡོད་དེ་དག་འཕྲོག་ཅིང་ཟད་པར་བྱས་པ་ལས་འབྲས་བུ་ངན་འགྲོར་འགྲོ་ བར་འགྱུར་རོ། །ཀྱང་ཞེས་པའི་སྒྲས་བསོད་ནམས་མ་བསགས་ན་ངན་འགྲོར་འགྲོ་བར་མ་ཟད་བསོད་ནམས་དག་ནི་ཉེ་བར་བསགས་ཀྱང་ཞེས་སྡུད་པའོ། །རྒྱུ་དགེ་ཆོས་བཅོམ་ནས་འབྲས་བུ་བདེ་འགྲོའི་སྲོག་གཅོད་པ་ནི། ཤེས་བཞིན་ཉམས་པས་དྲན་པ་ཉམས་ ཤིང་དེ་གཉིས་ཀ་ཉམས་ནས་ཉོན་མོངས་སྲུང་མཁན་མེད་པ་ན་ཤེས་བཞིན་མ་ཡིན་པའི་ཉོན་མོངས་པ་པ་ལ་སོགས་པའི་ཉོན་མོངས་པའི་ཆོས་རྐུན་གྱི་ཚོགས་འདི་དག་ནི་ཤ་ཟ་བཞིན་དུ་དགེ་བའི་ནོར་འཕྲོག་པའི་ཆེད་དུ་རྟག་པར་རྒྱུན་དུ་གླེགས་ལྟ་ཞིང་གནོད་འཚེའི་སྐབས་ ཚོལ་བར་བྱེད་པ་སྟེ་ནམ་གླགས་འཇུག་པའི་སྐབས་རྙེད་པར་གྱུར་ནས་རྒྱུ་དགེ་བའི་ནོར་བསགས་པ་གང་ཡོད་ཀྱི་རྒྱུགས་འཕྲོག་པར་བྱེད་ཅིང་འབྲས་བུ་བདེ་འགྲོ་དང་ཐར་པའི་སྲོག་དག་ཀྱང་འཇོམས་པར་བྱེད་དོ། །དེ་ལྟར་ཤེས་བཞིན་མེད་པའི་ཉེས་དམིགས་དུ་མ་བསམ་
Page: 374 ནས་ཤེས་བཞིན་བསྲུང་བ་ལ་ནན་ཏན་བྱའོ། །འགྲེལ་ཆེན་དུ་ཤ་ཟ་བཞིན་དུ་ཞེས་བཤད་པ་ནི། སྐད་དོད་གཅིག་ལ་བོད་སྐད་ཆོམ་རྐུན་དང་ཤ་ཟ་གཉིས་སུ་བསྒྱུར་བ་ཡིན་པར་གསུངས་སོ། །དེ་ལ་ཤེས་བཞིན་མ་ཡིན་པ་ནི། ཀུན་བཏུས་སུ། ཤེས་བཞིན་མ་ཡིན་པ་ གང་ཞེ་ན། ཉོན་མོངས་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། དེའང་ལུས་དང་ངག་དང་སེམས་ཀྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པ་སྟེ་ལྟུང་བའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་ཏེ། ཤེས་བཞིན་གྱི་མི་མཐུན་ཕྱོགས་སྒོ་གསུམ་གྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་ པའི་ཤེས་རབ་ཉོན་མོངས་ཅན་ཞིག་ལ་བྱའོ། །བྱེད་ལས་ལྟུང་བའི་རྟེན་བྱེད་ཚུལ་ནི་གོང་དུ་བཤད་པ་ལྟར་རོ། །འདིར་ཤེས་བཞིན་མེད་པའི་སེམས་ཞེས་པ་དེ་དེ་ལྟ་བུའི་ཤེས་བཞིན་མ་ཡིན་པ་ཞེས་ཉེ་ཉོན་དེ་ཉིད་ལ་འཇོག་དགོས་པ་འདྲའོ། །འགའ་ཞིག་ཏུ། ཤེས་ བཞིན་མེད་པའི་ཆོམ་རྐུན་སོགས་ཚིགས་བཅད་ཕྱི་མ་གཉིས་དྲན་པ་ཉམས་པའི་ཉེས་དམིགས་སུ་བཤད་དོ། གཉིས་པ་དྲན་པ་བསྟེན་ཐབས་དངོས་ནི། དེ་བས་དྲན་པ་སོགས་ཏེ། དེ་ལ། དྲན་པ་ཇི་ལྟར་སྲུང་ཚུལ་ནི། ཤེས་བཞིན་ཉམས་པ་ལས་དྲན་པ་ཉམས་པར་ འགྱུར་ཞིང་། དྲན་པ་ཉམས་པ་ཉེས་པ་ཤིན་ཏུ་ཆེ་བའི་རྒྱུ་མཚན་དེ་ལྟ་བས་ན་བླང་དོར་གྱི་དམིགས་རྣམ་མི་བརྗེད་པའི་དྲན་པ་ནི་ཡིད་ཀྱི་ཁྱིམ་དུ་བཅུག་སྟེ་ཉོན་མོངས་པའི་ཆོམ་རྐུན་སྲུང་བའི་ནང་གི་སྒོ་སྲུང་དུ་བཞག་ནས་དེ་ལས་གུད་དུའམ་གཞན་དུ་ནམ་ཡང་མི་གཏོང་བར་རྟག་ ཏུ་ངེས་པར་གཟུང་ངོ་། །རྒྱ་ལ་གལ་ཏེ་བག་མེད་པའི་དབང་གིས་དྲན་པ་ཉམས་ཏེ་གུད་དུ་ཡུལ་གཞན་གྱི་སྟེང་དུ་སོང་ནའང་དེ་མ་ཐག་དེ་ཉམས་པའི་དབང་ལས་ངན་འགྲོའི་གནོད་པ་དག་ངེས་པར་འབྱུང་བ་དྲན་པར་བྱས་ཏེ་འཕྲལ་དང་འཕྲལ་དུ་དྲན་པ་སླར་ཡང་བཀུག་ནས་
Page: 375 ༄༅། །སྔར་བཞིན་ཡིད་ཀྱི་ཁྱིམ་དུ་ཉེ་བར་གཞག་པར་བྱའོ། །གཙུག་ན་རིན་པོ་ཆེའི་མདོར། དྲན་པ་གང་གིས་ཉོན་མོངས་པ་ཐམས་ཅད་འབྱུང་བར་མི་འགྱུར་བ་དང་དྲན་པ་གང་གིས་བདུད་ཀྱི་ལས་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་དང་། དྲན་པ་ གང་གིས་ལམ་གྲོལ་བའམ་ལམ་ངན་པར་མི་འགྲོ་བ་དང་། དྲན་པ་སྒོ་བ་ལྟ་བུར་གྱུར་པ་གང་གིས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་དགེ་བ་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་འདི་ནི་ཡང་དག་པའི་དྲན་པའོ། །ཞེས་གསུངས་ལ། བཤེས་སྤྲིང་ལས་ཀྱང་། དབང་ ཕྱུག་ལུས་སྟོབས་དྲན་པ་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པུའི་ལམ་དུ་ཉེ་བར་བསྟན། །དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པར་ཆོམ་རྐུན་འཇིག་པར་འགྱུར། །ཞེས་སོ། །ཡང་ཡིད་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ་ དེ་ཉིད་བྱང་ཆུབ་ཐོབ་བྱེད་ཀྱི་ཐབས་ཡིན་པས་སྒོ་ཡིན་ལ་དྲན་པ་ནི་སྒོ་བ་ཡིན་པས་དེ་ཤེས་བཞིན་མེད་པའི་ཆོམ་རྐུན་སྲུང་བའི་ཕྱི་སྒོ་དེར་རྟག་ཏུ་བཞག་ནས་དེ་ལས་གུད་དུ་མི་བཏང་ཞེས་དགེ་ལྷ་སོགས་འཆད་དོ། །དྲན་པ་ཉེ་བར་སྐྱེ་བའི་རྒྱུ་ལ། ཕྱིའི་ རྐྱེན་དགེ་བའི་བཤེས་གཉེན་ལས་སྐྱེ་བ་ནི། དྲན་པ་དེ་ཉིད་རྒྱུ་གང་ལས་སྐྱེ་ཞེ་ན། བླ་མ་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་རྣམས་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ད་ག་དང་ནི་ལྷན་ཅིག་ཏུ་ཉེ་བར་འགྲོགས་པ་ལས་དྲན་པ་སྐྱེ་ཞིང་། དེའི་ཚུལ་ཡང་འདི་ ལྟར་མཁན་པོ་དང་སློབ་དཔོན་ལ་སོགས་པས་བླང་དོར་གྱི་གནས་རྣམས་ལ་འཇུག་ལྡོག་བྱེད་ཚུལ་གྱི་གདམས་ངག་དང་རྗེས་སུ་བསྟན་པ་གནང་བ་དང་། དེ་དག་གིས་ཇི་ལྟར་བསྟན་པ་ལས་འདའ་ཞིང་འགལ་གྱིས་དོགས་ནས་རང་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་
Page: 376 འཛེམ་པའི་ངོ་ཚ་ཤེས་པ་དང་། གཞན་མཁན་སློབ་སོགས་ཀྱིས་ཀྱང་ཐུགས་ཀྱིས་ཁྲེལ་བས་འཇིགས་ཤིང་སྐྲག་པས་བླང་དོར་ལ་ཇི་ལྟ་བ་བཞིན་མ་ནོར་བར་འཇུག་པའི་སྐལ་བ་དང་ལྡན་པའི་གང་ཟག་བསླབ་པ་ལ་གུས་པར་བྱེད་པ་ལ་འབད་རྩོལ་ཆེན་པོ་གཞན་ཅིའང་མི་ དགོས་པར་ཚེགས་ཆུང་དུས་དྲན་པ་བདེ་བླག་ཉིད་དུ་སྐྱེ་བར་འགྱུར་རོ། །ནང་གི་རྐྱེན་ཚུལ་བཞིན་ཡིད་བྱེད་ལས་སྐྱེ་བ་ནི། གཞན་ཡང་བླ་མ་དང་གྲོགས་སོགས་ཉེ་བར་ཡོད་དམ་མེད་ཀྱང་རུང་སྟེ་སངས་རྒྱུས་དང་བྱང་ཆུབ་སེམས་དཔའ་གང་དག་ཡུལ་ཀུན་དང་དུས་ཀུན་ ཏུ་ཤེས་བྱའི་ཆོས་ཐམས་ཅད་ལ་སྒྲིབ་ཐོགས་མེད་པར་འཇུག་པའི་ཡེ་ཤེས་ཀྱི་སྤྱན་གྱི་གཟིགས་པ་རྣམ་པར་དག་པ་དང་ལྡན་པ་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན་བདག་ཀྱང་ནི་རྟག་པར་རོམ་རྟག་པར་བདག་ནི་སྒྲིབ་བྱེད་མེད་པར་མངོན་སུམ་དུ་ནི་གནས་སོ་ཞེས་དེ་ལྟར་བསམ་ ཞིང་ཡིད་ལ་བྱེད་པའི་སྒོ་ནས་རང་རྒྱུ་མཚན་དུ་བྱས་ཏེ་བྱ་བར་མི་འོས་པའི་ལས་སྡིག་ལྟུང་ལ་འཛེམ་པའི་ངོ་ཚ་ཤེས་པ་དང་། སྟོན་པ་དང་དེས་བསྟན་པའི་བསླབ་པའི་གནས་རྣམས་ལ་གུས་པ་དང་། རྣམ་སྨིན་ལས་འཇིགས་པའམ་སངས་རྒྱས་བྱང་སེམས་རྣམས་ ཀྱི་ཐུགས་ཀྱི་ཁྲེལ་ན་མི་རུང་ངོ་སྙམ་པ་དང་། གཞན་གྱིས་སྨད་ཀྱིས་དོགས་པས་འཇིགས་པའི་ཁྲེལ་ཡོད་པ་དང་ལྡན་པ་དེས་དེ་བཞིན་དུ་བསམ་ཞིང་མནོས་ཏེ་སྒོ་གསུམ་བསྡམས་ནས་ལེགས་པར་གནས་པར་བྱས་ནའང་དྲན་པ་ཉེ་བར་སྐྱེ་བར་འགྱུར་རོ། །བྱམས་ པའི་སེང་གེའི་སྒྲ་བསྟན་པ་ལས། འོད་སྲུང་དེ་ལ་སྐྱེས་བུ་བླུན་པོ་ཁ་ཅིག་དེ་བཞིན་གཤེགས་པའི་སྤྱན་སྔར་གོས་ངུར་སྨྲིག་དག་བགོས་ཤིང་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཁས་བླངས་ཏེ་བསླབ་པ་རྣམས་ཁས་བླངས་ནས་གནས་
Page: 377 ༄༅། །ཁང་དུ་སོང་ངམ་ཕུག་ཏུ་སོང་སྟེ་སྒོ་བཅད་ནས་འདོད་པའི་རྣམ་པར་རྟོག་པ་དག་ལ་རྣམ་པར་རྟོག་པར་བྱེད་ཅིང་གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་ཞེས་སོགས་དང་། དེ་དག་འདི་སྙམ་དུ་ཡང་སེམས་ཏེ་བདག་ཅག་ནི་དེ་བཞིན་གཤེགས་ པས་མི་མཁྱེན་མི་རིག་རྣམ་པར་མི་རྟོག་གོ་སྙམ་དུ་ཡང་སེམས་སོ་ཞེས་སོགས་དང་། འོད་སྲུང་དེ་བཞིན་གཤེགས་པ་ལ་ནི་མི་མཁྱེན་པའམ་མི་གཟིགས་པའམ་ཐུགས་སུ་མ་ཆུད་པའམ་མངོན་སུམ་དུ་མ་མཛད་པ་ཅིའང་མི་མངའ་སྟེ་ཞེས་སོགས་དང་། དེ་བཞིན་གཤེགས་པས་ཀྱང་བདག་གི་སེམས་ཐུགས་ཀྱིས་མཁྱེན་ལ། གང་དག་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ན་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་བདག་གི་སེམས་ཐུགས་ཀྱིས་ མཁྱེན་པས་ན་བདག་གིས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགེ་སྦྱོང་གི་ཆོམ་རྐུན་མི་བྱའོ་ཞེས་བསླབ་པར་བྱའོ་ཞེས་གསུངས་ལ། སྐྱེས་རབས་ལས་ཀྱང་། མ་མཐོང་བཞིན་དུ་སྡིག་པ་བྱས་ན་ཡང་། །དུག་ཟོས་བཞིན་དུ་བདེ་བར་ག་ལ་ འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་གིས། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་གསུངས། བཤད་མ་ཐག་པ་ལྟར་བསམ་ནས་གནས་པ་དེ་ལ་དྲན་པ་ཙམ་སྐྱེ་བར་མ་ཟད་དེ་ལྟ་བུའི་སྒོམ་ཚུལ་དེ་ཉམས་ལེན་གྱི་གནད་ཟབ་མོ་ཡིན་ ཕྱིར། ད་དུང་དེས་ནི་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་ཞེས་བྱ་བ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་དྲན་པ་ཁྱད་པར་ཅན་དེའང་གང་ཟག་དེ་ལ་ལན་ཅིག་ཙམ་མ་ཡིན་པར་ཡང་དང་ཡང་དུ་འབད་མེད་དུ་འབྱུང་བར་འགྱུར་ལ། འང་ཞེས་པའི་སྒྲས་
Page: 378 ཆོས་དང་དགེ་འདུན་གྱི་ཡོན་ཏན་རྗེས་སུ་དྲན་པའི་དྲན་པ་འབྱུང་བའང་སྡུད་དོ། །འདིར། འཇིགས་པས་སྐལ་ལྡན་གུས་བྱེད་དང་། ངོ་ཚ་དང་གུས་དང་འཇིགས་ལྡན་སོགས་ཀྱིས་ངོ་ཚ་ཁྲེལ་ཡོད་གུས་པ་རྣམས་ལ་བརྟེན་ནས་དྲན་པ་སྐྱེ་བར་བསྟན་ལ། དེ་བཞིན་དུ་ གུས་པ་ལ་བརྟེན་ནས་དྲན་པ་སྐྱེ་བའི་ཚུལ། བསླབ་བཏུས་ལས་ཀྱང་། དེ་ལ་དྲན་པ་བཅུ་གཉིས་པོ་འདི་དག་ནི་འབྲས་བུ་མེད་པའི་སྤྱོད་པ་སྤངས་པའི་ཕྱིར་ཏེ་དེ་བཞིན་གཤེགས་པའི་བཀའ་ལས་མི་འདའ་བར་སྲུང་ཞིང་རྣམ་པར་སྨིན་པ་ལ་གྲུབ་པར་བྱ་བའི་དྲན་པ་དང་ ཞེས་སོགས་ཀྱིས་སངས་རྒྱས་ཀྱི་བཀའ་སོགས་ལ་གུས་པའི་གུས་པ་དྲག་པོ་ལས་དྲན་པ་སྐྱེ་བར་གསུངས་ཏེ་འོག་ཏུའང་མདོ་ཙམ་འཆད་དོ། །དེས་ན་གོང་བཤད་ལྟར་གྱི་ཕྱི་ནང་གི་རྐྱེན་ལ་བརྟེན་ནས་དྲན་པ་སྐྱེ་བར་བསྟན་པའང་རྐྱེན་དེ་དག་ལ་བརྟེན་ནས་གུས་པ་ དང་ངོ་ཚ་སོགས་སྐྱེ་བ་དང་དེ་དག་ལས་དྲན་པ་སྐྱེ་བའི་རྒྱུ་མཚན་གྱིས་དེ་སྐད་གསུངས་པ་ཡིན་པས་ན་དེ་དག་ཀྱང་དྲན་པ་སྐྱེ་བའི་རྒྱུའོ་ཞེས་ཤེས་པར་བྱ་ལ། འགའ་ཞིག་ཏུ། སོང་ནའང་ངན་འགྲོའི་སོགས་ཀྱིས་ངན་སོང་གི་སྡུག་བསྔལ་བསམ་པ་ལས་ཀྱང་ དྲན་པ་སྐྱེ་བར་བསྟན་པ་ཡིན་ཞེས་བཤད་དོ། །དེ་ལྟའི་དྲན་པ་ལས་ཤེས་བཞིན་སྐྱེ་བ་ནི། གང་གི་ཚེ་དགེ་བའི་དམིགས་རྣམ་མི་བརྗེད་པའི་དྲན་པ་ཡིད་ཀྱི་ཁྱིམ་གྱི་སྒོ་ནས་ཤེས་བཞིན་མ་ཡིན་པ་ལ་སོགས་པའི་ཉོན་མོངས་པའི་ཆོམ་རྐུན་གྱི་ཚོགས་བསྲུང་བའི་ དོན་དུ་སྒོ་སྲུང་ལྟར་ཉེ་བར་གནས་པར་གྱུར་པ་དེའི་ཚེ་སྒོ་གསུམ་གྱི་གནས་སྐབས་ལ་ཇི་ལྟར་གྱུར་རྟོག་ཅིང་ཇི་བཞིན་དུ་ཤེས་པའི་ཤེས་བཞིན་ལ་ཡང་འབད་མེད་དུ་འོང་བར་འགྱུར་ཞིང་དེ་ལན་རེ་ཙམ་ཉམས་ནས་གཞན་དུ་སོང་བ་དང་སྔར་མེད་པའི་གསར་
Page: 379 ༄༅། །བ་དག་ཀྱང་དྲན་པའི་སྟོབས་ཀྱི་ཕྱིར་འོང་བ་འགྱུར་ལ་འོང་ནས་ཀྱང་མི་ཉམས་པར་བརྟན་པར་གནས་པར་འགྱུར་རོ། །འདིས་དྲན་པ་ལ་བརྟེན་ནས་ཤེས་བཞིན་སྐྱེ་བ་དང་གནས་པ་བསྟན་ལ། རེས་འགའ་ཤེས་བཞིན་གྱི་བྱ་ར་བས་བརྟག་ ཅིང་དཔྱད་ནས་དྲན་པ་ཉེ་བར་བསྟེན་པའང་ཡོད་པས་དེ་གཉིས་ཕན་ཚུན་གཅིག་གིས་གཅིག་སྐྱེས་པས་ན་གཅིག་གྲོགས་སུ་གཅིག་འགྲོ་བ་དང་དེ་བཞིན་དུ་དེ་གཉིས་ཕན་ཚུན་གཅིག་ཉམས་པས་གཅིག་ཉམས་པར་འགྱུར་བའང་ཡིན་ནོ། །སྒྲུབ་པ་ཉམས་ལེན་གྱི་ གནད་ལ་མཁས་མི་མཁས་ཀྱི་ཁྱད་པར་ཡང་དྲན་ཤེས་ཀྱི་རྒྱུན་སྐྱོང་ཚུལ་མཁས་མི་མཁས་ཁོ་ན་ལ་རག་ལས་པ་དང་ཐེག་ཆེན་མདོ་སྔགས་གཉིས་སུ་གཏོགས་པའི་ས་ལམ་གྱི་ཡོན་ཏན་ཐམས་ཅད་སྐྱེ་བ་དང་གོང་འཕེལ་དུ་འགྱུར་བ་སོགས་ཀྱི་གནད་ཀྱང་དྲན་ཤེས་བསྟེན་ ཚུལ་ཁོ་ན་ལ་ཐུག་པར་སྐྱེས་བུ་དམ་པ་ཆོས་ཀྱི་སྤྱན་ལྡན་ཉམས་ལེན་གྱི་གནད་ལ་མཁས་པ་དག་ཡང་ཡང་གསུང་ངོ་། །དེ་དག་ནི་སེམས་སྲུང་བའི་ཐབས་བླ་ན་མེད་པ་དྲན་ཤེས་བསྲུང་བའི་ཚུལ་ལོ། །གསུམ་པ་དྲན་ཤེས་ལྡན་པས་སེམས་སྦྱོང་གི་སྤྱོད་པ་ལ་སློབ་ ཚུལ་ལ་གསུམ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་སློབ་ཚུལ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་སློབ་ཚུལ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་སློབ་ཚུལ་ལོ། །དང་པོ་ལ་གཉིས། སྒོ་གསུམ་གྱི་སྤྱོད་པ་དག་པར་བྱ་བ། བསླབ་པའམ་སྤྱོད་པ་ཉམས་ པ་བསྲུང་བའོ། །དང་པོ་ནི། རེ་ཞིག་དང་པོ་སོགས་ཏེ། དེ་ལ། བྱ་བ་གང་བྱེད་ཀྱི་སྔོན་དུ་ཀུན་སློང་ལ་བརྟགས་པ་ནི། རེ་ཞིག་འགྲོ་འཆག་སོགས་ཀྱི་བྱ་བ་གང་ལ་འཇུག་ཀྱང་དྲན་ཤེས་བསྟེན་ཏེ་དང་པོར་དེ་ལ་མ་ཞུགས་པའི་སྔ་རོལ་ནས་རང་གི་སེམས་ཀྱི་ཀུན་
Page: 380 སློང་ལ་ཤེས་བཞིན་གྱིས་ལེགས་པར་བརྟགས་ནས་འདི་འདྲའི་སེམས་འདི་ནི་སྐྱོན་དང་བཅས་པའོ་འདི་ནི་སྐྱོན་མེད་པའོ་ཞེས་ཤེས་པར་བྱས་ནས་བྱ་བ་དེ་དང་དེ་ལ་འཇུག་ལྡོག་བྱ་དགོས་པ་ལས། ཀུན་སློང་ཆགས་སྡང་ལྟ་བུའི་ཉོན་མོངས་པ་ཅན་གྱི་སེམས་སུ་འདུག་ན་ ཉོན་མོངས་ཅན་གྱི་སེམས་འདི་ནི་མི་འདོད་པའི་གནོད་པ་དང་སྡུག་བསྔལ་སྐྱེད་པའི་སྐྱོན་དང་བཅས་པའོ་ཞེས་ཤེས་པར་བྱས་ནས། དེ་ཚེ་བདག་གིས་ཀུན་སློང་དེས་བསླངས་པའི་སྒོ་ནས་བྱ་བ་གང་ལའང་མི་འཇུག་པར་ཤིང་སྡོང་བོ་ཆེན་པོ་རླུང་གིས་སྒུལ་ཞིང་བསྐྱོད་པར་མི་ ནུས་པ་བཞིན་དུ་ཐེམས་ཉོན་མོངས་པ་དེ་དང་དེའི་དབང་དུ་མི་འཆོར་ཞིང་མི་གཡོ་བར་གཉེན་པོའི་རང་ཚུགས་བཟུང་བའམ་ཟུངས་ཐུབ་པར་ནི་བྱས་ཏེ་གནས་པར་བྱའོ་ཞེས་པའོ། །ཡང་ན་རྒྱུ་དཔེ་དང་རྒྱུ་འགྲེལ་དག་ཏུ། ཤིང་བཞིན་དབང་པོ་བྲལ་བ་ཉིད། །ཅེས་ཤིང་དབང་པོ་ དང་བྲལ་བས་ཆགས་སྡང་སོགས་སྐྱེ་བའི་ཡུལ་ལ་མི་འཇུག་པ་བཞིན་དུ་དབང་བོ་རྣམས་ཀྱི་སྒོ་བསྡམས་ཏེ་ཟུངས་ཐུབ་པར་ནི་གནས་པར་བྱ་ཞེས་པའོ། །འགྲེལ་པ་ཕལ་ཆེར་དུ་འདི་ནས་ཤེས་བཞིན་སྲུང་བ་ཞེས་འཆད་ཀྱང་གཙོ་བོ་ནི་དྲན་ཤེས་དང་ལྡན་པའི་སྒོ་ནས་དོན་དང་ འབྲས་བུ་མེད་པའི་སྤྱོད་པ་སྤོང་ཚུལ་སྟོན་པ་སྟེ། བསླབ་བཏུས་སུ་དེ་སྤོང་བ་དྲན་པ་བཅུ་གཉིས་ཀྱིས་འགྲུབ་པར་བཤད་ལ། འགྲེལ་ཆེན་དུའང་འདི་འབྲས་བུ་མེད་པའི་སྤྱོད་པ་སྤོང་ཚུལ་དུ་བཤད་པ་ལྟར་རེ་ཞིག་དང་པོར་སོགས་སྔ་མ་འདི་དག་ཕལ་ཆེར་གྱིས་གཙོ་བོར་དྲན་པ་ལ་ བརྟེན་ནས་དགོས་མེད་ཀྱི་སྤྱོད་པ་སྤངས་ནས་བསླབ་པར་འོས་པའི་གནས་རྣམས་ལ་འཇུག་ཚུལ་སྟོན་ལ། ལུས་ཀྱིས་འདི་ལྟར་གནས་བྱ་ཞེས་སོགས་ཀྱི་གཙོ་བོར་ཤེས་བཞིན་གྱིས་སྒོ་གསུམ་གྱི་གནས་སྐབས་ལ་བརྟགས་ནས་སྤྱོད་པ་ལ་འཇུག་ཚུལ་སྟོན་པ་ཡིན་པར་
Page: 381 གསུངས་སོ། །བལྟ་བ་སོགས་ལུས་ངག་གི་སྤྱོད་པ་ཇི་ལྟར་བྱ་བ་ནི། དགོས་པའི་དོན་ནམ་འབྲས་བུ་མེད་པར་ཡུལ་དང་ཕྱོགས་རྣམས་སུ་མིག་གི་དབང་པོའི་སྒོ་ནས་སེམས་རྣམ་པར་གཡེང་བར་བྱས་ནས་ལྟ་བ་ནི་དུས་ནམ་གྱི་ཚེ་ཡང་བདག་གིས་མི་བྱ་སྟེ་ བྱས་ན་ཡུལ་ཡིད་དུ་འོང་མི་འོང་སྣ་ཚོགས་མཐོང་བ་ལ་བརྟེན་ནས་ཆགས་སྡང་སོགས་ཉོན་མོངས་སྐྱེས་ནས་སེམས་རྣམ་པར་ཉམས་པར་འགྱུར་བས་སོ། །དེས་ན་དགེ་བའི་དམིགས་པ་སོགས་འབྲས་བུ་དང་བཅས་པའི་དོན་ལ་ངེས་པར་སེམས་པའམ་བླང་དོར་གྱི་གནས་ལ་ཚུལ་ བཞིན་དུ་ངེས་པར་སེམས་པས་དང་པོ་ལྟ་བར་རྩོམ་པ་ན་དུས་རྟག་ཏུ་ནི་མིག་ནི་ཕྱེ་བཙུམ་རན་པར་བྱས་ནས་སྣ་རྩེར་ཕབ་པའམ་གཉའ་ཤིང་གང་ཙམ་དུ་ཕབ་སྟེ་བསམ་གཏན་གྱི་ལྟ་བས་བལྟ་བར་བྱའོ། །འདིས་ནི་འབྲས་བུ་མེད་པའི་གཡེང་བས་བལྟ་བས་བཀག་པ་ཡིན་གྱི་འབྲས་བུ་ དང་བཅས་པའི་ལྟ་བ་སོགས་འགོག་པ་མིན་ནོ། །སྡུད་པ་ལས། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་སོ། །དུབ་པ་དང་གཞན་མཐོང་བ་སོགས་ཀྱི་ཚེ་ཇི་ལྟར་བྱ་བ་ནི། དེ་ལྟར་ མིག་ལ་ཕབ་ནས་ལྟ་བ་དེ་ཁོ་ན་བྱ་བ་ལ་ལས་དང་པོ་པས་གོམས་པར་བྱ་མི་ནུས་པར་དེ་ལྟར་བྱས་པ་དེས་མིག་དང་སེམས་ཧ་ཅང་དུབ་པ་དང་སྐྱོ་བར་གྱུར་ན་སྐྱོ་དུབ་ཏུ་གྱུར་པ་དེ་ངལ་གསོ་བའམ་ཁམས་གསོ་བའི་ཆེད་དུ་ནི་སྐབས་རེས་འགའ་དྲན་ཤེས་དང་ལྡན་པས་མིག་བཏེག་སྟེ་གར་ འདོད་ཀྱི་ཕྱོགས་སུའང་བལྟ་བར་བྱ་ཞིང་། དེ་ལྟར་བལྟས་པའི་ཚེ་གལ་ཏེ་སྐྱེས་བུ་འགའ་ཞིག་ཚུར་འོང་བ་མིག་གི་ལམ་དུ་སྣང་བར་གྱུར་པ་ན་དགའ་ཞིང་འཛུམ་པའི་མིག་གིས་བལྟས་ནས་ཁྱོད་འོངས་པ་ལེགས་སོ་འོངས་པ་ལེགས་སོ་ཞེས་ཕ་རོལ་པོའི་སྙིང་ལ་འབབ་པའི་གཏམ་སྙན་པོ་བརྗོད་
Page: 382 དེ་ཕེབས་པར་སྨྲ་བའི་ཚིག་གིས་བསུ་བར་བྱའོ། །འདི་དག་གི་ཀུན་སྤྱོད་དེ་ངག་གི་སྤྱོད་པ་གཞན་མཚོན་བྱེད་ཙམ་མོ། །རྒྱུ་དཔེ་དང་རྒྱུ་འགྲེལ་དག་ཏུ། གྲིབ་མ་ཙམ་ཞིག་མཐོང་ན་ཡང་། །ལེགས་འོངས་དོན་དུ་རྣམ་པར་བལྟ། །ཞེས་ཡོད་པ་ནི། གཞན་འོངས་པའི་གྲིབ་ མའམ་མཚན་མའམ་ཞད་བག་ཙམ་མཐོང་མ་ཐག་ཏུ་ལེགས་པར་འོངས་སམ་ཞེས་ཕེབས་པར་སྨྲ་བའི་དོན་དུ་བལྟ་བར་བྱ་ཞེས་པའི་དོན་ཡིན་པར་བཤད་དོ། །དེ་ནི་གཞན་མ་དད་པས་སྡིག་པ་གསོག་པ་སྤོང་བའི་ཆེད་དེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ དོན་བྱ་བའི་ཐོག་མར་འགྲོ་བ་ནི་ཚིག་སྙན་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་ཉམ་ང་བའི་ལམ་དང་གྲོང་སོགས་སུ་འཇུག་པའི་ཚེ་གཅན་གཟན་དང་ཆོམ་རྐུན་སོགས་ཀྱི་འཇིགས་པ་ཡོད་མེད་བརྟག་དགོས་པ་ལྟ་བུའི་ཕྱིར་ཡང་དང་ཡང་དུ་ཕྱོགས་ བཞི་ཀར་བལྟ་བའམ་གང་དུ་བལྟ་དགོས་པའི་ཕྱོགས་དེ་དང་དེར་བལྟ་བར་བྱ་སྟེ་རང་གི་ལུས་སྲུང་སོགས་ཀྱི་ཆེད་དུའོ། །ཕྱོགས་བཞིར་བལྟ་བའི་ཚེ་འགྲོ་བཞིན་དུ་བལྟས་ན་རང་གི་སེམས་རྒོད་པར་འགྱུར་བ་དང་གཞན་མ་དད་པར་འགྱུར་བས་ཉེས་པ་དེ་དག་སྤོང་བའི་ཕྱིར་དང་ ཁྱད་པར་རྒྱབ་ཕྱོགས་སུ་བལྟ་དགོས་པ་ལྟ་བུ་བྱུང་ན་འགྲོ་བཞིན་དུ་བལྟ་བ་མི་བདེ་བས་དེ་དག་གི་ཕྱིར་བསྡད་ནས་ངལ་གསོ་སྟེ་གར་བལྟ་དགོས་པའི་ཕྱོགས་སུ་བལྟ་བའམ་ཁ་ནི་ཕྱིར་བལྟས་ཏེ་རྒྱབ་ཀྱི་ཕྱོགས་སུ་བལྟ་བར་བྱ་ཞེས་སམ། ཡང་ན་ཡང་དང་ཡང་དུ་ཕྱོགས་བཞིར་བལྟ་ ལ་ཁྱད་པར་ངལ་གསོ་བའི་ཚེ་ཁ་ནི་ཕྱིར་བལྟས་ནས་རྒྱབ་ཀྱི་ཕྱོགས་སུ་ཚུར་འོང་མཁན་སོགས་ཡོད་མེད་བལྟ་བར་བྱ་ཞེས་པའོ། །ཡང་ངལ་སོས་ནས་འགྲོ་རན་པའི་ཚེ་ཁ་ཕྱིར་བལྟས་ནས་ངལ་གསོའི་ས་དེར་ཡོ་བྱད་ལྟ་བུ་ལུས་པ་ཡོད་མེད་བལྟ་ཞེས་པའང་སྣང་ངོ༌། །སྤྱིར་གང་དུ་
Page: 383 ༄༅། །འགྲོ་བའི་ཚེ་ཡང་མདུན་དང་རྒྱབ་དག་ཏུ་གཡང་ས་དང་ཆོམ་རྐུན་དང་གཅན་གཟན་དང་དུག་སྦྲུལ་སོགས་ཀྱི་འཇིགས་པ་ཡོད་མེད་ལེགས་པར་བརྟགས་པར་བྱས་ནས་མདུན་ཕྱོགས་སུ་འཇིགས་པ་མེད་ན་འགྲོ་བར་བྱ་ལ་ཡོད་ཚེ་འཇིགས་པ་དེ་ལས་བཟུར་ ནས་འགྲོ་བའམ་ཡང་ན་དེ་ཕྱོགས་སུ་མི་འགྲོ་བར་ཕྱིར་ལོག་ནས་འོང་བར་བྱ་བ་སྟེ། དེ་ལྟར་བལྟ་བ་དང་འགྲོ་བའི་སྤྱོད་པ་དང་འབྲེལ་བའི་བསླབ་བྱ་འདིས་མཚོན་ནས་སྤྱོད་ལམ་རྣམ་བཞིའི་གནས་སྐབས་ཐམས་ཅད་དུ་དྲན་ཤེས་ཀྱིས་ཟིན་པའི་སྒོ་ནས་རང་གཞན་ལ་ཕན་པའི་དགོས་པ་ ཡོད་མེད་ཤེས་པར་བྱས་ནས་དགོས་པའི་དོན་དང་འབྲས་བུ་ཡོད་པ་རྣམས་ལ་སྤྱད་པར་བྱའོ། །ལུས་ཀྱི་ཀུན་སྤྱོད་ལ་བརྟག་པ་ནི། འགྲོ་འཆག་ཉལ་འདུག་བཞི་ཀའི་སྐབས་སུ་ལུས་ཀྱིས་འདི་ལྟར་གནས་པར་བྱའོ་ཞེས་སམ་སྤྱད་པར་བྱའོ་ཞེས་བློའི་འཕེན་པ་སྔོན་དུ་བཏང་ནས་དེ་ནས་ ཀློག་སྤོང་སོགས་ཀྱི་དགེ་བ་དང་འབྲེལ་བའི་བྱ་བ་གང་ཡིན་པ་དེ་དང་དེ་བསྡོང་ནས་ཞེས་ཏེ་ཉེར་བསྡོགས་བྱ་བའམ་མགོ་བརྩམས་ནས་ཞེས་པའམ། ཡང་དཔེ་འགའ་ཞིག་ཏུ་བྱ་བ་རྟོགས་ནས་ཞེས་སྣང་སྟེ་དེའི་དོན་ནི་བྱ་བའི་དོན་གང་ཡིན་དེ་རྟོགས་ཤིང་ངེས་པར་བྱས་ནས་ཞེས་པ་ ཡིན་ལ། གང་ལྟར་ཡང་དེ་ནས་ནི་སྐབས་སྐབས་སུའམ་བར་བར་དུ་ལུས་འདི་སྔར་བསམ་པ་བཞིན་གྱི་འགྲོ་བ་དང་འདུག་པ་སོགས་ཀྱི་སྤྱོད་ལམ་དེ་ཉིད་ལ་གནས་མི་གནས་དང་དགེ་མི་དགེ་གང་ལ་འཇུག་སོགས་ཀྱི་སྤྱོད་ལམ་ཇི་ལྟ་བུར་གནས་པ་ཡིན་ཞེས་ཤེས་བཞིན་གྱི་བྱ་ ར་བས་བལྟ་བར་བྱ་ཞིང་། སྔར་གྱི་ཀུན་སྤྱོད་དེ་ཉིད་ལས་གཞན་དུ་སོང་ན་ཡང་སྔར་བཞིན་དུ་གནས་པ་ལ་སྦྱར་བ་སོགས་མདོར་ན་ཉེས་མེད་དགེ་བའི་ཀུན་སྤྱོད་ཀྱིས་གནས་པ་ལ་བརྩོན་པར་བྱའོ། །དེ་བཞིན་དུ། ལུས་ཀྱིས་འདི་ལྟར་འགྲོ་བྱ་དང་འཆགས་བྱ་སོགས་སྦྱར་ནས་ཤེས་
Page: 384 པར་བྱ་དགོས་ཏེ་འདིས་དངོས་སུ་གནས་པའམ་འདུག་པའི་ཀུན་སྤྱོད་བསྟན་ནས་འགྲོ་འཆགས་སོགས་ཀྱི་སྤྱོད་པའང་ཤུགས་ལ་བསྟན་པས་སོ་ཞེས་འཆད་པའམ། ཡང་ན་འདི་འདུག་པའི་སྤྱོད་ལམ་ཁོ་ན་ལ་སྦྱར་ནས་འཆད་པ་ལྟར་བྱ་སྟེ་རྩ་ཚིག་གིས་དངོས་ཟིན་ལ་བརྟགས་ ནའང་དེ་ལྟར་འབྲེལ་ཆགས་པའི་ཕྱིར་དང་འགྲོ་བའི་ཀུན་སྤྱོད་ཀྱང་གོང་དུ་བསྟན་ཟིན་པས་སོ། །རྣམ་བཤད་དུ། ལུས་ཀྱིས་འདི་ལྟར་སོགས་ཀྱིས་ངག་དང་ཡིད་ཀྱི་ཀུན་སྤྱོད་ཀྱང་མཚོན་པས། ངག་གིས་འདི་ལྟར་སྨྲ་བྱ་ཞེས། །བྱ་བ་བསྡོགས་ནས་སོགས་དང་། ཡིད་ཀྱིས་འདི་ དག་བསམ་བྱ་ཞེས། །བྱ་བ་བསྡོགས་ནས་ཞེས་འཆད་པར་མཛད་དོ། །སེམས་ཀྱི་ཀུན་སྤྱོད་ལ་བརྟག་པ་ལ། སེམས་དགེ་བའི་དམིགས་པ་ལ་གདགས་པ་ནི། རང་གི་སེམས་ཆགས་སྡང་སོགས་ཀྱི་ཉོན་མོངས་པའི་གཞན་དབང་དུ་ཤོར་ནས་སྨྱོས་ཤིང་མ་དུལ་བ་ གླང་ཆེན་མ་དུལ་ཞིང་མྱོས་པ་དང་འདྲ་བ་འདི་ནི་ཁས་བླངས་པའི་བསླབ་པ་སོགས་རང་གཞན་ལ་ཕན་པའི་ཐབས་སུ་གྱུར་པའི་དམ་པའི་ཆོས་དགེ་བ་ལ་རྩེ་གཅིག་ཏུ་ཉེ་བར་སེམས་པའི་ཀ་ཆེན་བརྟན་པོ་ལ་ཇི་ལྟར་བརྟགས་པ་དེ་ཉིད་ཕྱིན་ཅི་ལོག་པའི་ལམ་གཞན་དུ་མི་ འཆོར་བར་དེ་ལྟར་འབད་པ་ཀུན་གྱིས་བརྟག་ཅིང་དཔྱད་ནས་དྲན་པས་བརྟན་པོར་བཟུང་བར་བྱས་ནས་རང་གི་སེམས་རང་གིས་དབང་དུ་བྱའོ། བཏགས་པ་ལྟར་རྩེ་གཅིག་ཏུ་གནས་མི་གནས་བརྟག་པ་ནི། དགེ་བའི་དམིགས་པ་ལ་བརྟགས་ནས་ཀྱང་དེ་ལས་གཞན་དུ་ འཆོར་མི་འཆོར་ཡང་དང་ཡང་དུ་བརྟག་དགོས་པས་འདི་ལྟར་བརྟག་པར་བྱ་སྟེ། །བདག་གི་སྤྱོད་ལམ་རྣམ་བཞིའི་སྐབས་ཀུན་ཏུ་ཅི་ནས་ཀྱང་དགེ་བའི་དམིགས་རྣམ་ལ་དེ་ལྟར་བཏགས་པ་དེ་ལས་གཞན་དུ་མ་ཡེངས་པའི་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་བརྩོན་པ་དེ་
Page: 385 ༄༅། །ནི་སྐད་ཅིག་གཅིག་ཀྱང་དགེ་སེམས་དེ་ལས་གཞན་དུ་རྣམ་པར་གཡེང་ནས་ལོག་པའི་ཡུལ་གྱི་དབང་དུ་མི་འཆོར་བར་བྱས་ཏེ་དུས་དང་དུས་སུ་བདག་གི་ཡིད་འདི་དགེ་མི་དགེ་སོགས་གར་སྤྱོད་པར་བྱེད་ཅེས་ཤེས་བཞིན་གྱི་བྱ་ར་བས་དེ་ལྟར་ རང་གི་ཡིད་ལ་ཡང་དང་ཡང་དུ་སོ་སོར་བརྟགས་ནས་གཞན་དུ་སོང་ན་དེ་ལས་བཟློག་ནས་སྔར་གྱི་དགེ་བའི་དམིགས་རྣམ་དེ་ཉིད་ཀྱི་སྟེང་དུ་བཞག་ནས་སེམས་དབང་དུ་བྱ་ལ་སྔར་བཞིན་དུ་རང་གི་ངང་གིས་འཇུག་ན་བཏང་སྙོམས་སུ་བཞག་པར་བྱའོ། །བདག་གི་ཡིད་འདི་ གར་སྤྱོད་ཅེས་བརྟགས་པ་ན་དགེ་བར་འདུག་ན་གོང་འཕེལ་དུ་གཏོང་བ་དང་ལུང་མ་བསྟན་དུ་འདུག་ན་དགེ་བར་སྒྱུར་བ་དང་མི་དགེ་བར་འདུག་ན་དེ་བཟློག་པ་སྟེ་དེ་ལྟ་བུའི་ཐབས་ལ་མཁས་པར་བྱ་དགོས་ཞེས་དགེ་ལྷ་གསུང་ངོ༌། །དེ་ལྟར་སེམས་དགེ་བའི་དམིགས་ པ་ལ་འདོགས་པ་དང་བཏགས་པ་ལྟར་གནས་མི་གནས་བརྟགས་ནས་སེམས་དབང་དུ་བྱས་ནས་འདུལ་བ་ནི་གླང་པོ་ཆེ་འདུལ་བའི་དཔེས་བསྟན་ལ། དེའང་ཇི་ལྟར་གླང་པོ་ཆེ་མི་བསུན་པ་དེ་ཀ་བའམ་སྡོང་བོ་རབ་ཏུ་བརྟན་པོ་ལ་ཞགས་ཐག་ཤིན་ཏུ་ཕྲ་བས་བཏགས་ ཏེ་མི་འཆོར་བར་བྱས་ནས་གླང་རྫིས་ཇི་ལྟར་བསླབས་པ་ལྟར་བྱེད་ན་ལེགས་མི་བྱེད་ན་ལྕགས་ཀྱུ་རྣོན་པོས་ཡང་ཡང་བཏབ་ནས་ཚར་བཅད་དེ་དབང་དུ་བྱས་ནས་འདུལ་བ་ལྟར། རང་གི་སེམས་གླང་ཆེན་མ་དུལ་བ་དང་འདྲ་བ་འདི་ཡང་དགེ་བའི་དམིགས་པའི་ཀ་བ་ བརྟན་པོ་ལ་དྲན་པའི་ཐག་པས་བཏགས་ནས་ཕྱིན་ཅི་ལོག་གི་ཡུལ་སྟེང་དུ་མི་འཆོར་བར་བྱས་ནས་དབང་དུ་བྱ་ལ་གལ་ཏེ་བཏགས་པ་ལྟར་སྡོད་དུ་མི་བཏུབ་པར་ལོག་པའི་ཡུལ་ལ་འཇུག་པར་སྣང་ན་ཤེས་བཞིན་གྱི་ལྕགས་ཀྱུས་བཏབ་ནས་ཁད་ཀྱི་ཁད་ཀྱིས་ཚར་བཅད་
Page: 386 དེ་དབང་དུ་བྱས་ནས་དགེ་བའི་དམིགས་པ་དེ་ལམ་གཞན་དུ་མི་འཚོར་བར་བྱས་ཏེ་དེར་འདོགས་པ་ལ་བསླབ་པར་བྱས་ནས་གདུལ་དགོས་པར་གསུངས་ཏེ། དབུ་མ་སྙིང་པོ་ལས། སེམས་ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་ པས་ངེས་བཅིངས་ནས། །ཤེས་རབ་ལྕགས་ཀྱིས་རིམ་དབང་བྱ། །ཞེས་དང་། སྒོམ་རིམ་ལས་ཀྱང་། དྲན་པ་དང་ཤེས་བཞིན་གྱི་ཐག་པས་ཡིད་ཀྱི་གླང་པོ་ཆེ་དམིགས་པའི་སྡོང་བོ་དེ་ཉིད་ལ་གདགས་པར་བྱའོ། །ཞེས་སོ། །དེ་ལ་ཤེས་རབ་ལྕགས་ཀྱོས་ ཞེས་ཤེས་བཞིན་ལྕགས་ཀྱུ་དང་འདྲ་བར་ཡང་གསུངས་ལ་ཤེས་བཞིན་གྱི་ཐག་པ་ཞེས་ཐག་པ་དང་འདྲ་བར་གསུངས་པ་ནི་མི་འགལ་ཏེ། སེམས་དམིགས་པ་རྒྱུན་ལྡན་དུ་འདོགས་བྱེད་དངོས་ནི་དྲན་པ་ཡིན་ལ། ཤེས་བཞིན་གྱིས་ཀྱང་སེམས་དམིགས་པ་ལས་ གཞན་དུ་འཕྲོ་བ་སོགས་རིག་པར་བྱས་ནས་སྔར་གྱི་དམིགས་པ་ལ་འཇོག་པར་བྱེད་པས་ན་བརྒྱུད་ནས་སེམས་དམིགས་པ་ལ་གཏོད་བྱེད་ཡིན་པས་སོ། །དེ་ལྟར་མདོ་སྡེ་རྒྱུན་གྱི་འགྲེལ་པར། དྲན་པ་དང་ཤེས་བཞིན་ནི་ཉེ་བར་གཏོད་པར་བྱེད་པ་སྟེ་གཅིག་གིས་ སེམས་དམིགས་པ་ལས་མི་འཕྲོ་བར་བྱེད་པའི་ཕྱིར་དང་གཉིས་པས་སེམས་འཕྲོ་བ་རབ་ཏུ་ཤེས་པའི་ཕྱིར་རོ། །ཞེས་དྲན་ཤེས་གཉིས་ཀ་སེམས་དམིགས་པ་ལ་གཏོད་བྱེད་ཡིན་པར་གསུངས་སོ། །དེ་དག་གིས་དྲན་པ་དང་ཤེས་བཞིན་ལ་བརྟེན་ནས་སྒོ་ གསུམ་ཀོ་ནས་ཚུལ་ཁྲིམས་རྣམ་པར་དག་པར་བྱེད་པ་ནི་ཏིང་ངེ་འཛིན་སྒྲུབ་བྱེད་ཀྱི་ཐབས་དམ་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ནི་མདོ་ལས། དགེ་སློང་དག་འགྱོད་པ་མེད་པའི་ཚུལ་ཁྲིམས་ལ་བརྟེན་ནས་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །
Page: 387 ༄༅། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་ཏིང་ངེ་འཛིན་དོན་དུ་གཉེར་བ་དག་གིས་དྲན་ཤེས་ལ་བརྟེན་ནས་ཚུལ་ཁྲིམས་རྣམ་དག་སྒྲུབ་པའི་ཐབས་ལ་མཁས་པར་བྱ་དགོས་ལ། དེ་བཞིན་དུ་ཚུལ་ཁྲིམས་རྣམ་དག་དོན་དུ་གཉེར་བས་ཀྱང་ཏིང་ ངེ་འཛིན་ལ་ནན་ཏན་བྱ་དགོས་པར་ཡང་གསུངས་ཏེ་ཅུང་ཟད་འོག་ཏུའང་འཆད་ལ་རྒྱུས་པར་བསླབ་བཏུས་སོགས་ལས་ཤེས་པར་བྱའོ། །བཀག་པ་ལ་གནང་བའི་དུས་བསྟན་པ་ནི། སྤྱིར་ཏིང་འཛིན་སྒོམ་པ་སོགས་དགེ་བའི་ཀུན་སྤྱོད་ལས་ཅུང་ཟད་ཀྱང་མི་འདའ་བར་ བརྩོན་དགོས་མོད་ཀྱང་ལས་དང་པོ་བ་ལྟ་བུ་དེ་ལྟར་རྒྱུན་པར་བརྩོན་མི་ནུས་པ་ལ་རེ་ཞིག་ཅི་བདེར་བྱ་བར་གནང་བའི་དམིགས་བསལ་ནི་འདི་ལྟར། མི་སོགས་ཀྱི་དགྲོ་དང་དུག་སྦྲུལ་དང་མེ་ཆུ་སོགས་རང་གི་སྲོག་ལ་གནོད་པའི་འཇིགས་པ་དང་དུས་བཟང་སོགས་ལ་དཀོན་ མཆོག་གི་མཆོད་པ་ལྷག་པར་བཟང་ཞིང་རྒྱ་ཆེ་བ་འབུལ་བ་ལ་སོགས་པའི་དགའ་སྟོན་དང་། དེ་དག་ལས་ཆེས་ལྷག་པའི་གཞན་དོན་རྒྱ་ཆེན་པོ་བྱེད་པ་སོགས་དང་འབྲེལ་བར་གྱུར་པ་ན་ལུས་སེམས་ཤིན་ཏུ་བསྡོམས་པའི་སྤྱོད་ལམ་ཆེས་ཕྲ་བ་བྱ་དཀའ་བའི་རིགས་ གལ་ཏེ་རང་གིས་བྱ་མི་ནུས་པ་བྱུང་ན་རེ་ཞིག་དེ་དག་དང་རྗེས་སུ་མཐུན་པའི་སྤྱོད་ལམ་བག་ཡངས་སུ་ཅི་བདེར་བྱ་བའི་སྒོ་ནས་འཇུག་པར་བྱ་བ་གནང་བས་དེ་ལྟར་བྱས་པ་ལས་ལྟུང་བ་མི་འབྱུང་ཞིང་དེ་ནས་སླར་ཡང་སྔར་བཞིན་ལུས་སེམས་སྡོམ་པའི་ཀུན་སྤྱོད་ལ་གནས་པར་ བྱ་སྟེ། དེ་ཡང་འདི་ལྟར་སྤྱིར་སྦྱིན་པ་ལས་ཚུལ་ཁྲིམས་བརྒྱ་འགྱུར་གྱི་ལྷག་པས་ཚུལ་ཁྲིམས་བཏང་སྙོམས་བུ་བྱ་མི་རིགས་ཀྱང་ལས་དང་པོ་བས་ཐོག་མར་གཉིས་ཀ་དུས་གཅིག་ཏུ་སྒྲུབ་མི་ནུས་ཤིང་སྦྱིན་པ་ལ་གཙོ་བོར་སློབ་པའི་དུས་དག་ཏུ་རེ་ཞིག་དེ་ཉིད་ལ་གོམས་
Page: 388 པར་མ་བསླབ་ཀྱི་བར་དུ་ཚུལ་ཁྲིམས་ཕྲ་མོ་རེ་ཞིག་སྒྲུབ་མི་ནུས་པ་རྣམས་བཏང་སྙོམས་སུ་བཞག་པར་གསུངས་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། སྦྱིན་པའི་དུས་སུ་ཚུལ་ཁྲིམས་ཉེ་བར་བསྡུས་ཏེ་བཏང་སྙོམས་སུ་བྱའོ་ཞེས་སོགས་ཀྱིས་ཐོག་མར་སྦྱིན་པ་ལ་གཙོ་བོར་སློབ་པའི་ སྐབས་སུ་ཚུལ་ཁྲིམས་སོགས་སློབ་མ་ནུས་ཀྱང་ལྷུང་བ་མེད་པར་བསྟན་པས་སོ། །དེ་ཡང་དཔེར་ན་གསད་བྱའི་སེམས་ཅན་ལ་མི་འཇིགས་པ་སྦྱིན་པའི་ཕྱིར་དུ་དེ་མཐོང་བཞིན་དུ་མ་མཐོང་ཞེས་བརྫུན་དུ་སྨྲ་བ་ལྟ་བུ་ཡིན་པར་རྣམ་བཤད་ལས་སོ་ཞེས་རྒྱལ་སྲས་པའི་འགྲེལ་ པར་འབྱུང་ངོ༌། །འདི་ནི་ལམ་གྱི་གོ་རིམ་མ་ནོར་བ་ལ་སློབ་པ་ལ་མཁས་པར་བྱས་ནས་ལམ་ལ་རིམ་གྱིས་བསླབ་ནས་འཇུག་ཅིང་རིམ་ཅན་དུ་རྫོགས་པར་བྱ་དགོས་པའི་དོན་ཡིན་པར་གསུངས་སོ། །གང་ལ་བསླབ་པ་དེ་ཉིད་ཐོག་མར་འདོན་དགོས་པ་ནི། ཐོག་མར་ ཞུགས་པའི་བྱ་བ་སྔ་མ་དེ་མ་ཚར་བར་ཕྱི་མ་ལ་ཞུགས་ན་བསླབ་པ་མཐར་ཕྱིན་པའི་གེགས་སུ་འགྱུར་བས་ན། སྦྱིན་སོགས་ཀྱི་བྱ་བ་གང་ཞིག་ལ་རང་གིས་བློས་བརྟགས་ནས་སམ་བླ་མས་བསྒོ་བ་ལྟ་བུའི་དབང་ལས་འདི་ཉིད་ཐོག་མར་བསྒྲུབ་པར་བྱའོ་སྙམ་དུ་བསམས་ཏེ་ ་བར་བརྩམས་པ་གང་ཡིན་པ་དེ་ཉིད་རེ་ཞིག་མ་གྲུབ་ཀྱི་བར་དུ་དེ་ལས་གཞན་དུ་སྔ་མ་དོར་ནས་བྱ་བ་གཞན་སྒྲུབ་སྙམ་དུ་མི་བསམ་པའམ་བསམ་པར་མི་བྱ་སྟེ་སྔར་བརྩམས་པའི་བྱ་བ་གང་ཡིན་པ་དེར་ཡིད་གཏད་པའམ་ཡིད་གཞོལ་བ་ཡི་བསམ་པ་དེ་ཁོ་ན་ཡིས་ཐོག་མར་ བརྩམས་པ་དེ་ཉིད་རེ་ཞིག་འབད་པའི་སྒོ་ནས་བསྒྲུབ་པར་བྱས་ནས་མཐར་ཕྱིན་པར་བྱ་དགོས་སོ། །རེ་ཞིག་གི་སྒྲས་བྱ་བ་སྔ་མ་དེ་ཉིད་བྱས་ཟིན་ནས་བྱ་བ་གཞན་ལའང་འཇུག་པར་བསྟན་ལ། དེ་ལྟར་བྱ་བའི་གོ་རིམ་ལ་མཁས་པར་བྱས་ནས་རིམ་ཅན་དུ་བསླབ་པ་དེ་ལྟ་ན་
Page: 389 ༄༅། །ནི་བྱ་བ་སྔ་ཕྱི་ཀུན་ལ་ལེགས་པར་བསླབ་པར་བྱས་པ་ཉིད་དུ་འགྱུར་གྱི་དེ་ལས་གཞན་དུ་བྱ་བ་སྔ་མ་མ་གྲུབ་གོང་དུ་ཕྱི་མ་ལ་འཇུག་པ་དེ་ལྟ་བུ་བྱས་ན་བྱ་བ་སྔ་ཕྱི་གཉིས་ཀ་ལེགས་པར་མཐར་ཕྱིན་པར་འགྲུབ་པར་མི་འགྱུར་རོ། །དེ་ལྟར་ནོར་བུའི་ ཕྲེང་བར། ཐོག་མར་བརྩམས་པ་གང་ཡིན་པ། །དང་པོ་དེ་ཉིད་བསྒྲུབ་པར་བྱ། །དེ་ལྟ་ན་ནི་ཀུན་ལེགས་བྱས། །གཞན་དུ་གཉིས་ཀ་འགྲུབ་མི་འགྱུར། །ཞེས་དང་། ཙ་ན་ཀར་ཡང་། སྔ་མ་མ་ཚར་གཞན་བསྒྲུབ་ན། །གཉིས་ཀ་མི་འགྲུབ་ངལ་བའི་གནས། རྐང་པ་ཡ་ ཅིག་མ་ཚུགས་པར། །གཉིས་ཀ་བཏེགས་ན་འགྱེལ་བའི་རྒྱུ། །ཞེས་སོ། །བྱ་བའི་རིམ་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པའི་ཤེས་བཞིན་མ་ཡིན་པའི་ཉེ་བའི་ཉོན་མོངས་པ་རྩ་ཉོན་གཏི་མུག་གི་ཆར་གཏོགས་པ་དེ་ཉིད་ཀྱང་ལམ་གྱི་རིམ་པ་ལ་མ་ནོར་བར་བསླབ་པར་བྱས་པ་ དེ་ལྟ་ན་ནི་དེའི་རྒྱུད་ལ་སྐྱེ་ཞིང་འཕེལ་བར་མི་འགྱུར་བས་ལམ་ལ་རིམ་ཅན་དུ་སློབ་ཚུལ་ལ་མཁས་པར་བྱའོ། ཡང་རྒྱ་དཔེ་དང་འགྲེལ་ཆེན་སོགས་སུ། ཤེས་བཞིན་མ་ཡིན་ཉོན་མོངས་ཀྱང་། །དེ་ལྟ་ན་ནི་འཕེལ་བར་འགྱུར། །ཞེས་ཡོད་དེ། སྔ་མ་མ་གྲུབ་ པར་ཕྱི་མར་འཇུག་ན་སྔ་ཕྱི་གཉིས་ཀ་མི་འགྲུབ་པར་མ་ཟད་བློའི་འཇུག་པ་མི་བརྟན་པས་ཤེས་བཞིན་མ་ཡིན་པའི་ཉོན་མོངས་པ་འཇུག་ཅིང་ཞུགས་ནས་ཀྱང་འཕེལ་བ་འགྱུར་ཞེས་པ་སྟེ་རྩ་ཚིག་གི་འགྲོས་དང་བསྟུན་ན་ཤིན་ཏུ་འགྲིག་གི་རྩ་གཞུང་ཕལ་ཆེར་ན་ཡོད་པ་ སྔ་མ་ལྟར་བྱས་ན་འཆད་བདེ་བ་ཞིག་མི་འདུག་གོ ། རིམ་པར་སློབ་དགོས་ཞེས་པ་དེའང་གོ་རིམ་ངེས་ཅན་དུ་སློབ་དགོས་པའི་བསླབ་བྱའི་རིགས་རྣམས་ལ་དེ་ལྟར་ངེས་པར་སློབ་དགོས་པ་ཡིན་གྱི། གོ་རིམ་ངེས་པ་ཅན་དུ་སློབ་མི་དགོས་པའི་དགེ་བ་སྟོབས་མཉམ་
Page: 390 པ་རྣམས་ནི་ཐོག་མར་བརྩམས་པ་དེ་དང་པོར་བསྒྲུབ་པར་བྱ་དགོས་སོ། །གཉིས་པ་བསླབ་པ་ཉམས་པའམ་ཀུན་སྤྱོད་ཉམས་པ་བསྲུང་བ་ནི། བྲེ་མོའི་གཏམ་ནི་སོགས་ཏེ། དེའང་འདི་ལ་འདིར་སྤྱོད་པ་ཉམས་པ་བསྲུང་བ་ཞེས་བསྟན་ལ། འགྲེལ་པ་ཕལ་ ཆེར་དུ་དོན་མེད་གཡེང་བར་ནས་འདི་ཡན་ཆད་ལ་སྒོ་གསུམ་གྱི་སྤྱོད་པ་ལ་བརྟག་པ་དང་འདི་ནས་བརྟགས་ནས་དབང་དུ་བྱ་བ་ཞེས་འཆད་པར་མཛད་ལ། གང་ལྟར་ཡང་འདི་ནས་བྱ་བ་མ་ཡིན་པ་ལས་ལྡོག་ཚུལ་སྟོན་ལ། དེ་ལ། རྣམ་གཡེང་ལ་ཆགས་པ་ དང་དོན་མེད་ཀྱི་བྱ་བ་སྤོང་བ་ནི། གོང་དུ་བཤད་པ་ལྟར་དགོས་པ་ཆེན་པོ་དང་ལྡན་པའི་དམིགས་བསལ་ཅན་གྱི་སྐབས་འགའ་ཞིག་ཏུ་བཀག་པ་ལ་གནང་བ་ཡོད་ཀྱང་སྤྱིར་འབྲས་བུ་མེད་པའི་དོན་མེད་ཀྱི་སྤྱོད་པ་དང་རྣམ་གཡེང་བྱ་བར་མ་གནང་བས་དེ་ལྟ་བུ་ལ་ སེམས་བསྲུང་དགོས་ཏེ། རྒྱལ་བློན་དང་དམག་ཆོམ་རྐུན་གྱི་གཏམ་དང་འབྲེལ་མེད་ཀྱི་ཀུ་རེའི་གཏམ་སོགས་བྲེ་མོའི་གཏམ་ནི་སྣང་ཚོགས་དང་། མིག་འཕྲུལ་དང་གླུ་བྲོ་ཟློས་གར་སོགས་ཀྱི་ངོ་མཚར་བའི་ལྟད་མོའི་རིགས་རྣམ་པ་སྣ་ཚོགས་པའི་རྣམ་གཡེང་ སྐྱེད་བྱེད་ཀྱི་རྒྱུ་མང་པོ་ལ་དོན་མེད་དུ་རང་ཉིད་འཇུག་པར་མི་བྱ་ཞིང་། གཞན་གྱིས་དེ་དག་བྱེད་པའི་རྗེས་སུ་ཡང་རང་དགར་སྨྲ་ཞིང་མཉན་པ་དང་བལྟ་བ་སོགས་ཀྱི་སྒོ་ནས་འདུག་པར་མི་བྱ་ལ། རྒྱུ་ལ་དགོས་པ་ཡོད་པའི་དབང་ངམ་གཞན་གྱི་ངོ་མི་ལྡོག་ཅིང་། སེམས་མགུ་བསྐྱེད་པའི་ཆེད་དུ་རེས་འགའ་དེ་དག་ཀུན་ལ་འཇུག་དགོས་པར་གྱུར་པ་ན་དེ་ལ་ཆགས་པ་དང་ཞེན་པའི་བསམ་པ་སྤང་བར་བྱས་ནས་སྐྱོ་བ་དང་བཅས་པའི་སྒོ་ནས་འཇུག་པར་བྱ་དགོས་པ་ནི། མཆོག་ཟུང་གཉིས་ཀྱི་རྣམ་ཐར་ལས་བྱུང་བ་ལྟ་བུ་སྟེ།
Page: 391 ༄༅། །དེ་གཉིས་རབ་ཏུ་མ་བྱུང་གོང་དུ་ཤཱ་རིའི་བུ་ལ་ཉེ་རྒྱལ་དང་མོའུ་འགལ་གྱི་བུ་ལ་པང་ན་སྐྱེས་ཞེས་བརྗོད་ལ། དེ་གཉིས་ཆུང་དུ་ན་རིག་བྱེད་ཡན་ལག་དང་བཅས་པ་ལ་མཁས་པས་གྲགས་པ་རྒྱས་ཤིང་སོ་སོར་སློབ་མ་ལྔ་བརྒྱ་རེ་ཡོད་ལ་དེ་གཉིས་ ཕན་ཚུན་གཅིག་གིས་གཅིག་གི་སྙན་གྲགས་ཐོས་ནས་འཕྲད་པར་འདོད་པ་ལ། དུས་རེ་ཞིག་གི་ཚེ་ཡུལ་དེར་དུས་སྟོན་ཆེན་པོ་བྱུང་བ་ན་དེ་གཉིས་སྲིད་པ་ཐ་མ་པ་ཡིན་པས་རྣམ་གཡེང་དང་འདུ་འཛི་ལ་མི་དགའ་རང་རང་གི་ཡང་ཕ་མ་གཉིས་སོ་སོ་ནས་ནན་གྱིས་བསྐུལ་ པ་ལྟར་ཕ་མའི་ངོ་བསྲུང་ཕྱིར་དུས་སྟོན་ལ་སོང་ནས་གྲལ་ལ་འཁོད་པ་ན། གར་མཁན་དག་གིས་ཏོ་ཊ་ཀའི་རྒྱུད་དུ་གླུ་བླངས་པ་དང་མི་དག་གིས་བྲོ་བརྡུང་བ་དང་གླུ་བླང་བར་བརྩམས་པ་དང་ཁྱེའུ་དེ་གཉིས་དབང་པོ་དག་ཕྱིར་བསླན་ཏེ་འཁོད་པ་སྐྱེ་བོ་ཕལ་མོ་ཆེས་མཐོང་ ནས་ཡང་ན་འདི་གཉིས་བླུན་པོ་གཉིས་ཤིག་གོ་ཡང་ན་ཤེས་པ་མི་འཁྲུག་པ་གཉིས་ཤིག་གོ་ཞེས་སྨྲས། དེར་པང་ན་སྐྱེས་ཀྱིས་ཉེ་རྒྱལ་ལ་སྨྲས་པ། བྲོ་དང་གླུ་དང་རོལ་མོ་རྣམས་སྣང་ངམ། དེས་སྨྲས་པ། གང་གིས་མཐོང་བ་དང་ཐོས་པ་ལ་སྣང་ངོ༌། ། དབང་པོ་ནང་དུ་བསྡུས་པས་མ་མཐོང་བ་ནི་བདེན་ན་ཇི་ལྟར་མ་ཐོས། དེས་སྨྲས་པ། ཤི་ལྤགས་ཤི་བའི་རྒྱུས་པ་དང་། །འཆི་འགྱུར་བཞད་གད་འཇོ་སྒེག་གིས། །འཆི་བའི་སྐྱེ་བོ་འདུས་པ་ལ། །མཁས་པ་སུ་ཞིག་བག་མེད་བྱེད། །དེས་སྨྲས་པ། ཁྱོད་ཉེ་རྒྱལ་ ཡིན་ནམ། སྐྱེ་བོ་དག་གིས་དེ་ལྟར་ཤེས་སོ། །ཉེ་རྒྱལ་གྱིས་པང་ན་སྐྱེས་ལ་སྨྲས་པ། ཁྱོད་ལ་བྲོ་དང་གླུ་སོགས་སྣང་ངམ། གང་གིས་མཐོང་བ་དང་ཐོས་པ་ལ་སྣང་ངོ༌། །ཇི་ལྟར་མ་ཐོས། སྨྲས་པ། རྒྱན་རྣམས་ཐམས་ཅད་ཁུར་ཡིན་ཏེ། །གར་རྣམས་
Page: 392 ཐམས་ཅད་ཐོ་འཚོམ་པ། །ཀླུ་རྣམས་ཐམས་ཅད་ཀྱལ་བ་སྟེ། །གཟུགས་ཀུན་མི་རྟག་ཉིད་ཡིན་ནོ། །དེས་སྨྲས་པ། ཁྱོད་པང་ན་སྐྱེས་ཡིན་ནམ། སྐྱེ་བོས་དེ་ལྟར་ཤེས་སོ། །ཞེས་འདུལ་བ་ལུང་ལས་བྱུང་བ་ལྟར་རོ། །དེ་བཞིན་དུ་དོན་དང་དགོས་པ་ཁྱད་པར་ཅན་ མེད་པར་དགེ་སློང་བྱང་ཆུབ་སེམས་དཔའ་ལྟ་བུ་ཡིན་ན་ལྟ་ཅི་དགེ་སློང་སོགས་མིན་པའི་ཁྱིམ་པ་བྱང་སེམས་སོགས་ཀྱིས་ཀྱང་ས་རྐོ་བ་དང་སེན་མོ་ལ་སོགས་པས་རྩྭ་སྔོན་གཅོད་པ་དང་རྐང་ལག་དང་ཤིང་ཐུར་ལ་སོགས་པས་ས་ལ་རི་མོ་སྣ་ཚོགས་འདྲི་བའི་ས་རིས་འདྲི་བ་ དང་། ས་ལ་ཕུར་བ་འཛུགས་པ་འབྱིན་པ་ཞལ་བ་བྱེད་པ་རྡོ་ཤིང་སོགས་ལ་བཟོ་བྱེད་པ་ལ་སོགས་པ་དོན་མེད་པའི་བྱ་བའི་རིགས་འགའ་ཞིག་མ་བརྟགས་བཞིན་དུ་བྱེད་པར་གྱུར་ནའང་དེ་མ་ཐག་བདེ་བར་གཤེགས་པས་ཐེག་ཆེན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གང་ ་ཅན་གྱི་དོན་དུ་མི་འགྱུར་བ་དེ་སྤང་བར་བྱའོ་ཞེས་དེ་ལྟ་བུ་དག་མི་བྱ་བའི་བསླབ་པ་བཅས་པ་རྣམས་དྲན་པར་བྱས་ནས་དེ་དང་འགལ་བའི་༌་ཉེས་དམིགས་ལ་སྐྲག་པས་དེ་ཡི་མོད་ལ་སྟེ་སྐད་ཅིག་དེ་ཉིད་ལ་དོན་མེད་པའི་བྱ་བ་དེ་དག་དོར་བར་བྱའོ། །འོ་ན་བཅས་རང་གི་ཁ་ ན་མ་ཐོ་བ་དག་ལས། ས་རྐོ་རྩྭ་གཅོད་སོགས་འདི་དག་ཁོ་ན་ཅིའི་ཕྱིར་བཤད་ཅེ་ན། །སྲོག་གཅོད་ཆང་འཐུང་སོགས་འདུལ་བ་ལས་ཁྱིམ་པ་དང་རབ་ཏུ་བྱུང་བའི་བསླབ་གཞི་ཐུན་མོང་བ་བཤད་ཅིང་། ས་རྐོ་སོགས་དགེ་སློང་སོགས་ལ་བཤད་ཀྱི་ཁྱིམ་པ་ལ་མ་བཤད་ པའི་ཕྱིར་དང་། འདི་དག་བྱང་སེམས་རབ་བྱུང་གིས་བསྲུང་བར་བྱ་བ་བཞིན་དུ་བྱང་སེམས་ཁྱིམ་པས་ཀྱང་བསྲུང་དགོས་པར་བསྟན་པའི་ཕྱིར་ཡིན་ནོ་ཞེས་རྣམ་བཤད་ལས་སོ། །དེ་ནས་བྱ་བ་གང་ཡིན་ལ་འཇུག་ཚེ་ཀུན་སློང་ལ་བརྟགས་ནས་ཉོན་མོངས་པས་བསླང་བ་ལ་
Page: 393 ༄༅། །གཉེན་པོ་བསྟེན་ཏེ་སྤོང་བ་ལ། མདོར་བསྡུས་ཏེ་བསྟན་པ་ནི། གང་གི་ཚེ་ལུས་གཡོ་ཞིང་བསྐྱོད་པར་བྱ་བའི་སྒོ་ནས་བྱ་བ་བྱེད་འདོད་པར་གྱུར་ཏམ་ངག་གི་བྱ་བ་ཚིག་སྨྲ་བར་འདོད་པར་གྱུར་ན་ཡང་དེ་མ་ཐག་བྱ་བ་དེ་ལ་མི་འཇུག་པར་དང་པོར་རང་གི་ སེམས་ཀྱི་ཀུན་སློང་དགེ་མི་དགེ་ཉོན་མོངས་ཅན་ཡིན་མིན་སོགས་ལ་ལེགས་པར་བརྟགས་ནས་ཉོན་མོངས་པའི་དབང་དུ་མི་གཏོང་བར་བརྟན་པ་བྱང་ཆུབ་སེམས་དཔས་ཞེས་སམ་སེམས་རབ་ཏུ་བརྟན་པར་བྱ་བར་འོས་ཤིང་རིགས་པ་དང་ལྡན་པས་དགེ་བའི་སེམས་ཀྱིས་ བསླང་བའི་ལས་རྣམས་བསྒྲུབ་པར་བྱ་ཞིང་བྱ་མི་འོས་པ་ཉོན་མོངས་པས་ཀུན་ནས་བསླང་བའི་བྱ་བ་རྣམས་སྤང་བར་བྱའོ་ཞེས་པ་སྟེ་མདོར་ན་འཇུག་ལྡོག་ཇི་ལྟར་རིགས་པ་དང་ལྡན་པར་དགོས་པའི་དོན་ཏོ། །དོན་ཉིད་རྒྱུས་པར་སྟོན་པ་ལ་ཆགས་ཁྲོ་རྒོད་པ་སོགས་ཀྱི་ ཉོན་མོངས་སྐྱེ་བའི་ཚེ་ཇི་ལྟར་བྱ་བ་ནི། གང་གི་ཚེ་རང་གི་ཡིད་ཡུལ་ཡིད་དུ་འོང་བ་ལ་མངོན་པར་རྗེས་སུ་ཆགས་པ་དང་ཡུལ་ཡིད་དུ་མི་འོང་བ་ལ་མངོན་པར་ཁྲོ་ཞིང་སྡང་བར་འདོད་པ་དེ་ཡི་ཚེ་དེ་དག་གིས་ཀུན་ནས་བསླང་བའི་ལུས་ཀྱི་ལས་སུ་ཅི་ཡང་མི་བྱ་ཞིང་ངག་གིས་ གཏམ་ཅི་ཡང་སྨྲ་བར་མི་བྱ་སྟེ་བྱས་ན་ལུས་ངག་གི་རིག་བྱེད་ཀྱང་ཉོན་མོངས་ཅན་དུ་སྐྱེ་བས་སོ། །དེས་ན་དེ་ལྟ་བུའི་ཀུན་སློང་དང་འབྲེལ་བའི་སེམས་ཕྱི་རོལ་གྱི་ཡུལ་ལ་འཇུག་པ་བསྡུས་ནས། །བྱེད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་བྱེད་པ་མེད་པའོ་ཞེས་ པའི་དོན་ཡིད་ལ་བྱས་ཏེ་གཉེན་པོའི་ཟུངས་ཐུབ་པར་བྱས་ནས་ཆགས་སྡང་གི་རྣམ་འགྱུར་དང་ལྡན་པའི་བྱ་བྱེད་ཅི་ཡང་མེད་པར་ཤིང་བཞིན་དུ་ནི་བརྟན་པར་གནས་པར་བྱའོ། །གང་གི་ཚེ་སེམས་ཡུལ་ལ་འཕུར་ཞིང་རྣམ་པར་གཡེངས་པའི་རྒོད་པ་དང་ངག་གི་བཞད་གད་ཀྱིས་
Page: 394 གཞན་ལ་ཐོ་འཚམས་པའམ་ཅོ་འདྲི་བའི་ག་ཞར་བཅས་པའམ། གལ་ཏེ་ཡོན་ཏན་གྱི་འབྱོར་བས་སེམས་ཁེངས་པའི་ང་རྒྱལ་དང་རིགས་གཟུགས་སོགས་རང་གི་ཕུན་ཚོགས་ལ་ལྷག་པར་དགའ་ཞིང་ཆགས་པས་རྒྱགས་པ་དང་ལྡན་པའམ། གཞན་ཕ་རོལ་པོའི་སྐྱོན་ ནས་བརྗོད་འདོད་ཀྱི་མཚང་འབྲུ་བ་ཡི་བསམ་པ་ཞེས་པའམ། །འདི་ལ་རྒྱ་འགྲེལ་རྣམས་སུ་ལུས་ཀྱིས་ཐོ་འཚམས་པ་ཞེས་བཤད་པས་དེ་དང་འབྲེལ་བའི་བསམ་པ་དང་། གལ་ཏེ་གཞན་གྱིས་གཞན་ལ་སྐྱོན་བརྗོད་པ་རྗེས་སུ་སྐྱོར་བའི་ཚུལ་གྱིས་སུན་འབྱིན་གཏོང་བར་ སྐྱོར་འབྱིན་དང་། ཡང་ན་སྐྱོར་འབྱིན་ཞེས་པ་སྒྱུའམ་གྱ་གྱུ་དང་གཡོ་ཐབས་སྣ་ཚོགས་ཀྱིས་གཞན་བསླུ་བར་འདོད་པའི་སེམས་སམ་ཞེས་པ་དང་། ཡང་སྐྱོར་འབྱིན་ཏེ་གཡོ་སྒྱུ་ཞེས་པའམ་སྐྱོར་འབྱིན་ཏེ་ཆོག་མི་ཤེས་པས་ཁེ་ཚོལ་བ་དང་། གཡོ་སྒྱུས་གཞན་བསླུ་བར་ སེམས་པ་ཞེས་ཀྱང་འཆད་དེ། དེ་རྣམས་ལས་སྐྱོར་འབྱིན་ཞེས་པ་སྒྱུའམ་གྱ་གྱུ་དང་བསླུ་སེམས་ཞེས་པ་གཡོ་ལ་འཆད་པ་རིགས་སྙམ་སྟེ། རིན་ཕྲེང་དུ། གཡོ་ནི་ཤིན་ཏུ་བསླུ་བ་སྟེ། །སྒྱུ་ནི་སེམས་རྒྱུད་གྱི་རྒྱུ་བ། །ཞེས་གསུངས་པས་སོ། །གང་གི་ཚེ་བདག་རང་གི་ཡོན་ ཏན་གསལ་བར་བརྗོད་པའི་སྒོ་ནས་བསྟོད་པ་ལྷུར་ལེན་པའམ་གཞན་དག་ལ་སྐྱོན་ལྷག་པར་བརྗོད་པའི་སྒོ་ནས་ཚར་གཅོད་ཅིང་ཉེས་པ་གསལ་བར་བྱས་ཏེ་སྨོད་པར་བྱེད་པ་ཉིད་དང་ནི། གཞན་གྱིས་རང་ལ་ཚིག་ངན་སྨྲས་པའི་ལན་དུ་ཚིག་རྩུབ་མོས་སྐུར་བ་འདེབས་པའི་གཤེ་ བཅས་ཞེས་པའམ་གཞན་གྱི་ཚིག་ལ་སྨོད་པའི་གཤེ་བ་དང་བཅས་པ་དང་། བླའི་གྲའམ་ཞལ་ལྕེ་གཅོད་པའི་གྲར་ཁྲོ་འཁྲུགས་ཀྱིས་ཤགས་འགྱེད་པའམ་འཐབ་རྩོད་ཀྱི་རྒྱུ་མཚན་ལ་སེམས་པས་འགྱེད་པ་དང་བཅས་པར་གྱུར་པ་སྟེ་ཉོན་མོངས་དང་འབྲེལ་བའི་སེམས་
Page: 395 ༄༅། །དེ་རྣམས་རང་གི་རྒྱུད་ལ་འབྱུང་བར་མཐོང་བ་དེ་ཡི་ཚེ་དེ་དག་སོ་སོའི་གཉེན་པོའི་རང་ཚུགས་ཐུབ་པས་ཤིང་བཞིན་དུ་བརྟན་པར་གནས་པར་བྱའོ། །རྙེད་བཀུར་གྲགས་པ་འདོད་པ་སོགས་ཀྱི་ཚེ་ཇི་ལྟར་བྱ་བ་ནི། གང་གི་ཚེ་ཟས་གོས་ནོར་སོགས་ཀྱི་ རྙེད་པ་དང་ཕྱག་བྱ་བ་དང་སྟན་འདིངས་པ་སོགས་ཀྱི་བཀུར་སྟི་དང་ཕྱོགས་ཀུན་ཏུ་ཚིག་སྙན་པོ་བརྗོད་པའི་གྲགས་པ་སྟེ་དེ་རྣམས་འདོད་པའམ་དོན་དུ་གཉེར་བ་དང་། བྲན་ཕོ་མོ་སོགས་ལས་བྱེད་པའི་གཡོག་དང་འཁོར་མང་པོ་དོན་དུ་གཉེར་བར་འདོད་པའམ། བདག་ གི་སེམས་ལ་གཞན་གྱི་གུས་པས་རང་གི་རྐང་པ་འཁྲུ་བ་བསྐུ་བ་ཉེད་པ་སོགས་ཀྱི་ཞབས་ཏོག་བྱེད་པའི་རིམ་གྲོ་འདོད་ཅིང་དེ་དོན་དུ་གཉེར་བ་སོགས་ཀྱི་༌་བསམ་པ་བྱུང་བར་གྱུར་ན་ཡང་དེ་ཡི་ཚེ་སོ་སོའི་གཉེན་པོའི་ཟུངས་ཐུབ་པར་བྱས་ནས་དེ་དག་གི་དབང་དུ་མི་འགྱུར་བར་ ཤིང་སྡོང་བཞིན་དུ་བརྟན་པར་གནས་པར་བྱའོ། །གང་གི་ཚེ་སེམས་ཅན་གཞན་གྱི་དོན་སྒྲུབ་པ་ལ་ཡིད་ཕྱིར་ཕྱོགས་ནས་ཡལ་བར་འདོར་འདོད་ཀྱི་བསམ་པ་བྱུང་བ་དང་། རང་ཁོ་ནའི་དོན་སྒྲུབ་པ་ལ་མངོན་པར་ཞེན་ནས་དེ་འབའ་ཞིག་དོན་དུ་གཉེར་བར་འདོད་པ་དང་། བར་འདིར་རྒྱུ་འགྲེལ་དག་ཏུ། འཁོར་ནི་འདོད་པར་གྱུར་པ་དང་། །ཞེས་འབྱུང་ལ། དེའི་དོན་ནི་སློབ་མ་ལ་སོགས་པའི་འཁོར་འདོད་པ་ཞེས་བཤད་ལ། བསམ་པ་དེ་དག་གིས་ཀུན་ནས་བསླང་བའི་ངག་སྨྲ་བར་འདོད་པའི་སེམས་བྱུང་ན་ཡང་དེའི་ཚེ་བསམ་པ་སྐྱོན་ཅན་ དེ་དག་གིས་གཡོ་བ་མེད་པར་གཉེན་པོའི་རང་སོ་ཐུབ་པར་བྱས་ནས་ཤིང་བཞིན་དུ་གནས་པར་བྱའོ། །གང་གི་ཚེ་སྒོ་གསུམ་གྱིས་དགེ་བ་དང་གཞན་དོན་སྒྲུབ་པའི་སྐབས་དཀའ་སྤྱད་དང་སྡུག་བསྔལ་ལ་བསྲན་མི་ནུས་པས་མི་བཟོད་པ་དང་། དགེ་བའི་ཕྱོགས་ལ་
Page: 396 སེམས་མངོན་པར་མི་སྤྲོ་བས་ལེ་ལོའམ་དགེ་བའི་བྱ་བ་ལ་ལུས་སེམས་ལས་སུ་མི་རུང་བ་སྙོམས་ལས་ཀྱི་ལེ་ལོ་དང་། རང་གཞན་གྱི་དོན་དུ་རླབས་པོ་ཆེའི་བྱ་བ་སྒྲུབ་པ་ལ་འཇིགས་ཤིང་སྡར་ལངས་པ་དང་། དེ་བཞིན་དུ་བྱ་དཀའ་བའི་དོན་དེ་ཉིད་སྒྲུབ་པའི་ནུས་པ་རང་ལ་ མེད་ཀྱང་ཕོད་ཁམས་ཆེ་བ་ཙམ་གྱིས་འཇུག་པའི་སྤྱི་བརྟོལ་ཞེས་སམ་ཀུན་ཏུ་མ་བསྡམས་པས་ཕོད་ཆེ་བས་སྤྱི་བརྟོལ་དང་། མ་བརྟགས་པར་འབྲེལ་མེད་ཀྱི་གཏམ་ཁ་ནས་ཅི་ཐོན་དུ་སྨྲ་བའི་མུ་ཅོར་སྨྲ་བ་དང་། གཉེན་དང་མཛའ་བཤེས་ཉེ་གནས་དང་སློབ་མ་སོགས་ རང་གི་ཕྱོགས་སུ་གཏོགས་པ་རྣམས་ལ་ལྷག་པར་ཞེན་པའི་ཕྱོགས་ལྷུང་གི་སེམས་བྱུང་ནའང་དེ་ཡི་ཚེ་དེ་དག་སོ་སོའི་གཉེན་པོའི་རང་ཚུགས་ཐུབ་པར་བྱས་ནས་མི་གཡོ་བར་ཤིང་བཞིན་དུ་བརྟན་པར་གནས་པར་བྱའོ། །དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་ཆགས་པ་དང་ ཁྲོ་བ་སོགས་ནས་རང་ཕྱོགས་ལ་ཞེན་པའི་བར་གྱི་དོན་ཕྱིན་ཅི་ལོག་པ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡིད་དང་དོན་མེད་པ་ས་རྐོ་རྩྭ་གཅོད་སོགས་ཀྱི་བྱ་བ་རྣམས་ལ་འཇུག་པར་རྩོམ་པའམ་བརྩོན་པའི་ཡིད་དེ་དེ་ལྟ་བུའི་ཀུན་སློང་རྣམས་ལ་ལེགས་པར་བརྟགས་ ནས་དེ་མ་ཐག་དེ་དང་དེའོ་སྙམ་དུ་སོ་སོར་ངོས་ཟིན་པར་བྱས་ནས་དེ་ཡི་ཚེ་ཉོན་མོངས་སོགས་མི་མཐུན་ཕྱོགས་ཀྱི་དགྲ་ལས་རྒྱལ་བའི་དཔའ་བོ་བྱང་ཆུབ་སེམས་དཔས་ཤེས་བཞིན་གཙོ་བོར་གྱུར་པའི་གཉེན་པོ་སྤྱི་དང་ཁྱད་པར་ཆགས་སོགས་ཀྱི་གཉེན་པོར་མི་སྡུག་ ་དང་བྱམས་པ་སྒོམ་པ་ལྟ་བུའི་གཉེན་པོ་ཁྱད་པར་ཅན་སྟོབས་དང་ལྡན་པ་ཡིས་རང་གི་སེམས་དེ་ནི་དུས་རྟག་ཏུ་བརྟན་པོར་གཟུང་བར་བྱས་ནས་མི་རིགས་པའི་བྱ་བ་ངན་པ་ལ་འཇུག་པ་ཐམས་ཅད་བཀག་ཅིང་ཚར་བཅད་ནས་རིགས་ཤིང་འོས་པའི་བྱ་བ་ལ་སྤྲོ་
Page: 397 ༄༅། །བས་འཇུག་པ་ལ་བསླབ་པར་བྱའོ། །དཔའ་བོ་སྟོབས་ལྡན་དང་འདྲ་བའི་གཉེན་པོ་ཡིས་རང་གི་ཡིད་དེ་ནི་བྱ་བ་ངན་པ་ལ་མི་འཇུག་པར་བརྟན་པོར་གཟུང་བར་བྱ་ཞེས་བཤད་པའང་ཡོད་དོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ དང་འབྲས་བུ་མེད་པའི་བྱ་བ་ལ་འཇུག་པར་ཕྱོགས་པའི་ཚེ་གཉེན་པོ་དྲན་ཤེས་བསྟེན་པའི་ཚུལ། བསླབ་བཏུས་སུ་དྲག་ཤུལ་ཅན་གྱིས་ཞུས་པ་དྲངས་པ་ལས། བྱང་སེམས་ཁྱིམ་པའི་དབང་དུ་བྱས་ཏེ། འབྲུའི་ཆང་དང་སྦྱར་བའི་ཆང་སྤང་བར་བྱ་སྟེ་ཞེས་སོགས་ ཀྱིས་དྲན་ཤེས་ཉམས་པའི་རྒྱུ་སྤོང་ཚུལ་དང་དྲན་ཤེས་དང་ལྡན་པར་བྱ་དགོས་པ་བསྟན་ལ། དེ་ནས་བྱང་སེམས་རབ་བྱུང་གིས་ཀྱང་དྲན་པ་དང་ཤེས་བཞིན་མི་གཡེང་བར་བྱ་དགོས་པར་གསུངས་ལ། དེ་བཞིན་དུ་དེ་བཞིན་གཤེགས་པའི་གསང་བའི་མདོ་དྲངས་ནས་ བྱང་སེམས་ཀྱིས་ཆགས་སྡང་སོགས་ཀྱི་ཉོན་མོངས་དང་བདག་བསྟོད་གཞན་སྨོད་ཀྱི་ཚིག་སྨྲ་བ་སོགས་ཀྱི་གཉེན་པོར་དྲན་ཤེས་བསྟེན་ཚུལ་རྒྱས་པར་བསྟན་ལ་འགྲེལ་ཆེན་ལས་ཀྱང་གསུངས་པས་དེ་དག་ལས་ཤེས་པར་བྱའོ། །དེ་རྣམས་ཀྱིས་ཉོན་མོངས་པས་ ཀུན་ནས་བསླངས་པའི་བྱ་བ་ངན་པ་ལ་སྒོ་གསུམ་འཇུག་པར་ཕྱོགས་པའི་ཚེ་དེ་དག་གཉེན་པོའི་ཟིལ་གྱིས་མནན་ཏེ་མཐུ་ཆུང་བར་བྱས་ནས་སྤོང་ཚུལ་བསྟན་ཏེ་མདོར་ན་དེ་དག་ནི་སྤང་བྱའི་ཕྱོགས་བྱ་བར་མི་འོས་པའི་གནས་རྣམས་ལས་ལྡོག་ཚུལ་ལོ། །སྔར་བཤད་ པའི་སྒོ་གསུམ་གྱི་སྤྱོད་པ་དག་པར་བྱ་བ་དང་། བྲེ་མོའི་གཏམ་ནི་སོགས་བསླབ་པ་ཉམས་པ་བསྲུང་ཚུལ་བཤད་པ་དེ་དག་གིས་ནི་གཙོ་བོར་གཞན་དོན་དུ་མི་འགྱུར་བའི་འབྲས་བུ་མེད་པའི་སྒོ་གསུམ་གྱི་སྤྱོད་པ་སྤོང་བ་བསྟན་ལ། དེ་སྤོང་བ་ཉིད་གང་གིས་འགྲུབ་ཅེ་ན།
Page: 398 བསླབ་བཏུས་ལས། དེ་ལ་ལུས་བསྲུང་གང་ཞེ་ན། །གནོད་པར་འགྱུར་བ་སྤང་བ་སྟེ། །དེ་ཀུན་གང་གིས་ཐོབ་ཅེ་ན། །འབྲས་བུ་མེད་པའི་བྱེད་སྤངས་པས། །དེ་ཡང་རྟག་ཏུ་དྲན་པས་འགྲུབ། །ཅེས་ལུས་སྲུང་ཐབས་སུ་འདི་ཕྱིའི་གནོད་འགྱུར་སྤོང་བ་དང་། དེ་སྤོང་ བ་གཞན་དོན་དུ་མི་འགྱུར་བའི་བྱེད་པ་སྤོང་བས་འགྲུབ་པ་དང་། དེ་སྤོང་བ་དྲན་པ་བཅུ་གཉིས་བསྟེན་པས་འགྲུབ་པར་གསུངས་པས་བསླབ་པའི་གནས་རྣམས་ལ་དྲན་ཤེས་བསྟེན་པ་གལ་ཆེ་ལ། དྲན་པ་དེ་གང་གིས་འགྲུབ་ན། །དྲན་པ་ཤིན་ཏུ་གུས་ལས་འབྱུང་། །ཞེས་ བསླབ་པ་ལ་སྙིང་ནས་གཅེས་པར་འཛིན་པའི་གུས་པ་ལས་འབྱུང་ལ། དེ་གང་ལས་འབྱུང་ན། གུས་ནི་ཞི་བའི་ཆེ་བ་ཉིད། །ཤེས་པར་གྱུར་ན་བརྟུན་པ་སྐྱེ། །ཞེས་རྣམ་གཡེང་ཞི་བའི་ཏིང་འཛིན་གྱི་ཕན་ཡོན་མཐོང་བའི་དད་པ་ལས་འབྱུང་བར་གསུངས་ལ། རྣམ་ གཡེང་ནི་ཞི་བའི་ཏིང་ངེ་འཛིན་གྱི་ཆེ་བའམ་ཕན་ཡོན་དེ་ཇི་ལྟ་བུ་ཞེ་ན། གནས་ལུགས་ཡང་དག་པའི་དོན་ཇི་བཞིན་དུ་ཤེས་པའི་ཤེས་རབ་འབྱུང་བ་དེ་ཉིད་དེ། མཉམ་གཞག་ཡང་དག་ཇི་བཞིན་དུ། །ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་མཚམས་ སྦྱར་ཏེ་ཆོས་ཡང་དག་པར་སྡུད་པའི་མདོ་དྲངས་ནས་བསྟན་ལ། དེ་ལྟའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་རྩ་བའང་ཚུལ་ཁྲིམས་ཏེ། ཟླ་བ་སྒྲོན་མེར། །ཉོན་མོངས་མེད་པའི་ཏིང་འཛིན་མྱུར་ཐོབ་སྟེ། །འདི་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ནོ། །ཞེས་གསུངས་ལ། ཚུལ་ ཁྲིམས་རྣམ་དག་དོན་དུ་གཉེར་བས་ཀྱང་ཏིང་འཛིན་ལ་བརྩོན་དགོས་པར་གསུངས་ཏེ། དེ་ལས། ཏིང་ངེ་འཛིན་ཐོབ་ན་ཚུལ་ཁྲིམས་མྱུར་དུ་དག་པར་འགྱུར་རོ། །ཞེས་སོ། །དེའང་རང་གཞན་གྱི་རྒུད་པ་ཐམས་ཅད་བཟློག་པ་དང་ཕུན་སུམ་ཚོགས་པ་མཐའ་དག་འགྲུབ་
Page: 399 ༄༅། །པ་བསླབ་པ་གསུམ་གྱི་ཉམས་ལེན་ལ་རག་ལས་པ་དང་དེའང་རྩ་བ་ཚུལ་ཁྲིམས་ཉིད་ལ་རག་ལས་པར་མཐོང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གུས་པ་བསྐྱེད་ནས་དེ་ལེགས་པར་བསྲུངས་པ་ལ་དྲན་ནས་ཉེ་བར་འཇོག་པ་འབྱུང་ལ། དེ་ལ་ བརྟེན་ནས་གཞན་དོན་དུ་མི་འགྱུར་བའི་བྱེད་པ་ཐམས་ཅད་ལྡོག་པར་གསུངས་ཏེ་ཞིབ་པར་བསླབ་བཏུས་ཉིད་ལས་ཤེས་པར་བྱའོ། །གཉེན་པོའི་ཕྱོགས་བྱ་བར་འོས་པ་གཞན་དོན་སོགས་ལ་འཇུག་ཚུལ་ལ། གཞན་དོན་སྒྲུབ་པའི་མཐུན་རྐྱེན་རྣམས་དང་རང་ཉིད་ལྡན་པར་བྱ་ བ་ནི། འཇུག་ལྡོག་གི་བསླབ་བྱ་རྣམས་ལ་ཐེ་ཚོམ་དང་ལོག་ཤེས་སྤངས་ཤིང་ངེས་པ་རྙེད་པས་ཤིན་ཏུ་ངེས་པ་དང་། མཆོག་གསུམ་སོགས་ཡོན་ཏན་ཅན་གྱི་ཡོན་ཏན་མཐོང་ནས་དང་འདོད་ཡིད་ཆེས་ཀྱི་སྒོ་ནས་རབ་ཏུ་དད་པ་དང་ཞེས་སམ། ཡང་ན་བསླབ་བྱའི་ གནས་རྣམས་ལ་དགའ་ཞིང་སྤྲོ་བས་འཇུག་པས་རབ་དད་དམ་རབ་ཏུ་དང་བ་དང་། བྱ་དཀའ་བའི་བསླབ་བྱ་དང་གཞན་དོན་ལ་སྐྲག་ཅིང་སྔར་ནས་མི་ལྡོག་པས་བསམ་སྦྱོར་བརྟན་པོ་ལྡན་པ་དང༌། སྔར་བཤད་པ་བཞིན་ཡོན་ཏན་ཅན་དང་བསླབ་པ་སོགས་ལ་སྙིང་ ནས་གུས་པ་དང་། མཆོག་དམན་ཐམས་ཅད་ལ་ལུས་སེམས་ཉེ་བར་འདུད་པས་ཞེ་སར་བཅས་པ་དང་ཞེས་སམ། ཡང་ན་སེམས་འདུད་པས་གུས་པ་དང་ལུས་འདུད་པས་ཞེ་སར་བཅས་པ་ཞེས་རྣམ་སྣང་གསུང་ངོ༌། །རང་བསླབ་ལྡན་ཡིན་པ་སོགས་རྒྱུ་མཚན་ དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པས་ངོ་ཚ་ཤེས་པ་དང་། ཉེས་སྤྱོད་ལ་ཞུགས་ན་རྣམ་སྨིན་གྱིས་འཇིགས་པའམ་གཞན་གྱིས་སྨད་དུ་དོགས་པ་སོགས་ཀྱིས་འཇིགས་པ་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པ་དང་བཅས་པས་ཁྲེལ་ཡོད་པ་དང་།
Page: 400 རྒོད་པ་སོགས་སྐྱེ་བའི་རྐྱེན་ཉེ་བར་གནས་ཀྱང་དབང་པོ་རྣམས་ལོག་པའི་ཡུལ་ལ་འཇུག་པ་བསྡམས་པས་ཞི་ཞིང་དུལ་བ་དང་། སྦྱིན་དང་སྙན་སྨྲ་སོགས་ཐབས་སྣ་ཚོགས་ཀྱི་སྒོ་ནས་གཞན་དགའ་ཞིང་མགུ་བར་བྱེད་པ་ལ་བརྩོན་པ་སྟེ་དེ་ལྟ་བུའི་ཡོན་ཏན་རྣམས་དང་རང་ཉིད་ ལྡན་པར་བྱས་ནས་གཞན་དོན་སོགས་ལ་འཇུག་པར་བྱའོ། །གཞན་རྐྱེན་གྱིས་མི་སྐྱོ་བར་སེམས་དབང་དུ་བྱ་བ་ནི། གཅིག་ལ་ཕན་བཏགས་པ་སོགས་དགའ་མགུ་སྐྱེད་པའི་ཐབས་བྱས་ན་དེ་གཞན་རྣམས་མི་དགའ་ཞིང་ཁྲོ་ཞིང་སྡིག་པ་གསོག་པའི་རྒྱུར་འགྱུར་བ་ལྟ་ བུ་ཕན་ཚུན་བསམ་པ་མི་མཐུན་པའི་བྱིས་པ་སོ་སོ་ཡི་འདོད་པ་ཐ་དད་པ་སྣ་ཚོགས་པ་རྣམས་སུ་གྱུར་ནས་ཐམས་ཅད་དགའ་མགུ་སྐྱེད་པའི་ཐབས་སྒྲུབ་དཀའ་བ་ཉིད་ཀྱིས་སེམས་མི་སྐྱོ་ཞིང་བྱིས་པ་དེ་རྣམས་ནི་ཉོན་མོངས་སྣ་ཚོགས་སྐྱེས་པའི་དབང་དུ་གྱུར་པར་རང་ལ་རང་ དབང་མེད་པར་འདི་དག་གི་འདོད་པ་མི་མཐུན་པའི་སེམས་འདི་རྣམས་བྱུང་བ་ཡིན་པར་ངེས་སོ། །དེས་ན་འདི་རྣམས་འདོད་པ་མི་མཐུན་པའི་རྒྱུར་གྱུར་པའི་ཉོན་མོངས་པའི་སྐྱོན་དེ་རྣམས་དང་དབྲལ་བར་བྱའོ་སྙམ་དུ་ཕྱི་ཕྱིར་ལྷག་པར་སྙིང་བརྩེར་ལྡན་པས་རྗེས་སུ་ བཟུང་ནས་གདམས་ངག་དང་རྗེས་སུ་བསྟན་པ་འདོམས་པ་དང་རང་ཡང་དེ་ལྟའི་ཉོན་མོངས་པའི་གཞན་དབང་དུ་མི་འགྱུར་བར་བྱའོ་སྙམ་དུ་སེམས་དབང་དུ་བྱ་བ་སྟེ། གང་བོས་ཞུས་པར། སེམས་ཅན་སྡིག་སྤྱོད་མཐོང་གྱུར་ན། །དུས་སུ་རྗེས་སུ་འདོམས་པར་བྱེད། ། རྟག་པར་བྱམས་དང་སྙིང་རྗེར་ལྡན། །ཁོང་ཁྱོ་དག་ནི་མེད་པ་ཡིན། །ཞེས་དང་། མདོ་སྡེའི་རྒྱུན་ལས། རྟག་ཏུ་ཉེས་པས་རང་དབང་མེད་པར་བྱས་སེམས་ཀྱིས། །སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མི་འཛིན་ཏེ། །མི་འདོད་བཞིན་དུ་ལོག་པར་བསྒྲུབ་པར་འགྱུར་རོ་
Page: 401 ༄༅། །ཞེས། །སྐྱེ་བོ་ལ་ནི་སྙིང་རྗེ་ལྷག་པར་འཕེལ་ཕྱིར་རོ། །ཞེས་དང་། སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་ལས་ཀྱང་། སེམས་ཅན་བསམ་པ་ཐ་དད་པས། །བྱ་བ་དོན་ཆེན་བརྟགས་ཏེ་བྱ། །ཐམས་ཅད་མགུ་བར་སུ་ཡིས་ནུས། ། འོན་ཀྱང་འགྱོད་པ་མེད་པ་ཡིས། །སྡུག་བསྔལ་ཁྱད་བསད་བདེར་མ་ཆགས། །རང་གི་སེམས་སྦྱངས་གཞན་སེམས་གཟུང་། །བརྙས་དང་ཉེས་པ་འབྱུང་ལ་སོགས། །གཉེན་པོ་ལས་དང་བརྫུན་པས་སྦྱངས། ཞེས་གསུངས་པ་ལྟར་རོ། །དོན་དམ་གྱི་ཉམས་ལེན་ གྱིས་སེམས་དབང་དུ་བྱ་བ་ནི། བཅས་རང་གི་ཁ་ན་མ་ཐོ་བ་མེད་པའི་སྦྱིན་སོགས་དགེ་བའི་དངོས་པོ་རྣམས་ལ་གཞན་དོན་སྒྲུབ་པའི་ཆེད་དུ་འཇུག་པ་ན་བདག་རང་ཉིད་མི་ཉམས་པར་བྱ་བ་དང་སེམས་ཅན་གཞན་རྣམས་ལའང་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ ཕན་བདེ་སྒྲུབ་པའི་དབང་དུ་བྱས་ནས་འཇུག་པར་བྱ་དགོས་ཤིང་། དེ་དག་ཀྱང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སྤྲུལ་པའི་སྐྱེས་བུས་བྱ་བ་བྱེད་པ་བཞིན་དུ་བདག་གིས་གཞན་དོན་འདི་ལྟ་བུ་བྱས་སོ་སྙམ་པའི་ང་རྒྱལ་དང་བདེན་པར་ཞེན་པའི་རློམ་སེམས་མེད་ པའི་སྒོ་ནས་རང་གི་ཡིད་འདི་ཉིད་གཉེན་པོས་དབང་དུ་བྱས་ནས་རྟག་ཏུ་གཟུང་བར་བྱའོ། །དེ་ལྟ་བུའི་གཞན་དོན་སྒྲུབ་པའི་མཐུན་རྐྱེན་དུ་གྱུར་པའི་བྱང་སེམས་ཀྱི་སྤྱོད་པ་ཁྱད་པར་ཅན་རྣམས་ནི་གོང་དུ་བཤད་པའི་སྤང་བྱ་དེ་རྣམས་ཀྱི་གཉེན་པོར་བསྟེན་དགོས་པར་ཤེས་པར་བྱའོ། ། དེ་ལྟར་ཤིན་ཏུ་ངེས་དང་སོགས་ཚིགས་བཅད་གསུམ་པོ་འདི་བསླབ་བཏུས་སུ་འབྲས་བུ་མེད་པའི་སྤྱོད་པ་སྤོང་བའམ་བདག་སྲུང་བའི་གཉེན་པོ་རྒྱས་པར་བཤད་པའི་དོན་བསྡུར་བྱས་ནས་གསུངས་པས་ན་འདི་དག་གིས་བདག་སྲུང་བའི་ཕྱིར་གཞན་སྲུང་བའི་ཐབས་ཀྱང་
Page: 402 བསྟན་ལ། མདོར་ན་སེམས་ཅན་གཞན་གྱིས་བདག་མ་རུངས་པར་མི་འགྱུར་ཞིང་བདག་གིས་ཀྱང་གཞན་མ་རུངས་པར་མི་འགྱུར་བའི་ཐབས་སུ་གཉེན་པོའི་ཡོན་ཏན་དེ་དག་ལྡན་དགོས་པར་བསྟན་པ་ཡིན་ནོ། །དལ་འབྱོར་རྙེད་དཀའ་བསམ་ནས་སེམས་དབང་དུ་བྱ་བ་ནི་མི་ ཁོམ་པའི་གནས་སུ་འཁྱམས་འཁྱམས་ཏེ་དུས་ཡུན་རིང་མོ་ཞིག་ལོན་ནས་གཟོད་ཚུལ་ཁྲིམས་སོགས་དགེ་རྩའི་སྟོབས་ལས་གནས་རིས་ངན་པ་དེ་དག་ཏུ་མ་སྐྱེས་པར་འདིར་རྙེད་དཀའ་བའི་དལ་བའི་མཆོག་ཐོབ་པ་ནི་ངོ་མཚར་ཆེ་བའི་ང་རིས་ཙམ་མོ་སྙམ་དུ་དལ་འབྱོར་ རྙེད་དཀའ་བའི་ཚུལ་ཡང་དང་ཡང་དུ་སེམས་པ་དང་། ད་ནི་འདི་ཉིད་ལ་སྙིང་པོ་བླངས་ནས་དོན་ཆེན་པོ་ཡོད་པ་ཉིད་དུ་བྱའོ་བསམ་ནས་གོང་དུ་སེམས་དགེ་བའི་དམིགས་རྣམས་ལ་འདོགས་པའི་ཐབས་མང་པོ་བཤད་པ་དེ་ལྟ་བུར་སེམས་པའི་སྒོ་ནས། དཔེར་ན། རིའི་རྒྱལ་པོ་རི་ རབ་རྐྱེན་གང་གིས་ཀྱང་མི་གཡོ་བར་བརྟན་པར་གནས་པ་ལྟར་སྤང་བྱ་མི་མཐུན་ཕྱོགས་ཉོན་མོངས་དང་སྡུག་བསྔལ་སོགས་ཀྱི་རྐྱེན་དག་གིས་རབ་ཏུ་མི་གཡོ་བར་གཉེན་པོའི་སྟོབས་ཀྱི་བཟུང་བར་བྱ་བའི་སྒོ་ནས་རང་གི་སེམས་དབང་དུ་བྱ་བ་སྟེ། འདི་སེམས་དབང་ དུ་བྱས་ནས་གཟུང་ཚུལ་གྱི་དོན་བསྡུ་བའང་ཡིན་ནོ། །ས་བཟང་འགྲེལ་པར། འདིར། མདོ་རྒྱུན་གྱི་ལུང་། ཕྱེ་མ་ལེབ་དང་འདབ་ཆགས་དང་། །ཞེས་སོགས་ཚིགས་བཅད་དྲངས་ནས་རི་རབ་རྐྱེན་ཆུང་འབྲིང་ཆེ་གསུམ་གྱིས་མི་གཡོ་བ་ལྟར་སྡིག་གྲོགས་སོགས་རྐྱེན་གསུམ་ གྱིས་མི་གཡོ་བར་རབ་ཏུ་བརྟན་པར་གཟུང་བར་བྱ་ཞེས་བཤད་དོ། །དེ་ལྟར་སྒོ་གསུམ་ཀ་ནས་བྱ་མི་འོས་པ་ཉེས་སྤྱོད་ལ་འཇུག་པ་གཉེན་པོས་ཚར་བཅད་ཅིང་ཟིལ་གྱིས་མནན་ནས་བྱ་བར་འོས་པ་དགེ་བའི་ཕྱོགས་ལ་རང་གི་ངང་གིས་འཇུག་པའི་ཕྱིར་དུ་གཉེན་པོའི་སྟོབས་ཀྱི་
Page: 403 ༄༅། །སེམས་དབང་དུ་བྱས་ནས་ཤིང་སྡོང་ཆེན་པོ་དང་རི་རབ་རླུང་སོགས་ཀྱིས་གཡོ་ཞིང་བསྐྱོད་མི་ནུས་པ་ལྟར་སེམས་རབ་ཏུ་བརྟན་པའི་རང་བཞིན་ཅན་དུ་བྱས་ཏེ་དེ་ལྟ་བུའི་གཉེན་པོའི་སེམས་དེས་དབང་བསྒྱུར་བའི་སྒོ་ནས་སྤྱོད་ལམ་ཐམས་ཅད་ལ་ འཇུག་ཅིང་རྟག་ཏུ་གནས་པར་བྱ་བ་སྟེ་སེམས་སྦྱོང་གི་སྤྱོད་པའི་ཚུལ་དེ་ལྟ་བུ་ལ་བརྟེན་ནས་སྒོ་གསུམ་གྱི་བསླབ་པ་ཉམས་པ་སྲུང་བར་བྱེད་པའི་ཐབས་འདི་དག་གིས་བསྟན་ལ། སྔར། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །ཞེས་བཤད་པའི་དོན་སེམས་བསྲུང་ བའི་བརྟུལ་ཞུགས་དེ་ཉིད་ཀྱང་འདི་དག་གིས་རྒྱས་པར་བསྟན་པ་ཡིན་ནོ། །གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་སློབ་ཚུལ་ལ་གཉིས། བསླབ་པ་ལ་མི་སློབ་པའི་རྒྱུ་ལུས་ལ་ཆགས་པ་སྤང་དགོས་པར་བསྟན་པ། དགེ་བ་སྒྲུབ་པའི་ཐབས་ལ་མཁས་པར་བྱ་ བའོ། །དང་པོ་ནི། བྱ་རྒོད་ཤ་ལ་སོགས་ཏེ། དེ་ལ་ཆགས་སེམས་ཀྱིས་ལུས་སྲུང་མི་རིགས་པའི་རྒྱུ་མཚན་སྤྱིར་བསྟན་པ་ནི། གོང་དུ་སེམས་བརྟན་པོར་གཟུང་བར་བྱ་གསུངས་པ་ལྟར་ལུས་འདི་ཉིད་ཀྱང་རྙེད་པར་དཀའ་བས་གཅེས་པར་བཟུང་ནས་བསྲུང་ བར་བྱའོ་སྙམ་ན། དེ་མི་རིགས་པའི་ཚུལ་འདི་ལྟར། ད་ལྟ་ཆགས་སེམས་ཀྱིས་ལུས་ལ་བདག་གིར་བཟུང་ནས་འདི་ཉིད་སྲུང་བའི་ཕྱིར་འདིའི་ཁ་ཏ་བྱ་བ་མི་རིགས་ཏེ། རང་ཉིད་ཤི་ནས་སེམས་དང་བྲལ་བའི་ཕུང་བོ་དུར་ཁྲོད་དུ་བསྐྱལ་ནས་བོར་བ་ན་བྱ་རྒོད་བཟའ་བྱའི་ཤ་ ལ་ཆགས་པ་མང་པོ་ཡིས་ལུས་ཀྱི་ཡན་ལག་རྐང་ལག་དང་རྒྱུ་ལྟོ་སོགས་དེ་དག་ཕྱོགས་ཕན་ཚུན་ཡས་མན་ཀུན་ཏུ་བཤལ་བ་སྟེ་དྲུད་ཅིང་འཁྲིད་པར་བྱས་ནས་ཟོས་པར་གྱུར་ཀྱང་དེའི་ཚེ་སེམས་སམ་ཡིད་ཁྱོད་མི་དགར་མི་བྱེད་ན་ད་ལྟ་རྒྱུ་མཚན་ཅིའི་ཕྱིར་ལུས་ལ་ཆགས་
Page: 404 ཤིང་ཞེན་ནས་གཅེས་པར་བཟུང་སྟེ་འདི་སྲུང་བའི་ཁ་ཏའམ་གཉེར་ཁ་བྱེད་དེ་བྱེད་པ་མི་རིགས་སོ་ཞེས་པའོ། །ཡང་། ལུས་ཁྱོད་མི་དགར་མི་བྱེད་ན། །ཞེས་པའང་ཡོད་དེ། ལུས་རང་ལ་དེའི་ཚེ་མི་དགའ་བ་བྱེད་པའི་ནུས་པ་མེད་ན་ད་ལྟ་སེམས་ཁྱོད་ཀྱིས་ཅིའི་ཕྱིར་ ལུས་ཀྱི་ཁ་ཏ་བྱེད་དེ་བྱེད་དོན་མེད་ཅེས་པའོ། །། ལུས་སེམས་འབྲེལ་མེད་སོ་སོ་ཐ་དད་ཡིན་པས་སྲུང་མི་རིགས་པ་ནི། འོན་ཀྱང་བདག་དང་བདག་གི་བར་འབྲེལ་བར་སྲུང་ངོ་སྙམ་ན། ལུས་འདི་བདག་གིར་གཟུང་བར་བྱས་ནས་ཡིད་ཁྱོད་ཀྱིས་ཆགས་ཤིང་ཞེན་པས་ གཅེས་སྤྲས་ཀྱི་སྒོ་ནས་ཅི་ཡི་ཕྱིར་སྲུང་བར་བྱེད་དེ་དེ་ལྟར་བྱེད་པ་མི་རིགས་ཏེ་ཉེས་པ་དང་སྡུག་བསྔལ་དུ་མ་སྐྱེད་པས་སོ། །འདི་རང་ལ་ཉེ་བར་མཁོ་བས་སོ་སྙམ་ན། ཡིད་ཁྱོད་ནི་ཐོག་མེད་ནས་འཁྱམས་ནས་འོང་བའི་སྔོན་དུས་ཀྱི་སྲིད་པ་འདིའི་སྔ་མའི་བར་སྲིད་ཀྱི་སེམས་ ཀྱི་རྒྱུན་དང་ལུས་འདི་ནི་ཚེ་འདིའི་ཕ་མའི་མི་གཙང་བ་ལས་གྲུབ་པ་ཡིན་པས་ཡིད་ཁྱོད་དང་ལུས་འདི་གཉིས་ཕན་ཚུན་འབྲེལ་ཅི་ཡང་མེད་པའི་ཡ་སོ་སོ་བ་དང་མཚན་ཉིད་ཀྱང་ཐ་དད་པ་ཡིན་ན་ལུས་བེམ་པོ་དེས་ཀོ་སྟེ་དེས་ནི་ཡིད་ཤེས་པ་ཁྱོད་ལ་ཅི་ཞིག་བྱ་སྟེ། ལུས་འདིས་ ཀྱང་སེམས་ཁྱོད་འདོར་སེམས་ཁྱོད་ཀྱིས་ཀྱང་ལུས་འདི་དོར་ནས་གཞན་དང་གཞན་དུ་སོ་སོར་འགྲོ་བའི་ཕྱིར། དེས་ན་ལུས་འདི་ལ་བདག་གིར་བཟུང་ནས་ཆགས་སེམས་ཀྱིས་སྲུང་བ་མི་རིགས་སོ། །ལུས་མི་གཙང་བས་སྲུང་མི་རིགས་པ་ནི། དེ་ལྟར་འབྲེལ་མེད་ཡིན་ ཀྱང་སྔ་ནས་རང་གནས་པའི་རྟེན་དུ་བཟུང་བས་ད་འདོར་མི་རིགས་སོ་སྙམ་ན། ཀྱེ་མ་བླང་དོར་ལ་རྨོངས་པའི་ཡིད་ཁྱོད་རྒྱུ་མཚན་ཅི་ཡི་ཕྱིར་ཤིང་གི་གཟུགས་གཙང་མ་ཟས་གོས་ཀྱིས་གསོ་སྐྱོང་སོགས་ཀྱི་དཀའ་ཚེགས་ཅི་ཡང་མི་དགོས་པ་ཞིག་ལ་བདག་གི་ལུས་སོ་ཞེས་
Page: 405 ༄༅། །རང་གནས་པའི་རྟེན་དུ་གཟུང་བར་མི་བྱེད་དེ་བྱེད་རིགས་ཀྱི་མི་གཙང་བ་དུ་མ་ཕྱོགས་གཅིག་ཏུ་འདུས་ཤིང་ཚོགས་པའི་ལུས་ཀྱི་འཁྲུལ་འཁོར་འདི་ཉིད་ནི་སུམས་ཤིང་རུལ་བ་དྲི་ང་བའི་རང་བཞིན་ཅན་དུ་འདུག་ཅིང་དཀའ་ཚེགས་ཀྱིས་ཀྱང་སྐྱོང་དགོས་ པ་འདི་གཅེས་སྤྲས་ཀྱིས་བསྲུངས་ཏེ་བསྲེལ་བར་བྱས་པས་ཅི་ཞིག་རུང་སྟེ་འདིས་ནི་གནས་པའི་རྟེན་སོགས་ཉེར་མཁོའི་ཡོ་བྱད་ཀྱི་རྣམ་གྲངས་ཅིར་ཡང་མི་རུང་ངོ་། །ཅིའི་ཕྱིར་སྲུང་ཞེས་དང་བསྲུངས་ཏེ་ཅི་ཞིག་རུང་ཞེས་པ་དག་ཀྱང་དོན་མེད་པར་ཆགས་ཞེན་ཙམ་གྱིས་སྲུང་མི་ རིགས་ཞེས་བསྟན་པ་ཡིན་གྱི། དེ་ལས་གཞན་དུ་སྙིང་པོ་ལེན་པ་དང་གཞན་དོན་སྒྲུབ་པ་སོགས་ཀྱི་ཕྱིར་དུ་ནི་ལུས་བསྲུང་དགོས་པ་སྲུང་ཐབས་བསྲུངས་པའི་དགོས་པ་སོགས་མང་པོ་བསླབ་བཏུས་ལས་གསུངས་སོ། །ལུས་ལ་སྙིང་པོ་མེད་ལ་དེ་མེད་པས་སྲུང་མི་རིགས་པ་ནི། མི་གཙང་ཡང་འདི་ལ་སྙིང་པོ་ཡོད་པས་སྲུང་ངོ་སྙམ་ན། ལུས་འདི་ལ་ཆ་དང་ཆ་སོ་སོར་ཕྱེ་ནས་འདི་ནི་པགས་པའོ་འདི་ནི་ཤའོ་འདི་ནི་རུས་པའོ་ཞེས་སོགས་སོ་སོར་བརྟགས་ན་སྙིང་པོ་མེད་དེ། འདི་ལྟར་ཐོག་མར་ལུས་ཀྱི་པགས་པའི་རིམ་པ་འདི་རང་གི་བློ་ཤེས་རབ་ཀྱི་ མཚོན་རྣོན་པོ་ཡིས་ཤ་རུས་སོགས་ལུས་ཀྱི་ཆ་གཞན་ལས་ཐ་དད་དུ་རྣམ་པར་ཕྱེ་ནས་བརྟགས་ན་སྙིང་པོ་མེད་ལ། པགས་པའི་འོག་གི་ཤ་ཡི་ཕུང་བོ་ཡང་རུས་པའི་དྲ་བ་རྣམས་ལས་ཤེས་རབ་ཀྱི་མཚོན་གྱིས་གུད་དུའམ་ལོགས་སུ་ཕྱེ་ནས་བརྟགས་ན་སྙིང་པོ་མེད་ལ། རུས་པའི་འཁྲུལ་འཁོར་རྣམས་ཀྱང་ལྟ་ཚིགས་དང་རྩིབས་རུས་ལ་སོགས་པའི་ཆ་དང་ཆར་སོ་སོར་དབྱེ་བར་བྱས་ནས་རུས་པའི་ནང་གི་བཅུད་རྐང་མར་ལ་ཐུག་གི་བར་དུ་སྙིང་པོ་ཡོད་མེད་ལེགས་པར་བལྟ་བར་བྱ་ཞིང་ས་ཆུ་སོགས་འབྱུང་བའི་ཚོགས་དང་ཕ་མའི་མི་གཙང་བ་
Page: 406 འདུས་ཤིང་སྤུངས་པའི་ཕུང་བོ་འདི་ལ་ཕྱི་ནང་མགོ་མཇུག་གང་དུ་ཡང་བསྔགས་པར་འོས་ཤིང་སྲེལ་བར་འོས་པའི་སྙིང་པོ་ཅི་འདྲ་བ་ཞིག་ཡོད་ཅེས་བདག་ཉིད་ཀྱིས་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་བརྟག་པར་གྱིས་ཤིག་དང་ཡིད་བརྟན་རུང་ཞིང་དཔྱད་ བཟོད་པའི་སྙིང་པོ་ཅི་ཡང་མེད་དོ། །དེ་ལྟར་རྩོལ་བ་ཆེན་པོས་འབད་དེ་ཕྱི་ནང་ཀུན་ཏུ་ཞིབ་ཏུ་ང་ཙལ་ཀྱང་བཙལ་ཡུལ་གྱི་ལུས་དེར་ཚོལ་མཁན་གྱི་ཡིད་ཁྱོད་ཀྱིས་བཙལ་བྱའི་སྙིང་པོ་ཅུང་ཟད་ཙམ་ཡང་མ་མཐོང་ན་སྔར་རྨོངས་པས་སྙིང་པོ་ཡོད་པར་རློམ་ནས་སྲུང་བར་མ་ཟད་ ད་ལྟ་སྙིང་པོ་མེད་པར་ངེས་ཤིང་གོ་བཞིན་དུ་ཡང་ད་དུང་རྒྱུ་མཚན་ཅིའི་ཕྱིར་ཆགས་ཤིང་ཞེན་པའི་ཚུལ་གྱིས་ཡིད་ཁྱོད་ནི་ལུས་འདི་སྔར་བཞིན་སྲུང་བར་བྱེད་དེ་བྱེད་པའི་རྒྱུ་མཚན་གང་ཡིན་པ་དེ་སྨོས་ཤིག་ཅེས་པ་སྟེ་རྒྱུ་མཚན་སྨྲ་རྒྱུ་མེད་པས་སོ། །ལུས་ལ་ཉེར་མཁོ་མེད་ པས་སྲུང་མི་རིགས་པ་ནི། སྙིང་པོ་མེད་ཀྱང་ལོངས་སྤྱད་དུ་རུང་ངོ་སྙམ་ན། ལུས་འདི་མི་གཙང་བ་དུ་མ་འདུས་ཤིང་བསགས་པ་ཡིན་ལ་ཡིད་ཁྱོད་ཀྱིས་ལུས་ཀྱི་ཤ་སོགས་མི་གཙང་བའི་ཚོགས་རྣམས་ནི་བཟར་མི་རུང་ཞིང་ལུས་ཀྱི་ཁྲག་དག་ཀྱང་བཏུང་དུ་མི་རུང་ལ་ ནང་ཁྲོལ་རྒྱུ་མ་དང་ལྟོ་བ་ལ་སོགས་པའང་གཞིབ་པའམ་འཇིབ་ཏུ་མི་རུང་བ་ཡིན་ན་ཅི་ཡང་མི་རུང་བའི་ལུས་འདི་ཉིད་ཀྱིས་ཡིད་ཁྱོད་ལ་ཅི་ཞིག་བྱ་སྟེ་ལོངས་སྤྱད་དུ་རུང་བའི་ཉེར་མཁོ་ཅུང་ཟད་ཀྱང་མེད་པས་སོ། །དགོས་པ་གཞན་ཅི་ཡང་མེད་པའི་ལུས་འདི་གལ་ཏེ་སྲུང་ ན་ཉིས་ན་སྟེ་རྣམ་པ་གཅིག་ཏུ་ནའམ་རྒྱུ་མཚན་གཅིག་ཏུ་ན་ཝ་དང་བྱ་རྒོད་དང་། རྒྱ་དཔེ་སོགས་སྒྲ་ཡོད་པར་གསུངས་པས་དུར་བྱ་དང་ཁ་ལ་སོགས་པ་དུར་ཁྲོད་ཀྱི་མི་ཤ་ཟ་བ་རྣམས་ཀྱིས་བཟའ་བྱའི་ཟས་ཀྱི་དོན་དུ་ལུས་འདི་སྲུང་བ་ཡིན་ན་དེ་ཙམ་གྱི་དོན་དུ་སྲུང་བ་ལ་མི་
Page: 407 ༄༅། །རིགས་པ་མེད་པས་རིགས་སོ་ཞེས་པའོ། །ཡང་གཅིག་ཏུ་ན་སྤྱད་དུ་མི་རུང་བས་སྲུང་མི་རིགས་ཉིས་སུ་ན་ཝ་དང་བྱ་རྒོད་སོགས་ཀྱིས་སྤྱད་དུ་རུང་བས་དེ་དག་གི་ཟས་ཀྱི་དོན་ཙམ་དུ་སྲུང་བ་ལ་མི་རིགས་པ་མེད་ཅེས་རྣམ་བཤད་དུ་གསུངས་ལ། ཡང་ཉིས་ན་ཞེས་པ་རིགས་ན་ཞེས་པའི་དོན་དུ་འཆད་པ་ཡོད་ལ། གལ་ཏེ་ཞེས་པའི་དོན་དུ་བཤད་ན་རུང་སྙམ་མོ། །དེ་ལས་གཞན་དུ་འདི་སྲུང་རིགས་པའི་རྒྱུ་མཚན་ཅི་ཡང་མེད་པས་ཆགས་སེམས་ཀྱིས་འདི་བསྲུང་བར་མི་བྱ་ཞེས་པའི་དོན་ཏེ་འདི་ཡན་ཆད་ཀྱིས་ལུས་ ལ་ཆགས་ནས་སྲུང་མི་རིགས་པ་བསྟན་ལ། དེའང་སྙིང་པོ་མེད་པའི་ལུས་སྲོག་ལ་སྙིང་པོ་ལེན་དགོས་པ་ལ་དེའི་གེགས་ནི་ལུས་སྲོག་ལ་ཆགས་པ་ཡིན་ལ་དེའི་ཕྱིར་ལུས་སྲོག་ལ་ཆགས་པའི་གཉེན་པོ་སྒོམ་ཚུལ་དེ་ལྟར་བསྟན་པ་ཡིན་ནོ། །ལུས་མྱུར་དུ་འདོར་བས་ དགེ་ལ་བཀོལ་ནས་སྙིང་པོ་ལེན་རིགས་པ་ནི། དལ་འབྱོར་ལྡན་པའི་མི་འོ་ཅོག་གི་སྟེ་ཡིན་ནོ་ཅོག་གམ་མི་ཡིན་ཚད་ཀྱི་ལུས་འདི་ནི་ད་ལྟ་གསོན་པའི་སྐབས་འདིར་བསོད་ནམས་དགེ་བའི་ལས་ལ་བཀོལ་དུ་རུང་བས་ན་དེར་བཀོལ་བར་བྱ་བ་ནི་རིགས་ཤིང་འོས་པ་ཉིད་དུ་ ཟད་ཀྱི་དེ་ལས་གཞན་པའི་ཆགས་སེམས་ཀྱིས་སྲུང་བ་ལ་དགོས་པ་ཅི་ཡང་མེད་དེ། ཅིའི་ཕྱིར་ན་འདི་ལྟར་ཁྱོད་ཀྱིས་ད་ལྟ་ཉིད་ནས་དགེ་བའི་ཕྱོགས་ལ་བཀོལ་ནས་ངོ་བོའི་སྒོ་ནས་སྙིང་པོ་ཅི་ཡང་མེད་པ་ལ་སྙིང་པོ་ལེན་པའི་ཐབས་མི་བྱེད་པར་ཆགས་སེམས་ཀྱིས་བསྲུངས་ པ་ལ་དགོས་པ་མེད་པར་མ་ཟད། ཕྱི་ནས་སྙིང་པོ་ལེན་སྙམ་ནས་བསྲུངས་ཀྱང་ནི་ནམ་ཞིག་གི་ཚེ་འཆི་བདག་སྙིང་བརྩེ་བ་གཏན་ནས་མེད་པ་དེ་ཡིད་ཁྱོད་ལ་དབང་མེད་དུ་སྟོབས་ཆེན་པོས་སྲོག་དང་ཕྲལ་ནས་ལུས་ཕྲོགས་ཏེ་བྱ་རྒོད་དང་ཁྱི་དང་ཅེ་སྦྱང་ལ་སོགས་
Page: 408 པར་བྱིན་པ་གྱུར་ན་དེ་ཡི་ཚེ་ཁྱོད་ཀྱིས་ཅི་བྱར་ཡོད་ཅིང་ཡང་བྱར་མེད་དེ་ཐབས་ཅི་བྱས་ཀྱང་མི་འབྲལ་བར་སྲུང་བའི་ནུས་པ་མེད་དོ་ཞེས་པ་སྟེ་འཆི་བ་ནམ་འོང་ངེས་པ་མེད་པས་མྱུར་དུ་དགེ་བ་ལ་བཀོལ་རིགས་པའི་དོན་ནོ། །མི་འོ་ཅོག་ཅེས་པས་མི་ལས་གཞན་ཕལ་ཆེར་གྱི་ ལུས་ནི་དགེ་བ་ལ་བཀོལ་དུ་གཏན་ནས་མི་རུང་ཞེས་བསྟན་ཏེ་དུད་འགྲོ་རྣམས་ཀྱི་ལུས་བཞིན་ནོ། །མི་འོ་ཅོག་སོགས་རྐང་པ་གཉིས་ཡར་ལ་སྦྱར་ནས་དགོས་པ་གཉིས་ཀྱིས་སྲུང་རིགས་ཏེ་བྱ་རྒོད་སོགས་ཀྱི་ཟས་ཡིན་པ་དང་བསོད་ནམས་གསོག་པའི་ཡན་ལག་ཡིན་ པས་སོ་ཞེས་བི་བྷཱུ་ཏིས་སོ། །འཆི་བདག་བརྩེ་བ་མེད་པ་ཞེས་པའི་དོན་ནི། དྲན་ཉེར། བཟོད་པར་དཀའ་བའི་སྟོབས་པོ་ཆེ། །སེམས་སྟོབས་གཏུམ་པས་ཀུན་རྒྱུ་བ། །སོ་སོའི་འཇིགས་ཆེན་དུ་མ་ནི། །འཆི་བདག་ཅེས་ནི་བརྗོད་པ་ཡིན། །བཟློག་ཐབས་མེད་པའི་ དུས་ཀྱི་མེ། །སེམས་ཅན་རྣམས་ཀྱིས་ངེས་མྱོང་བ། །མི་རྣམས་གསོན་པའི་བར་ཆད་བྱེད། །འཆི་བདག་ཅེས་འདིར་བརྗོད་པ་ཡིན། །ཞེས་སོགས་གསུངས་པ་ལྟར་རོ། །དགོས་པའི་ལས་མི་བྱེད་ན་བསྐྱུང་མི་རིགས་པའི་དཔེ་ནི། དེ་ལྟ་ཡིན་ནའང་ཟས་གོས་ ཙམ་གྱིས་བསྐྱང་བ་ལ་མི་རིགས་པ་ཅི་ཡོད་སྙམ་ན་མི་རིགས་ཏེ། ཇི་ལྟར་ན། འཇིག་རྟེན་ན་བྲན་དང་གཡོག་རྗེ་བོའི་བྱ་བའི་ལས་གང་ལ་ཡང་བཀོལ་དུ་མི་བཏུབ་པའམ་བྱ་བ་ཅི་ཡང་མི་བྱེད་པ་རྣམས་ལའང་གོས་དང་ཟས་ལ་སོགས་པ་ཅི་མི་སྦྱིན་ན་སྟེ་ཅི་ཡང་ སྦྱིན་མི་རིགས་ལ་དེར་མ་ཟད་ཆད་པས་གཅོད་པར་ཡང་བྱེད་རིགས་པ་དེ་བཞིན་དུ་ལུས་འདི་ལ་ཡང་གཅེས་སྤྲས་ཀྱིས་བཟའ་བཏུང་ལ་སོགས་པ་ཅི་དགོས་བསྟོད་གོས་ཅི་དགོས་བསྐོན་ཏེ་༌་འབད་རྩོལ་གྱིས་གསོ་སྐྱོང་བྱས་ཀྱང་མཐར་ཡིད་ཁྱོད་ལ་མི་དབང་བར་ངེས་
Page: 409 ༄༅། །པར་འབྲལ་ཞིང་ཤི་ནས་གཞན་དུ་འགྲོ་ན་ཁྱོད་ཀོའམ་ཁྱོད་ནི་དཀའ་ཚེགས་ཆེན་པོས་ཡོ་བྱད་བཙལ་ནས་ཅི་སྟེ་ཤ་ཐང་ཐང་དུ་གསོ་བར་བྱེད་དེ་དེ་ལྟར་གསོ་སྐྱོང་བྱེད་པ་ནི་ཆེས་མི་རིགས་པས་སོ། །འདིའི་རྩ་ཚིག་ལ་མི་བཏུབ་པའང་ཞེས་ དང་། མི་བཏུབ་ལའང་ཞེས་མི་འདྲ་བ་ཡོད་ལ་འང་གི་སྒྲས་བྲན་ལས་མི་བྱེད་པ་ལའང་ཟས་གོས་མི་སྟེར་ན་དགེ་བའི་ལས་མི་བྱེད་པའི་ལུས་ལ་ལྟ་ཅི་སྨོས་ཞེས་སྡུད་པའོ། །སྙིང་པོ་ལེན་ཕྱིར་རང་གཞན་གྱི་དོན་དུ་བཀོལ་ཚུལ་དངོས་ནི། དགོས་པའི་ལས་མི་བྱེད་ན་ བསྐྱུང་མི་རིགས་པའི་རྒྱུ་མཚན་དེས་ན་བྲན་གཡོག་ལ་གླ་རྔན་བྱིན་ནས་ལས་ལ་འཁོལ་བ་བཞིན་དུ་སྙིང་པོ་མེད་པའི་ལུས་འདི་ལ་ཁ་ན་མ་ཐོ་བ་མེད་པའི་ཟས་གོས་སོགས་འཚོ་བའི་རྐྱེན་ཅིའམ་རྐྱེན་སྨན་གྱི་གླ་རྔན་ཙམ་བྱིན་ནས་ནི་ད་ནི་ཡིད་ཁྱོད་ཀྱིས་མྱུར་དུ་རང་གི་ དོན་ཏེ་གཞན་དོན་དུ་བསོད་ནམས་དགེ་བའི་ལས་བྱེད་དུ་ཆུག་ཅིག རང་ངམ་གཞན་ལ་འཕྲལ་དང་ཡུན་དུ་ཕན་པའི་དོན་ཅུང་ཟད་ཀྱང་མེད་པར་ལུས་འདི་ལ་ནི་བཟའ་བཏུང་སོགས་མཁོ་ཚད་ཐམས་ཅད་སྦྱིན་པར་མི་བྱའོ་སྟེ་བྲན་སོགས་ལའང་ལས་ཅི་ཙམ་བྱས་པ་དེ་ ཚོད་ཀྱི་གླ་རྔན་ཙམ་བྱིན་རིགས་ཀྱི་ཁོ་རང་གིས་བསྒྲུབས་ཚད་ཐམས་ཅད་དང་མཁོ་ཚད་ཐམས་ཅད་སྦྱིན་མི་རིགས་པ་བཞིན་ནོ། །རང་གི་དོན་བྱེད་ཆུག་ཅེས་པ་ནི། མདོ་སྡེའི་རྒྱན་ལས། གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ། །ཞེས་པ་ལྟར་བྱང་ཆུབ་སེམས་ དཔས་སེམས་ཅན་གྱི་དོན་སྒྲུབ་པ་ཉིད་རང་གི་དོན་ཡིན་གྱི་དེ་ལས་གཞན་པའི་རང་གི་དོན་ཅི་ཡང་མེད་པས་དེ་ལྟར་གསུངས་སོ། །རྒྱུ་མཚན་དེའི་ཕྱིར་དཔེར་ན་འཇིག་རྟེན་ན་གྲུ་བཟང་པོ་ཉེ་བར་བསྡོགས་ནས་འཛིན་ཞིང་དེའི་ཟག་ལྷན་ལ་སོགས་བྱ་བ་ནི་ཆུ་ཆེན་པོའི་ཕ་
Page: 410 རོལ་ཏུ་འགྲོ་བ་དང་ཚུ་རོལ་ཏུ་འོང་བའི་རྟེན་ཙམ་ཡིན་པ་ལྟར་དུ། རང་གི་ལུས་འདི་ལ་ཡང་རང་གཞན་སྲིད་མཚོའི་ཕ་རོལ་ཏུ་བརྒལ་བ་དང་བརྒལ་ནས་ཀྱང་སེམས་ཅན་གྱི་དོན་སྒྲུབ་པ་སོགས་ཀྱི་རྟེན་དུ་གྲུ་བཟང་པོ་ལྟ་བུ་ཡི་བློ་ཉེ་བར་བཞག་སྟེ་ད་ལྟ་ནས་གྲུའི་ཟག་ལྷན་ ལྟར་ཟས་གོས་སོགས་ཀྱི་གླ་རྔན་ཙམ་བྱིན་ནས་རང་གཞན་ལ་གནོད་པའི་རྒྱུ་སྡིག་པའི་ལས་ལ་མི་བཀོལ་བར་བསམ་པ་སེམས་བསྐྱེད་དང་སྤྱོད་པ་ཕྱིན་དྲུག་སོགས་ཀྱི་དགེ་བའི་ལས་ལ་བཀོལ་ནས་སེམས་ཅན་གྱི་དོན་ཅི་ནུས་སུ་སྒྲུབ་པ་དང་། མཐར་ཐུག་དོན་གཉིས་མཐར་ ཕྱིན་པ་བསྒྲུབ་པའི་ཕྱིར་དུ་རྫོགས་པའི་སངས་རྒྱུས་ཀྱི་གཟུགས་སྐུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་ཀུན་འབྱུང་ལྟ་བུ་དེ་ཉིད་བསྒྲུབས་ནས་གདུལ་བྱ་གང་ལ་གང་འདུལ་གྱི་ནི་ལུས་སྣ་ཚོགས་སུ་བསྒྱུར་ནས་སྲིད་པའི་གནས་སུ་ཚུར་འོང་ནས་ནམ་མཁའ་ཇི་སྲིད་ཀྱི་བར་ དུ་འབད་མེད་ལྷུན་གྲུབ་ཀྱི་ཕྲིན་ལས་ཀྱི་སྒོ་ནས་སེམས་ཅན་དོན་སྒྲུབ་པར་གྱིས་ཤིག་ཅེས་རང་གི་ཡིད་ལ་གདམས་པ་སྟེ། ལུས་འདི་ནི་རང་གཞན་གྱི་དོན་དུ་བསོད་ནམས་མ་ཡིན་པ་ལས་ལྡོག་པ་དང་བསོད་ནམས་ལ་འཇུག་པའི་རྟེན་ཡིན་པས་འདི་ལ་བརྟེན་ནས་དཀར་ ནག་གི་ལས་ལ་འཇུག་ལྡོག་ཚུལ་བཞིན་དུ་བྱེད་པ་དང་། དེ་ལྟ་བུའི་ལམ་ཉམས་སུ་བླངས་ཏེ་སངས་རྒྱས་ཀྱི་གོ་འཕང་བསྒྲུབས་ནས་མཐར་སེམས་ཅན་གྱི་དོན་ལ་འཇུག་པའི་རྟེན་ཡང་དེ་ལ་བརྟེན་ནས་བྱེད་པ་ཡིན་པས་ན་གང་འདུལ་གྱི་ལུས་བཟུང་ནས་ནམ་མཁའ་ཇི་སྲིད་ བར་གཞན་དོན་ལ་འཇུག་དགོས་པའི་ཕྱིར་ལུས་ལ་གྲུའི་བློ་བཞག་ཅེས་གསུངས་ཏེ་འདིས་ལུས་ལ་སྙིང་པོ་ལེན་ཚུལ་དངོས་བསྟན་ཏོ། །དེ་ལྟར་ལུས་ལ་ཆགས་པ་སྤོང་བ་དང་སྙིང་པོ་ལེན་ཚུལ་བསྟན་པ་དེ་དག་ནི། བསླབ་བཏུས་སུ་རྡོ་རྗེ་རྒྱལ་མཚན་གྱི་མདོ་དྲངས་པ་
Page: 411 ༄༅། །ལས། སློང་བ་འོངས་པ་དག་ལ་རྣ་བའམ་སྣ་ཡོངས་སུ་གཏོང་བ་ན་བྱང་ཆུབ་སེམས་དཔས་སྤྱོད་པས་ཟིན་ཅིང་ཞེས་སོགས་དང་། སྙིང་པོ་མེད་པའི་ལུས་ལ་ལེགས་པར་བརྟགས་པའི་སྙིང་པོ་ལེན་པའི་སེམས་དང་མཐར་དུར་ཁྲོད་དུ་འགྲོ་ བར་ལུས་རྗེས་སུ་དྲན་པའི་ཡིད་ལ་བྱེད་པ་དང་། ས་གཞན་ལ་རག་ལས་པར་ཡིད་ལ་བྱེད་པ་དང་མི་རྟག་པ་ཉིད་ཀྱིས་ཟིན་པའི་ལུས་དང་གཞན་གྱི་ཟས་སུ་སེམས་པས་ལུས་ལ་སྤྱང་ཀི་དང་ཅེ་སྤྱང་དང་ཝ་དང་ཁྱིའི་ཟས་སུ་རྟོག་ཅིང་ཞེས་སོགས་གསུངས་པ་ལྟར་ དང་། རྒྱལ་པོ་ལ་གདམས་པ་ལས་ཀྱང་། ལུས་འདི་ས་གཏིང་འདྲ་སྟེ་ཆོག་མི་ཤེས། །མི་གཙང་ལས་བྱུང་མི་གཙང་ཕུང་བོ་ཡིན། །ན་རྒ་འཆི་སོགས་སྡུག་བསྔལ་ཀུན་གྱི་གནས། །ཤི་ནས་ལུས་པོར་ས་ཡི་ཕྱོགས་ཙམ་གཙོག །བྱ་དང་ཁྱི་སྤྱང་ལ་སོགས་ རྣམས་ཀྱིས་ཟ། །བསྙེན་བཀུར་འབད་ཀྱང་འཆི་བདག་སྲིན་པོས་འཕྲོག །མཁས་པས་སྨད་ཅིང་བླུན་པོ་ཆགས་པའི་གནས། །དེ་བས་མཁས་པ་སུ་ཞིག་ལུས་ལ་ཆགས། །ལུས་ཀྱི་ཕྱིར་ནི་ཡ་ངར་འཇུག་མི་བྱ། །འདི་ལ་གླ་རྔན་གོས་ཟས་བྱིན་ནས་སུ། །ཡུན་ གྱི་ཕན་ཕྱིར་བསོད་ནམས་གསོག་ཏུ་གཞུག །ཅེས་སོགས་གོང་དུ་བཤད་ཟིན་གྱི་དོན་དེ་དག་དང་འདྲ་བར་གསུངས་ལ། དཔས་བྱིན་གྱིས་ཞུས་པར། མི་ཉིད་ཤིན་ཏུ་རྙེད་དཀའ་རྙེད་པ་ལ། །ལུས་ཀྱི་ཕྱིར་ནི་སྡིག་པ་མ་བྱེད་ཅིག །འདི་ནི་དུར་ཁྲོད་པ་སྟེ་ཅེ་སྤྱང་ ཟས། །ལུས་ཀྱི་ཕྱིར་ནི་ཡ་ངར་མ་འཇུག་ཅིག །གཡོ་ལྡན་ལུས་ལ་སྲེད་པ་བསྐྱེད་ནས་ནི། །བྱིས་པ་རྟག་ཏུ་རྣམ་པར་རྨོངས་ཏེ་འཁྱམས། །ལུས་འདི་བྱས་པ་མི་གཟོ་ངོས་ཡིན་པས། །ཉིན་དང་མཚན་དང་སྡུག་བསྔལ་ཚོར་བ་མྱོང་། །རྟག་ཏུ་ནད་འདྲ་
Page: 412 སྡུག་བསྔལ་འཁྲུལ་འཁོར་ཏེ། །ལུས་འདི་ངན་སྐྱུགས་རྣམས་དང་མཆིལ་མས་གང་། །བཀྲེས་དང་སྐོམ་པས་རྟག་ཏུ་མངོན་པར་གཅེས། །མཁས་པ་སུ་ཞིག་ལུས་ལ་སྲེད་པ་སྐྱེད། །ཅེས་སོགས་གསུངས། དེ་བཞིན་དུ་དལ་འབྱོར་དང་ལྡན་པའི་ལུས་རྙེད་དཀའ་བ་དང་ རྙེད་ཀྱང་ལུས་སྲོག་མི་རྟག་ཅིང་སྙིང་པོ་མེད་པ་དང་སྙིང་པོ་མེད་པའི་ལུས་སྲོག་ལ་སྙིང་པོ་ལེན་དགོས་པའི་ཚུལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། མི་ལུས་རབ་ཏུ་རྙེད་པར་དཀའ་བ་ཡང་། །དེ་ནི་བདག་གིས་དཀའ་བས་ཐོབ་གྱུར་ཏེ། །ཞེས་སོགས་དང་། ལུས་ནི་ཉམས་ཆུང་མི་རྟག་མི་བརྟན་ཏེ། །དབུ་བ་རྡོས་དང་ཆུ་ཡི་ཆུ་བུར་འདྲ། །སྒྱུ་མ་ལྟ་བུར་གར་ལ་ལྟ་དང་མཚུངས། །རྨི་ལམ་མཐོང་དང་འདྲིད་པར་སྨྲ་བ་བཞིན། །སྲོག་ནི་ཡུན་ཐུང་ཚེ་ཡང་ཟད་པར་འགྱུར། །ཇི་སྲིད་སྤྲིན་དང་གློག་ནི་མི་གནས་ལྟར། །སྐད་ ཅིག་ཏུ་ནི་དེ་བཞིན་སྲོག་ཀྱང་འགྱུར། །སྙིང་པོ་མེད་ལ་སྙིང་པོ་ལེན་པར་བྱེད། །ཅེས་གསུངས་སོ། །གཉིས་པ་དགེ་བ་སྒྲུབ་པའི་ཐབས་ལ་མཁས་པར་བྱ་བ་ནི། དེ་ལྟར་རང་དབང་སོགས་ཏེ། དེ་ལ། འཕྲལ་གྱི་སྤྱོད་ལམ་ཞི་དུལ་བྱ་བ་ནི། གོང་དུ་བཤད་པ་དེ་ལྟར་ ལུས་ངག་གི་བྱ་བ་ཐམས་ཅད་ལ་སེམས་ཀྱིས་དབང་སྒྱུར་ནུས་པའི་རང་དབང་ཡོད་པར་གྱིས་ཏེ་སྤྱིར་དུས་རྟག་ཏུ་དང་ཁྱད་པར་གཞན་དང་ཕྲད་པ་ལྟ་བུའི་ཚེ་ལུས་ཀྱི་ཀུན་སྤྱོད་དགའ་བས་འཛུམ་པ་དང་བཅས་པའི་བྱད་བཞིན་གྱི་མདངས་དྭངས་ཤིང་གསལ་བ་ཉིད་དུ་གྱིས་ ལ། སྨིན་མ་གཉིས་དཔྲལ་བར་བསྡུས་པའི་ཁྲོ་གཉེར་ལྡན་པའི་ངོ་ཟུམ་ནག་པོ་ཡོངས་སུ་ཐོང་སྟེའམ་ཡོངས་སུ་དོར་ལ་འགྲོ་བའི་ཚོགས་ཐམས་ཅད་ལ་རྒྱུ་མེད་པར་ཡིད་གཅུགས་པས་ཕན་འདོགས་པའི་མཛའ་བཤེས་ཀྱི་ངང་ཚུལ་འཆང་བ་དང་། གཞན་གྱིས་མ་སྨྲས་པའི་
Page: 413 ༄༅། །སྔོན་དུ་ལེགས་པར་འོངས་སམ་ཞེས་བརྗོད་པ་ལ་སོགས་པའི་གསོང་བོར་སྨྲ་བའམ་རྒྱུན་པར་ཡིད་ཕེབས་པར་སྨྲ་བའི་གཏམ་གསོང་བོ་སྟེ་དྲང་ཞིང་བདེན་པའི་ཚིག་སྨྲ་བར་གྱིས་ཤིག་ཅེས་ངག་གི་ཀུན་སྤྱོད་དང་། ཁྲི་དང་ཁྲིའུ་ཆུང་དང་མལ་སྟན་ ལ་སོགས་པའི་ཡོ་བྱད་བཤམས་པ་དང་སྡུད་པ་སོགས་བྱེད་པའི་སྐབས་སུ་ཡང་མ་བརྟགས་པར་བབ་ཅོལ་དུ་རྟབ་རྟབ་པོར་ཤུགས་ཆེན་པོས་སྒྲ་དྲག་པོ་དང་བཅས་པར་གར་བབས་བབས་སུ་མི་དོར་རོ་ཞེས་ཏེ་གཞན་ལ་གནོད་པའི་རྒྱུ་སྤང་བ་དང་། ཁང་པའི་སྒོ་འབྱེད་པའི་ཚེ་ ཡང་བཙན་ཐབས་ཀྱིས་དྲག་ཏུ་ཕུལ་ཏེ་མི་དབྱེ་སྟེ་ནང་ན་གནས་པ་ལ་མི་དགའ་བ་སྐྱེད་པས་སོ། །མདོར་ན་དུས་རྟག་ཏུ་སྤྱོད་ལམ་ཐམས་ཅད་ཀྱི་སྐབས་སུ་ཡང་དྲག་རྡལ་དང་ཁེངས་དྲེགས་ཀྱི་སྤྱོད་པ་རྩུབ་མོ་མི་བྱ་བར་འུར་སྒྲ་དང་གཅོམ་བསྐྱུང་སྟེ་སྤྱོད་ལམ་ཀུན་ནས་ཞི་ཞིང་ འཇམ་པའི་སྒོ་ནས་གཞན་དགའ་ཞིང་མོས་འདུན་སྐྱེ་བར་འགྱུར་བ་དེ་ལྟ་བུ་བྱའོ་སྟེ་གཞན་མི་དགའ་བ་སྤོང་བ་དང་གཞན་བསམ་གཏན་སྒོམ་པའི་ཚེར་མ་སྤོང་བའི་ཐབས་སོ། །སྤྱོད་ལམ་འཇམ་པོ་བྱ་ཚུལ་དཔེས་བསྟན་པ་ནི། དཔེར་ན། ཆུ་སྐྱུར་ཏེ་ཉ་གསོད་པའི་བྱ་དང་བྱི་ལ་ དང་ཆོམ་རྐུན་བྱེད་པ་དག་གཅོམ་བསྐྱུང་ནས་འུར་སྒྲ་ཆེན་པོ་བྱེད་པ་མེད་པར་གཞན་གྱིས་མི་ཚོར་བོར་བྱས་ནས་དལ་བུས་འཇབ་ཅིང་འགྲོ་བ་ཡིས་རང་རང་གིས་མངོན་པར་འདོད་པའི་དོན་སོ་སོར་སྒྲུབ་ནུས་པ་ཡིན་གྱི་དེ་ལྟར་མ་བྱས་ན་སྒྲུབ་མི་ནུས་ལ། ཐུབ་པས་སྟེ་སྒོ་གསུམ་ འདུལ་སྦྱོང་བྱེད་པའི་དཀའ་ཐུབ་ཀྱི་བརྟུལ་ཞུགས་ཉེ་བར་བླངས་པའི་བྱང་སེམས་རྣམས་ཀྱིས་ཀྱང་རྟག་ཏུ་དེ་བཞིན་དུ་བག་ཡོད་པའི་སྒོ་ནས་སྤྱོད་ལམ་ཞི་ཞིང་དུལ་བ་ལ་སྤྱད་པར་བྱས་ནས་རང་གིས་མངོན་པར་འདོད་པ་ལྟར་གྱི་གཞན་གྱི་དོན་སྒྲུབ་པའི་ཐབས་ལ་མཁས་
Page: 414 པར་བྱའོ། །འདི་ནི་སྤྱོད་ལམ་འཇམ་པོའི་སྒོ་ནས་འདོད་པའི་དོན་སྒྲུབ་པའི་དཔེ་དོན་སྒྱུར་བ་ཙམ་ཡིན་ནོ། །དེ་དག་ནི་ལུས་ཀྱི་ཀུན་སྤྱོད་གཙོ་བོར་གྱུར་པའི་སྤྱོད་ལམ་ཐམས་ཅད་ཀྱི་སྐབས་སུ་ཉེས་པ་སྐྱེད་པའི་ཆོས་འགལ་གྱི་སྤྱོད་པ་རྣམས་སྤངས་ནས་ཆོས་མཐུན་གྱི་ སྤྱོད་པ་ལ་ལུས་ངག་བཀོལ་བའི་ཚུལ་ཡིན་ལ། ལུས་ངག་ལ་སྙིང་པོ་ལེན་པའི་ཐབས་ཀྱང་དེ་ཉིད་ཡིན་ནོ། །དེ་ལྟར་ཏིང་འཛིན་རྒྱལ་པོ་ལས། ཟླ་རྒྱས་བཞིན་འཛུམ་དུལ་བ་དང་། །རྒན་རབས་དང་ནི་གསར་བུ་ལ། །རྟག་ཏུ་གསོང་པོར་སྨྲ་བ་དང༌། །དེས་ཤིང་ང་རྒྱལ་མེད་ པར་བྱ། །ཞེས་དང་། ནོར་བུའི་ཕྲེང་བར་ཡང་། གལ་ཏེ་གཞན་དག་མཐོང་བའི་ཚེ། །ཞི་དེས་གསོང་པོར་སྨྲ་བ་དང་། །ཁྲོ་གཉེར་ངོ་ཟུམ་སྤང་བྱ་ཞིང་། །རྟག་ཏུ་འཛུམ་ཞིང་གནས་པར་བྱ། །ཞེས་པ་ལྟར་དང་། མདོར་ན་སྤྱོད་ལམ་ཀུན་ཏུ་སེམས་ཅན་གཞན་ཀུན་ གྱིས་བྱང་སེམས་རང་ཉིད་མཐོང་མ་ཐག་ཏུ་དགའ་ཞིང་འདུན་པར་འགྱུར་བའི་སྤྱོད་པ་ལ་སློབ་དགོས་ཏེ། བསླབ་བཏུས་ལས། སེམས་ཅན་འདུན་པར་བྱ་བ་དེ་ཉིད་བྱང་ཆུབ་སེམས་དཔའི་བྱ་བ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པ་ལས། བྱང་སེམས་མཐོང་དགས་ གསོལ་བ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཅི་ནས་སེམས་ཅན་རྣམས་ཀྱི་མཐོང་མ་ཐག་ཏུ་དགའ་བར་འགྱུར་བ་དེ་ལྟ་དེ་ལྟར་བསྒྲུབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བགྱི་བ་གཞན་མ་མཆིས་ཀྱི་སེམས་ཅན་ ཡོངས་སུ་སྨིན་པར་བགྱི་བར་བས་ཏེ་བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །ཞེས་གསུངས་པ་ལྟར་བསླབ་པར་བྱའོ། །ཕན་པའི་གདམས་ངག་ཕན་ཚུན་མཐུན་པར་སྒྲུབ་པ་ནི། གཞན་གྱིས་བཅོལ་བའམ་མ་བཅོལ་ཡང་
Page: 415 ༄༅། །རུང་གཞན་ལ་གཞེན་བསྐུལ་ཏེ་ཕ་རོལ་པོ་ཉེས་པ་ལས་འཆོས་པ་དང་འགྱོད་པ་སེལ་བ་དང་དགེ་སྦྱོར་ལ་བསྐུལ་བའི་ཆོས་མཐུན་གྱི་གྲོས་འདེབས་པ་ལ་རང་ཉིད་མཁས་པར་བྱས་ཤིང་། ངེད་ལ་གྲོས་འདེབས་གྱིས་ཤིག་ཅེས་གསོལ་བ་བཏབ་ནས་ རང་གིས་མ་བཅོལ་ཡང་གྲོགས་སོགས་གཞན་གྱིས་ཕན་སེམས་ཀྱི་སྒོ་ནས་རང་ལ་འདི་ཕྱི་ཀུན་ཏུ་ཕན་པར་བྱེད་པའི་གདམས་ངག་དང་རྗེས་སུ་བསྟན་པ་འདོམས་པར་བྱེད་པ་བྱུང་ན་དེ་དག་ལ་ཁྱད་གསོད་ཀྱིས་སུན་འབྱིན་མི་བྱེད་པར་བླ་མར་བཟུང་ནས་གུས་པ་དང་བཅས་པས་ལེགས་ སོ་ཞེས་སྤྱི་བོས་བླང་བར་བགྱིས་ཏེ་དུས་རྟག་ཏུ་ང་རྒྱལ་མེད་པའི་སྒོ་ནས་དེ་དག་ཀུན་གྱི་བཀའ་བཞིན་སྒྲུབ་པའི་སློབ་མ་ལྟ་བུར་གྱུར་པའི་ཚུལ་དུ་བྱེད་པ་སྟེ་མ་གུས་པ་དང་ང་རྒྱལ་སྤོང་བའི་ཐབས་སོ། །ཉོན་མོངས་པའི་གཉེན་པོར་གྱུར་ཅིང་སེམས་ལ་ཕན་པའི་གདམས་ངག་ དམ་པའི་ཆོས་ཀྱི་ཚིག་ལེགས་པར་སྨྲས་ནས་སྟོན་པ་ཐམས་ཅད་ལ་དེ་དང་དེ་དག་སེམས་མགུ་བར་བྱ་བའི་ཆེད་དུ་དགེ་བར་གསུངས་སོ་ཞེས་ཡི་རང་གི་སྒོ་ནས་བསྔགས་པའི་ཚིག་བརྗོད་པར་བྱ་ལ་གཞན་ཡོན་ཏན་དང་ལྡན་པ་ལ་བསྔགས་བརྗོད་བྱེད་པ་དང་བདེན་པའི་ཚིག་སྨྲ་བ་ དག་ལའང་དེ་ལྟར་དགེ་བར་གསུངས་སོ་ཞེས་བརྗོད་པར་བྱའོ། །དགེ་ལྷས་ཀུན་ཉོན་གྱི་གཉེན་པོར་གྱུར་པའི་ཚིག་ལེགས་པར་སྨྲས་ནས་སྟོན་པ་ནི། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ལས་བྱུང་བའམ་སངས་རྒྱས་ཀྱིས་གསུངས་པ་དང་ཁྱད་མེད་པས་དགེ་བར་གསུངས་ སོ་ཞེས་བརྗོད་དགོས་པར་གསུངས་སོ། །གཞན་དགེ་ལེགས་ལྡན་པ་དགའ་བར་བྱ་ཚུལ་ནི། ཕ་རོལ་པོ་དག་གིས་དཀོན་མཆོག་མཆོད་པ་སོགས་བསོད་ནམས་དགེ་བའི་ལས་བྱེད་པ་མཐོང་བར་གྱུར་ན་ལེགས་པར་བྱས་སོ་བྱ་བར་འོས་པ་བྱས་སོ་ཞེས་དངོས་སུ་བསྟོད་
Page: 416 ཅིང་བསྔགས་པས་བསོད་ནམས་བྱེད་པ་པོ་དེ་ཉིད་ལེགས་པར་དགའ་བ་དང་སྤྲོ་བ་བསྐྱེད་པར་བྱའོ་ཞེས་ཏེ་ལེགས་པར་སྨྲས་པ་སོགས་དེ་དག་ནི་ཕྲག་དོག་སྤོང་པའི་ཐབས་སོ། །རང་གིས་གཞན་གྱི་ཡོན་ཏན་བརྗོད་པའི་དུས་དངོས་སུ་བརྗོད་ན་ཁ་གསག་ཏུ་འགྱུར་གྱིས་དོགས་པའི་ཚེ་ལྐོག་ན་དེའི་ ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པར་བྱ་ཞིང་། གཞན་ལྷས་བྱིན་ལྟ་བུས་གཞན་མཆོད་སྦྱིན་ལྟ་བུའི་ཡོན་ཏན་བརྗོད་པ་རང་གིས་ཐོས་ན་ཡང་དེ་ལ་མི་དགའ་བས་འགལ་བའི་ཚིག་མི་སྨྲ་བར་དེ་དེ་བཞིན་ནོ་ཞེས་ལྷ་བྱིན་ལྟ་བུ་དེ་ཉིད་ཀྱི་རྗེས་སུ་མཐུན་པར་བརྗོད་ནས་དེའི་སེམས་དགའ་བར་བྱ་ ལ། གཞན་འགའ་ཞིག་གིས་མངོན་ལྐོག་གང་རུང་དུ་དགའ་ཞིང་སྤྲོ་བས་རང་གི་ཡོན་ཏན་བརྗོད་པ་ཐོས་ན་དེས་བརྗོད་པའི་ཡོན་ཏན་དེ་རང་ལ་ཡོད་མེད་ལེགས་པར་བརྟགས་ལ། གལ་ཏེ་ཡོད་ན་བརྗོད་པ་པོ་དེ་ཡོན་ཏན་ལ་རྗེས་སུ་ཆགས་ཤིང་གཞན་ཡོན་ཏན་ཅན་དུ་ཤེས་པར་ནུས་པའི་དག་སྣང་ ཅན་དུ་རིག་པར་བྱའི་དེས་རང་གི་སེམས་ཁེངས་ཤིང་རློམ་པར་མི་བྱ་སྟེ། དེ་དག་ནི་རིམ་པར་ཁ་གསག་དང་ཕྲག་དོག་དང་ང་རྒྱལ་སྤང་བའོ། །ཡང་ན་གོང་གི་བསོད་ནམས་བྱེད་པ་མན་ཆད་ཀྱི་དོན་འདི་ལྟར་འཆད་དེ། བསོད་ནམས་བྱེད་པ་མཐོང་ན་དངོས་སུ་དེ་ལ་བསྟོད་པར་བྱས་ནས་དེ་དགའ་ བར་བྱ་ཞིང་ལྐོག་ནའང་བསོད་ནམས་བྱེད་པ་དེའི་ཡོན་ཏན་བརྗོད་པར་བྱ་བ་དང་གཞན་གྱིས་བསོད་ནམས་བྱེད་པ་དེའི་ཡོན་ཏན་བརྗོད་ནའང་རང་གིས་ཀྱང་དེའི་རྗེས་སུ་མཐུན་པར་བརྗོད་པར་བྱའོ། །གཞན་འགས་རང་གི་ཡོན་ཏན་བརྗོད་ན་བརྗོད་པ་པོ་དེ་ཡོན་ཏན་གྱི་ཁྱད་པར་ཤེས་ནུས་པའི་ཡོན་ཏན་ཅན་དུ་རིག་པར་བྱ་ཞེས་ ཀྱང་གསུངས་སོ། །གཞན་ལ་གཞེན་བསྐུལ་འདེབས་པ་ལ་སོགས་པ་འདི་དག་ནི་ཆོས་དང་འགལ་བའི་ངག་གི་ཀུན་སྤྱོད་སྤངས་ནས་ཆོས་དང་མཐུན་པའི་སྤྱོད་པ་ལ་ངག་བཀོལ་ནས་དེ་ལ་སྙིང་པོ་ལེན་པའི་ཚུལ་ལོ། །གཞན་གྱི་ཡོན་ཏན་ལ་མི་བཟོད་པ་སྤང་བ་ནི། སྤྱིར་རང་གཞན་གྱིས་སྒོ་གསུམ་གྱི་བྱ་བ་ཅི་དང་ཅི་རྩོམ་པ་ཐམས་ཅད་རང་རང་གི་
Page: 417 ༄༅། །སྡུག་བསྔལ་སྤོང་ཞིང་དགའ་བདེ་བསྐྱེད་པའི་ཕྱིར་ཡིན་ལ། ཁྱད་པར་བྱང་ཆུབ་སེམས་དཔས་ནི་བྱ་བ་གང་རྩོམ་ཐམས་ཅད་གཞན་ཕ་རོལ་པོ་དགའ་ཕྱིར་ཏེ་དགའ་བ་བསྐྱེད་པའི་ཐབས་ཁོ་ནའི་ཕྱིར་ཡིན་ན་དེ་ལྟ་བུའི་རང་གཞན་གྱི་དགའ་བ་དེ་ནི་ ནོར་རྫས་ཆེན་པོ་བཏང་བའི་རིན་གྱིས་ཉོ་ནའང་ཤིང་ཏུ་དཀོན་པ་ཡིན་ལ་འང་གི་སྒྲས་རིན་མེད་ན་ལྟ་ཅི་ཞེས་པའོ། །དེ་ལྟ་བས་ན་གཞན་རང་རང་གིས་འབད་རྩོལ་གྱི་སྒོ་ནས་བསྒྲུབས་པར་བྱས་པའི་ཕུན་སུམ་ཚོགས་པའི་ཡོན་ཏན་སོ་སོའི་རྒྱུད་ལ་གང་དང་གང་ཡོད་པ་ དེ་རང་གིས་མཐོང་ཐོས་སུ་གྱུར་པའི་ཚེ་དེ་ལ་མི་དགའ་ཞིང་མི་བཟོད་པའི་ཕྲག་དོག་མི་བྱ་བར་དེ་དང་དེ་ལ་བསྔགས་པ་བརྗོད་ནས་དེའི་ཡོན་ཏན་གྱིས་རང་རྒྱུད་ལ་དགའ་བ་བསྐྱེད་ནས་དེ་ལྟ་བུའི་དགའ་བའི་བདེ་བ་ལ་རང་ཉིད་ཀྱིས་ལོངས་སྤྱད་པར་བྱ་རིགས་ཏེ། དེ་ནི་རིན་ གྱིས་ཉོ་མི་དགོས་པར་འབད་མེད་དུ་གནས་པས་སོ། །དེ་ལྟར་གཞན་གྱི་ཡོན་ཏན་ལ་དགའ་བར་བྱས་པས་ཕ་རོལ་པོ་དག་གི་སེམས་ལའང་དགའ་བ་དང་མགུ་བ་ཐོབ་ནས་དེ་དག་ཀྱང་ཚིམ་པར་འགྱུར་རོ། །ཚུལ་དེ་ལྟ་བུར་གཞན་གྱི་ཡོན་ཏན་ལ་ཕྲག་དོག་མི་བྱ་ བར་བསྟོད་ཅིང་དགའ་བར་བྱས་པས་ནི་བདག་ལ་ཚེ་འདིར་རང་རྒྱུད་ཀྱི་ཡོན་ཏན་དང་ལོངས་སྤྱོད་སོགས་ཅུང་ཟད་ཀྱང་གོད་པའམ་བརླག་ཅིང་ཉམས་པ་ནི་ཡོང་མེད་དེ་ཡོང་ཡེ་མེད་པའམ་རྣམ་པ་ཀུན་ཏུ་མེད་ལ་དེ་མེད་པར་མ་ཟད་འཇིག་རྟེན་ཕ་རོལ་ཏུ་ཡང་གཞན་གྱི་ ཕུན་སུམ་ཚོགས་པ་ལ་དགའ་ཞིང་ཡི་རང་བྱས་པའི་འབྲས་བུ་དགའ་བ་དང་བདེ་བ་རྒྱ་ཆེ་བ་ཐོབ་བོ། །ཡང་གི་སྒྲས་ཕྱི་མར་མ་ཟད་ཚེ་འདིར་ཡང་བསོད་ནམས་འཕེལ་ཞིང་དགའ་བདེ་མྱོང་ཞེས་བསྟན་ཏོ། །དེ་ལས་བཟློག་སྟེ་གཞན་གྱི་ཡོན་ཏན་ལ་མི་བཟོད་པའི་སྔར་
Page: 418 ཞུགས་དང་ཕྲག་དོག་བྱས་པའི་ཉེས་པས་ནི་ཚེ་འདིར་ཡང་རང་གི་སེམས་ལ་ཚོར་བ་མི་དགའ་བ་སྐྱེ་བ་དང་ལུས་ལ་ཚོར་བ་སྡུག་བསྔལ་ཆེན་པོ་འབྱུང་བར་འགྱུར་ཞིང་། དེར་མ་ཟད་འཇིག་རྟེན་ཕ་རོལ་ཏུ་ཡང་དེའི་འབྲས་བུ་མི་འདོད་པ་དང་སྡུག་བསྔལ་རྒྱ་ཆེ་བ་འབྱུང་། ཇི་སྐད་དུ། གཞན་ལ་གནོད་པ་ཕྲག་དོག་འདྲ་བ་མེད། །ཅེས་དང་། གཞན་ཡང་ཕྲག་དོག་གི་ཉེས་པ་དཔག་མེད་གསུངས་པའི་ཕྱིར་རོ། །སྨྲ་བ་དང་ལྟ་བའི་ཀུན་སྤྱོད་ཇི་ལྟར་བྱ་བ་ནི། གཞན་དང་ལྷན་ཅིག་གཏམ་སྨྲ་ན་ཡང་ཕན་ཚུན་སྙིང་ཐག་པ་ནས་ཡིད་ཆེས་ སུ་རུང་པའམ་ཡིད་ཆེས་པར་འོས་པའི་ཡིད་ཕེབས་པའི་ཚིག་སྨྲ་ཞིང་། དེ་ཡང་ཚིག་སྔ་ཕྱི་མི་འགལ་བའི་འབྲེལ་བའམ་སྐབས་དོན་དང་འབྲེལ་བ་དང་། གོ་སླ་ལ་ཐེ་ཚོམ་སེལ་བས་དོན་གསལ་ཞིང་ཡིད་ལ་འཐད་ཅིང་འབབ་པས་ཡིད་དུ་འོང་བ་དང་། དག་སྨྲ་བའི་སྐབས་ ཀྱི་ཀུན་སློང་འདོད་ཆགས་དང་ཞེ་སྡང་སྤངས་པའི་ཁ་ན་མ་ཐོ་བ་མེད་པ་དང་། ཚིག་འདི་ལ་རྒྱུ་དཔེར། རྣར་སྙན་སྙིང་རྗེའི་རྩ་བ་ཅན། །ཞེས་ཡོད་པར་གསུངས་ཏེ། ཉན་ན་རྣ་ཤེས་ཚིམ་པས་རྣར་སྙན་དང་ཞེ་སྡང་མེད་པའི་སྙིང་རྗེའི་རྒྱུ་མཐུན་ལས་བྱུང་བས་སྙིང་རྗེའི་རྩ་ བ་ཅན་ནོ། །ཚིག་རྩུབ་མོ་དང་མ་འབྲེལ་བས་འཇམ་ཞིང་མཉེན་པ་དང་ཇི་ཙམ་གྱིས་དོན་གོ་ནུས་པ་ལྟར་གྱི་ཚིག་མང་ཉུང་རན་པའམ་སྒྲ་མཐོ་དམན་འཚམས་ཤིང་རན་པར་བྱས་ནས་སྨྲ་བར་བྱའོ། །ཇི་སྐད་དུ། འཇིག་རྟེན་ཡིད་དུ་འོང་བའི་གཏམ། །རིགས་པས་དུས་ སུ་སྨྲ་བར་བྱ། །སྣ་ཚོགས་གཡེང་བར་འགྱུར་བའི་ཚིག །འཇིགས་པས་ནམ་ཡང་མི་སྨྲའོ། །ཞེས་གསུངས་ལ། བསླབ་བཏུས་ལས་ཀྱང་། མ་དང་བར་བྱེད་པའི་ཚིག་སྤང་བ་ནི། བློ་གྲོས་རྒྱ་མཚོས་ཞུས་པ་ལས། ཚིག་ཞུམ་པ་མེད་པ་ཡིན། ཚིག་རྩུབ་
Page: 419 ༄༅། །ཆུབ་པོ་མེད་པ་ཡིན། ཚིག་ནོག་ནོག་པོ་མེད་པ་ཡིན། འབར་བར་བྱེད་པའི་ཚིག་མེད་པ་ཡིན། ཅོ་འདྲི་བའི་ཚིག་མེད་པ་ཡིན། འདོད་ཆགས་ཀྱི་རྗེས་སུ་ཆགས་པའི་ཚིག་མེད་པ་ཡིན་ཞེས་སོགས་ཚིག་གི་སྐྱོན་དྲུག་ཅུ་རྩ་བཞི་དང་བྲལ་བ་དང་། ས་བཅུ་པའི་མདོ་ལས། ངག་གང་དག་ཡིད་དུ་མི་འོང་བ་སྙིང་ན་བར་བྱེད་ཅིང་གདུང་བར་བྱེད་པ་དང་། བདག་གི་རྒྱུད་དང་གཞན་གྱི་རྒྱུད་མ་རུངས་པར་བྱེད་པའི་ཚིག་གི་རྣམ་པ་དེ་ལྟ་བུ་སྤངས་ཏེ། ངག་འདི་འཇམ་པ་དང་། མཉེན་པ་དང་། ཡིད་དུ་འོང་བ་དང་། བརྫུན་མ་ པ་ཡིན་པ་དང་། རྣར་སྙན་པ་དང་། སྙིང་དུ་སྡུག་པ་དང་། ཞེས་སོགས་དང་། དེ་ཐ་ན་བཞད་གད་དུ་བྱ་བའི་ཚིག་ཡོངས་སུ་སྤང་བར་བྱ་བ་ཡང་ཡོངས་སུ་སྤོང་ན་ཚིག་གིས་གཞན་རྣམ་པར་གཡེང་བ་ལྟ་ཅི་སྨོས་ཞེས་སོགས་མང་དུ་གསུངས་སོ། །གཞན་ཡང་བཤེས་སྤྲིང་ལས། རྒྱལ་བས་སྙིང་ལ་འབབ་དང་བདེན་པ་དང་། །ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱི་ནི། །སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག །རྣམ་གསུམ་བཀའ་སྩལ་དེ་ལས་ཐ་མ་སྤང་། །ཞེས་རྒྱལ་བས་སྤྱིར་སྐྱེས་བུ་རྣམས་ཀྱི་ཚིག་རྣམ་པ་གསུམ་བཀའ་སྩལ་བ་སྟེ། སྙིང་ ལ་འབབ་ཅིང་སྙན་པ་དང་། བདེན་པ་དང་། ལོག་པར་སྨྲ་བ་བརྫུན་སོགས་ངག་གི་ཉེས་པ་རྣམས་ལས། དང་པོ་ནི་དགའ་བར་བྱེད་པ་སྦྲང་རྩི་ལྟ་བུ། གཉིས་པ་ནི་མཛེས་ཤིང་བསྔགས་པར་འོས་པ་མེ་ཏོག་ལྟ་བུ། གསུམ་པ་ནི་སྨད་འོས་མི་གཙང་བ་ལྟ་བུ་ཡིན་ལ། དེ་ དག་ལས་དང་པོ་གཉིས་བསྟེན་ཞིང་ཐ་མ་སྤང་བར་བྱའོ་ཞེས་གསུངས་པ་ལྟར་བསླབ་པར་བྱའོ། །གཞན་ཡང་རང་གི་མིག་གིས་གང་སྣང་བའི་ལམ་དུ་གྱུར་པའི་སེམས་ཅན་རྣམས་ལ་བལྟ་ན་ཡང་འདི་དག་ཁོ་ནའི་དོན་དུ་སེམས་བསྐྱེད་པ་དང་སྦྱིན་སོགས་ལ་བསླབ་པ་
Page: 420 ཉིད་ལ་བརྟེན་ནས་བདག་མཐར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་ཕན་འདོགས་པ་པོར་བསམ་ཞིང་དེ་དག་གི་སྐྱོན་ནས་བལྟ་བ་སོགས་འཁྱོག་པོ་གྱ་གྱུའི་སེམས་དང་གཡོའི་སེམས་མེད་པ་དང་དྲང་ཞིང་ཡིད་འོང་གི་བྱམས་པ་དང་འབྲེལ་བའི་ཚུལ་གྱིས་བལྟ་ བར་བྱའི་དུག་གསུམ་ང་རྒྱལ་ཕྲག་དོག་སོགས་དང་ལྡན་པས་བལྟ་བར་མི་བྱའོ། །རྒྱུ་དཔེར། ཀུན་ཏུ་འཐུང་བཞིན་བལྟ་བར་བྱ། །ཞེས་ཡོད་པར་བཤད་དེ་སྐོམ་པས་གདུངས་པ་ན་ཆུ་གྲང་མོ་འཐུངས་པས་སིམ་པར་བྱེད་པ་བཞིན་དུ་མཆོག་ཏུ་དགའ་བའི་སེམས་ཀྱིས་ བལྟ་བའོ། །སྡུད་པར། སངས་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་གང་། །འགྲོ་བ་ཀུན་ལ་སེམས་སྙོམས་ཕ་མའི་འདུ་ཤེས་དང་། །ཕན་པའི་སེམས་དང་བྱམས་པའི་ཡིད་ཀྱིས་བརྟུལ་བྱ་ཞིང་། །ཐ་བ་མེད་ཅིང་དྲང་ལ་ཚིག་འཇམ་སྨྲ་བར་བྱ། །ཞེས་དང་། སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་ལས་ཀྱང་། དངོས་དང་བརྒྱུད་པས་སེམས་ཅན་ཀུན། །ཉེ་དུ་འབྲེལ་བར་གྱུར་པས་ན། །ལུས་ངག་ཡིད་གསུམ་དྲི་མེད་པས། །དེ་དག་ཀུན་ལ་བུ་བཞིན་བལྟ། །སྙིང་རྗེས་བཞིན་འཛུམ་གསོང་པོར་སྨྲ། །དགའ་བའི་མིག་ གིས་ཀུན་ལ་བལྟ། །འཁོར་གྲོགས་མཐོ་དམན་ཉེ་རིང་སྙོམས། །ཞེས་སོགས་དང༌། ནོར་ཕྲེང་དུའང་། བླ་མ་མཁན་པོ་མཐོང་བའི་ཚེ། །གུས་པས་རིམ་གྲོ་བསྐྱེད་པར་བྱ། །གང་ཟག་ཆོས་ཀྱི་མིག་ཅན་དང་། །ལས་དང་པོ་བའི་སེམས་ཅན་ལ། །སྟོན་ པའི་འདུ་ཤེས་བསྐྱེད་པར་བྱ། །སེམས་ཅན་ཐམས་ཅད་མཐོང་བའི་ཚེ། །ཕ་མ་བུ་ཚའི་འདུ་ཤེས་བསྐྱེད། །ཅེས་སོ། །ཚུལ་དེ་ལྟ་བུའི་སྨྲ་བ་དང་ལྟ་བའི་ཀུན་སྤྱོད་ལ་གནས་ན་གཞན་དོན་ཡང་རང་གི་ངང་གིས་བྱེད་ནུས་པར་འགྱུར་བར་གསུངས་སོ། །དེ་ལྟར་
Page: 421 ༄༅། །རང་དབང་ཡོད་ཀྱིས་དེ་ནས་འདིའི་བར་ནི་གནས་སྐབས་ཐམས་ཅད་དུ་བྱ་བའི་སྤྱོད་པ་སྟོན་པ་ཡིན་ལ། འདི་ནས་དགེ་བ་ཁྱད་པར་དུ་འཕགས་པ་ལ་འཇུག་པའི་སྤྱོད་པ་སྟོན་ལ། དེ་ལའང་དགེ་བ་སྟོབས་ལྡན་ངོས་བཟུང་བ་ནི། དུས་ ཀྱི་ཁྱད་པར་རྟག་པར་རྒྱུན་དུ་བྱ་བ་དང་། ཀུན་སློང་གི་ཁྱད་པར་ལ་འདི་བྱ་དགོས་སྙམ་ནས་ཡང་ཡང་ཡི་དམ་དུ་བྱས་པའི་མངོན་ཞེན་གྱིས་བསླངས་པའི་འདུན་པ་ཤུགས་དྲག་པོ་ཉིད་ཀྱིས་བྱ་བའམ་ཡང་ཆགས་པའི་གཉེན་པོར་མ་ཆགས་པ་དང་བདེན་འཛིན་གྱི་གཉེན་ པོར་སྟོང་ཉིད་སྒོམ་པ་སོགས་ཀྱི་གཉེན་པོ་ཡིས་ནི་ཀུན་ནས་བསླངས་པ་ཉིད་དང་། ཡུལ་གྱི་ཁྱད་པར་ལ་དཀོན་མཆོག་གསུམ་སོགས་ཡོན་ཏན་གྱི་ཞིང་ཁྱད་པར་ཅན་དང་ནི་ཕ་མ་དང་ཆོས་སྨྲ་སོགས་ཕན་འདོགས་པའི་ཞིང་དང་ནད་པ་དང་དབུལ་ཕོངས་སོགས་སྡུག་བསྔལ་ བའི་ཞིང་སྟེ་དེ་རྣམས་ལ་མཆོད་པ་དང་སྦྱིན་པ་ལ་སོགས་པའི་དགེ་རྩ་བསགས་པ་ནི་དངོས་པོ་ཆུང་ངུ་དང་དུས་ཡུན་ཐུང་ངུའི་སྒོ་ནས་བྱས་པ་ཡིན་ཀྱང་འབྲས་བུ་རྒྱུ་ཆེན་པོ་དང་ཡུན་རིང་པོའི་བར་དུ་འབྱུང་བའི་རྒྱུར་གྱུར་པའི་དགེ་བ་སྟེ་དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་དགེ་བ་ ནི་ཁྱད་པར་དེ་དག་དང་བྲལ་བའི་དགེ་བ་ལས་ཆེས་ཁྱད་པར་དུ་འཕགས་པའི་དགེ་རྩ་ཤིན་ཏུ་སྟོབས་ཆེན་དུ་འགྱུར་ལ། མི་དགེ་བ་ལའང་དེ་དག་འདྲ་བར་གསུངས་པས་མི་དགེ་བའི་ཕྱོགས་ཐམས་ཅད་སྤང་ཞིང་དགེ་བ་སྟོབས་ལྡན་གསོག་པ་ལ་འབད་པར་བྱ་སྟེ། བཤེས་ སྤྲིང་ལས། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་ལས་དགེ་བ་སྤྱོད་ལ་བརྩོན་པར་བགྱི། །ཞེས་གསུངས། དེའི་དོན་ནི། ལས་དེ་དུས་རྟག་པར་བྱེད་པ་སྦྱོར་བའི་
Page: 422 ཁྱད་པར། དད་སོགས་དང་ཆགས་སོགས་མངོན་ཞེན་དྲག་པོས་བྱེད་པ་བསམ་པའི་ཁྱད་པར། ལས་དེ་ལ་འཇོམས་བྱེད་ཀྱི་གཉེན་པོ་མེད་པ་གཉེན་པོའི་ཁྱད་པར། ཕན་འདོགས་ཀྱི་གཞི་ཕ་མ་སོགས་དང་ཡོན་ཏན་གཙོ་བོར་ལྡན་པའི་གཞི་མཆོག་གསུམ་ལྟ་བུ་སྟེ་ གཞིའི་ཁྱད་པར་གཉིས་སོ། །དེ་ལྟར་ཁྱད་པར་གྱི་ཆོས་ལྔ་དང་ལྡན་པའི་ལས་ནི། དགེ་མི་དགེ་གང་ཡིན་ཀྱང་འབྲས་བུ་ངེས་པར་འབྱིན་པ་དང་མང་པོ་འབྱིན་པའི་ཕྱིར་ལས་ཆེན་པོ་ཞེས་བྱ་ལ། དེ་ལྟར་དགེ་མི་དགེ་གཉིས་ལས་མི་དགེ་བ་ཆེན་པོ་སྤངས་ཏེ་དགེ་བ་ཆེན་ པོ་ལ་བརྩོན་པར་བགྱིའོ་ཞེས་པའོ། །དགེ་བའི་ལས་རྣམས་རང་སྟོབས་ཀྱིས་བྱ་དགོས་པ་ནི། དགེ་མི་དགེ་སྟོབས་ཆེ་ཆུང་གི་ཁྱད་པར་དང་དེ་དག་གི་བླང་དོར་བྱ་ཚུལ་ལ་མཁས་ཤིང་། དགེ་བ་གསོག་པ་ལ་དད་པ་དང་ལྡན་པའམ་ཡང་ན་དེ་ལ་ཡིད་སྤྲོ་བའི་དགའ་བ་དང་ ལྡན་པ་དང་། ཡང་དཔེ་ཁ་ཅིག་ཏུ། མཁས་ཤིང་ལྡང་དང་ལྡན་ཞེས་ཡོད་པས་ལེ་ལོ་སྤངས་པའི་ལྡང་བ་ཡང་བའི་བརྩོན་འགྲུས་དང་ལྡན་པ་སྟེ་སྔ་མ་དགའ་བ་དང་ལྡན་པ་དང་དོན་གཅིག་གོ ། གང་ལྟར་ཡང་དེ་ལྟའི་ཡོན་ཏན་དང་ལྡན་པར་བྱས་ནས་རང་གཞན་ལ་ ཕན་བདེ་སྐྱེད་པའི་རྒྱུར་གྱུར་པའི་དགེ་བའི་ལས་རྣམས་བྱེད་པ་ལ་གཞན་གྱིས་བསྐུལ་མི་དགོས་ཤིང་གྲོགས་བྱ་མི་དགོས་པར་བྱང་ཆུབ་སེམས་དཔའ་བདག་གིས་ཏེ་རང་ཉིད་གཅིག་པུ་ཁོ་ནས་དུས་རེས་འགའ་བ་མ་ཡིན་པར་རྟག་ཏུ་བརྗེད་པ་མེད་པར་དགའ་སྤྲོའི་ ཤུགས་དྲག་པོ་དང་བཅས་པའི་བརྩོན་འགྲུས་ཀྱི་སྒོ་ནས་དགེ་བ་ཁྱད་པར་དུ་འཕགས་པ་བསྒྲུབ་པར་བྱ་བ་ཡིན་གྱི། དགེ་བའི་ལས་རྣམས་ཀུན་བྱེད་པ་ལ་སློབ་དཔོན་ལྟ་བུའི་བསྐུལ་བ་པོ་དང་། སློབ་མ་ལྟ་བུའི་བྱེད་པ་པོ་གཞན་ནམ་རང་གིས་མི་བྱེད་པར་གྲོགས་
Page: 423 ༄༅། །གཞན་ཁོ་ནར་བྱེད་དུ་འཇུག་པ་ལྟ་བུའི་གཞན་སུ་ལ་ཡང་ལྟོས་པར་བྱ་བ་མ་ཡིན་ནོ། །བློ་གྲོས་མི་ཟད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ནི་གཅིག་པུ་གཉིས་སུ་མེད་ཅིང་གྲོགས་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་གོ་ཆ་གྱོན་ཏེ་དེ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཡོངས་སུ་ཟིན་པའི་ལྷག་པའི་བསམ་པས་ཕ་རོལ་གྱི་སྐབས་མི་འབྱེད་པར་བདག་ཉིད་བྱེད་དོ། །རང་གི་སྟོབས་ཀྱིས་འཕགས་སོ། །ཞེས་སོགས་དང་། མདོ་སྡེའི་རྒྱན་ལས་ཀྱང་། སློབ་དཔོན་བརྩེ་ཆེན་རྟག་ཏུ་བསྟེན་པའི་ བདག །ཕ་རོལ་སྡུག་བསྔལ་དག་གིས་སེམས་གདུངས་པ། །གཞན་གྱི་བྱ་བ་ཉེ་བར་གནས་པ་ལ། །གཞན་གྱིས་བསྐུལ་བ་ཤིན་ཏུ་ངོ་ཡང་ཚ། །ཞེས་སོགས་གསུངས་པ་ལྟར་རོ། །འོན་ཀྱང་གཞན་དགེ་བ་ལ་མི་སྦྱོར་བར་ཐལ་བའི་ཉེས་པ་མེད་དེ་དགེ་བ་ལ་སྦྱར་དུ་རུང་ བའི་གྲོགས་རྣམས་སྦྱོར་བས་སོ་ཞེས་ཀྱང་གསུངས་སོ། །སྦྱིན་སོགས་ལ་སློབ་ཚུལ་དམིགས་བསལ་དང་བཅས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཕར་ཕྱིན་དྲུག་པོ་རྣམས་ནི་ཕྱི་མ་ཕྱི་མ་ལ་ལྟོས་ན་སྔ་མ་སྔ་མ་རྣམས་དམན་ཞིང་སྔ་མ་སྔ་མ་རྣམས་ལ་ལྟོས་ ན་ཕྱི་མ་ཕྱི་མ་རྣམས་མཆོག་ཏུ་གྱུར་པའི་སྒོ་ནས་གོང་ནས་གོང་དུ་ཁྱད་ཞུགས་པ་སྟེ་ཁྱད་པར་དུ་འཕགས་པ་ཡིན་པས་ཉམས་སུ་ལེན་པའི་དུས་སུ་གོང་མ་གོང་མ་གཙོ་བོར་བཟུང་ནས་སྤྱད་པར་བྱ་ཞིང་། སྦྱིན་པ་ལྟ་བུ་དམན་པའམ་ཆུང་ངུའི་ཕྱིར་ན་ཚུལ་ཁྲིམས་ལྟ་བུ་ མཆོག་ཏུ་གྱུར་པའམ་ཆེ་བ་མི་གཏང་བ་སྟེ་མི་དོར་ཏེ། དབྱིག་གཉེན་གྱིས། རྒྱ་མཚོ་དང་ནི་གླང་རྗེས་ཀྱི། །ཁྱད་པར་དག་ནི་གང་ཡིན་པ། །སྦྱིན་པ་དང་ནི་ཚུལ་ཁྲིམས་ཀྱི། །ཁྱད་པར་དག་ནི་དེ་ཡིན་ནོ། །གང་ཞིག་དགའ་བའི་སེམས་ཀྱིས་ནི། །ལོ་བརྒྱར་
Page: 424 སྦྱིན་པ་བྱིན་པ་བས། །གང་ཞིག་ཉིན་གཅིག་ཚུལ་ཁྲིམས་དག །བསྲུངས་པ་དེ་ནི་ཁྱད་པར་འཕགས། །སྦྱིན་པ་ཤན་པ་རྣམས་དང་ནི། །རིགས་ངན་དག་ཀྱང་སྦྱིན་པར་བྱེད། །གང་ཡང་རུང་བའི་ཚུལ་ཁྲིམས་ནི། །ཡོངས་སུ་བསྲུང་བར་མི་ནུས་སོ། །ཞེས་སོ། ། དེའི་ཤུགས་ལ་གཉིས་ཀ་ཅིག་ཅར་དུ་སྒྲུབ་མི་ནུས་པར་ནང་འདོམ་ན་ཆེན་པོ་བསྲུང་བའི་ཕྱིར་ཆུང་དུ་བཏང་དགོས་པར་བསྟན་ཏེ་དེ་ནི་སྤྱིར་བཏང་བའི་དབང་དུ་བྱས་པའོ། །འོ་ན་སྔར། འདི་ལྟར་སྦྱིན་པའི་དུས་དག་ཏུ། །ཚུལ་ཁྲིམས་བཏང་སྙོམས་བཞག་པར་གསུངས། ། ཞེས་བཤད་པ་དང་མི་འགལ་ལམ་ཞེ་ན། ཚེ་ཆུང་དང་མཆོག་དམན་གྱི་ཁྱད་པར་ཡང་སྤྱིར་དགེ་བ་ཆེ་ཆུང་གི་དབང་དུ་བྱས་ན་གོང་དུ་བཤད་པ་ལྟར་སྦྱིན་སོགས་སྔ་མ་རྣམས་ཕྱི་མ་རྣམས་ལ་ལྟོས་ན་ཆུང་བའམ་དམན་པ་དང་། ཕྱི་མ་རྣམས་སྔ་མ་རྣམས་ལ་ལྟོས་ན་ཆེན་པོའམ་ མཆོག་ཡིན་པས་གོང་མ་གཙོ་བོར་བཟུང་ནས་སྤྱད་དགོས་པར་གསུངས་ཀྱང་། དམིགས་བསལ་དགོས་པ་ཆེ་ཆུང་གི་དབང་དུ་བྱས་ན་གཙོ་ཆེར་གཞན་གྱི་དོན་དུ་འགྱུར་མི་འགྱུར་བརྟགས་ལ། རང་དོན་དང་གཞན་དོན་གང་རུང་ཞིག་བྱས་པས་ཅིག་ཤོས་ཉམས་པར་འགྱུར་ བ་ལྟ་བུའི་སྐབས་སུ་གཞན་དོན་གཙོ་བོར་བྱ་བ་དང་། གཞན་དོན་དུ་འགྱུར་བའི་སྦྱིན་པ་རྒྱ་ཆེན་པོ་འགྲུབ་ན་རང་དོན་གྱི་ཚུལ་ཁྲིམས་བཏང་སྙོམས་སུ་བྱ་བ་གོང་དུ་བཤད་པ་ལྟར་དང་། གཞན་ཐག་རིང་ནས་ཆོས་དོན་དུ་གཉེར་བ་མང་པོ་འོང་བ་རྣམས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ ཆེན་པོ་བྱ་ནུས་ན་རང་གིས་བསམ་གཏན་སྒོམ་པ་བཏང་སྙོམས་སུ་བྱས་ནས་བསམ་གཏན་ལས་ལངས་ཏེ་ཆོས་ཀྱི་སྦྱིན་པ་བྱ་དགོས་པར་བློ་གྲོས་མི་ཟད་པའི་མདོ་ལས་གསུངས་པ་ལྟ་བུ་སྟེ་གཞན་དོན་དུ་འགྱུར་བ་དེ་ཆེན་པོའམ་མཆོག་ཏུ་བསམ་མོ་ཞེས་ཏེ་མཆོག་ཏུ་ཤེས་
Page: 425 ༄༅། །ནས་དེ་གཙོ་བོར་སྤྱད་དགོས་སོ་ཞེས་པའོ། །རང་གིས་བསམ་གཏན་སྒོམ་པ་བཏང་ནས་ཆོས་དོན་གཉེར་བ་ལ་ཆོས་སྟོན་པ་གཙོ་བོར་བྱ་དགོས་པའི་རྒྱུ་མཚན་ནི། ཆོས་དོན་དུ་གཉེར་བ་ལ་ཆོས་ཡོད་བཞིན་དུ་མི་སྟེར་ན་བྱང་ཆུབ་སེམས་དཔའི་རྩ་ལྟུང་ དུ་གསུངས་པའི་ཕྱིར་རོ། །དེས་གཞན་དོན་དུ་མི་འགྱུར་བ་དེ་ཆུང་ངུའམ་དམན་པ་ཡིན་པའང་དོན་གྱིས་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེས་ན་སྦྱིན་པ་ཚུལ་ཁྲིམས་གཉིས་ལས་སྤྱིར་ཚུལ་ཁྲིམས་མཆོག་ཡིན་ཡང་དམིགས་བསལ་སྦྱིན་པ་བཏང་བས་གཞན་དོན་ ཆེན་པོར་འགྱུར་ན་དེ་ཉིད་མཆོག་ཏུ་བརྩི་དགོས་ཏེ་གསེར་དང་ལྕགས་ཀྱི་དཔེ་ལྟ་བུ་ཡིན་པར་བཤད་པས་སོ། །དེ་ཡིན་ཏེ་དེ་གཉིས་ལ་སྤྱིར་གསེར་མཆོག་ཡིན་ཡང་གསེར་ཧ་ཅང་ཆུང་ཞིང་ལྕགས་ཧ་ཅང་ཆེ་ན་ལྕགས་མཆོག་ཏུ་བྱེད་རིགས་པ་ལྟར་རོ། །དེ་ལྟར་ན་ཚུལ་ ཁྲིམས་ཆུང་ངུའི་ཕྱིར་སྦྱིན་པ་ཆེན་པོ་མི་དོར་བ་འདིར་དམིགས་བསལ་དུ་བསྟན་ཏོ། །དེ་ཡང་རང་རྒྱུད་དག་བྱེད་ཀྱི་ཚུལ་ཁྲིམས་སྲུང་བ་དང་གཞན་དོན་དུ་སྦྱིན་པ་གཏོང་བ་གཉིས་ཀ་མཉམ་དུ་སྒྲུབ་ནུས་ན་དེ་ལྟར་སྒྲུབ་དགོས་ལ་མི་ནུས་པ་དང་ནང་འདོམ་ན་ཆེན་པོ་བསྲུང་ བའི་དོན་དུ་ཆུང་ངུ་བཏང་སྙོམས་སུ་བྱ་དགོས་པར་བསྟན་ཏེ་དེས་གཞན་ལ་རིགས་བསྒྲེའོ། །འོན་ཀྱང་སྔར་སྦྱིན་པའི་དུས་སུ་ཚུལ་ཁྲིམས་བཏང་སྙོམས་སུ་བྱ་བར་གསུངས་པ་ནི་རགས་པ་སྦྱིན་པ་ལ་སློབ་ནུས་ཀྱི་ཕྲ་བ་ཚུལ་ཁྲིམས་ལ་སློབ་མི་ནུས་པ་ལྟ་བུས་རིམ་གྱིས་ སློབ་པའི་ཚེ་སྦྱིན་པ་གཙོ་བོར་བྱས་ནས་རེ་ཞིག་ཚུལ་ཁྲིམས་བཏང་སྙོམས་སུ་བྱ་བའི་དོན་ཡིན་པ་གཙོ་བོར་སྟོན་པས་འདིར་བཤད་པ་དང་མི་འགལ་ལོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་སློབ་ཚུལ་ལ་གསུམ། གཞན་དོན་ལྷུར་ལེན་པ། ཟང་ཟིང་
Page: 426 དང་ཆོས་ཀྱིས་བསྡུ་བ། ཕ་རོལ་གྱི་མ་དད་པ་བསྲུང་བའོ། །དང་པོ་ནི། དེ་ལྟར་རིག་བྱས་སོགས་ཏེ། སྔར་བཤད་པ་དེ་ལྟར་སྤྱིར་བླང་དོར་གྱི་གནས་རྣམས་དང་ཁྱད་པར་སྦྱིན་སོགས་མཆོག་དམན་གྱི་ཁྱད་པར་དང་དགོས་པ་ཆེ་ཆུང་གི་ཁྱད་པར་བསྟན་པ་རྣམས་ ཇི་ལྟ་བ་བཞིན་དུ་རིག་པའམ་ཤེས་པར་བྱས་ནས་གཞན་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་སྒྲུབ་པ་ཁོ་ན་གཙོ་བོར་བཟུང་ནས་དེ་ལ་དུས་རྟག་ཏུ་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་ནས་བརྩོན་འགྲུས་ཁྱད་པར་དུ་འཕགས་པ་དང་ལྡན་པར་བྱས་ནས་གནས་པར་བྱ་དགོས་སོ། ། དེ་ལྟར་གཞན་དོན་གཅོ་བོར་བྱས་ཏེ་སྦྱིན་སོགས་ཀྱི་བྱ་བ་སྣ་ཚོགས་པའི་སྒོ་ནས་སེམས་ཅན་གྱི་དོན་སྒྲུབ་པ་ལ་འབད་ཅིང་ཚུལ་ཁྲིམས་བཏང་སྙོམས་སུ་བྱས་ནས་བཀག་པ་སོགས་ལའང་ཞུགས་ན་རང་ལ་ཚུལ་ཁྲིམས་དང་འགལ་བའི་ཉེས་པས་གོས་ནས་ལྟུང་བར་མི་ འགྱུར་རམ་ཞེ་ན། ཐུགས་རྗེ་ཆེས་མཆོག་ཏུ་གྱུར་པ་མངའ་བ་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱིས་རྟོགས་དཀའ་བས་རིག་པ་ལྐོག་གྱུར་གྱི་གནས་རྣམས་ཀྱང་མངོན་སུམ་དུ་གཟིགས་པས་རང་དོན་གཙོ་བོར་བྱེད་པའི་བློ་དམན་ཉན་ཐོས་སོགས་ལ་སྲོག་ གཅོད་དང་མི་ཚངས་སྤྱོད་སོགས་ལུས་ངག་གི་མི་དགེ་བདུན་ལྟ་བུ་ཐེག་པ་ཐུན་མོང་གི་མདོ་སྡེ་རྣམས་སུ་བཀག་ནས་བསྟན་པ་རྣམས་ཀྱང་རང་དོན་གྱི་ཞེན་འཁྲིས་ཀྱིས་མ་གོས་ཤིང་སྙིང་རྗེ་ཆེན་པོའི་དབང་གིས་གཞན་དོན་འབའ་ཞིག་གཙོ་བོར་བྱེད་པའི་བྱང་སེམས་ བདག་ཉིད་ཆེན་པོ་དེ་རྣམས་ལ་གནང་བས་དེ་དག་ལ་སྤྱད་ཀྱང་ཉེས་པ་དང་ལྟུང་བར་མི་འགྱུར་བར་མ་ཟད་ཚོགས་ཆེན་པོ་མྱུར་དུ་རྫོགས་པའི་རྒྱུར་འགྱུར་ཏེ། ཐབས་ལ་མཁས་པའི་མདོར། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་དམྱལ་བར་ལྟུང་བ་ལས་
Page: 427 ༄༅། །བསྐྱབ་པའི་ཕྱིར་དུ་དེ་བསད་པས་བསྐལ་པ་འབུམ་གྱི་འཁོར་བ་ཕྱིར་བསྙིལ་བར་གསུངས་པ་དང་། བྲམ་ཟེའི་ཁྱེའུ་སྐར་མས་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད་པའང་ཚོང་དཔོན་གྱི་བུ་མོ་ཆགས་པས་གཟིར་ནས་འཆི་བ་ལ་ ཐུག་པའི་སྡུག་བསྔལ་མྱོང་བ་མཐོང་ནས་དེ་ལས་བསྐྱབ་པའི་ཆེད་དུ་སྙིང་རྗེ་སྐྱེས་ཏེ་བདག་སེམས་ཅན་དམྱལ་བར་སོང་ཡང་སྡུག་བསྔལ་བཟོད་ཀྱི་བུད་མེད་འདི་ཤིར་འོང་གིས་བདེ་བར་གྱུར་ཅིག་སྙམ་ནས་མི་ཚངས་པར་སྤྱད་པས་བསྐལ་པ་ཁྲིའི་ཚོགས་རྫོགས་ནས་ འཁོར་བ་ཕྱིར་བསྙིལ་བར་གསུངས་པའི་ཕྱིར་དང་། སླབ་བཏུས་གུ་མདོ་དེ་ཉིད་དྲངས་པའི་མཇུག་ཏུའང་། རིགས་ཀྱི་བུ་ཡོངས་སུ་བརྟག་པ་བཟུང་ནས་གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ལྟུང་བའི་རྩ་བ་བཞི་པོ་ཐམས་ཅད་ཞིག་པར་གྱུར་ཀྱང་ཐབས་ལ་ མཁས་པ་འདིས་སེལ་བར་བྱེད་པ་ལྟ་ན་བྱང་ཆུབ་སེམས་དཔའ་ལ་ལྟུང་བར་མི་འགྱུར་བར་ང་སྨྲའོ་ཞེས་གསུངས་སོ། །ཞེས་དང་། འདི་ནི་དཀོན་མཆོག་སྤྲིན་ལས་ཀྱང་གསལ་བ་ཉིད་དེ་མཚམས་མེད་པ་བྱེད་པར་འདོད་པའི་མི་གསད་པར་གནང་བའི་ཕྱིར་རོ། །ཉན་ ཐོས་ཀྱི་འདུལ་བ་ལས་ཀྱང་། རྩ་བའི་ལྟུང་བའི་གནས་ཉིད་ལ་སྙིང་རྗེ་བས་རི་དྭགས་སོགས་བཏང་བ་ལ་ཉེས་པ་མེད་པར་གསུངས་སོ། །ཞེས་འབྱུང་བའི་ཕྱིར་རོ། །ཡང་རྒྱ་འགྲེལ་རྣམས་ལྟར་ན་ཐུགས་རྗེ་མངའ་བ་རིང་གཟིགས་པ་ནི་གཞན་དོན་ཁོ་ན་ལ་གཟིགས་ པའི་བྱང་སེམས་ཆེན་པོ་ལུས་ངག་གི་མི་དགེ་བ་བདུན་གནང་བའི་ཡུལ་དུ་གྱུར་པ་དེ་ཉིད་ལ་བྱ་དགོས་སོ། །དེས་ན་བྱང་སེམས་ལ་སྲོག་གཅོད་སོགས་བདུན་གནང་ཚུལ་འཆད་པ་ལ། རྟེན་གྱི་ཁྱད་པར་ནི། བསླབ་བཏུས་འགྱུར་རྙིང་དུ། ས་མ་ཐོབ་པ་ཕ་རོལ་དུ་
Page: 428 ཕྱིན་པ་དྲུག་ལ་སྤྱོད་པ་ལ་འདི་བསམ་པར་བྱའི་གཞན་ལ་ནི་མ་ཡིན་ནོ་ཞེས་འབྱུང་ལ། འགྱུར་གསར་ལས་ས་ཐོབ་པ་ཞེས་གསུངས་ནའང་སྔ་མ་ལྟར་འཐད་པར་གསུངས། འོན་ཀྱང་ས་མ་ཐོབ་པའི་ཕྱིན་དྲུག་ལ་སྤྱོད་པ་ཙམ་གྱིས་མི་ཆོག་གི་དེ་ལྟའི་བྱང་སེམས་ བསྐལ་པ་དུ་མར་ལམ་ལ་གོམས་པ་སྔོན་དུ་སོང་བ། ཐབས་མཁས་དང་སྙིང་རྗེ་ཆེན་པོ་སྟེ་ཡོན་ཏན་གཉིས་དང་ལྡན་པ། བྱང་སྡོམ་བཟུང་ནས་བསླབ་བྱ་ལ་ཚུལ་བཞིན་དུ་སློབ་པ་བདག་པས་གཞན་གཅོས་ཀྱི་སེམས་དང་ལྡན་པ་སྲོག་གཅོད་སོགས་ལས་གཞན་པའི་ཐབས་མ་ རྙེད་པ་སོགས་ཀྱི་ཁྱད་པར་རྣམས་དང་ལྡན་པ་ཞིག་དགོས་ཀྱི་ཐེག་ཆེན་པ་ཐམས་ཅད་ལ་གནང་བ་མིན་པར་གསུངས་སོ། །ཁྱད་པར་ལོག་གཡེམ་ལ་འཇུག་པའི་རྟེན་ལ་ནི་བྱང་སེམས་ཁྱིམ་པ་དགོས་ཏེ། བྱང་སེམས་རབ་བྱུང་གི་སྡོམ་པ་དང་ལྡན་བཞིན་དུ་མི་ཚངས་ སྤྱོད་ལ་འཇུག་པ་སོགས་རྣམ་པ་ཐམས་ཅད་དུ་བཀག་པའི་ཕྱིར། སློབ་དཔོན་ཞི་བ་འཚོས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཉན་ཐོས་ཀྱི་བསྟན་པ་མི་འཇིག་པར་རྗེས་སུ་སྲུང་བས་ནི་མི་ཚངས་པར་སྤྱོད་པ་བསྟེན་པ་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་སྡོམ་པ་ཉི་ ཤུ་པའི་འགྲེལ་པར་གསུངས། གལ་ཏེ་བྱང་སེམས་རབ་བྱུང་གིས་སེམས་ཅན་གྱི་དོན་ཤིན་ཏུ་ཆེན་པོར་འགྱུར་བ་མཐོང་ན་བསླབ་པ་ཕུལ་ནས་ཁྱིམ་པར་བབས་ཏེ་དེ་ལ་འཇུག་དགོས་ཏེ། བསླབ་བཏུས་སུ། ཅི་སྟེ་དེ་ལ་སེམས་ཅན་གྱི་དོན་དུ་འགྱུར་བ་ལྷག་པ་མཐོང་ ན་བསླབ་པ་དབུལ་ལོ། །ཞེས་སོ། །འདིའི་སྐབས་ཡུལ་གྱི་བུད་མེད་དེའང་རབ་ཏུ་བྱུང་བ་མོ་ཡིན་ན་བསྟེན་དུ་མི་རུང་སྟེ། དེ་ལས། ཡང་དག་པར་ཚངས་པར་སྤྱོད་པ་རྣམས་ནི་དོན་བྱས་པའི་ཕྱིར་དེ་དག་མ་སྲིང་ལ་སོགས་པ་བཞིན་དུ་རིང་དུ་སྤོང་ཞིང་མཆོད་དོ་ཞེས་
Page: 429 ༄༅།སོ། །དེ་ལྟར་མི་ཚངས་སྤྱོད་ལ་བྱང་སེམས་ཁྱིམ་པ་རྟེན་དུ་བཞག་ནས་སྲོག་གཅོད་སོགས་གཞན་དྲུག་ལ་བྱང་སེམས་སྤྱི་རྟེན་དུ་གསུངས་ཀྱང་སྲོག་གཅོད་དང་བརྫུན་གྱི་ཕམ་པའི་གཞི་ལ་འཇུག་པའང་རབ་བྱུང་གིས་བུར་མི་རུང་བ་མི་ ཚངས་སྤྱོད་དང་འདྲ་བས་དེ་དག་ལ་འཇུག་དགོས་ཚེ་བསླབ་པ་འབུལ་དགོས་སོ། །མ་བྱིན་ལེན་གྱི་ཕམ་པར་འགྱུར་བ་ལ་རང་དོན་དུ་བླངས་པ་ཡན་ལག་ཏུ་དགོས་པས་བྱང་སེམས་ཀྱི་གཞན་དོན་དུ་ཇི་ཙམ་བརྐུས་ཀྱང་ཕམ་པར་མི་འགྱུར་བས་འདི་ལ་འཇུག་ཚེ་ བསླབ་པ་འབུལ་མི་དགོས་སོ། །བྱང་སེམས་རབ་བྱུང་ལ་མི་ཚངས་སྤྱོད་གནང་བ་མེད་ཅིང་སྲོག་གཅོད་སོགས་གནང་བ་ཡོད་པ་གསུངས་པ་ནི། སྲོག་གཅོད་མ་བྱིན་ལེན་བརྫུན་རྣམས་ལ་ལས་ལམ་བྱུང་ཡང་ཕམ་པར་འགྱུར་བར་མ་ངེས་ལ་བཅས་པའི་ རྟེན་ཅན་ལ་མི་ཚངས་སྤྱོད་ཀྱི་ལས་ལམ་བྱུང་ན་ཕམ་པར་འགྲོ་བར་ངེས་པས་དེ་ལ་དགོངས་ནས་དེ་སྐད་གསུངས་ཤིང་། མི་ཚངས་སྤྱོད་ཁོ་ན་ལ་བྱང་སེམས་རབ་བྱུང་དང་ཁྱིམ་པ་ལ་ཁྱད་ཕྱེ་བར་མཛད་པ་ཡིན་པར་གསུངས་སོ། །དེས་ན་ཕམ་པའི་གཞི་ལ་འཇུག་ པ་མ་གཏོགས་པའི་སྲོག་གཅོད་སོགས་ལུས་ངག་གི་འཇུག་པ་ནི་བྱང་སེམས་ཁྱིམ་པ་དང་རབ་བྱུང་གཉིས་ཀ་ལ་གནང་བ་ཡིན་ནོ། །ལུས་ངག་གི་བདུན་ལ་འཇུག་པ་གནང་ཚུལ་གྱི་ཁྱད་པར་ལ། སྲོག་གཅོད་ལ་འཇུག་ཚུལ་ནི། གོང་དུ་བཤད་པའི་རྟེན་ གྱི་ཁྱད་པར་དེ་དག་དང་ལྡན་པའི་བྱང་སེམས་དེས། ཡུལ་ཉན་རང་བྱང་སེམས་སོགས་མང་པོ་དག་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་གསོད་པར་ངེས་པའི་མཚམས་མེད་པའི་ལས་ལ་ཞུགས་པའི་ཆོམ་རྐུན་སོགས་ལ་དམིགས་ནས་བསམ་པ་འདི་བསད་
Page: 430 ན་བདག་དམྱལ་བར་སྐྱེ་མོད་ཀྱི་དེ་ནི་བླའི་སེམས་ཅན་འདིས་ལས་འདི་ལྟ་བུ་བྱས་ནས་དམྱལ་བར་འགྲོ་བ་ནི་མི་རུང་ངོ་སྙམ་དུ་བདག་གཞན་བརྗེ་ཡོད་པའི་སྙིང་བརྩེའི་སེམས་ཁོ་ནས་བསླངས་ཏེ་སྦྱོར་བ་མཚམས་མེད་ཀྱི་ལས་དེ་ལས་བཟློག་པའི་ཐབས་སྲོག་གཅོད་ པ་ཁོ་ན་ལས་གཞན་མ་རྙེད་པའི་ཕོངས་ཆོས་ཀྱིས་དེ་སྲོག་དང་ཕྲལ་བ་སྟེ། དེའང་གསོད་པའི་དུས་སུ་རང་གི་སེམས་དགེ་བའམ་ལུང་མ་བསྟན་གང་རུང་དུ་གནས་པ་ལས་ཉོན་མོངས་སོགས་གཏན་མི་འདྲེ་བ་རང་གིས་རིག་པ་དགོས་པར་གསུངས་སོ། །མ་བྱིན་ ལེན་ལ་འཇུག་པ་ལ། ཡུལ་རྒྱལ་བློན་ཤས་ཆེར་གཏུམ་པོ་སྙིང་རྗེ་མེད་ཅིང་གཅིག་ཏུ་གཞན་གནོད་བྱེད་པ་ལ་ཞུགས་པ་གོ་ས་དེར་གནས་ན་མི་དགེ་བ་མང་དུ་འཕེལ་བ་ལ་བསམ་པ་སྙིང་བརྩེའི་སྒོ་ནས་ཕན་སེམས་ཀྱིས་སྦྱོར་བ་གོ་འཕང་དེ་ལས་འབྱིན་ཅིང་འཕྲོག་ པ་དང་། ཡང་ཡུལ་དགེ་འདུན་དང་མཆོད་རྟེན་གྱི་ནོར་ཕྲོགས་ནས་རང་གིས་སྤྱོད་འདོད་པའི་ཆོམ་རྐུན་ལས་བསམ་པ་གཞི་དེས་དེ་ལ་ཡུན་རིང་དུ་གནོད་པ་དང་མི་ཕན་པར་གྱུར་ན་མི་རུང་ངོ་སྙམ་པས་སྦྱོར་བ་ནོར་རྣམས་སླར་འཕྲོག་སྟེ་ཡུལ་གང་གི་ཡིན་པ་དེ་ཉིད་ ལ་འབུལ་བ་དང་། ཡང་ཡུལ་ཞལ་ཏ་བྱེད་པའམ་སྐྱེད་ཚལ་སྲུང་བ་པོ་གང་གིས་མཆོད་རྟེན་ནམ་དགེ་འདུན་གྱི་ནོར་ཆུད་གཟོན་པའམ་རང་གིས་སྤྱོད་པ་ལས་བསམ་པ་སྔ་མ་ལྟ་བུས་བསླངས་ཏེ་སྦྱོར་བ་དེ་དག་དེ་ལས་འབྱིན་པ་སྟེ། དེ་ལྟ་བུའི་མ་བྱིན་ལེན་ གསུམ་པོ་གང་རུང་བྱེད་པའོ། །ལོག་གཡེམ་ལ་འཇུག་པ་ལ། ཡུལ་བྱང་སེམས་རང་དང་མི་ཚངས་སྤྱོད་བྱེད་འདོད་ཀྱི་ཆགས་པས་གཟིར་བ་དེ་མ་བྱས་པས་རང་ལ་འཁོན་དུ་འཛིན་ཞིང་ཆགས་པའི་དབང་གིས་འཆི་བར་འགྱུར་བའི་བུད་ས་མེད་ལ་བསམ་པ་སྙིང་
Page: 431 ༄༅། །བརྩེ་ཁོ་ནས་འདི་བདག་ལ་ཀུན་ནས་མནར་སེམས་པ་ལ་བརྟེན་ནས་སྡིག་པ་མང་དུ་འཕེལ་ན་མི་རུང་ངོ་སྙམ་ཞིང་འདོད་པ་བསྟེན་ན་དགེ་ལ་གཟུད་པ་དང་མི་དགེ་བ་འདོར་བ་ལ་རང་དབང་དུ་འགྱུར་རོ་བསམ་པའི་སྒོ་ནས་སྦྱོར་བ་དེས་འདོད་པ་ བཞིན་དུ་འཁྲིག་པ་བསྟེན་པའོ། །བརྫུན་ལ་འཇུག་པ་ལ། ཡུལ་སྲོག་འཆད་པ་སྣ་དང་རྐང་ལག་སོགས་གཅོད་པ་མིག་འབྱིན་པ་ལྟ་བུའི་དགག་བྱ་དང་ལྡན་པའི་སེམས་ཅན་དག་ལ་བསམ་པ་ཉེས་དམིགས་དེ་དག་ལས་སྐྱོབ་འདོད་ཀྱི་སྙིང་བརྩེའི་སྒོ་ནས་སྦྱོར་བ་ ཤེས་བཞིན་དུ་འདུ་ཤེས་བསྒྱུར་ནས་བརྫུན་སྨྲ་བ་སྟེ། འདི་ལ་རང་དོན་ཡིན་ན་སྲོག་གི་ཕྱིར་ཡང་བརྫུན་སྨྲ་མི་རིགས་པས་སེམས་ཅན་གྱི་དོན་ཁོ་ནའི་ཕྱིར་དུ་སྨྲ་བ་དགོས་པར་གསུངས་སོ། །ཕྲ་མ་ལ་འཇུག་པ་ལ། ཡུལ་མི་དགེ་བའི་བཤེས་གྲོགས་ཀྱིས་ཟིན་ པའི་སེམས་ཅན་ལ་བསམ་པ་འདི་དག་སྡིག་གྲོགས་བསྟེན་པས་ཡུན་རིང་པོར་སྡུག་བསྔལ་བར་གྱུར་ན་མི་རུང་ངོ་སྙམ་པའི་སྒོ་ནས་སྦྱོར་བ་གྲོགས་དེ་དག་དང་དབྲལ་བའི་ཕྱིར་དུ་ཕྲ་མའི་ཚིག་སྨྲ་བའོ། ་ཚིག་རྩུབ་ལ་འཇུག་པ་ལ། ཡུལ་ལམ་ལོག་པར་ཞུགས་ ཤིང་མི་རིགས་པ་བྱེད་པའི་སེམས་ཅན་ལ་བསམ་པ་ཚིག་རྩུབ་སྨྲ་བའི་ཐབས་དེས་མི་དགེ་བ་ལས་བཟློག་སྟེ་དགེ་ལ་དགོད་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་སྦྱོར་བ་ངག་རྩུབ་མོའི་སྒོ་ནས་སྨྲ་བའོ། །ངག་འཁྱལ་ལ་འཇུག་པ་ལ། ཡུལ་གླུ་གར་རོལ་ མོ་སོགས་དང་རྒྱལ་པོ་དང་ཆོམ་རྐུན་གྱི་གཏམ་དང་སྨད་འཚོང་མ་དང་བཟའ་བཏུང་གི་གཏམ་སོགས་ལ་མོས་པའི་སེམས་ཅན་ལ་བསམ་པ་སྙིང་བརྩེའི་སྒོ་ནས་རང་རང་གང་ལ་དགའ་བའི་ཚིག་དང་ཐབས་དེས་མགུ་བར་བྱས་ཏེ་དབང་དུ་བྱེད་ཅིང་ངག་མཉན་དུ་
Page: 432 བཅུག་ནས་མི་དགེ་བ་ལས་བསླང་སྟེ་དགེ་ལ་དགོད་འདོད་ཀྱི་བསམ་པས་སྦྱོར་བ་དེ་དག་གི་མོས་པ་དང་མཐུན་པའི་ཀུལ་བའི་ཚིག་སྨྲ་བའོ། །དེ་ལྟར་ཡུལ་དང་བསམ་སྦྱོར་སོགས་ཀྱི་ཁྱད་པར་ཚང་བའི་སྒོ་ནས་སྲོག་གཅོད་སོགས་བདུན་པོ་གང་ཡིན་པ་དེ་ལ་ ཞུགས་ཀྱང་ཉེས་པ་མེད་ལ་བསོད་ནམས་ཀྱང་མང་དུ་འཕེལ་ལོ། །ཞར་ལ་ཆགས་པ་ཉེས་པ་ཆུང་བར་གསུངས་པའི་དགོངས་པ་མདོ་ཙམ་སྨོས་ན། ཉེ་བར་འཁོར་གྱིས་ཞུས་པར་བྱང་སེམས་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་ བྱུང་བ་དང་ཞེ་སྡང་དང་ལྡན་པའི་ལྟུང་བ་གཅིག་བྱུང་ན་བྱང་སེམས་ཀྱི་ཐེག་པ་དབང་བཙན་པར་བྱས་ན་ཞེ་སྡང་གི་ལྟུང་བ་ཤིན་ཏུ་ལྕི་སྟེ་ཞེས་དང་། འདོད་ཆགས་དང་ལྡན་པའི་ལྟུང་བ་ཐམས་ཅད་ནི་ལྟུང་བ་མ་ཡིན་པར་བཤད་དོ་ཞེས་སོགས་གསུངས་པའི་ དགོངས་པ་ནི། བསླབ་བཏུས་ལས། འདིའི་དགོངས་པ་གང་ཞེ་ན་སེམས་ཅན་སྡུད་པ་ཉིད་དེ་སྔར་བྱེ་བྲག་ཏུ་བྱས་པའི་ཕྱིར་རོ་ཞེས་གསུངས་ཏེ། དེའི་དོན་ནི་བྲམ་ཟེ་ཁྱེའུ་སྐར་མའི་བྱུང་བ་ལྟ་བུ་སེམས་ཅན་གྱི་དོན་རླབས་པོ་ཆེ་དང་འབྲེལ་བ་ཡོད་ན་དེ་འདྲའི་ཆགས་ པ་ལ་ཉེས་པ་མེད་པ་ཡིན་གྱི་བྱང་སེམས་ཀྱི་རྒྱུད་ཀྱི་ཆགས་པ་གང་ཡིན་ཐམས་ཅད་ལ་ཉེས་པ་མེད་པར་བསྟན་པ་མིན་ཏེ་མདོ་དེའི་གོང་དུ་སེམས་ཅན་སྡུད་པའི་འདོད་ཆགས་ལ་བྱེ་བྲག་ཏུ་བྱས་ནས་གསུངས་པའི་ཕྱིར་ཞེས་པའོ། །མདོ་སྡེའི་རྒྱུན་ལས་ཀྱང་། སེམས་ཅན་ རྣམས་ལ་ཕན་བྱེད་ཕྱིར། །དེ་ལ་ཆགས་སྐྱེས་ལྟུང་མི་འགྱུར། །འདི་ཡི་ཞེ་སྡང་རྣམ་ཀུན་ཏུ། །སེམས་ཅན་ཀུན་དང་འགལ་བར་འགྱུར། །ཇི་ལྟར་ཕུག་རོན་རང་གི་བུ་མཆོག་བྱམས། །ཞེས་སོགས་གསུངས། །ཞེ་སྡང་ནི་སྙིང་རྗེ་ཉམས་བྱེད་ཡིན་པས་
Page: 433 ༄༅། །དེ་ལ་གནང་བའི་སྐབས་མེད་པར་གསུངས་ཏེ། དེ་དག་རྒྱུས་པར་བསླབ་བཏུས་སོགས་ལས་ཤེས་པར་བྱའོ། །དེ་ལྟར་སྲོག་གཅོད་སོགས་གནང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བའི་དབང་དུ་བྱས་ལ། བཅས་པའི་ཁ་ན་མ་ཐོ་བའི་དབང་དུ་ བྱས་ནའང་། རྣམ་བཤད་ལས། འདུལ་བ་ལས་དོན་ཉུང་བ་བྱ་བ་ཉུང་བ་སོགས་གཙོ་བོར་མཛད་དེ་ཆོས་གོས་ལྷག་པ་སོགས་ཀྱང་བཅང་བར་མི་བྱའོ་ཞེས་བཀག་པའང་། ཐུགས་རྗེ་མངའ་བ་དེ་བཞིན་གཤེགས་པས་དོན་རིང་པོ་གཞན་གྱི་དོན་དུ་འགྱུར་བ་ ལ་གཟིགས་ནས་གཞན་དོན་བྱེད་པའི་བྱང་སེམས་ལ་གནང་སྟེ། མདོ་ལས། དེ་ནི་ནོར་གྱི་ཕུང་བོ་རི་རབ་ཙམ་ཞིག་ཐོབ་ན་ཡང་ལེན་ཏོ་ཞེས་གསུངས་པ་ལྟ་བུའོ་ཞེས་འབྱུང་བ་ལྟར་དང་། སྡོམ་པ་ཉི་ཤུ་པར། །སེམས་ཅན་དོན་ལ་བྱ་བ་ཆུང་། །ཞེས་པས་ ཀྱང་དོན་དེ་ཉིད་བསྟན་པས་དེའི་སྐབས་ཀྱི་འགྲེལ་པ་དག་ལས་ཤེས་པར་བྱ་བ་གལ་ཆེ་བ་མང་དུ་ཡོད་པས་དེ་ལས་ཁོང་དུ་ཆུད་པར་བྱའོ། །དེ་དག་ནི་སློབ་དཔོན་འཕགས་པ་ལྷས། བསམ་པ་བྱང་ཆུབ་སེམས་དཔའ་ཡི། །དགེ་བའམ་ཡང་ན་མི་དགེ་བ། ། ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་སེམས་དེ་གཙོ་བའི་ཕྱིར། །ཞེས་དང་། དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ཞེས་དང་། སྡོམ་པ་ཉི་ཤུ་པར་ཡང་། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་ དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་སོགས་ལྟར་རོ། །འོ་ན་རྟེན་གྱི་ཁྱད་པར་སྔར་བཤད་ལྟ་བུ་དང་ལྡན་པའི་བྱང་སེམས་ཀྱིས་དགག་དགོས། དེ་ལྟ་བུ་དང་འབྲེལ་བའི་ཚེ་སྲོག་གཅོད་སོགས་བདུན་ལ་མ་ཞུགས་ན་ཉེས་བྱས་སུ་འགྱུར་རམ་ཞེ་ན། སྡོམ་
Page: 434 པ་ཉི་ཤུ་པར། སྙིང་བརྩེར་བྱས་ན་མི་དགེ་མེད། །ཅེས་གསུངས་པ་འདིས་ཉེས་བྱས་ཤིག་བསྟན་པར་སློབ་དཔོན་བྱང་བཟང་བཞེད་པས་དེ་ལྟར་ན་ཉེས་བྱས་སུ་འགྱུར་ལ། སློབ་དཔོན་ཞི་འཚོ་སོགས་ཀྱིས་གཞུང་དེས་ལུས་ངག་གི་བདུན་ལ་གནང་བའི་སྐབས་ ཡོད་པར་སྟོན་པ་མ་གཏོགས་གཞན་དོན་དུ་དེ་དག་ལ་མ་ཞུགས་ན་ཉེས་བྱས་སུ་འགྱུར་བར་མི་བཞེད་ལ་དེ་ལྟར་ཁས་བླངས་ན་ལེགས་པར་ཡང་གསུངས་སོ། །འདི་དག་ནི་བསླབ་བཏུས་དང་སྡོམ་པ་ཉི་ཤུ་པའི་འགྲེལ་པ་དག་ལྟར་མདོ་ཙམ་བཤད་པ་སྟེ་ཞིབ་ རྒྱུས་གཞུང་དེ་དག་དང་ཚུལ་ཁྲིམས་ལེའུའི་རྣམ་བཤད་སོགས་ལས་ཤེས་པར་བྱའོ། །ཡང་ཐུགས་རྗེ་མངའ་བ་སངས་རྒྱས་ཀྱིས་རིང་གཟིགས་པ་བྱང་འཕགས་ལ་གནང་བའི་དོན་དུ་ཁ་ཅིག་འཆད་ལ། ཡང་རང་གཟིགས་ཞེས་རང་དོན་ལ་ལྟོས་པ་ མེད་པར་གཞན་དོན་ཁོ་ནར་གཟིགས་པའི་བྱང་སེམས་ཞེས་ཀྱང་འགའ་ཞིག་འཆད་དེ་བརྟག་པར་བྱའོ། །གཉིས་པ་ཟང་ཟིང་དང་ཆོས་ཀྱི་བསྡུ་བ་ནི། ལོག་པར་ལྟུང་དང་སོགས་ཏེ། དེ་ཡང་ཟང་ཟིང་གིས་བསྡུ་བ་ལ་ཟས་གོས་གཉིས་ལས། ཟས་སྦྱིན་ ཚུལ་དང་སྤྱོད་ཚུལ་ནི། རྟག་ཏུ་བྱ་བའི་སྨན་ཁ་ཟས་ལ་ལོངས་སྤྱོད་པ་ལ་ཉེ་བའི་བྱང་སེམས་རབ་ཏུ་བྱུང་བ་རྣམས་ཟས་ཀྱི་དོན་དུ་སྤྱོད་ཡུལ་གྱི་གྲོང་དུ་བསོད་སྙོམས་ལ་རྒྱུ་བའི་ཚེ་བསོད་སྙོམས་པའི་བསླབ་བྱ་ཇི་སྐད་བསྟན་པ་རྣམས་ཡིད་ལ་བཞག་ནས་དེ་དག་ དང་མི་འགལ་བར་འགྲོ་ཞིང་དེ་ནས་རང་གིས་བསོད་སྙོམས་ཇི་ཙམ་རྙེད་པ་དེ་ལ་ཆ་བཞིར་བྱ་ལ། ལོག་པར་ལྟུང་བ་ཡི་དྭགས་དང་དུད་འགྲོ་བྱ་ཁྱི་སོགས་མངོན་དུ་སྣང་བ་དང་མི་སྣང་བ་རྣམས་ལ་ཆ་གཅིག་དང་། མགོན་མེད་པ་ནད་པ་དང་སྤྲང་པོ་སོགས་སྡུག་
Page: 435 ༄༅། །བསྔལ་ཅན་ལ་ཆ་གཅིག་དང༌། གྲོགས་བརྟུལ་ཞུགས་ལ་གནས་པ་ཚངས་པ་མཚུངས་པར་སྤྱོད་པ་དཀའ་ཐུབ་བསྟེན་པ་ལྟ་བུ་ཉེ་འཁོར་དུ་ཡོད་ན་དེ་ལ་ཆ་གཅིག་སྟེ་དེ་དག་ལ་དེ་ལྟར་བགོ་བར་བྱ་ཞིང་། གཞན་དོན་དུ་རང་གི་ལུས་གསོ་ བའི་ཆེད་དུ་ཆ་གཅིག་རང་གིས་བཟའ་བར་བྱ་ཞིང་། དེ་ཡང་ཟས་ལ་བརྟེན་པའི་ཁ་ན་མ་ཐོ་བ་སྤོང་བའི་ཆེད་དུ་ཆང་ཉུང་རན་པ་ཙམ་དུ་བཟའ་བར་བྱ་སྟེ། ཉུང་ཚེས་ན་བཀྲེས་པ་དང་ལུས་ཉམས་དམས་པར་གྱུར་ནས་དགེ་བ་ལ་སྦྱོར་མི་བཟོད་པར་འགྱུར་བས་སང་ གི་ཟད་ཀྱི་དུས་ལ་མ་བབས་ཀྱི་བར་བཀྲེས་པས་མི་གནོད་པའི་ཚོད་ཙམ་དུ་ཟ་བ་དང་། མང་ཆེས་ན་ལུས་ཁུར་ཐོགས་པ་ལྟར་ལྕི་ལ་དབུགས་འབྱུང་རྔུབ་དཀའ་ཞིང་གཉིད་རྨུགས་ཀྱིས་ནོན་ནས་ལས་སུ་མི་རུང་བས་ཉོན་མོངས་ཀྱི་གཉེན་པོ་བསྟེན་པའི་མཐུ་ མེད་ཅིང་དག་པའི་བར་ཆད་དུ་འགྱུར་བས་ལྟོ་བའི་སུམ་ཆ་ཟས་སུམ་ཆ་བཏུང་བས་བཀང་ནས་གུམ་ཆ་རླུང་རྒྱུ་བའི་གནས་སུ་སྟོང་པར་འཇོག་པ་ལྟ་བུའི་ཚོད་རིག་པར་དགོས་སོ། །དེ་ལྟར་བསླབ་བཏུས་སུ། དེ་ལ་གཏན་དུ་བའི་སྨན་གྱི་དབང་དུ་བྱས་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས། བསོད་སྙོམས་དེ་ལས་ཆ་གཅིག་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་སྤྱིར་གཞག་གོ ། གཉིས་པ་ནི་སྡུག་བསྔལ་བ་རྣམས་ཀྱི་སྤྱིར་བཞག་གོ ། གསུམ་པ་ནི་སེམས་ཅན་ལོག་པར་ལྟུང་བ་རྣམས་ཀྱི་སྤྱིར་བཞག་ གོ །ཆ་བཞི་པ་ནི་བདག་ཟའོ། །དེ་ཟ་བ་ན་འདོད་ཆགས་མེད་པར་ཟ་སྟེ་ཆགས་པར་མ་ཡིན་བརྐམ་པར་མ་ཡིན་ཞེན་པར་མ་ཡིན་གྱི་གཞན་དུ་ན་ཇི་ཙམ་དུ་ལུས་གནས་པར་འགྱུར་བ་དང་འཚོ་བར་བྱ་བའི་ཕྱིར་ཟ་སྟེ་ཇི་ལྟར་ཧ་ཅང་ཡང་ཉམས་དམའ་བ་དང་ཧ་ཅང་ཡང་ལུས་
Page: 436 ལྕི་བར་མི་འགྱུར་བ་དེ་ལྟར་ཟའོ། དེ་ཅིའི་ཕྱིར་ཞེ་ན། ཧ་ཅང་ཡང་ཉམས་དམས་ན་ནི་དགེ་བའི་ཕྱོགས་ལ་རྒྱབ་ཀྱིས་བལྟས་པར་འགྱུར་རོ། །ལུས་ཧ་ཅང་ཡང་ལྕི་ན་ནི་གཉིད་ཀྱིས་ནོན་པར་འགྱུར་རོ། །དེ་བས་ན་བསོད་སྙོམས་དེ་ཟོས་ནས་དགེ་བའི་ཕྱོགས་ལ་ མངོན་དུ་ཕྱོགས་པར་བྱའོ་ཞེས་སོགས་གསུངས་སོ། །ཞེས་དང་། དེ་ནས་བསོད་སྙོམས་ལ་རྒྱུ་བའི་སྐབས་ཀྱི་བསླབ་བྱ་སོགས་རིན་པོ་ཆེའི་ཕུང་བོའི་མདོ་ལས་གསུངས་པ་རྣམས་ཀྱང་རྒྱ་ཆེར་བསྟན་ཏེ་དེ་ལས་ཤེས་པར་བྱ་དགོས་ལ། ཡང་དེ་ཉིད་ལས། ཐམས་ ཅད་ལ་ཡང་ཚོད་རིག་བྱ། །ཞེས་གསུངས་པ་ལྟར། ཟས་མང་ཉུང་ཚོད་རིག་པར་བྱ་དགོས་ལ། ཡང་མང་ཉུང་རན་པ་གཉིས་ཀྱི་སྟེང་དུ། ཟས་ཞུ་བ་དང་འཕྲོད་པ་དང་། ཉོན་མོངས་ཅན་མིན་པའི་ཟས་རན་པ་སྟེ་ཟས་ཀྱི་ཚོད་རིག་པ་ཆོས་བཞི་ལྡན་དུ་གསུངས་ལ། ཞུ་བ་དང་འཕྲོད་པས་ནི་ཟས་ཀྱིས་བསྐྱེད་པའི་སྡུག་བསྔལ་གྱི་ཚོར་བ་རྙིང་བ་སྤོང་ཞིང་གསར་བ་མི་སྐྱེད་པ་དང་། ཉོན་མོངས་པ་ཅན་མིན་པའི་ཟས་རན་པ་ནི་ཁ་ན་མ་ཐོ་བ་མི་སྐྱེད་ཅིང་བདེ་བར་རེག་པར་གནས་པའོ། །དེ་ལྟར་ཚོད་རིག་པར་བྱས་པས་ནི། ཟས་ལ་ ལྷག་པར་ཆགས་པ། ལུས་ལ་ཆགས་པ། སྲོག་དབང་འགག་པ། །བཀྲེས་ཤིང་ཉམ་ཆུང་བ། ལུས་ལྕི་བ། ནད་སྐྱེད་པ། འཚོ་བ་མ་དག་པ། བྱ་བ་མང་བས་གཡེང་བ་སྟེ་ཉེས་པ་བརྒྱུད་སྤངས་པས་ཕུན་སུམ་ཚོགས་པ་ཡིན་པར་བསྡུ་བ་ལས་གསུང་ལ། བདེན་པ་པོའི་ལེའུར་ཡང་། སྐྱེས་བུ་གང་ཞིག་མང་ཟ་བ། །དེ་ནི་ལུས་ལྕི་ལེ་ལོ་ཅན། །འདི་དང་ཕ་རོལ་ཚེ་འདིའི་དོན། །ངེས་པར་རབ་ཏུ་འགྲིབ་པར་འགྱུར། །དེ་ནི་བད་ནའང་སྡུག་བསྔལ་ཏེ། །ཉལ་ནའང་སྡུག་བསྔལ་གཞན་གནོད་བགྱིད། །དེ་བས་ཕན་དང་
Page: 437 ༄༅། །རན་པར་བཟའ། །ཟས་ཀྱི་དུས་ནི་ངེས་པར་བགྱི། །ཞེས་ཚོད་མ་ཟིན་པས་ཉེས་པ་སྐྱེད་པས་ཚོད་རིག་པ་དགོས་པར་གསུངས་སོ། །ཟས་བཟའ་དུས་ཀྱི་བསམ་པ་ལ། ཀུན་སློང་ནི། སྦྱིན་པ་པོ་ལ་ཕན་གདགས་པ་དང་ལུས་ཀྱི་སྲིན་བུ་ ད་ལྟ་ཟང་ཟིང་གིས་བསྡུ་ལ་མ་འོངས་པ་ན་ཆོས་ཀྱིས་བསྡུ་སྙམ་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བྱ་སྙམ་པར་བཟའ་དགོས་ཏེ། བསླབ་བཏུས་ལས། དེ་ལྟར་བསོད་སྙོམས་ལ་འགྲོ་བར་རྩོམ་མམ་ཟས་ཟ་བར་རྩོམ་པ་དང་། སྦྱིན་པ་པོ་ལ་ཕན་གདགས་ པ་དང་ལུས་ཀྱི་སྲིན་བུ་བསྡུ་བ་དང་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་སྟེ་གནས་གསུམ་ལ་དྲན་པ་ཉེ་བར་གཞག་ནས་ཞེས་སོགས་དང་། སེམས་ཅན་གང་དག་བདག་གི་མིག་ལམ་དུ་སྣང་བར་གྱུར་པའམ་བསོད་སྙོམས་སྦྱིན་པ་དེ་དག་མཐོ་རིས་སུ་འགྲོ་བར་འགྱུར་ བ་དེ་ལྟར་བྱའོ་ཞེས་སོགས་དང་། ཟས་ཟོས་ནས་འདི་སྙམ་དུ་ལུས་འདི་ལ་སྲིན་བུའི་རིགས་བརྒྱུད་ཁྲི་ཡོད་པ་དག་འདིའི་མཐུས་བདེ་བར་གནས་པར་གྱུར་ཅིག་ད་ལྟ་ནི་འདི་དག་ཟང་ཟིང་གིས་བསྡུ་བར་བྱའོ། །བྱང་ཆུབ་ཐོབ་ནས་ཆོས་ཀྱིས་བསྡུ་བར་བྱའོ་སྙམ་ དུ་སེམས་བསྐྱེད་པར་བྱའོ། །གལ་ཏེ་དེའི་ཉུང་བར་གྱུར་ན་དེས་འདི་སྙམ་དུ་ཁ་ཟས་ཉུང་བས་ནི་བདག་གི་ལུས་ཡང་བར་འགྱུར་སྤོང་བ་བཟོད་པར་འགྱུར་བདག་གི་བཤང་གཅི་འབྱུང་བ་ཉུང་བར་འགྱུར་དད་པས་བྱིན་པ་ཆུང་བར་འགྱུར་ཞེས་སོགས་རྒྱས་པར་ གསུངས་ཏེ་དེ་ལས་ཤེས་པར་བྱའོ། །འདུ་ཤེས་ནི། འདུལ་བ་ལུང་ལས་སྤྱིར་རང་ལ་བཀྲེས་སྐོམ་གྱིས་གཟིར་བའི་ནད་པ་དང་ཟས་ལ་དེ་སེལ་བྱེད་ཀྱི་སྨན་གྱི་འདུ་ཤེས་འཇོག་དགོས་པ་དང་། བྱེ་བྲག་འདུ་ཤེས་བཅུ་བསྟེན་དགོས་པར་གསུངས་པ་ལས།
Page: 438 ཟས་དེ་ལུད་སོགས་མི་གཙང་བ་ལས་འབྱུང་བར་བསམ་པ་འབྱུང་བའི་འདུ་ཤེས་དང་། འབྲས་ཆན་ལ་གྲོག་མའི་ཕྲུ་གུ་ལྟ་བུའི་སྲིན་བུ་དང་ཞོ་ལ་མིའི་ཀླད་པ་དང་ཕྱེ་ལ་མི་རུས་ཀྱི་ཕྱེ་དང་ཤ་ལ་བུའི་ཤ་དང་འདྲ་བ་སོགས་འདྲ་བའི་འདུ་ཤེས་དང༌། ཟོས་པ་ལས་སྙིགས་མ་བད་ སྣབས་སོགས་སུ་འགྱུར་བར་བསམ་པ་འགྱུར་བའི་འདུ་ཤེས་དང་། ཟས་ཀྱི་དོན་དུ་ཕ་དང་བུ་མོ་སོགས་ཀྱང་འཐབ་རྩོད་འོང་བས་ཕྱིར་རྒོལ་བའི་འདུ་ཤེས་དང་། ཟས་ཟོས་པ་ལས་མི་གཙང་བའི་བདག་ཉིད་གཤང་གཅི་སོགས་ཤིན་ཏུ་སྨད་པ་འབྱུང་བས་རྒྱུ་ མཐུན་པའི་འདུ་ཤེས་དང་། ཟས་ཟོས་པས་ཆགས་སོགས་ཉོན་མོངས་འདྲེན་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་འདུ་ཤེས་དང་། ཚེགས་ཆེན་པོས་ཟས་ཚོལ་དགོས་པས་བཙལ་དཀའ་བའི་འདུ་ཤེས་དང་། གཡོ་སྐོལ་སོགས་གྲོགས་གཞན་ལ་ལྟོས་དགོས་ པས་རག་ལས་པའི་འདུ་ཤེས་དང༌། མ་ཞུ་བ་དང་ལོག་པར་ཞུ་བས་ནད་སྣ་ཚོགས་སྐྱེད་པས་ནད་དང་བཅས་པའི་འདུ་ཤེས་དང་། ཟོས་པ་ལས་ཆ་གཅིག་ལུས་ཀྱི་མེས་བསྲེགས་ཆ་གཅིག་གིས་ལུས་བརྟས་ཆ་གཅིག་སྲིན་བུར་འགྱུར་ཆ་གཅིག་གཤང་གཅི་སོགས་སུ་ འགྱུར་བས་སོ་སོར་འགྲོ་བའི་འདུ་ཤེས་ཏེ་བཅུའོ། །གཞན་ཡང་ཟས་ལ་སྲེད་པའི་གཉེན་པོར་དེའི་ཉེས་དམིགས་བསམ་པ་ལ་གསུམ་ལས། དང་པོ་ལོངས་སྤྱོད་པའི་རྒྱུ་ལས་བྱུང་བའི་ཉེས་དམིགས་ནི། ཟས་ཁ་དོག་དྲི་རོ་བཟང་པོ་ཅི་འདྲ་བའང་སོས་བལྡད་མཆིལ་ མས་བརླན་པར་བྱས་པ་ན་སྐྱུགས་པ་ལྟར་འགྲོ་བར་སེམས་པའོ། །གཉིས་པ་ཟས་ཞུ་བ་ལས་བྱུང་བའི་ཉེས་དམིགས་ནི། ནམ་གྱི་ཐུན་བར་པའམ་ཐ་མ་ལ་ཟས་དེ་ཞུ་ནས་ཤ་ཁྲག་སོགས་སྐྱེ་ཞིང་ཁ་ཅིག་ནི་གཤང་གཅིར་འགྱུར་ཞིང་། དེ་ཉིན་རེ་བཞིན་བསལ་
Page: 439 ༄༅། །དགོས་པ་དང་ཟས་དེས་ནད་ཀྱི་རིགས་དུ་མ་སྐྱེད་པར་སེམས་པའོ། །གསུམ་པ་ཟས་ཚོལ་བ་ལས་གྱུར་པའི་ཉེས་དམིགས་ལ་ལྔ་ལས། བསྒྲུབས་པ་ལས་བྱུང་བའི་ཉེས་པ་ནི། ཟས་དང་ཟས་ཀྱི་རྒྱུའི་དོན་དུ་དཀའ་ཚེགས་དུ་མ་བྱས་ ནས་སྒྲུབ་པའི་དུས་མ་གྲུབ་ན་མྱ་ངན་དང་གྲུབ་ནའང་བརླགས་ཀྱིས་དོགས་ནས་བསྲུང་དགོས་པས་སྡུག་བསྔལ་བའོ། །མཛའ་བ་ཉམས་པའི་ཉེས་པ་ནི། ཟས་ཀྱི་ཕྱིར་ཕ་དང་བུ་སོགས་ཀྱང་ཕན་ཚུན་འཐབ་རྩོད་འབྱུང་བའོད། ངོམས་མི་ཤེས་པའི་ཉེས་པ་ནི། ཟས་ལ་སྲེད་པ་ཇེ་ཆེར་སོང་ནས་རྒྱལ་པོ་སོགས་གཡུལ་འགྱེད་ཅིང་ཕན་ཚུན་སྡུག་བསྔལ་མྱོང་བའོ། །རང་དབང་ཉམས་པའི་ཉེས་པ་ནི། བྲན་སོགས་གཞན་གྱི་ཟས་ཟ་བ་རྣམས་རྗེ་བོའི་དོན་དུ་གཞན་དང་འཐབ་རྩོད་བྱེད་པ་ན་སྡུག་བསྔལ་དུ་མ་མྱོང་བའོ། ། ཉེས་པར་སྤྱད་པ་ལས་བྱུང་བའི་ཉེས་པ་ནི། ཟས་དང་ཟས་ཀྱི་ཕྱིར་སྡིག་པ་དུ་མ་བསགས་པས་འཆི་ཁ་དེ་དྲན་ནས་འགྱོད་བཞིན་དུ་འཆི་ཞིང་ཤི་ནས་ཀྱང་ངན་འགྲོར་འགྲོ་བ་བསམ་པའོ། །དེ་ལྟར་ནའང་ཟས་ལ་བརྟེན་ནས་ལུས་གནས་པའི་དགོས་པ་ཡོད་ལ་ དེ་ཙམ་གྱི་དོན་དུའང་ཟས་བསྟེན་པར་མི་རིགས་པས་ལུས་གནས་པ་ལ་བསྟེན་ནས་བདག་གིས་ཚངས་སྤྱོད་ཡང་དག་སྒྲུབ་སྙམ་པ་དང་སྦྱིན་བདག་གིས་ཤ་ཁྲག་པགས་པ་བཙིར་ཏེ་འབྲས་བུ་ཆེན་པོ་འདོད་ནས་བྱིན་པ་དེའང་དོན་དང་འབྲས་བུ་ཆེན་པོ་ཡོད་པར་ འགྱུར་བ་ཉིད་དུ་བྱའོ་སྙམ་དུ་བསམས་ནས་ལོངས་སྤྱོད་དགོས་པར་འཕགས་པ་ཐོགས་མེད་ཀྱིས་གསུངས་སོ། །ཟས་ལ་སྤྱོད་ཚུལ་བཤེས་སྤྲིངས་ལས་ཀྱང་། ཁ་ཟས་སྨན་དང་འདྲ་བར་རིགས་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་
Page: 440 སྟེ། །རྒྱུགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས། །མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་ཆགས་སྡང་དང་རྒྱུགས་པ་སོགས་ཀྱི་ཕྱིར་མ་ཡིན་པར་ལུས་འཚོ་ཞིང་གནས་པའི་ཕྱིར་བཟའ་སྙམ་པ་དགོས་ལ། དེའང་རྒྱགས་པ་ནི་ འདོད་ཆགས་ཀྱི་རྒྱུ་ལས་སེམས་འགྱུར་བའི་ཁྱད་པར་དང་། སྙེམས་པ་ནི་ང་རྒྱལ་དང་། མཚག་ནི་ཉམས་མཚག་བཟང་བའམ་ཉམས་སྟོབས་རྒྱུས་པ་ཡིན་ལ། སྔ་མ་གཉིས་ཀྱི་ཕྱིར་ཟ་བ་ནི་འདོད་ཆགས་ཀྱིས་ཟ་བ་དང་། ཕྱི་མའི་ཕྱིར་ཟ་བ་ནི་ཞེ་སྡང་གིས་ ཟ་བ་ཟིན་པར་གསུངས་སོ། །གཞན་ཡང་དཔུང་བཟང་ལས། དཔེར་ན་རྨ་ནི་གསོ་དང་བསལ་བའི་ཕྱིར། །ནད་པ་དག་ལ་སྨན་ནི་སྤྲིན་པ་ལྟར། །དེ་བཞིན་འདིར་ཡང་བཀྲེས་པའི་སྡུག་བསྔལ་དག །བསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར་གསུངས། ། ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ། །བཀྲེས་སྐོམ་གདུངས་པས་རང་གི་བུ་ཡི་ཤ། །ཟ་བ་བཞིན་དུ་རྣལ་འབྱོར་སེམས་དམན་ཞིང་། །འཚེ་དང་རྒྱགས་ཕྱིར་བཟའ་བར་མི་བྱའོ། །མང་དུ་བླུགས་ན་རྩོལ་མེད་མཐོ་བ་དང་། །དེ་བཞིན་ཉུང་དུས་སྲང་ནི་ དམའ་འགྱུར་ལ། །རན་པས་སྐད་ཅིག་མཉམ་པར་འགྲོ་བ་ལྟར། །ལུས་ཅན་ཁ་ཟས་བཟའ་བའང་དེ་བཞིན་ནོ། །དཔེར་ན་ཁང་རྙིང་མི་ཞིག་བྱ་བའི་ཕྱིར། །མི་ཡིས་ཀ་བ་བརྟན་པོ་གཟུགས་པ་ལྟར། །དེ་བཞིན་ལུས་ཀྱི་འཁྲུལ་འཁོར་གནས་པ་དང་། ། ཤིང་རྟའི་མིག་སྐུད་བཞིན་དུ་ཁ་ཟས་བཟའ། །འདོད་པའི་ཁམས་ནི་ཁ་ཟས་ཀྱིས་གནས་ཤེས། །རྒྱལ་བས་ཆོས་གཅིག་ཏུ་ནི་བཀའ་སྩལ་ཏོ། །ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ། །སེམས་ནི་བཟའ་བཏུང་ཚོགས་ལ་ཆགས་མི་བྱ། །ཞེས་གསུངས་
Page: 441 ༄༅། །པ་ལྟར་གྱི་དོན་རྣམས་ཀྱང་བསམ་པར་བྱ་དགོས་ལ། ཇོ་བོ་ཆེན་པོས་ཀྱང་། དེ་ནས་ཟས་ཀྱི་དུས་དག་ཏུ། །སྙིང་པོ་མེད་པའི་ལུས་འདི་ལས། །སྙིང་པོ་དམ་པ་བཙལ་བྱ་ཞེས། །ལུས་ལ་གྲུ་ཡི་བློ་བཞག་ལ། །རྒྱུགས་པ་བསྐྱེད་ ཕྱིར་མི་བཟའ་ཞིང་། །རོ་ལ་ཆགས་པས་མི་བཟའོ། །ཞེས་དང་། ཟས་ཀྱི་ཚོད་རིག་པར་བྱ་སྟེ། གསོ་བ་རིག་པའི་རྒྱུད་ལས། །ལྟོ་བའི་སུམ་ཆ་ཟས་ཀྱིས་ཏེ། །ཆ་གཉིས་པ་ནི་སྒོམ་གྱིས་སོ། །རླུང་ལ་སོགས་པའི་གནས་སུ་ནི། །ཆ་གཅིག་སྟོང་པར་ བཞག་པར་བྱ། །ཞེས་བཤད་པའོ། །ཟས་དེ་ལ་ཆ་བཞིར་བགོ་བར་བྱ་སྟེ། ཆ་དང་པོ་དཀོན་མཆོག་གསུམ་དང་བླ་མ་ལ་དབུལ་བར་བྱའོ། །ཆ་གཅིག་རང་ཉིད་ལོངས་སྤྱད་པར་བྱའོ། །ཆ་གཅིག་བྱིས་པ་དང་མགོན་མེད་པ་དག་ལ་སྦྱིན་པར་བྱའོ། །གཅིག་ནི་ ཁྱི་དང་བྱ་རོག་ལ་སོགས་པའི་བྱོལ་སོང་ལ་སྦྱིན་པར་བྱའོ། །ཞེས་དང་། ཡང་། ཟས་ལ་ཆ་བཞིར་བགོ་བྱས་ཏེ། །དང་པོ་ལྷ་ལ་བཤོས་གཙང་དབུལ། །དེ་རྗེས་ཆོས་སྐྱོང་སྲུང་མ་ལ། །གཏོར་མ་ཤིན་ཏུ་རྒྱ་ཆེར་གཏོང་། །རང་གིས་ཟོས་ཤིང་འཐུངས་ པ་ཡི། །ལྷག་མ་འབྱུང་པོ་ཀུན་ལ་སྦྱིན། །ཞེས་ཟས་ལ་ཆ་བཞིར་བགོ་ཚུལ་གཞན་དང་བཅས་གསུངས་སོ། །བསླབ་བཏུས་སུ། དེ་ལ་རེ་ཞིག་རྟག་ཏུ་བའི་སྨན་གྱིས་ལུས་བསྲུང་བར་བྱ་བ་ཡིན་ནོ། །དེ་ལའང་ཉ་དང་ཤས་ནི་མ་ཡིན་ཏེ། ལང་ཀར་ གཤེགས་པའི་མདོ་ལས་བཀག་པའི་ཕྱིར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ་ཞེས་བཤད་དོ། །དེ་བཞིན་དུ་སྦྱར་ཏེ། འཁྲུལ་པ་དང་ནི་གཉེན་བཤེས་དང་། །ཁུ་ཆུ་ཁྲག་ལས་བྱུང་བའི་
Page: 442 ཕྱིར། །འབྱུང་པོ་རྣམས་ནི་དབང་འགྱུར་བས། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ཤ་རྣམས་དང་ནི་སྒོག་བཙོང་དང་། །ཆང་དག་རྣམ་པ་སྣ་ཚོགས་དང་། །ཀེའུ་དང་སྒོག་སྐུ་དེ་བཞིན་དུ། །རྣལ་འབྱོར་ཅན་གྱིས་རྟག་ཏུ་སྤང་། །ཞེས་སོགས་ཤའི་ ཉེས་དམིགས་མང་དུ་གསུངས་ཤིང་། མཇུག་ཏུ། འདུལ་བ་ལས་དེ་ལ་རྣམ་པ་གསུམ་ཡོངས་སུ་དག་པ་ཟོས་ན་བར་ཆད་དུ་མི་འགྱུར་རོ་ཞེས་གང་གནང་བ་དེ་ནི་ཡོངས་སུ་སྤངས་པས་དག་པར་ལྟ་བ་རྣམས་ཀྱི་ང་རྒྱལ་བསལ་བ་དང་། སྐལ་བ་ཡོད་ཀྱང་དེ་ ལ་ཆགས་པས་བསྟན་པ་ལ་འཇུག་མི་ནུས་པ་སྤང་པའི་ཕྱིར་རོ་ཞེས་གསུངས་ནས། ལང་གཤེགས་དྲང་སྟེ་བསྟན་ལ་འདིར་ནི་རང་ཤི་བའི་ཤ་ཡང་བཀག་པ་ཡིན་པར་གསུངས་སོ། །དེ་དག་ནི་རྟག་ཏུ་བའི་སྨན་ལ་སྤྱོད་ཚུལ་ཡིན་ལ། ན་བའི་གསོས་སྨན་ནི་ ནད་ཚབས་ཆེ་ཞིང་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་དུ་འགྱུར་ན་དོན་ཆེན་པོ་བསྒྲུབ་པའི་ཆེད་དུ་སྨན་གྱི་འདུ་ཤེས་ཀྱིས་ཉེ་བར་བསྟེན་པ་ལ་ཉེས་པ་མེད་པར་མ་ཟད་ཅི་ནས་བསྟེན་དགོས་པ་དང་རབ་བྱུང་གིས་ཕྱི་དྲོ་སོགས་སུའང་བསྟེན་རུང་བར་གསུངས་ཏེ། བསླབ་བཏུས་ལས། ན་བའི་གསོས་སྨན་ཡང་བརྗོད་པར་བྱ་བ་ཉིད་དོ། །བདག་གི་དོན་དང་ཚངས་པར་སྤྱོད་པ་གནས་པར་བྱ་བའི་ཕྱིར་ཉན་ཐོས་ཀྱི་འདུལ་བ་ལས་ཀྱང་། ལྷུང་བཟེད་དང་ཆོས་གོས་ཀྱང་བཙོང་ལ་ལུས་བསྲུང་བར་གསུངས་ན་སྐྱེ་བོ་དཔག་ ་མེད་པ་ཡོངས་སུ་བསྒྲུབ་པའི་རྒྱུ་བྱང་ཆུབ་སེམས་དཔའི་ལུས་ལྟ་ཅི་སྨོས་ཏེ་དལ་བའི་དགའ་བ་ཕུན་སུམ་ཚོགས་པ་འདི་ལྟ་བུ་ནི་རྙེད་པར་དཀའོ། །དེ་རབ་ཏུ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་དང་དེར་བདག་ཉིད་སྨན་ལ་ཉེ་བར་སྦྱོར་བར་བསྟན་ཏེ།
Page: 443 ༄༅། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། དེ་ནམ་ཚོད་བཟུང་བར་གྱུར་པ་དེའི་ཚེ་ཉི་ཚོད་ཡོད་དམ་མེད་ཀྱང་རུང་སྟེ་ཞེས་སོགས་གསུངས་པ་ལྟར་རོ། ཟས་ལ་ཆགས་སེམས་སོགས་ཀྱིས་སྤྱོད་ཅིང་དགེ་བའི་ཕྱོགས་ལ་བརྩོན་པར་མ་ བྱས་ན་དད་པས་བྱིན་པ་ལ་སྤྱོད་པ་དུག་ཏུ་འགྱུར་བས་མ་ཆགས་པར་སྤྱོད་ཅིང་རྣལ་འབྱོར་ལ་བརྩོན་དགོས་ཏེ། ཏིང་རྒྱལ་ལས། བྱིས་པ་དག་ནི་ཟས་ལ་ཆགས་གྱུར་ནས། །ཟས་ལ་ཚོད་རིག་པར་ནི་མི་བྱེད་དེ། །སངས་རྒྱས་བསོད་ནམས་ཀྱིས་ནི་ཟས་རྙེད་ཀྱང་། ། དེ་ལ་བྱིས་པ་བྱས་པ་གཟོ་མི་འགྱུར། །དེ་དག་ཁ་ཟས་རོ་ཞིམ་བསོད་པ་དག ། རྙེད་ནས་རྣལ་འབྱོར་མི་བརྩོན་ཟ་ཞིང་འཐུང་། །དེ་དག་ལ་ནི་ཟས་དེ་གདུག་པར་འགྱུར། །བ་གླང་ཕྲུ་གུས་པད་རྩ་མ་བཀྲུས་བཞིན། །མཁས་ཤིང་རྟོག་པ་བློ་གྲོས་ལྡན་པ་ནི། ། ཁ་ཟས་བཟང་པོ་གཙང་མ་ཟ་མོད་ཀྱི། །དེ་དག་ལ་ནི་ཆགས་པར་མི་འགྱུར་ཏེ། །མ་ཆགས་བཞིན་དུ་ཟ་ཞིང་རྣལ་འབྱོར་བརྩོན། །ཞེས་དང་། རིན་པོ་ཆེའི་ཕུང་བོའི་མདོ་ལས། བཅོམ་ལྡན་འདས་ཀྱིས་དད་པས་བྱིན་པས་ཡོངས་སུ་སྤྱོད་པའི་ཉེས་པ་བསྟན་ པ་དང་། དེ་ནས་འཁོར་དེ་ཉིད་ནས་རྣལ་འབྱོར་སྤྱོད་པའི་དགེ་སློང་ཉིས་བརྒྱས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་རབ་ཏུ་དུས་ཏེ་མཆི་མ་ཟག་ཅིང་ཚིག་འདི་སྐད་ཅེས་བཅོམ་ལྡན་འདས་བདག་ཅག་ནི་གུམ་ཡང་རུང་སྟེ་འབྲས་བུ་ཐོབ་ཀྱི་བར་དུ་དད་པས་སྩལ་བའི་ བསོད་སྙོམས་ཅིག་ཙམ་ཡང་ཡོངས་སུ་སྤྱོད་པར་མི་བགྱིའོ། །ཞེས་སྨྲས་སོ། །བཀའ་སྩལ་བ། སྐྱེས་བུ་དམ་པ་དག་ལེགས་སོ་ལེགས་སོ་ངོ་ཚ་ཞེས་པ་དང་འགྱོད་པ་དང་ལྡན་པ་དང་འཇིག་རྟེན་ཕ་རོལ་ཏུ་ཁ་ན་མ་ཐོ་བས་འཇིགས་པར་བལྟ་བ་རྣམ་པ་འདི་
Page: 444 ལྟ་བུ་དག་གིས་གསུང་རབ་འདི་མཛེས་སོ། །འོད་སྲུང་ངས་དགེ་སློང་གཉིས་ལ་དད་པས་བྱིན་པ་གནང་སྟེ། གཉིས་གང་ཞེ་ན་ལྡན་པ་དང་གྲོལ་བའོ། །དགེ་སློང་དག་དགེ་སློང་ལྡན་པ་རྣལ་འབྱོར་སྤྱོད་པ་ངའི་བསྟན་པ་ལ་ཞུགས་པ་འདུ་བྱེད་ཐམས་ཅད་མི་ རྟག་པར་མཐོང་འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་མཐོང་ཆོས་ཐམས་ཅད་ལ་བདག་མེད་པར་མོས་མྱ་ངན་ལས་འདས་པ་ཞི་བར་རྟོགས་པས་རི་རབ་ཙམ་གྱི་ཁམ་དག་གིས་དད་པས་བྱིན་པ་ཡོངས་སུ་སྤྱད་ཀྱང་དེའི་ཡོན་ཤིན་ཏུ་ཡོངས་སུ་དག་པར་འགྱུར་ རོ། །སྦྱིན་པ་པོ་དང་སྦྱིན་བདག་གང་དག་ལས་དད་པས་བྱིན་པ་ཡོངས་སུ་སྤྱད་པ་དེ་ལས་དེ་དག་གི་བསོད་ནམས་ཀྱི་རྣམ་པར་སྨིན་པ་འབྱོར་བ་ཆེན་པོ་དང་ཕན་ཡོན་ཆེན་པོར་འགྱུར་རོ་ཞེས་སོགས་དང་། སངས་རྒྱས་ཀྱི་སྡེ་སྣོད་ཀྱི་མདོ་ལས། ཤཱ་རིའི་བུ་ བཀྲེས་པས་རང་གི་བརླའི་ཤའམ་དཔུང་བའི་ཤ་ཟོས་པ་ནི་བླའི་ཉེས་དམིགས་སུ་མི་ལྟ་བ་དང་འབྱུང་བར་མི་ཤེས་པས་དད་པས་བྱིན་པ་ལོངས་སྤྱོད་པར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངས་ལྡན་པ་རྣམས་དང་གྲོལ་བ་རྣམས་ལ་དད་ པས་བྱིན་པ་གནང་སྟེ་དེ་དག་ལས་གཞན་པ་ལ་ནི་མ་ཡིན་ནོ། །ཤཱ་རིའི་བུ་ཇི་ཙམ་ཞིག་གིས་ལྡན་པ་ཡིན། ཇི་ཙམ་ཞིག་གིས་གྲོལ་བ་ཡིན་ཞེ་ན། གང་མཐོང་བའི་ཆོས་འདི་ཉིད་ལ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་ན་དེ་ལྟ་བུ་ ནི་ལྡན་པ་ཡིན་ནོ། །མི་དགེ་བའི་ཆོས་སྤང་བའི་ཕྱིར་དང་དགེ་བའི་ཆོས་མངོན་སུམ་དུ་བྱ་བའི་སྤྱིར་སྤོང་བ་དང་འཕགས་པའི་ལམ་གོམས་པར་བྱ་བ་ལ་མགོའམ་གོས་ལ་མེ་འབར་བ་ལྟ་བུར་བྱེད་པ་ལྟ་བུ་ནི་ལྡན་པ་ཡིན་ནོ། །ངན་སོང་གསུམ་ལས་གྲོལ་བ་
Page: 445 ༄༅། །རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་བྱ་བ་བྱས་པ་དག་ནི་གྲོལ་བ་ཞེས་བརྗོད་དོ། །ཤཱ་རིའི་བུ་གང་དག་ཡང་བསླབ་པ་གསུམ་པོ་དག་ལས་བསླབ་པ་དེ་དག་ནི་གྲོལ་བ་ཞེས་བྱ་སྟེ་དེ་དག་ཀྱང་ དད་པས་བྱིན་པ་ཐོབ་པ་ཡིན་ནོ། །ཤཱ་རིའི་བུ་འདི་དག་ཙམ་གྱིས་ལྡན་པ་ཡིན་ཞིང་འདི་ཙམ་གྱིས་གྲོལ་བ་ཡིན་ཏེ། དེ་ལྟ་བུའི་ལྡན་པ་དང་དེ་ལྟ་བུའི་གྲོལ་བ་གང་ཡིན་པ་དེ་དག་ལ་ངས་དད་པས་བྱིན་པ་རྗེས་སུ་གནང་ངོ་། །དེ་དག་གིས་ལེགས་པར་ཡོངས་སུ་སྤྱོད་ པར་འགྱུར་རོ་ཞེས་གསུངས་སོ། །དེ་དག་ནི་གོས་དང་གནས་མལ་སོགས་ཀྱི་དད་པས་བྱིན་པ་ཐམས་ཅད་ལ་སྤྱོད་པ་ལའང་འདྲའོ། །གོས་སྦྱིན་པ་དང་མི་སྦྱིན་པའི་ཚུལ་ནི། རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ལ་འགའ་ཞིག་གིས་གོས་ལ་སོགས་པའི་ཡོ་ བྱད་སློང་བ་ན་རང་ཉིད་ཀྱིས་བགོ་བར་བྱ་བའི་ཆོས་གོས་བླ་གོས་དང་ཆོས་གོས་མཐིང་གོས་དང་ཁྱད་པར་དགེ་སློང་ལྟ་བུ་ཡིན་ན་ཆོས་གོས་སྣམ་སྦྱར་ཏེ་ཆོས་གོས་གསུམ་པོ་མ་གཏོགས་པའི་ཡོ་བྱད་གང་ཡོད་པ་རྣམས་སྦྱིན་པར་བྱ་ལ་གོས་ལྷག་པོ་ནི་ཆོས་གོས་གསུམ་ སོགས་གང་ཡོད་པ་དག་ཀྱང་སྦྱིན་པར་བྱའི། རང་ཉིད་ཀྱིས་ཉེ་བར་འཆང་བའི་ཆོས་གོས་ངུར་སྨིག་གསུམ་པོ་ཚན་གཅིག་ནི་འགའ་ཞིག་གིས་སློང་ནའང་སྦྱིན་པར་མི་བྱ་སྟེ། ཁྱིམ་པ་དང་མུ་སྟེགས་བྱེད་སོགས་ལས་རྟགས་ཁྱད་པར་དུ་གྱུར་པ་དང་ཚངས་པར་སྤྱོད་ པའི་དགེ་སྦྱོང་གི་དྲན་པ་གསོ་བ་དང་ཚ་གྲང་གི་རེག་པ་དང་སྦྲང་བུ་དང་ཤ་སྦྲང་ལ་སོགས་པའི་གནོད་པ་སྲུང་བ་དང་། ཁྱད་པར་སྣམ་སྦྱར་ནི་རབ་ཏུ་བྱུང་ཡང་བསྙེན་པར་མ་རྫོགས་པའི་དགེ་ཚུལ་སོགས་ལས་རྟགས་ཁྱད་པར་དུ་གྱུར་པ་དང་ངོ་ཚ་དང་ཁྲེལ་ཡོད་ཀྱི་
Page: 446 བསམ་པ་ཁྱད་པར་ཅན་བསྐྱེད་པ་དང་ལྷ་དང་བཅས་པའི་མཆོད་རྟེན་དུ་འགྱུར་བར་བྱ་བ་སོགས་ཀྱི་ཚད་དུ་འབྲལ་མེད་དུ་འཆང་དགོས་པས་སྦྱིན་པར་མི་བྱ་སྟེ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། གལ་ཏེ་ལ་ལ་ཞིག་འོངས་ནས་ལྷུང་བཟེད་དང་ཆོས་གོས་ སློང་བ་ན། གལ་ཏེ་དེ་ལ་སངས་རྒྱས་ཀྱིས་གནང་བའི་ཆོས་གོས་གསུམ་ལས་ལྷག་པ་ཞིག་ཡོད་ན་ཇི་ལྟ་བ་བཞིན་དུ་བཏང་ཞིང་སྦྱིན་པར་བྱའོ། །གལ་ཏེ་དེ་ལ་ཆོས་གོས་གསུམ་ལས་ཉུང་བར་གྱུར་ན་གང་ལ་བརྟེན་ནས་ཚངས་པར་སྤྱོད་པ་ལ་གནས་པ་དེ་ནི་བཏང་བར་ མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཆོས་གོས་གསུམ་བཏང་བར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔས་ཆོས་གོས་གསུམ་ཡོངས་སུ་བཏང་སྟེ་སློང་བ་པོ་གཙོ་བོར་བྱེད་པར་གྱུར་ན་དེས་འདོད་པ་ཆུང་བ་ བསྟེན་པ་མ་ཡིན་ནོ་ཞེས་ཆེས་ཆེར་བཀག་སྟེ། དེ་ནི་སྦྱིན་པ་ལས་ཚུལ་ཁྲིམས་གཙོ་ཆེ་བའི་རྒྱུ་མཚན་གྱིས་ཡིན་ལ། གལ་ཏེ་བྱིན་ན་བྱང་སེམས་རབ་བྱུང་ལ་ལྟུང་བར་འགྱུར་བའང་བསྟན་ཏོ། །ཡང་དེ་ཉིད་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ གང་གིས་སངས་རྒྱུས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱུས་རྣམས་ལ་དབུལ་བ་ཕུལ་བ་བས། ཤཱ་རིའི་བུ་རབ་ཏུ་བྱུང་བར་གྱུར་པའི་བྱང་ཆུབ་སེམས་ དཔའ་གང་གིས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བསྟན་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དེ། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ནི་རབ་ཏུ་བྱུང་བས་ཟང་ཟིང་གི་སྦྱིན་པ་མ་གནང་ངོ༌། །ཞེས་སྤྱིར་ཟང་ཟིང་གི་སྦྱིན་པ་བྱང་སེམས་ཁྱིམ་གནས་
Page: 447 ༄༅། །ཀྱིས་བྱེད་ལ་ཆོས་ཀྱི་སྦྱིན་པ་བྱང་སེམས་རབ་བྱུང་གིས་བྱ་བར་བསྟན་ལ། རབ་བྱུང་ལ་ཟང་ཟིང་གི་སྦྱིན་པ་བྱ་བར་མ་གནང་བར་གསུངས་པའི་དོན་ནི། རབ་བྱུང་གིས་ཟང་ཟིང་ཆེད་དུ་བསྒྲུབས་ནས་སྦྱིན་གཏོང་བྱེད་པ་ཐོས་བསམ་སོགས་ཀྱི་ བར་ཆད་དུ་འགྱུར་བ་ལ་དགོངས་ནས་དེ་ལྟར་བཀག་པ་ཡིན་གྱི་སྔོན་གྱི་བསོད་ནམས་ཀྱི་མཐུས་ཟང་ཟིང་མང་དུ་རྙེད་ཅིང་རང་གི་དགེ་སྦྱོར་ལ་མི་གནོད་པའི་ཟང་ཟིང་གི་སྦྱིན་པ་གཏོང་བ་བཀག་པའི་དོན་མིན་པར་བསླབ་བཏུས་ལས་གསུངས་སོ། །ཡང་ཆོས་གོས་ གསུམ་དང་དེ་ལས་གཞན་པའི་ཡོ་བྱད་ལྷག་པ་སངས་རྒྱས་ཀྱིས་རྗེས་སུ་གནང་བ་རྣམས་ལ་སེར་སྣའི་བསམ་པ་མེད་ཅིང་དགེ་བའི་ཕྱོགས་ལ་ཉེ་བར་མཁོ་བ་ཡིན་ན་སློང་བ་ལ་མ་བྱིན་ཡང་ཉེས་པ་མེད་པར་བྱང་སའི་གཏན་ལ་དབབ་པ་བསྡུ་བ་ལས་གསུངས་པར་བཤད་དོ། ། གོས་ལ་ཇི་ལྟར་ལོངས་སྤྱོད་པའི་ཚུལ་ཡང་། འདུལ་བ་ལས་ནི་སྤྱིར་ལུས་ལ་རྨའི་འདུ་ཤེས་དང་གོས་ལ་རྨ་དཀྲིས་ཀྱི་འདུ་ཤེས་བཞག་ནས་སྤྱོད་དགོས་པ་དང་། ཁྱད་པར་རབ་བྱུང་ལྟ་བུས་ནི་གོང་དུ་བཤད་པ་ལྟར་དགེ་སྦྱོང་གི་དྲན་པ་གསོ་བ་དང་། ངོ་ཚ་ཁྲེལ་ ཡོད་ཀྱི་བསམ་པ་སྐྱེད་པ་སོགས་ཀྱི་དོན་དུ་ངུར་སྨྲིག་གི་གོས་བགོ་དགོས་པར་གསུངས་པ་དང་། བསླབ་བཏུས་སུ། གོས་ཀྱི་ལོངས་སྤྱོད་ཀྱི་སྦྱོར་བ་ནི། དྲག་ཤུལ་ཅན་གྱིས་ཞུས་པ་ལས་བསྟན་ཏེ། ངོ་ཚ་ཞིང་འཛེམ་པས་ཁྲེལ་ཡོད་པས་དཀྲི་བ་དང་ཤ་སྦྲང་དང་ སྦྲང་བུ་དང་རླུང་དང་ཉི་མ་དང་སྡིག་སྦྲུལ་གྱིས་རེག་པར་འགྱུར་བ་གཡོགས་པ་དང་དགེ་སྦྱོང་གི་རྟགས་བརྟན་པ་དང་དུར་སྨྲིག་དེ་དག་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་ནོ་སྙམ་ནས་མཆོད་རྟེན་གྱི་ཕྱིར་ཡང་དག་པར་གཟུང་བར་བྱ་བ་དང་
Page: 448 ཞེས་སོགས་གསུངས་ཏེ། དེ་དག་གིས་ནི་ཇི་ལྟར་འོས་པའི་གོས་ཐུན་མོང་བ་དང་ཁྱད་པར་རབ་བྱུང་ལྟ་བུ་ཡིན་ན་དགེ་སྦྱོང་གི་རྟགས་མི་ཉམས་ཤིང་བརྟན་པར་བྱ་བ་སོགས་ཀྱི་བསམ་པས་ངུར་སྨྲིག་གི་གོས་གུས་པ་དང་བཅས་པས་བགོ་དགོས་པར་བསྟན་ལ། གུས་པ་ དང་བཅས་ཏེ་ཆོས་གོས་ལེགས་པར་མ་བགོས་པའི་ཉེས་དམིགས་སོགས་ཀྱང་གསུངས་ཏེ་དེ་ཉིད་ལས་ཤེས་པར་བྱའོ། །དེ་དག་ནི་ཇི་སྐད་དུ། སྨན་དང་གོས་ལ་སོགས་པ་དག་གིས་ལུས་ཡོངས་སུ་བསྐྱང་བར་བྱ་སྟེ་གཞན་གྱི་དོན་ལ་མཁོ་བའི་ཕྱིར་རོ། །ཞེས་གསུངས་པ་ ལྟར་རོ། །སྤྱིར་ཟས་གོས་གནས་མལ་སོགས་གང་ལ་སྤྱོད་ཀྱང་གཞན་དོན་དུ་བཏང་ཟིན་པའི་ལོངས་སྤྱོད་འདི་ལ་སྤྱོད་ནས་གཞན་དོན་བྱའོ་སྙམ་པའི་སྒོ་ནས་སྤྱད་དགོས་ཀྱི། དེ་ལྟ་བུའི་བསམ་པ་བརྗེད་ནས་རང་དོན་དུ་སྲེད་པས་སྤྱོད་ན་ཉོན་མོངས་ཅན་གྱི་ལྟུང་བར་འགྱུར་ ཏེ། བསླབ་བཏུས་སུ། བདག་ལ་སྲེད་པས་ལོངས་སྤྱོད་ན། །ཉོན་མོངས་བཅས་པའི་ལྟུང་བར་འགྱུར། །ཞེས་གསུངས་ལ། སྲེད་པ་མེད་ལ་གཞན་དོན་ལ་དམིགས་པའི་འདུ་ཤེས་བརྗོད་པའམ་སེམས་ཅན་གཞན་ཞིག་གི་ཕྱིར་ཆགས་ན་ཡང་ཉོན་མོངས་ཅན་མ་ཡིན་ པའི་ལྟུང་བར་འགྱུར་རོ། །གཞན་ལ་བསྔོས་ཟིན་པའི་ཟས་གོས་སོགས་ལ་གཞན་གྱི་རྫས་སུ་འདུ་ཤེས་ནས་རང་དོན་དུ་སྤྱོད་ན་མ་བྱིན་ལེན་དུ་འགྱུར་ཞིང་། རིན་ཐང་ཚད་ན་སོ་ཐར་གྱི་ཕམ་པར་ཡང་འགྱུར་བར་བསླབ་བཏུས་སུ་གསུངས་ལ། དེར་འགྱུར་ཚུལ་ནི། མིའི་འགྲོ་བ་པ་ལ་ཞེ་ཐག་པ་ནས་བསྔོས་ཤིང་མི་དེས་ཀྱང་རང་ལ་བསྔོས་པར་ཤེས་ནས་བདག་ཏུ་བཟུང་ནས་ཡོད་པའི་དུས་སུ་དེ་ལ་གཞན་གྱི་རྫས་ཡིན་པར་འདུ་ཤེས་ནས་རང་དོན་དུ་བླངས་པ་རིན་ཐང་ཚང་ན་མ་བྱིན་ལེན་གྱི་ཕམ་པ་འབྱུང་བ་དེ་ལྟ་བུ་ལ་དགོངས་པ་ཡིན་
Page: 449 ༄༅། །པར་གསུངས་སོ། །ཡང་སེམས་ཅན་ཁོ་རང་ལ་བསྔོས་ཟིན་པའི་ཟས་གོས་སོགས་ལ་ལོངས་སྤྱད་ནས་སེམས་ཅན་ཁོ་རང་རྣམས་ཀྱི་དོན་བྱའོ་སྙམ་དུ་བསམ་ནས་སྤྱོད་ན་ཉོན་མོངས་ཅན་ཡིན་མིན་གྱི་ལྟུང་བ་གང་དུའང་མི་འགྱུར་བར་ཉེས་མེད་ དུ་འགྲོ་བ་དང་། བསམ་པ་དེ་ལྟ་བུ་དང་ལྡན་ན་སེམས་ཅན་ལ་བསྔོས་ཟིན་པའི་ཡོ་བྱད་དེས་མ་གནང་བར་སྤྱོད་ཀྱང་ཉེས་པ་མེད་པ་དང་། དངོས་སུ་སེམས་ཅན་ལ་མི་སྟེར་ན་བློས་བཏང་བ་དེ་བརྫུན་དུ་སྣང་ངོ་སྙམ་དུ་མ་དད་པར་བྱ་མི་རིགས་པའི་ཚུལ་རྣམས་ཀྱང་བསླབ་བཏུས་ ལས་གསུངས་པས་དེ་ལས་ཤེས་པར་བྱའོ། །ལུས་གཏོང་བ་དང་མི་གཏོང་བའི་ཚུལ་ནི། དམ་པ་བྱང་ཆུབ་སེམས་དཔའི་ཆོས་སམ་རང་གཞན་གྱི་དོན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་བདེ་རྒྱུ་ཆེན་པོ་སྒྲུབ་བྱེད་ཡིན་པས་དམ་པའང་ཡིན་ལ་ཆོས་ཀྱང་ ཡིན་པའི་དམ་པའི་ཆོས་ནི་ཚུལ་བཞིན་དུ་སྤྱོད་ཅིང་ཉམས་སུ་ལེན་པའི་རྟེན་དུ་གྱུར་པའི་བྱང་སེམས་ཀྱི་ལུས་ནི་རེ་ཞིག་གཞན་ལ་ཕན་པ་ཆུང་དུ་དང་དགོས་པའི་དོན་ཕྲན་ཚེགས་ཤ་ཟ་ཚད་ཁྲག་འཐུང་ཚད་ཀྱི་ཆེད་དུ་གཏོང་བ་ལྟ་བུའི་གནོད་པའི་སྡུག་བསྔལ་གྱིས་གཟིར་བ་དང་། གོང་དུ་ཟས་གོས་སོགས་ལ་སྤྱོད་ཚུལ་བསྟན་པ་ལྟར་མི་བྱེད་ཅིང་བཟའ་བཏུང་མི་བསྟེན་པར་བཀྲེས་སྐོམ་ལ་སྦྱོར་བ་དང་གོས་མི་བགོ་བར་ཚ་གྲང་གི་རེག་པས་ཉེན་དུ་འཇུག་པ་སོགས་དོན་མེད་པར་གནོད་པས་གདུངས་ཤིང་གཟིར་བ་སོགས་མི་བྱ་སྟེ་བྱས་ན་རང་གཞན་ གྱི་དོན་ཆེན་པོ་ལས་ཉམས་པར་འགྱུར་བས་ན་གཅེས་སྤྲས་ཀྱིས་བསྲུང་བར་བྱ་དགོས་ལ། དེ་ལྟར་བསོད་ནམས་ཀྱི་འབྱུང་ཁུངས་སུ་གྱུར་པའི་བྱང་སེམས་ཀྱི་ལུས་ཉིད་ལ་དགོས་པ་ཕྲན་ཚེགས་ཀྱི་ཆེད་དུ་གནོད་པ་མི་བྱ་བར་སྨན་གྱི་ལྗོན་ཤིང་གི་མྱུ་གུ་བཞིན་དུ་བསྲུང་བར་
Page: 450 བྱས་ནས་འདི་ལ་བརྟེན་ཏེ་ཕྱིན་དྲུག་བསྡུ་བཞི་སོགས་རྒྱལ་སྲས་ཀྱི་སྤྱོད་པའི་ཉམས་ལེན་རྣམས་ལ་ཚུལ་བཞིན་དུ་བསླབ་ན་སེམས་ཅན་རྣམས་ཀྱིས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ཇི་ལྟར་འདོད་པ་བཞིན་གྱི་བསམ་པ་མྱུར་དུ་རྫོགས་པར་སྒྲུབ་ནུས་པར་ འགྱུར་རོ། །དེ་ལྟར་དགོས་པ་ཕྲན་ཚེགས་ཀྱི་ཆེད་དུ་མི་གཏོང་བ་ནི་དགོས་པའི་སྒོ་ནས་གཏོང་མི་རུང་བའི་ཚུལ་ཡིན་ལ། གཞན་ཡང་སྲོག་གཅོད་སོགས་རང་གཞན་ལ་གནོད་པའི་ཉེས་སྤྱོད་བྱེད་དུ་གཞུག་པའི་ཕྱིར་ལུས་སློང་བ་སོགས་ལའང་སྦྱིན་མི་རུང་བར་གསུངས་ སོ། །རྒྱུ་མཚན་དེའི་ཕྱིར་བདག་གཞན་མཉམ་པའང་བདག་པས་གཞན་གཅེས་ཀྱི་སྙིང་རྗེའི་བསམ་པ་ཡོངས་སུ་མ་དག་པར་སྦྱོར་བའི་སྒོ་ནས་ལུས་དང་སྲོག་འདི་ནི་དངོས་སུ་གཏོང་བར་མི་བྱ་སྟེ་བཏང་བས་གཞན་ལ་ཕན་པར་མ་ངེས་ཤིང་གཏོང་བའི་དཀའ་སྤྱད་ཀྱིས་ཡིད་འབྱུང་ བར་འགྱུར་བ་དང་དེས་རྒྱལ་སྲས་ཀྱི་སྤྱོད་པ་ལས་ཕྱིར་ལྡོག་པ་དང་ཕྱི་ནས་འགྱོད་པའི་སེམས་སྐྱེ་བར་འགྱུར་བའང་སྲིད་པའི་ཕྱིར་རོ། །དེས་ན་རང་ཉིད་སྦྱིན་པའི་གེགས་སེར་སྣ་སོགས་དང་བྲལ་ནས་ལྷག་པའི་བསམ་པ་ཡོངས་སུ་དག་ཅིང་རྒྱས་པར་གྱུར་པ་དང་གཞན་ ངོས་ནས་ལུས་བཏང་བས་སེམས་ཅན་མང་པོའི་དོན་འགྲུབ་ཅིང་རང་གཞན་གྱི་ཚོགས་རྒྱ་ཆེན་པོ་རྫོགས་པའི་རྒྱུར་འགྱུར་བར་ངེས་པ་ན། ཅི་ནས་ཀྱང་ཚེ་འདི་དང་ཚེ་རབས་གཞན་དུ་ཡང་རང་གཞན་ལ་ཕན་བདེའི་དོན་རྒྱ་ཆེན་པོ་སྒྲུབ་པར་བྱེད་པའི་རྒྱུར་ལུས་འདི་ངེས་པར་ ཡོངས་སུ་གཏང་ངོ༌། །རྒྱ་དཔེར། བསམ་མཉམ་ན་ནི་དེ་གཏང་སྟེ། །དེ་ལྟར་ཡོངས་སུ་ཉམས་མི་འགྱུར། །ཞེས་ཡོད་དེ། ཐམས་ཅད་ལ་ལྷག་པའི་བསམ་པ་མཉམ་པའམ་གཞན་ཆོས་གཅེས་པར་འཛིན་ནུས་པ་ན་སྲོག་དེ་གཏང་བར་བྱ་སྟེ་དེ་ལྟ་བུའི་ཐབས་མཁས་ཐོབ་
Page: 451 ༄༅། །པའི་ཚེ་ལྡོག་པ་དང་འགྱོད་པ་སོགས་མེད་པས་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་ཞེས་པའོ། །དོན་འདི་ཉིད་རྣམ་བཤད་ལས་གསུངས་པ་བསྡུ་ན། སྙིང་རྗེའི་བསམ་པ་སོགས་སྨོས་ཏེ། ལྷག་བསམ་དག་པའི་སར་མ་ཆུད་པར་ ནི། གཏོང་བ་ལ་མ་གོམས་པས་གཏོང་མི་ནུས་པའི་ཕྱིར་རམ་ནུས་ཀྱང་སྔོན་ལས་ངན་པའི་སྟོབས་ཀྱི་ན་ཚ་སོགས་འབྱུང་བས་འགྱོད་ཅིང་སྒྱིད་ལུག་པས་སམ། ཆོས་ཐམས་ཅད་ལ་བདེ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པས་དེའི་ཚེ་ཚོར་བ་བདེ་བ་མི་འབྱུང་བས་གཏོང་ འདོད་ཀྱི་བློ་མི་འབྱུང་བས་སམ་བདེན་སྟོབས་མ་གྲུབ་པས་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་དུ་འགྱུར་བའང་སྲིད་པས་མི་གཏོང་ལ། ལྷག་བསམ་དག་པའི་སར་ཆུད་པ་ལ་ནི་ཉེས་པ་དེ་རྣམས་མི་འབྱུང་བས་གཏོང་བའི་དུས་ཁོ་ནའོ་ཞེས་གསུངས་ལ། དགེ་ལྷས་སོ་ སྐྱེ་དག་གིས་ཆོས་གོས་གསུམ་ཡང་བཏང་བར་མི་བྱ་ན་སྲོག་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཕྱིར་སྙིང་རྗེའི་བསམ་པ་སོགས་གསུངས་ཏེ། ཆོས་སྤྱོད་པའི་ལུས་ཅིག་ཤོས་ཆེད་དུ་གནོད་པར་མི་བྱ་བ་ཡིན་ཕྱིར་སྙིང་རྗེའི་བསམ་པ་མ་དག་པར་ལུས་གཏང་བར་མི་བྱ་སྟེ། མོས་པས་སྤྱོད་པའི་སོ་སྐྱེ་འགའ་ཡང་བདག་གཞན་མཉམ་པའི་སེམས་མཚུངས་པར་ཡོད་ན་དེས་ཀྱང་སྲོག་བཏང་བ་ན་རྣམ་པ་འདིས་དེས་ཁྱད་པར་རྟོགས་ཕྱིར་ཉམས་ཤིང་ཞིག་པར་མི་འགྱུར་ཞེས་བཤད་ལ། བི་བྷཱུ་ཏིས་གཉེན་དང་གཉེན་མིན་ལ་མི་མཉམ་པའི་ སྙིང་རྗེའི་བསམ་པ་ཡོད་རིགས་ལ་མི་གཏང་ལ་ཐམས་ཅད་ལ་སེམས་མཉམ་པའི་ཚེ་གཏང་བར་བྱ་སྟེ་དེའི་ཚེ་འགྱོད་པ་སོགས་མེད་པས་ཉམས་པར་མི་འགྱུར་རོ། །དེ་ནི་མཐོང་ལམ་ཐོབ་ནས་ཞེས་བྱ་བའི་དོན་ཏོ་ཞེས་གསུངས་སོ། །དེ་ལྟར་སྙིང་རྗེའི་བསམ་པ་མ་དག་པར་
Page: 452 མི་གཏོང་བ་ནི་དུས་ཀྱི་སྒོ་ནས་གཏོང་དུ་མི་རུང་བའི་ཚུལ་ཏེ། བྱང་སེམས་ཀྱིས་དང་པོ་ནས་ལུས་སོགས་སེམས་ཅན་གྱི་དོན་དུ་བཏང་མོད་ཀྱང་ལུས་ཀྱི་ཤ་སོགས་དངོས་སུ་བཏང་བས་ཡིད་འབྱུང་བར་མི་འགྱུར་བའི་སྙིང་རྗེས་ཆེན་པོའི་བསམ་པ་མ་རྒྱུས་ཀྱི་བར་སློང་ཡང་ སྦྱིན་པར་མི་བྱ་བ་ཉིད་དོ། །དེ་ལྟར་བསླབ་བཏུས་ལས། གང་གིས་དེ་ལྟར་བརྩོན་འགྲུས་ཤིན་ཏུ་བརྩམས་པ་སྐྱོ་བར་འགྱུར་བས་རྟག་ཏུ་བྱང་ཆུབ་སེམས་དཔའི་དངོས་པོ་ཉིད་དུ་མི་འགྱུར་བའོ། །དེ་བས་ན་དཀོན་མཆོག་སྤྲིན་ལས། འདི་ལ་བྱང་ཆུབ་སེམས་ དཔའི་སྤྱོད་ལམ་ཐམས་ཅད་དུ་བརྩོན་འགྲུས་རྩོམ་པ་ན་ཅི་ནས་ལུས་སྐྱོ་བར་མི་འགྱུར་བ་དང་སེམས་སྐྱོ་བར་མི་འགྱུར་བ་དེ་ལྟར་བརྩོན་འགྲུས་རྩོམ་སྟེ་འདི་ནི་བྱང་ཆུབ་སེམས་དཔའི་རྟག་པའི་བརྩོན་འགྲུས་ཞེས་བྱའོ། །ཞེས་གསུངས་སོ། །གང་གིས་སྐྱོ་བར་ འགྱུར་བའི་བརྩོན་འགྲུས་དེ་ཇི་འདྲ་བ་ཞིག་ཡིན་ཞེ་ན། གང་འདི་སྟོབས་ཆུང་བ་ལས་ལྕི་བའམ་དུས་ཡུན་རིང་པོར་རྩོམ་པའམ་མོས་པ་ཡོངས་སུ་མ་སྨིན་པ་རྣམས་བྱ་དཀའ་བའི་ལས་རྩོམ་པ་སྟེ་དཔེར་ན་རང་གི་ཤ་སྦྱིན་པ་ལ་སོགས་པ་ལྟ་བུའོ། །འདིས་སེམས་ ཅན་རྣམས་ལ་ལུས་བྱིན་ཟིན་མོད་ཀྱི་འོན་ཀྱང་དུས་མ་ཡིན་པར་ཡོངས་སུ་སྤྱད་པ་ལས་བཟློག་པར་ཟད་དེ། གཞན་དུ་ན་སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་སྐྱོ་བར་གྱུར་པས་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ཆུད་ཟ་བའི་ཕྱིར་འབྲས་བུའི་ཕུང་བོ་ཆེན་པོ་ཆུད་ ཟ་བར་འགྱུར་རོ་ཞེས་སོ། །དེས་ན་སྤྱོད་པ་དུས་ཚོད་དང་འབྲེལ་བ་དགོས་ཤིང་དུས་མ་ཡིན་པའི་བརྩོན་འགྲུས་རང་གཞན་ལ་ཕན་པའི་རྒྱུར་མི་འགྱུར་བར་མ་ཟད་དགེ་བའི་བར་ཆད་དུ་འགྲོ་བའང་ཡོད་དེ། བསླབ་བཏུས་སུ་ནམ་མཁའ་མཛོད་ཀྱི་མདོ་དྲངས་
Page: 453 ༄༅། །པ་ལས། དུས་མ་ཡིན་པར་འདོད་པ་ནི་བདུད་ཀྱི་ལས་སོ་ཞེས་གནོད་པའི་བདུད་ལས་སུ་འགྱུར་བར་གསུངས་པས་ན་གཏོང་བའི་དུས་དང་བཏང་བའི་དགོས་པ་སོགས་ཚུལ་བཞིན་དུ་ཤེས་ནས་གཏོང་དགོས་སོ། །དེ་ལྟར་དུས་ཤེས་པར་ བྱས་ནས་གཏོང་བ་ལ་ནི་སྔར་གྱི་དམ་བཅའ་དང་འགལ་བའི་ཉེས་པ་མེད་ལ་སེར་སྣ་དང་འགྱོད་པ་སོགས་ཀྱི་གོ་སྐབས་ཀྱང་མེད་དོ། །དེའི་ཕྱིར་བྱང་སེམས་ལས་དང་པོ་བའི་སྐབས་སུ་ཡང་ལུས་ལོངས་སྤྱོད་དགེ་རྩ་སོགས་བདོག་པའི་དངོས་པོ་གང་ཡོད་བསམ་ པ་ཐག་པ་ནས་སེམས་ཅན་རྣམས་ལ་བཏང་མོད་ཀྱང་སླར་ཡང་དེ་དག་སྲུང་བ་དང་དག་པར་བྱེད་པ་དང་མི་ཟད་པར་སྤེལ་བ་སོགས་བྱེད་དགོས་ལ། ཁྱད་པར་ལུས་བཏང་བ་དེ་ཡང་དུས་མ་ཡིན་པར་ལོངས་སྤྱོད་པ་ལས་བསྲུང་དགོས་པ་དང་བསྲུང་ན་དོན་ཆེ་བ་ནི། བཞི་བརྒྱ་པར། ལུས་ནི་དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟ་ན་ཡང་དེ་བསྲུང་བ། །ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །དེ་ལས་བསོད་ནམས་ཆེན་པོ་བྱེད། །ཅེས་གསུངས་ལ། བསླབ་བཏུས་སུའང་། དེ་ལྟ་བས་ན་དེ་ལྟར་དྲན་པ་ཉེ་བར་གཞག་ནས་བྱང་ཆུབ་ ཀྱི་སེམས་ཡོངས་སུ་སྨིན་པ་དང་འགལ་བ་དང་གཏི་མུག་གིས་རང་གི་དོན་ལ་གནོད་པ་དང་ཤ་ཟ་བ་དང་ལས་བྱེད་པ་རྣམས་ལ་ལུས་བསྲུང་བར་བྱའོ། །དཔེར་ན་སྨན་ཤིང་ལྗོན་པ་བལྟ་སྡུག་པ། །རྩ་བ་ལོ་སོགས་སྤྱད་འོས་ས་བོན་ནི། །བྱིན་ཡང་དུས་མིན་སྤྱད་ ལས་བསྲུང་བྱ་བ། །རྫོགས་པའི་སངས་རྒྱས་སྨན་ཤིང་དེ་བཞིན་ནོ། །ཞེས་གསུངས་ལ། བསྲུང་ཚུལ་སོགས་ཀྱང་རྒྱས་པར་དེ་ཉིད་ལས་ཤེས་པར་བྱའོ། །དེ་ནི་དུས་ཀྱི་སྒོ་ནས་ལུས་གཏོང་དུ་རུང་བ་དང་མི་རུང་བའི་ཚུལ་བསྟན་པ་ཡིན་ལ། གཞན་ཡང་བདུད་
Page: 454 རིས་ཀྱི་ལྷ་དང་དེས་བརླམ་པ་རྣམས་ཀྱིས་མཐོ་འཚམ་པའི་བསམ་པས་སློང་བ་དང་སྨོན་པ་སོགས་ཀྱིས་སློང་བ་ལའང་སྦྱིན་མི་རུང་བར་གསུངས་ཏེ། དེ་དག་ནི་སློང་བ་པོའི་སྒོ་ནས་སྦྱིན་དུ་མི་རུང་བའོ། །དེ་ལྟར་དགོས་པ་སོགས་ཀྱི་སྒོ་ནས་སྦྱིན་དུ་མི་རུང་བ་རྣམས་ ལ་མ་བྱིན་ན་ལྟུང་བ་མེད་པར་མ་ཟད་ཀྱི་བྱིན་ན་ལྟུང་བར་འགྱུར་ལ། དེ་དག་མ་གཏོགས་པའི་སྐབས་ཐམས་ཅད་དུ་ལུས་སློང་བ་ལ་སྦྱིན་པར་བྱ་དགོས་ལ། དེའང་ཡན་ལག་ཉིང་ལག་སོགས་གང་དགོས་གསེས་ནས་གཏན་དུ་སྦྱིན་པ་དང་ཕ་རོལ་གྱི་ཆོས་མཐུན་གྱི་བྱ་བ་ སྒྲུབ་པ་སོགས་ཀྱི་ཕྱིར་དུ་གནས་སྐབས་བྲན་དུ་འགྲོ་བ་ལྟ་བུའི་སྒོ་ནས་སྦྱིན་པ་སྟེ་གཉིས་གསུངས་སོ། །ཆོས་ཀྱི་སྦྱིན་པས་བསྡུ་ཚུལ་ལ། ཉན་པ་པོའི་ཀུན་སྤྱོད་ཀྱི་ཁྱད་པར་ནི། དམ་པའི་ཆོས་ཟབ་མོ་རྙེད་པར་དཀའ་ཞིང་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱིས་ མཆོད་འོས་དང་བཀུར་འོས་སུ་གྱུར་པ་ཡིན་པས་ན་ཆོས་དང་ཆོས་སྨྲ་བ་ལ་མ་གུས་པ་ལ་ཆོས་མི་བཤད་དེ་བཤད་ན་ལྷ་རྣམས་ཀྱིས་འཕྱ་ཞིང་སྨོད་པར་འགྱུར་ལ། དེའི་ཕྱིར་སྟོན་པས་བཀག་པའི་ཕྱིར་དང་ཉན་པ་པོ་ཆོས་ལ་མ་གུས་པས་ཆོས་སྤོང་གི་ལས་ཀྱིས་དམྱལ་ བར་སྐྱེ་བ་སོགས་ཀྱི་ཕྱིར་རོ། །བསམ་པ་གུས་ཀྱང་སྤྱོད་ལམ་གྱི་ཁྱད་པར་མིན་བཞིན་དུ་མགོ་རས་སོགས་ཀྱིས་དཀྲིས་པ་དང་ལག་ན་གདུགས་དང་འཁར་བ་དང་མཚོན་ཆ་རལ་གྲི་སོགས་ཐོགས་པ་དང་མགོ་བོ་གོས་ལ་སོགས་པས་གཡོགས་པ་དག་ལ་ཆོས་ བཤད་པར་བྱ་བ་མིན་ནོ། །དེས་ན་འདུལ་བའི་མདོ་ལས། འདུག་པ་འགྲེང་སྟེ་ཆོས་མི་བཤད་པར་རོ། །ཉལ་བ་འདུག་སྟེ་ཆོས་མི་བཤད་པར་རོ། །ཞེས་སོགས་གསུངས་པ་རྣམས་ཀྱང་མཚོན་ནས་བསྟན་ལ། ཆོས་བཤད་པ་པོ་དགེ་སློང་ལྟ་བུ་ཡིན་ན་
Page: 455 ༄༅། །དེ་ལྟ་བུ་ལ་བཤད་ན་ཉེས་བྱས་རེ་འབྱུང་བར་གསུངས་པས་ཉེས་བྱས་ཉེར་དྲུག་གིས་མ་གོས་པར་ཆོས་སྟོན་དགོས་པར་གསུངས་སོ། །ཉན་པ་པོ་ན་བ་དང་ཚ་བས་གདུང་བ་ལ་སོགས་ལ་མགོ་དཀྲིས་པ་དང་གདུགས་ཐོགས་པ་སོགས་ལ་ ཉེས་པ་མེད་པར་གསུངས་ལ། དེ་བཞིན་དུ་ཉལ་བ་དང་འདུག་པ་ལ་འདུག་པ་དང་འགྲེང་སྟེ་ཆོས་མི་བཤད་པ་སོགས་ཀྱང་ནད་པ་ལ་ཉེས་པ་མེད་པར་གསུངས་སོ། །མདོར་ན་ཆོས་ཉན་པ་པོས་གུས་པ་དང་རིམ་གྲོ་བསྐྱེད་ནས་ཉན་དགོས་ཏེ། སའི་སྙིང་པོའི་མདོ་ལས། གཅིག་ཏུ་དད་ཅིང་གུས་པས་ཆོས་མཉན་གྱི། །དེ་ལ་འཕྱ་ཞིང་སྐུར་བར་མི་བྱའོ། །ཆོས་སྨྲ་བ་ལ་མཆོད་པ་བྱ་བ་ནི། །སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་སྐྱེད། །ཅེས་གསུངས་ལ། བྱང་ས་ལས་ཁེངས་པ་དང་ཁྱད་གསོད་ཀྱི་ཉོན་མོངས་གཉིས་དང་བྲལ་བ་དང་ཚུལ་ ཁྲིམས་ཉམས་པ་རིགས་དམའ་བ་བྱད་ངན་པ་ཚིག་འབྲུ་ངན་པ་ཚིག་རྩུབ་ཅིང་མི་སྙན་པར་སྨྲ་བས་འདི་ལ་མཉན་པར་མི་བྱ་སྙམ་པ་སྟེ་གནས་ལྔར་ཡིད་ལ་མི་བྱ་བར་མཉན་དགོས་པར་བཤད་ལ། སྤྱོད་ལམ་གྱི་ཁྱད་པར་སོགས་སྐྱེས་རབས་ལས་ཀྱང་། རབ་ཏུ་ དམའ་བའི་སྟན་ལ་འདུག ། དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །ཅེས་སོགས་གསུངས་ཤིང་། ཉན་ཚུལ་དངོས་ཀྱང་སྣོད་ཀྱི་སྐྱོན་གསུམ་སྤོང་བ་དང་འདུ་ཤེས་དྲུག་བསྟེན་པ་སོགས་ཀྱི་སྒོ་ནས་ཉན་དགོས་པར་གསུངས་ལ། དེ་ལྟར་གུས་པས་མཉན་ཏེ་ ཆོས་ཐོས་པའི་ཕན་ཡོན་ཀྱང་། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཞེས་སོགས་དང་། སྐྱེས་རབས་ལས་ཀྱང་། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ཞེས་སོགས་མང་དུ་གསུངས་སོ། །འཆད་པ་པོའི་སྤྱོད་ལམ་
Page: 456 སོགས་ཀྱི་ཁྱད་པར་ཡང་། དམ་ཆོས་པད་དཀར་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་སྟེ། །ཞེས་པ་ལྟར་ས་ཕྱོགས་གཙང་མར་སྟན་བཟང་བོ་ལ་འདུག་ཅིང་། བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་ བའི། །ཆོས་གོས་གཙང་མ་དེ་ནི་རབ་བགོས་ནས། །ཞེས་སོགས་ལྟར་ཁ་དོག་ལེགས་པར་བསྒྱུར་བའི་ཆོས་གོས་གཙང་མ་ལེགས་པར་བགོས་ལ། ཟས་དང་སྐོམ་དང་བཟའ་དང་བཅའ་བ་དང་། །གོས་དང་མལ་ཆས་ཆོས་གོས་རྣམས་དང་ནི། །ཞེས་སོགས་ལྟར། བསམ་པ་རྙེད་བཀུར་དོན་གཉེར་མེད་པ་དང་། །མཁས་དེ་རྟག་ཏུ་ཕྲག་དོག་མེད་པར་ནི། །ཞེས་སོགས་ལྟར། ཕྲག་དོག་དང་ལེ་ལོ་དང་སྐྱོ་ངལ་གྱི་བསམ་པ་སོགས་མེད་པ་དང་། བྱམས་པའི་སྟོབས་ནི་འཁོར་ལ་བསྒོམ་པར་བྱ། །ཞེས་དང་། གཞན་དུ་མཁས་པ་རྟག་ཏུ་ བདག་ཉིད་དང་། །སེམས་ཅན་འདི་དག་སངས་རྒྱས་འགྲུབ་པར་ཤོག ། ཅེས་སོགས་ལྟར་བྱམས་པའི་སེམས་དང་རང་གཞན་སངས་རྒྱས་འཐོབ་འདོད་ཀྱི་བསམ་པ་སོགས་མངོན་དུ་བྱས་ནས་ཆོས་སྟོན་དགོས་པར་གསུངས་ཏེ། རྒྱས་པར་དེ་ཉིད་དང་བསླབ་བཏུས་སུ་དྲངས་ པ་ལྟར་དང་། དེ་བཞིན་དུ་བློ་གྲོས་རྒྱ་མཚོས་ཞུས་པ་ལས་ཀྱང་། ཆོས་སྨྲ་བས་གཙང་སྦྲ་དང་ཀུན་ཏུ་སྤྱོད་པ་གཟོབ་པ་དང་ལེགས་པར་བཀྲུས་པ་དང་ལེགས་པར་གོས་བགོ་བར་བྱའོ་ཞེས་གསུངས་ལ། རང་ལ་སྨན་པ་ཆོས་ལ་སྨན་ཆོས་ཉན་པ་ལ་ནད་པ་དེ་བཞིན་ གཤེགས་པ་ལ་སྐྱེས་བུ་དམ་པ་ཆོས་ཀྱི་ཚུལ་ལ་རིང་དུ་གནས་པ་སྟེ་འདུ་ཤེས་ལྔ་འཇོག་པ་དང་། དེ་ཉིད་ལས་གསུངས་པའི་བདུད། ཚོད་པའི་སྔགས་ཚིག་ཁ་ཏོན་དུ་བྱས་ཤིང་མངོན་དུ་བྱས་ཏེ་ཆོས་ཀྱི་གཏམ་བྱེད་ན་དེའི་འཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་
Page: 457 ༄༅། །དང་བདུད་རིས་ཀྱི་ལྟ་མཐོ་འཚམ་པའི་བསམས་པས་མི་འོང་བའམ་འོངས་ཀྱང་བར་ཆད་མི་ནུས་པར་གསུངས་ལ། སའི་སྙིང་པོའི་མདོ་ལས་ཀྱང་། ཀུན་ནས་ཉོན་མོངས་པ་ཡི་ནད་བསལ་ཕྱིར། །དམ་པའི་ཆོས་ཀྱི་སྨན་དག་ཉན་པར་བསྐུལ། ། ཁེ་དང་གྲགས་པ་ཤིན་ཏུ་རིང་སྤངས་ཏེ། །དམ་པའི་ཆོས་དག་བསྟན་ཅིང་བཤད་པར་བྱ། །ཞེས་གསུངས་པ་ལྟར་དང་། གཞན་ཡང་ཆོས་ལ་དཔེ་མཁྱུད་བྱེད་པ་བདག་བསྟོད་གཞན་སྨོད་སོགས་ཀྱི་བསམ་སྦྱོར་ཐམས་ཅད་སྤངས་ཏེ་འཆད་པ་དང་། འདུལ་བའི་མདོར་ མ་གསོལ་བར་མི་བྱའོ་ཞེས་གསུངས་པ་ལྟར་གསོལ་བ་མ་བཏབ་པར་མི་བཤད་ཅིང་གསོལ་བ་འདེབས་པ་ལའང་སྣོད་བརྟག་པ་དང་སྣོད་རུང་དུ་ཤེས་ན་གསོལ་བ་མ་བཏབ་ཀྱང་བཤད་དུ་རུང་བའི་ཚུལ། ཏིང་རྒྱལ་ལས། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །གལ་ཏེ་ ཁྱོད་ལ་གསོལ་འདེབས་ན། །རབ་རྒྱུས་བདག་གིས་མ་བསླབས་ཞེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཞེས་སོགས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ལྟར་ཆོས་བཤད་པའི་ཕན་ཡོན་ནི། བསླབ་བཏུས་ཀྱི་བསོད་ནམས་སྤེལ་བའི་སྐབས། ཆོས་ཀྱི་ སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུར་འགྱུར་ཏེ། །ཞེས་གསུངས་ནས། ལྷག་བསམ་བསྐུལ་བའི་མདོ་དྲངས་པ་ལས། དྲན་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། བློ་གྲོས་དང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡིན། ཤེས་རབ་དང་ ལྡན་པ་ཡིན་ཞེས་སོགས་རྙེད་བཀུར་གྲགས་པ་ལ་སོགས་པའི་ཟང་ཟིང་ལ་མི་ལྟ་བར་ཆོས་སྟོན་པའི་ཕན་ཡོན་ཉི་ཤུ་སོགས་དང་། ཤེར་མདོ་ལས་གསུངས་པའི་ཕན་ཡོན་རྣམས་ཀྱང་དྲངས་ནས་ཆོས་སྦྱིན་པའི་ཕན་ཡོན་དང་ཇི་ལྟར་སྦྱིན་ཚུལ་སོགས་རྒྱས་པར་བསྟན་
Page: 458 ལ། དེ་བཞིན་དུ་བྱམས་པ་སེང་གེའི་སྒྲའི་མདོ་སོགས་ལས་ཀྱང་ཕན་ཡོན་མང་དུ་གསུངས་སོ། །སྣོད་ཀྱི་ཁྱད་པར་སོགས་ལ་བརྟོགས་པ་ནི། སྣོད་མ་ཡིན་པའི་གདུལ་བྱ་བློ་དམན་པའམ་བློ་མ་སྦྱངས་པའི་དམན་པ་ལ་དེའི་བློ་དང་མི་འཚམས་ཤིང་གཏིང་དཔོག་ མི་ནུས་པའི་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་ཐེག་པ་ཆེན་པོའི་ཆོས་མི་བཤད་དེ་བཤད་ན་བློར་མི་ཤོང་བས་ཆོས་སྤོང་བའི་སྒྲིབ་པ་གསོག་པར་འགྱུར་ཏེ། སའི་སྙིང་པོའི་མདོ་ལས། དེ་བཞིན་སྣོད་མིན་ཉན་ཐོས་ཐེག་པ་དག །ཐེག་ཆེན་བཤད་པ་ཐོས་ནས་ རྨོངས་འགྱུར་ཞིང་། །ཆད་པར་ལྟ་ལ་ངན་སོང་ལྟུང་འགྱུར་བས། །དེ་ཕྱིར་དབང་པོ་བརྟགས་ཏེ་ཆོས་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་དང་། བློ་མ་སྦྱངས་པ་ལ་སྟོང་ཉིད་བསྟན་པ་ལྟ་བུ་རྩ་ལྟུང་དུ་འགྱུར་བར་ཡང་བཤད་པས་སོ། །རབ་ཏུ་བྱུང་བས་ཁྲིམས་ གྲོགས་རིགས་པའི་སྐྱེས་པ་མེད་པར་དབེན་པ་སྒྲུབས་ཡོད་དུ་བུད་མེད་འབའ་ཞིག་ལའམ་བུད་མེད་གཅིག་པུ་ཞིག་ལ་ཆོས་བཤད་པར་བྱ་བ་མིན་ཏེ། གཞན་གྱིས་སྨོད་པར་འགྱུར་ཞིང་རང་ལ་ལྟུང་བ་འབྱུང་བར་འགྱུར་བ་དང་། དམན་པ་ཉན་ཐོས་ཀྱི་ཐེག་པ་དང་ མཆོག་ཐེག་པ་ཆེན་པོའི་ཆོས་སུ་གཏོགས་པའི་སངས་རྒྱས་ཀྱི་བཀའ་ཐམས་ཅད་དངོས་སམ་བརྒྱུད་ནས་འཚང་རྒྱུ་བའི་ཐབས་སུ་སྟོན་པ་མ་ཤེས་པར་འགའ་ཞིག་འཚང་རྒྱ་བའི་ཐབས་དང་འགའ་ཞིག་འཚང་རྒྱུ་བའི་གེགས་སུ་བཟུང་ནས་བཟང་ངན་དང་རིགས་ མི་རིགས་སོགས་སུ་སོ་སོར་ཕྱེ་སྟེ་བྱང་སེམས་ཀྱིས་འདི་ལ་བསླབ་པར་བྱ་ལ་འདི་ལ་བསླབ་པར་མི་བྱའོ་ཞེས་དོར་བྱར་བཟུང་ན་ཆོས་སྤོང་བའི་ལས་གསོག་པར་གསུངས་པས་ན་ཐེག་པ་ཆེ་ཆུང་གི་ཆོས་རྣམས་ཀུན་ལ་བཟང་ངན་སོགས་སུ་འཛིན་པའི་བློ་སྤངས་ནས་
Page: 459 ༄༅། །མཚུངས་པའམ་མཉམ་པར་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཉོན་མོངས་པའི་གཉེན་པོ་བྱེད་པ་ལ་ཁྱད་མེད་པ་ཉིད་དུ་ཤེས་ནས་གུས་པས་ཀུན་ཏུ་སྤྱད་པར་བྱ་དགོས་ཏེ་གདུལ་བྱ་རང་རང་གི་བློ་ལ་ལྟོས་ན་ཐམས་ཅད་ བཟང་བ་དང་ཟབ་པ་ཤ་སྟག་ཡིན་པའི་ཕྱིར་རོ། །རྣམ་པར་འཐག་པ་བསྡུས་པའི་མདོ་ལས། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ་གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ ལ་ནི་བཟང་བར་འདུ་ཤེས་ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤོང་བའོ། །གང་ཆོས་སྤོང་བ་དེས་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་པའོ་འདི་ནི་ མི་རིགས་པའོ་ཞེས་ཟེར་ན་ཆོས་སྤོང་བའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་གསུངས་པའོ། །འདི་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་རང་སངས་རྒྱས་རྣམས་ཀྱི་ཆེད་ དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་མ་ཡིན་ནོ། །ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཞེས་སོགས་མང་དུ་གསུངས་ སོ། །ཆོས་སྤངས་ན་ཉེས་པ་ཤིན་ཏུ་ཆེ་སྟེ། ཟླ་བ་སྒྲོན་མེ་ལས། གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །
Page: 460 སྡིག་པ་དེ་ནི་ཆེས་ཁྱད་འཕགས། །གང་གིས་གངྒའི་བྱེ་སྙེད་ཀྱིས། །དགྲ་བཅོམ་བསད་པར་གྱུར་པ་བས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་དང་། གཞན་ཡང་མང་ངོ༌། །ཟབ་པ་དང་རྒྱུ་ཆེ་བའི་དོན་སྟོན་པའི་ཐེག་པ་ ཆེན་པོའི་ཆོས་ཀྱི་སྣོད་དུ་གྱུར་པའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དག་ལ་ཐེག་དམན་གྱི་ལམ་སྟོན་པ་ལྟ་བུའི་སྒོ་ནས་དམན་པའི་ཆོས་ལ་སྦྱར་བར་མི་བྱ་སྟེ། དེ་ལ་སྦྱར་བར་བྱས་ན་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་རྩ་ལྟུང་འབྱུང་བར་ཡང་གསུངས་པས་སོ། ། དེ་ལྟར་འོད་སྲུང་གིས་ཞུས་པ་ལས། སེམས་ཅན་ཡོངས་སུ་སྨིན་པས་མ་བྱས་པ་རྣམས་ལ་ཡིད་རྟོན་ཏེ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། སེམས་ཅན་སྣོད་དུ་མ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་ པ་དང་། རྒྱ་ཆེན་པོ་ལ་མོས་པའི་སེམས་ཅན་རྣམས་ལ་ཐེག་པ་དམན་པ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པའོ་ཞེས་སོགས་འཁྲུལ་པ་བཞི་གསུངས། ཐེག་ཆེན་ལ་ཞུགས་པ་དག་ལའང་སྟོང་ཉིད་རྟོགས་པ་ཁོ་ནས་གྲོལ་གྱི་གཞན་མི་དགོས་སོ་ ཞེས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་སྤྱོད་པའམ་བྱང་སེམས་ཀྱིས་བསླབ་པར་བྱ་འོས་པ་ཕྲ་ཞིང་རྒྱ་ཆེ་བ་རྣམས་ཡོངས་སུ་འདོན་དུ་གཞུག་པར་མི་བྱ་བ་དང་། དེ་བཞིན་དུ་དེའི་སྣོད་དུ་རུང་བཞིན་དུ་བསླབ་སྡོམ་གྱི་སྤྱད་པ་མ་བསླབས་ཀྱང་མདོ་སྡེ་ཟབ་མོ་ བཀླག་པ་དང་གཟུངས་སྔགས་ཕན་ཡོན་ཆེ་བ་ཅུང་ཟད་བཟླས་པ་ཙམ་གྱིས་དག་པ་དང་གྲོལ་བ་འཐོབ་པར་འགྱུར་རོ་ཞེས་དེ་དག་གི་སྒྲ་ཇི་བཞིན་པའི་ཚིག་ཙམ་ལ་འཆེལ་ནས་འདོད་པ་དང་ཡིད་ཆེས་བསྐྱེད་དུ་བཅུག་པ་ཉིད་ཀྱིས་ཐར་འདོད་ཀྱི་གདུལ་བྱ་དག་
Page: 461 ༄༅། །འདྲིད་ཅིང་བསླུ་བར་མི་བྱའོ་ཞེས་པའོ། །འདི་དག་གི་སྐབས་སུ། བྱང་སེམས་ལས་དང་པོ་བ་ཕལ་བ་ལ་འབྱུང་ཉེ་བའི་རྩ་ལྟུང་བརྒྱད་ཀྱི་ནང་ནས་དང་པོ་སྣོད་མིན་ལ་ཟབ་མོ་བཤད་པའི་ཕམ་པ་དང་། གཉིས་པ་ཐེག་ཆེན་ལས་བཟློག་པའི་ ཕམ་པ་དང་། གསུམ་པ་སོ་ཐར་སྤོང་བའི་ཕམ་པ་ལྟ་བུ་ཇི་ཙམ་གྱིས་སྐྱེད་པ་དང་ཇི་ལྟར་འབྱུང་ཚུལ་སོགས་ཀྱང་གཞན་དུ་ཤེས་པར་བྱའོ། །དེས་ན་གདུལ་བྱ་རང་རང་གི་རྒྱུ་ཚོད་དང་འཚམ་པའི་ཆོས་བསྟན་པའི་སྒོ་ནས་གཞན་རྗེས་སུ་འཛིན་ཞིང་ཕན་གདགས་པར་ བྱ་དགོས་ཏེ། ས་སྙིང་འཁོར་ལོ་བཅུ་པ་ལས། མཁས་པ་ཆོས་ཀྱི་སྦྱིན་པ་སྤྱོད་པ་དག ། སྣོད་བཞིན་ཐེག་པ་གསུམ་གྱི་ཆོས་སྟོན་ཏོ། །ཐེག་པ་གཞན་དག་དེ་ལ་སྟོན་མི་བྱེད། །ཐོས་ནས་དེ་ལ་འཕྱ་ཞིང་སྐུར་མི་འགྱུར། །དབང་པོ་སྣོད་བཞིན་དམ་པའི་ ཆོས་སྟོན་གྱི། །དབང་པོ་སྣོད་མིན་དག་ལ་མ་ཡིན་ནོ། །སོ་སོར་ཇི་ལྟར་ཅི་ལ་མོས་པ་བཞིན། །དེ་དང་དེ་ཡི་ཆོས་སྟོན་མགུ་བར་བྱེད། །ཐེག་པ་ཆེན་པོ་སྤྱོད་པའི་གང་ཟག་ལ། །ཐེག་པ་རྣམ་པ་གཉིས་ཀྱི་ཆོས་མི་བསྟན། །བར་རབ་ཐེག་པ་གཉིས་ཀྱི་ གང་ཟག་ལ། །ཐེག་པ་འབྲིང་དང་རབ་ཀྱི་ཆོས་སྟོན་ཏོ། །ཞེས་དང་། འགྲེལ་ཆེན་དུའང་དེ་བས་ན་བྱང་ཆུབ་སེམས་དཔས་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་བསམ་པ་དང་བག་ལ་ཉལ་དང་པོར་ཤེས་པར་བྱས་ནས་སེམས་ཅན་གྱི་བསམ་པ་ཇི་ལྟ་ བ་བཞིན་དུ་མཐར་གྱིས་ཆོས་བསྟན་པར་བྱ་བ་ཡིན་པ་ལས་ཞེས་གསུངས་ལ། དེ་ལྟར་སྟོན་པའང་གདུལ་བྱའི་རྒྱུད་ཚོད་ཤེས་པའི་མངོན་ཤེས་མ་ཐོབ་པར་ཤེས་དཀའ་བའི་ཕྱིར་མངོན་ཤེས་མེད་པས་གཞན་དོན་བྱ་དཀའ་སྟེ། ལམ་སྒྲོན་ལས། ཇི་ལྟར་འདབ་
Page: 462 གཤོག་མ་སྐྱེས་པའི། །བྱ་ནི་མཁའ་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །སེམས་ཅན་དོན་བྱེད་ནུས་མ་ཡིན། །ཞེས་སོགས་གསུངས་ལ། བྱང་སེམས་ཚོགས་སྦྱོར་བས་ཀྱང་གདུལ་བྱའི་བསམ་པ་ཇི་བཞིན་དུ་མི་ཤེས་པས་ཆོས་ བསྟན་པ་སོགས་ཕལ་ཆེར་དོན་མེད་དུ་འགྱུར་བ་སོགས་ཀྱང་གསུངས་ཏེ། མདོ་རྒྱན་ལས། ཕལ་ཆེར་དོན་མེད་དོན་ཡོད་དང་། །ཞེས་སོགས་སོ། །དེས་ན་མདོ་ལས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ཞེས་སོགས་དང་། མང་དུ་ཐོས་ནས་དབེན་ པར་གནས་པ་ལ་བསྐུལ་བར་བྱའོ། །ཞེས་སོགས་ལྟར་མང་ཐོས་དང་ལྡན་པ་དེ་ཐོག་མར་དབེན་པར་གནས་ནས་སྒྲུབ་པ་སྙིང་པོར་བྱེད་དགོས་ཀྱི་དང་པོ་ནས་ཆོས་སྨྲ་བ་ལ་འཇུག་པར་མི་བྱའོ། །ཏིང་འཛིན་ཚོགས་ལེར་ཡང་། དེ་ལྟར་ཐོས་པ་དང་ལྡན་པའི་ བྱང་ཆུབ་སེམས་དཔའ་དེ་ཆོས་སྨྲ་བ་ལ་འཇུག་པ་དགག་པར་བྱ་སྟེ་མངོན་པར་ཤེས་པ་མ་ཐོབ་བར་དུ་མང་དུ་ཐོས་པ་ཙམ་གྱིས་གཞན་ལ་ཕན་གདགས་པར་རྒྱལ་བས་མ་གསུངས་སོ་ཞེས་སོགས་གསུངས་ལ། བསླབ་བཏུས་སུའང་། དེ་ལྟར་ཐོས་པ་ དང་ལྡན་པ་སེམས་སྦྱང་བའི་ཕྱིར་དགོན་པར་གནས་པར་བྱའོ་ཞེས་སོགས་གསུངས་སོ། །མང་ཐོས་ཀྱི་བསྔགས་པ་དང་ཐོས་པའི་རྣམ་པ་ཇི་ལྟར་བྱ་ཚུལ་སོགས་ཀྱང་དེ་ཉིད་ཀྱི་བརྩོན་འགྲུས་ཀྱི་ལེའུར་ཤེས་པར་བྱའོ། །དེ་དག་ནི་རང་ཉེས་པས་མ་གོས་པར་ བྱས་ནས་གཞན་བསྡུ་བའི་སྤྱོད་པའོ། །གསུམ་པ་ཕ་རོལ་གྱི་མ་དད་པ་བསྲུང་བ་ནི། སོ་ཤིང་དང་ནི་སོགས་ཏེ། དེ་ལ། ལུས་ཀྱི་སྤྱོད་ལམ་སྲུང་བ་ནི། སོ་བྲུད་པའི་ཤིང་མི་གཙང་བས་གོས་པ་དང་ནི་མཆིལ་མ་ཁ་ཆུ་དང་ལུད་པ་ལ་སོགས་པ་དག་དོར་བ་ན་ནི་
Page: 463 ༄༅། །གཞན་གྱིས་མི་མཐོང་བར་བྱ་བའི་ཆེད་དུ་ས་དང་རྡོ་ལེབ་ཆུང་དུ་ལ་སོགས་པས་དགབ་པར་བྱ་ལ་འདོར་བའི་ཚེ་ལག་པས་དགབ་པར་བྱ་ཞེས་ཀྱང་གསུང་ལ། གཅི་བ་དང་བཤང་བ་དང་སྣབས་དང་ལུད་པ་ལ་སོགས་པའང་རང་གཞན་ཐམས་ ཅད་ཀྱིས་ཐུན་མོང་དུ་ལོངས་སྤྱོད་པར་བྱ་བའི་ཆུ་གཙང་མ་དང་ཐ་བདེ་མོ་སྡོད་ཉམས་སྤྲོ་ཞིང་དགའ་བ་དེ་དག་ལ་དོར་བ་ནི་ཆོས་འདུལ་བ་ལས་སྨད་ཅིང་བཀག་པའམ་ལྷ་ལ་སོགས་པས་སྨད་པར་འགྱུར་བས་འདོར་བར་མི་བྱའོ། །ཟས་ལ་སྤྱོད་པའི་ཚེ་ཡར་ཁམ་ཆེན་ པོས་ཁ་ཧ་ཅང་བཀང་བ་དང་ལྕག་ལྕག་སོགས་དང་རྐན་སྒྲ་ཏོག་པ་ལྟ་བུའི་སྒྲ་ཆེན་པོ་དང་བཅས་པ་དང་ཟས་ཁ་སྒོར་མ་སླེབ་པའི་གོང་ནས་ཁ་གདངས་པའམ་ཟ་བཞིན་པའི་ཚེ་ཁ་ཧ་ཅང་གདངས་ནས་ནི་བཟའ་བར་མི་བྱའོ། །ཀྱི་དང་སྟན་ལ་སོགས་པར་འདུག་ པ་ནའང་རྐང་པ་གཉིས་རིང་དུ་བརྐྱང་སྟེ་མི་འདུག་ཅིང་ལག་པ་གཉིས་ཀ་བཀྲུ་བའི་ཚེ་རིམ་གྱིས་སམ་རེས་མོས་ཀྱིས་ཉེད་པ་ལ་ཉེས་པ་མེད་ཀྱང་དུས་གཅིག་ཏུ་མཉམ་པར་མི་མཉེའོ་ཞེས་བསྟན་ལ། ཡང་བག་མེད་ཀྱི་རྣམ་འགྱུར་རྐང་པ་བརྐྱང་སྟེ་མི་འདུག་ཅིང་ ང་རྒྱལ་གྱི་རྣམ་འགྱུར་ལག་པའམ་དཔུང་པ་གཉིས་དུས་གཅིག་ཏུ་མི་མཉེ་ཞིང་ཞེས་བཤད་པའང་སྣང་ངོ་། །ལམ་དུ་འགྲོ་བའི་ཚེ་ཡང་རྟ་གླང་ལ་སོགས་པའི་བཞོན་པ་གཅིག་ལ་གཞན་གྱི་བུད་མེད་དང་ལྷན་ཅིག་ཏུ་ཞོན་པར་མི་བྱ་ཞིང་འདུག་པའི་ཚེ་མལ་ སྟན་གཅིག་དང་གནས་ཁང་དབེན་པ་གཅིག་དག་ཏུ་གཞན་གྱི་བུད་མེད་དང་ལྷན་ཅིག་ཏུ་འདུག་པར་མི་བྱ་ཞེས་ཏེ་འདི་ཁྱིམ་པ་དང་རབ་བྱུང་གི་བྱང་སེམས་ཐུན་མོང་གི་དབང་དུ་བྱས་ནས་བསྟན་ལ། ཁྱད་པར་བྱང་སེམས་རབ་བྱུང་ཡིན་ན་བུད་མེད་གཞན་
Page: 464 སུ་དང་ཡང་དེ་དག་སྤྱོད་ཡུལ་གཅིག་པ་ཉིད་དུ་མི་བྱའོ་ཞེས་བཤད་དགོས་ལ། ཡང་བྱང་སེམས་ཁྱིམ་པས་ཀྱང་ཉེ་དུ་མ་ཡིན་པའི་བུད་མེད་དང་དེ་དག་ལྷན་ཅིག་ཏུ་མི་བྱ་ཞེས་དང་། རབ་ཏུ་བྱུང་བས་ནི་བུད་མེད་གཞན་ལུས་བསྟེན་ནུས་དང་དེ་དག་ལྷན་ཅིག་མི་ བྱ་ཞེས་འགྲེལ་པ་འགའ་ཞིག་ཏུ་བཤད་དོ། །མདོར་བསྡུ་ན་ལུས་ཀྱི་སྤྱོད་ལམ་གང་དང་གང་གི་སྐབས་སུ་ཡང་ཉེས་པ་དང་བཅས་ཤིང་འཇིག་རྟེན་པ་རྣམས་ཀྱི་འཕྱ་སྨོད་དང་མ་དད་པ་སྐྱེ་བའི་རྒྱུར་གྱུར་པའི་སྤྱོད་པ་ཀུན་རང་གིས་མཐོང་བ་རྣམས་དང་སྤྱོད་ཚུལ་ལ་ མཁས་པའི་སྐྱེ་བོ་གཞན་ཡུལ་དེ་ན་དང་དུས་དེར་ཡོད་པ་རྣམས་ལ་ཡུལ་ལུགས་ཀྱི་ཆོས་ལེགས་པར་དྲིས་ཏེ་སྤང་བར་བྱའོ། །ཡང་བསྟན་བཅོས་ལས་མཐོང་བ་དང་ཞེས་ཀྱང་བཤད་དོ། །དེའང་རབ་ཏུ་བྱུང་བའི་བྱང་སེམས་ཀྱིས་ནི་འདུལ་བ་ལས་གསུངས་པའི་ ཀུན་སྤྱོད་རྣམས་གནང་བའི་དུས་རེས་འགའ་མ་གཏོགས་ཐམས་ཅད་དུ་བསྲུང་དགོས་ལ་གཞན་མ་དད་པ་སྐྱེད་པའི་སྤྱོད་པ་རྣམས་ནི་ཁྱིམ་པ་བྱང་སེམས་ཀྱིས་ཀྱང་བསྲུང་དགོས་ན་བྱང་སེམས་རབ་བྱུང་གིས་ལྟ་ཅི་སྨོས་པའོ། །དེ་ནི་ཇོ་བོས། འཇིག་རྟེན་སེམས་ དང་མ་མཐུན་ན། །འདི་ནི་བདག་གི་ཆོས་མིན་ཞེས། །བསམ་པ་བཟང་བོ་སྔོན་བཏང་ལ། །འཇིག་རྟེན་ཡུལ་ཆོས་འདྲི་བར་བྱ། །ཞེས་པ་ལྟར་རོ། །གཞན་ཡང་མ་དད་པ་སྤོང་ཚུལ་ལ། གཞན་ལ་དངོས་པོ་གཞན་སྟོན་པ་སོགས་བརྡ་བྱ་དགོས་པའི་ཚེ་ ལག་པ་གཡོན་པའི་སོར་མོ་རེ་རེ་ཙམ་བརྐྱང་བས་བརྡ་ནི་མི་བྱ་སྟེ་དེ་ལ་མ་གུས་པ་དང་ཁྱད་དུ་གསོད་པའི་ས་བརྙས་ཐབས་ཀྱི་སྤྱོད་པར་འགྱུར་བས་སོ། །དེས་ན་ལུས་འདུད་པ་དང་སེམས་གུས་པ་དང་བཅས་པས་གཡས་པ་ཡི་ལག་པ་གྱེན་དུ་བཀན་ནས་བརྐྱང་
Page: 465 ༄༅། །བའི་སོར་མོ་དག་ནི་ཀུན་གྱིས་ཀྱང་བརྡ་བྱ་ལ་གཞན་གྱིས་འགྲོ་བའི་ལམ་སོགས་གང་ཡིན་རང་ལ་འདྲི་བའི་ཚེ་ལམ་ཡང་དེ་ལྟར་བསྟན་པར་བྱའོ། །ཡང་གི་སྒྲས་མ་གུས་པ་དང་ལག་གཡོན་གྱིས་དངོས་པོ་གཞན་ལྟ་ཅི་ལམ་ཡང་ བསྟན་པར་མི་བྱ་ཞེས་སྟོན་པ་ཡིན་གསུངས་པ་འདུག་མོད། འོན་ཀྱང་དངོས་པོ་གཞན་སྟོན་པ་ལ་ལག་གཡས་བརྐྱང་བ་དེ་ལྟ་བུས་སྟོན་པར་མ་ཟད་ལམ་ཡང་དེ་ལྟར་བསྟན་པར་བྱ་ཞེས་བཤད་ན་བདེ་སྙམ། དོན་ཆུང་དུ་དང་ཐག་ཉེ་བ་ལ་བརྡ་བྱ་དགོས་པའི་ཚེ་ ལག་པ་ཤས་ཆེར་དྲག་ཏུ་བསྐྱོད་ཅིང་བརྐྱང་ནས་བརྡ་བྱ་བ་མིན་ཏེ་རྒོད་བག་གི་ཉེས་པར་འགྱུར་བས་སོ། །དེས་ན་ལག་གཡས་ཅུང་ཟད་བསྐྱོད་ལ་སྒྲ་དྲག་ཞན་འཚམས་པར་བསྒྲགས་པ་དང་དེའང་སེ་གོལ་གཏོག་པའི་སྒྲ་བྱ་བ་ཙམ་དང་སྐད་ཆེ་ཆུང་འཚམ་པས་ འབོད་པ་ལ་སོགས་པའི་སྒོ་ནས་དལ་བུས་བརྡ་གང་དགོས་རྣམས་བྱ་སྟེ། དེ་ལས་གཞན་དུ་ལག་པ་ཅུང་ཟད་བསྐྱོད་པ་དང་སྒྲ་ཆུང་དུ་ཙམ་བྱས་པས་ཆོག་པ་ལག་པ་ཤས་ཆེར་བསྐྱོད་པ་དང་སྒྲ་དྲག་པོ་བསྒྲགས་པ་སོགས་བྱེད་ན་སེམས་མཉམ་པར་མ་བཞག་ ཅིང་ལུས་ངག་གི་སྤྱོད་ལམ་མ་བསྡམས་པའི་ཉེས་པར་འགྱུར་རོ། །ཐག་རིང་བ་དང་མྱུར་དུ་བརྡ་སྤྲོད་སོགས་ཀྱི་དགོས་པ་ཡོད་ཚེ་དྲན་ཤེས་ཀྱིས་ཟིན་པས་ལག་པ་ཤས་ཆེར་བསྐྱོད་དེ་སྒྲ་ཆེན་པོ་བསྒྲགས་པའམ་སྐད་གསང་མཐོན་པོས་འབོད་པ་ལ་ཉེས་པ་ མེད་དོ། །དེ་ལྟར་གཞན་མ་དད་པར་འགྱུར་བའི་སྤྱོད་པ་ཕྲ་མོ་རྣམས་ཀྱང་ལེགས་པར་བརྟགས་ནས་མ་སྤངས་ན་གཞན་མ་༌་དད་པ་སྐྱེས་ནས་སྡིག་ཆེན་པོ་གསོག་པ་དང་གཞན་དོན་མི་འགྲུབ་པ་སོགས་ཀྱི་རྐྱེན་དུ་འགྱུར་བས་དེ་སྤོང་བ་གལ་ཆེའོ། །དེའི་
Page: 466 ཕྱིར་གཞན་ལ་གནོད་འགྱུར་བསྲུང་བའི་ཚུལ། བསླབ་བཏུས་ལས། ཀུན་ཏུ་མི་རྒོད་འཇམ་པ་དང་། །རན་ཅིང་མཉེན་པར་སྨྲ་བ་ཡིས། །སྐལ་ལྡན་སྐྱེ་བོ་འདུན་པར་འགྱུར། །གཟུང་བར་འོས་པ་སྐྱེ་བར་འགྱུར། །ཞེས་ལུས་ངག་གི་ཉེས་སྤྱོད་བསྡམས་པ་ ལས་དད་པར་འགྱུར་ཞིང་ཚིག་གཟུང་དུ་འོས་པར་འགྱུར་བ་དང་། འདི་ལྟ་སྟེ་སེམས་ཅན་འདུན་པར་བྱ་བ་དེ་ཉིད་བྱང་ཆུབ་སེམས་དཔའི་བྱ་བ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པ་ལས་ཞེས་གོང་དུ་དྲངས་པའི་ལུང་གིས་བསྒྲུབ་བོ། །དེ་ལྟར་མ་བྱས་ན་ཉེས་ པ་ཅིར་འགྱུར་སྙམ་ན། དེ་ནི་གཟུང་འོས་མ་ཡིན་ན། །འཇིག་རྟེན་རྒྱལ་བའི་མྱུ་གུ་བརྙས། །ཐལ་བས་གཡོགས་པའི་མེ་བཞིན་དུ། །སེམས་ཅན་དམྱལ་ལ་སོགས་པར་བསྲེག ། ཅེས་ཏེ། ལུས་ངག་གིས་ཉེས་པར་སྤྱད་པ་ལས་བྱང་སེམས་རང་ལ་བརྙས་ པར་འགྱུར་ལ་དེས་ངན་སོང་དུ་འགྲོ་ཞིང་དེའི་རྐྱེན་རང་ཉིད་ཀྱིས་བྱས་པས་རང་ལའང་ཉེས་པར་འགྱུར། ཞེས་པའོ། །དེས་ན་དེ་སྤང་དགོས་པ་ནི། དེ་ལས། དེ་ཕྱིར་རྒྱལ་བས་སྡོམ་པའི་མདོར། །གང་གིས་སེམས་ཅན་མ་དད་འགྱུར། །དེ་ནི་ བསྒྲིམས་ཏེ་རྣམ་སྤང་ཞེས། །དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཡང་དག་པར་སྤྱད་པ་དེ་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་གི་ཕྱིར་དེ་ལ་སེམས་ཅན་མ་དད་པར་འགྱུར་བའི་གནས་མ་ཡིན་པར་མི་སྤྱོད། ཡུལ་མ་ཡིན་པར་མི་སྤྱོད་དུས་མ་ཡིན་པར་མི་སྨྲ་བ་ཡིན་ཞེས་སོགས་དང་། ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། གང་སེམས་ཅན་སྲུང་བ་དེ་ནི་ཚུལ་ཁྲིམས་སྲུང་བ་ཡིན་ནོ་ཞེས་བསྟན་ཏེ། ཚུལ་འདིས་ནི་དོགས་པར་འགྱུར་བའི་བུད་མེད་དང་ལྷན་ཅིག་
Page: 467 ༄༅། །ཏུ་དབེན་པའི་གནས་ལ་སོགས་པར་གནས་པར་མི་བྱའོ་ཞེས་འཇིག་རྟེན་སྲུང་བ་མཛད་པར་གྱུར་ཏོ། །དེ་ལྟར་ན་ལོངས་སྤྱོད་པའི་ཆུའམ་ཐང་ལ་གཅིན་དང་ཕྱི་ས་དང་མཆིལ་མ་དང་རྣག་ལ་སོགས་པ་སྨད་པ་རྣམས་དབེན་ཡང་རུང་མི་ དབེན་ཡང་རུང་སྟེ་ལྷ་དང་མིའི་སེམས་བསྲུང་བའི་ཕྱིར་མི་འདོར་རོ། །ཞེས་སོགས་དང་། སོ་ཐར་ལས་ཀྱང་། མ་དད་པ་སྤང་བའི་ཕྱིར་མདུན་དུ་སོ་ཤིང་བཟའ་བར་མི་བྱ་མཆིལ་མ་དོར་བར་མི་བྱའོ། །ཞེས་སོ། །གུས་པ་དང་འཛེམ་པར་བྱ་བའི་ཆོས་འདི་ནི་ ཚངས་པ་མཚུངས་པར་སྤྱོད་པ་ཉི་ཚེ་ལ་བྱ་བ་མ་ཡིན་གྱི་ཐམས་ཅད་དུ་བྱ་བར་བལྟའོ། །མདོ་འདི་ནི་དེ་དག་གི་མདུན་དུ་བྱས་ན་ཉེས་པ་ཤིན་ཏུ་ལྕི་བའི་འཇིགས་པ་བསྟན་པའི་ཕྱིར་ཚངས་པར་མཚུངས་པར་སྤྱོད་པའི་ཆེད་དུ་བསྟན་པ་མ་ཡིན་ཏེ། ཇི་ལྟར་འདི་ཉིད་ ལས་སྒྲ་དྲག་པོ་མི་བྱའོ་ཞེས་པའི་ཆོ་ག་འདི་ཉི་ཚེ་བ་མ་ཡིན་པ་བཞིན་ནོ་ཞེས་སོགས་དང་། སོ་སོར་ཐར་པ་ལས། འཇིག་རྟེན་མ་དད་པར་བྱེད་པར་བསྟན་པ་བརྟགས་ཏེ་བསལ་བར་བྱའོ། །དེ་ལ་རེ་ཞིག ཁ་བཀང་བ་དང་སྒྲར་བཅས་དང་། །སོགས་དང་། དེ་བཞིན་དུ་རང་གིས་ཀྱང་བརྟགས་པ་དང་མཐོང་བ་དང་ཐོས་པས་འཇིག་རྟེན་མ་དད་པར་འགྱུར་བ་བསྲུང་བར་བྱའོ། །ཞེས་དང་། གཞན་དོན་དུ་མི་འགྱུར་བའི་འབྲས་བུ་མེད་པའི་བྱེད་པ་སྤོང་བའི་སྐབས་སུ་ཡང་རྐང་ལག་བསྐྱོད་པ་དང་རྒྱུག་མཆོང་སོགས་བྱེད་ པ་ལུས་ཀྱི་གནས་ངན་ལེན་ཡིན་པར་མདོ་དྲངས་ནས་བསྟན་པ་ལྟར་རོ། །དེས་ན་དེ་དག་སྤོང་བ་ལ་དྲན་ཤེས་ལེགས་པར་བསྒྲིམས་ཏེ་འབད་པར་བྱ་དགོས་སོ། །ཉལ་བའི་ཚེ་སྤྱོད་ལམ་ཇི་ལྟར་བྱ་བ་ནི། འགྲོ་བའི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་
Page: 468 མཛད་པ་ཐ་མ་མྱ་ངན་ལས་འདས་པའི་ཚུལ་སྟོན་པའི་ཚེ་སྐུའི་གཡས་ལོགས་ཕབ་ནས་སང་གེའི་ཉལ་སྟབས་ཀྱིས་གཟུམས་པ་ལྟར་ནམ་གྱི་གུང་ཐུན་ལ་བབ་ནས་ཉལ་བ་ལ་ཕྱོགས་པའི་ཚེ་གནས་ཁང་ནས་ཕྱིར་འབྱུང་སྟེ་རྐང་པ་བཀྲུས་ལ་ནང་དུ་ཞུགས་ནས་བྱང་ གི་ཕྱོགས་ལ་སོགས་པ་རང་གིས་གར་འདོད་པའི་ཕྱོགས་སུ་མགོ་ས་བོ་བསྟན་ཏེ་གློ་གཡས་པ་འོག་ཏུ་ཕབ་ནས་རྐང་པ་གཡོན་པ་གཡས་པའི་སྟེང་དུ་བཞག་སྟེ་གཉིས་ཀ་བསྐྱུར་ལ་ལག་གཡས་འགྲམ་པ་གཡས་པའི་འོག་ཏུ་བཞག་ནས་སྔས་སུ་བྱ་ ཞིང་ལག་གཡོན་བརླ་གཡོན་པའི་སྟེང་བརྐྱང་སྟེ་བཞག་ལ་ལུས་ཆོས་གོས་ཀྱིས་ལེགས་པར་གཡོགས་ནས་སེང་གེ་ལྟར་ཉལ་བར་བྱའོ། །སེང་གེ་ལྟར་ཉལ་བ་ནི་ཆོས་ཉིད་ཀྱིས་ལུས་ལྷོད་པར་མི་འགྱུར་བ་དང་གཉིད་ཀྱི་ཚེའང་དྲན་པ་མི་བརྗེད་པ་དང་ གཉིད་སྡུག་པོར་ཡང་མི་འགྱུར་བ་དང་སྡིག་པའི་རྨི་ལམ་མི་རྨི་བ་ཡིན་གྱི་དེ་ལྟ་མིན་པར་ཉལ་བས་ནི་དེ་བཞི་ལས་བཟློག་པའི་ཉེས་པ་འབྱུང་བའོ། །ཡང་སེང་གེ་ནི་དུད་འགྲོའི་ནང་ན་ལུས་རྩལ་ཆེ་ཞིང་སེམས་གཟེངས་མཐོ་བས་ཕ་རོལ་གནོན་པ་བཞིན་དུ་མི་ ཉལ་བར་དགེ་ལ་བརྩོན་པའང་རྩལ་ཆེ་བ་སོགས་ཀྱིས་ཕ་རོལ་གནོན་པས་སེང་གེ་ལྟར་ཉལ་གྱི་ལྷ་དང་ཡི་དྭགས་དང་འདོད་སྤྱོད་དག་ཉལ་ཚུལ་ནི་དེ་ལྟར་མིན་ཏེ་དེ་རྣམས་བརྩོན་འགྲུས་ཞན་ཞིང་ལེ་ལོ་ཅན་ཡིན་པས་ཕ་རོལ་གནོན་པ་ཆུང་བས་སོ་ཞེས་ཀྱང་ གསུངས་སོ། །བསམ་པ་ཇི་འདྲ་བའི་ཉལ་བ་ལ་བཞི་ལས་དྲན་པ་ནི་ཆོས་དགེ་བའི་དྲན་པ་གཉིད་དུ་མ་སོང་གི་བར་དུ་བསྟེན་དགོས་ཏེ་དེས་ནི་གཉིད་ཀྱི་ཚེའང་མ་གཉིད་པའི་སྐབས་ལྟར་དགེ་སྦྱོར་སྐྱོང་ནུས་སོ། །ཤེས་བཞིན་ནི་དྲན་པ་བརྟེན་ཚེ་ཉོན་མོངས་གང་
Page: 469 ༄༅། །བྱུང་དེ་ཤེས་ནས་དང་དུ་མི་ལེན་པར་སྤོང་བའོ། །སྣང་བའི་འདུ་ཤེས་ནི་འོད་ཀྱི་སྣང་བ་ལ་སེམས་གཏད་དེ་ཉལ་ན་གཉིད་ལོག་པའི་ཚེ་སེམས་ལ་མུན་པ་མི་འབྱུང་ངོ༌། །ལྡང་བའི་འདུ་ཤེས་ནི། རྣམ་པ་ཀུན་ཏུ་གཉིད་སྟུག་པོས་སེམས་ ནོན་པ་ལ་སེམས་མི་གཞོལ་ཞིང་བྱ་བསྙོངས་དང་ལེ་ལོ་སོགས་ཀྱིས་ཉམས་པས་གནས་པར་མི་བྱ་བར་མྱུར་དུ་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས་གཉིད་དང་སྐྱེས་པའི་བདེ་བའི་རོ་མི་ཆུང་བར་རི་དྭགས་ལྟར་ཐུམ་ཕྲས་ཀྱིས་ཉལ་བ་སྟེ་དེས་ནི་གཉིད་མི་ འཐུག་ཅིང་ལྡང་བའི་དུས་ལས་མི་ཡོལ་བར་སད་པར་ནུས་པའོ། །དེས་ན་དེ་ལྟ་བུའི་སེམས་རྣམས་མངོན་དུ་བྱེད་པ་ལ་གཉིད་ལོག་པའི་ཐོག་མའམ་དང་པོ་ཉིད་ངེས་པར་སྦྱར་བར་བྱའོ། །དེ་དག་ནི་མདོ་ལས། དེ་ཉལ་བ་ན་གློ་གཡས་པས་ཉལ་བར་བྱེད་དེ་ རྐང་པའི་སྟེང་དུ་རྐང་པ་བཞག་ནས་ལུས་ཆོས་གོས་དག་གིས་ཤིན་ཏུ་གཡོགས་ཤིང་དྲན་པ་དང་ཤེས་བཞིན་དུ་སྣང་བའི་འདུ་ཤེས་དང་ལྡང་བའི་འདུ་ཤེས་ཀྱིས་ཉལ་བར་བྱེད་དེ་གཉིད་ཀྱི་བདེ་བ་ལ་ཆགས་པར་མི་བྱའོ། །སྙེས་པའི་བདེ་བ་ལ་ཡང་མ་ཆགས་ ཏེ་གཞན་དུ་ན་དེ་དག་ཇི་ཙམ་དུ་འབྱུང་བ་ཆེན་པོ་རྣམས་གནས་ཤིང་འཚོ་བའི་ཕྱིར་ཉལ་བར་བྱེད་ལ་ཞེས་སོགས་དང་། དེ་མཚན་མོའི་ཐུན་དང་པོ་ལ་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལ་སེམས་ཡོངས་སུ་སྦྱོང་བར་བྱེད་དོ། ། ཡོངས་སུ་སྦྱངས་ནས་ཐུན་བར་པ་ལ་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ཏེ་གཙུག་ལག་ཁང་དུ་ཞུགས་ནས་བརླ་གཡས་པ་ཕབ་སྟེ་རྐང་པའི་འོག་ཏུ་རྐང་པ་བཞག་ལ་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་སེང་གེའི་ཉལ་ཐབས་སུ་ཉལ་བར་བྱེད་དོ། །དེ་
Page: 470 ཐུན་ཐ་མ་ལ་མྱུར་བར་ལངས་ནས་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་སྦྱོང་བར་བྱེད་དོ། །ཞེས་གསུངས་པ་ལ་བསྟེན་པ་སྟེ། སྒྲིབ་པར་འགྱུར་བ་ནི་སྒྲིབ་པ་རྣམ་པ་ལྔ་ལྟ་བུ་ཡིན་པར་གསུངས་སོ། །དེ་བཞིན་དུ། བཤེས་སྤྲིང་ལས་ཀྱང་། རིགས་པའི་བདག་ཉིད་ཉིན་པར་མཐའ་དག་དང་། །མཚན་མོའང་ཐུན་གྱི་སྟོད་སྨད་བཟླས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་བར་དུ་མནོལ། །ཞེས་ཉིན་མོ་ཧྲིལ་པོ་དང་མཚན་མོའི་ཆ་སྟོད་ སྨད་གཉིས་ལ་འཆག་པ་དང་འདུག་པའི་སྒོ་ནས་དགེ་བའི་བྱ་བས་དུས་འདའ་བར་བྱས་ནས་སྒྲིབ་པ་ལྔ་ལས་སེམས་ཡོངས་སུ་སྦྱངས་ཏེ། ནམ་གྱི་ཆ་བར་པ་ལ་བབ་པའི་ཚེ་མནལ་བ་སྟེ་ཉལ་བར་བྱ་བ་ཡིན་ལ་དེའི་ཚེའང་འབྲས་བུ་མེད་པར་མི་འགྱུར་བར་བྱ་བའི་ཕྱིར་ གཉིད་ཅུང་ཟད་ཅིག་ལོག་སྟེ་ལུས་སེམས་བརྟས་པར་བྱས་ནས་མྱུར་དུ་ལྡང་ལ་དགེ་སྦྱོར་བྱ་སྙམ་པའི་དྲན་ཤེས་ལྡན་པས་ཚད་མེད་བཞི་སྒོམ་པ་དང་མཆོག་གསུམ་རྗེས་སུ་དྲན་པས་མནལ་བར་བྱ་དགོས་པའི་དོན་ཡིན་པར་འགྲེལ་པར་བསྟན་ལ། སྤྱོད་བསྡུས་སུ་ འང་དེ་ལྟར་དང་། དཔུང་བཟང་ལས་ཀྱང་། བྱམས་པ་སྙིང་རྗེ་དགའ་དང་བཏང་སྙོམས་ལྡན་པ་དང་། །བདེ་གཤེགས་ཆོས་དང་དགེ་འདུན་བཅས་པ་དྲན་བྱས་ཏེ། །ཤཱ་རིའི་བུ་དང་ང་ལ་ཐལ་སྦྱར་བཏུད་ནས་ཉལ། །དེ་ལྟར་སྔགས་པས་སྡིག་པ་མཐའ་དག་ཟད་ པར་བྱ། །ཞེས་གསུངས་ལ། ང་ལ་ཞེས་པ་ནི་འཕགས་པ་ལག་ན་རྡོ་རྗེ་ལའོ། །དེ་ལྟར་ཉལ་བས་ནི་གཉིད་ཀྱིས་རྒྱུས་པར་བྱ་བའི་འབྱུང་བ་རྣམས་གཉིད་ཀྱིས་རྒྱས་ཤིང་དེ་ལྟར་ལུས་ཀྱི་ཁམས་བརྟས་པར་བྱས་པས་དགེ་བའི་ཕྱོགས་ལ་བརྩོན་འགྲུས་བྱ་བ་ལ་
Page: 471 ༄༅། །ཤིན་ཏུ་ཕན་པར་འགྱུར་ཞིང་དེར་མ་ཟད་ཀུན་སློང་གི་དབང་གིས་དགེ་བར་འགྱུར་བར་གཉིད་ཀྱང་དོན་ལྡན་དུ་འགྱུར་ཏེ། ས་སྡེར། དགེ་སློང་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པ་དུས་འདའ་བ་དོན་ཡོད་པར་བྱེད་པ་ནི་འདི་ལྟ་སྟེ་དུས་སུ་རན་ པར་གཉིད་ལོག་པའོ་ཞེས་དང་། རིན་ཆེན་ཕྲེང་བ་ལས་ཀྱང་། ཆོས་ཀྱིས་བདེ་བར་གཉིད་ལོག་ཅིང་། །བདེ་བར་སད་པ་དག་ཏུ་འགྱུར། །ནང་གི་བདག་ཉིད་སྐྱོན་མེད་པས། །རྨི་ལམ་དག་ཀྱང་བདེ་བ་འཐོབ། །ཞེས་གསུངས་སོ། །གཞན་ཡང་དེ་ལྟར་མི་ཉལ་བར་ བརྩོན་པས་ནི་སྤང་བྱ་བརྒྱུད་སྤངས་པས་ཕུན་སུམ་ཚོགས་པ་ཡིན་པར་བསྡུ་བ་ལས་གསུངས་ལ། ཡང་། དེ་ལྟར་བརྩོན་པ་ནི་བསམ་གཏན་དང་མཐུན་པའི་ཆོས་ཡིན་པས་ཏིང་ངེ་འཛིན་མང་པོ་འགྲུབ་པར་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་གསུངས་སོ། ། གཉིད་ཀྱི་ངོ་བོ་དང་བྱེད་ལས་ནི། ཀུན་བཏུས་ལས། གཉིད་གང་ཞེ་ན། གཉིད་ཀྱི་རྒྱུ་ལ་བརྟེན་ནས་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། དུས་དང་དུས་མ་ཡིན་པ་དང་། རིགས་པ་དང་མི་རིགས་པ་ལ་སེམས་སྡུད་པ་གཏི་མུག་གི་ཆར་གཏོགས་པ་སྟེ་བྱ་ བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་ལུས་ལྕི་བ་དང་ཉམ་ཆུང་དང་ངོལ་བ་དང་མུན་པའི་མཚན་མ་ཡིད་ལ་བྱེད་པ་སོགས་ཀྱི་རྒྱུ་རྣམས་ལ་བརྟེན་ནས་དབང་ཤེས་ཡུལ་ལ་འཇུག་པ་རང་དབང་མེད་པར་སྡུད་པར་བྱེད་པའི་བློ་ཞིག་ལ་གཉིད་ཅེས་བྱ་ལ། དེ་ ཡང་ནམ་གུང་གཉིད་ཀྱི་དུས་དང་ནམ་གྱི་ཆ་སྟོད་སྨད་སོགས་དུས་མིན་པ་དང་། ལུས་ཀྱི་འབྱུང་བ་བརྟས་ནས་དགེ་སྦྱོར་བྱེད་འདོད་པས་ཉལ་བ་རིགས་པ་དང་ཉོན་མོངས་པས་ཀུན་ནས་བསླང་སྟེ་ཉལ་བ་མི་རིགས་པའོ། །འདི་ལ་ཀུན་སློང་གི་དབང་ལས་དགེ་མི་དགེ་
Page: 472 གཉིས་ཡོད་པ་ལས། ཉོན་མོངས་ཅན་གྱི་གཉིད་ཀྱིས་དགེ་བའི་བྱ་བ་ཉམས་པར་བྱེད་པ་ནི་བྱེད་ལས་སོ། །གོང་དུ་བཤད་པའི་ཟས་ཀྱི་ཀུན་སྤྱོད་དང་འདིར་བསྟན་ཉལ་བའི་ཀུན་སྤྱོད་དག་ཁ་ན་མ་ཐོ་བ་མེད་ཅིང་དོན་ལྡན་དུ་སྤྱོད་པ་ན་ཚེ་དོན་མེད་དུ་འདའ་བ་དུ་མ་ཞིག་ཁེགས་པར་ གསུངས་པས་གལ་ཤིན་ཏུ་ཆེ་ཕྱིར་ཅུང་ཟད་སྤྲོས་ཏེ་བཤད་པའོ། །བཞི་པ་སྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ་ལ་གཉིས། སྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་དངོས། ཤེས་བཞིན་གྱི་ངོ་བོ་ངོས་བཟུང་ནས་ལེའུའི་དོན་བསྡུ་བའོ། །དང་པོ་ནི། བྱང་ ཆུབ་སེམས་དཔའི་སོགས་ཏེ། དེ་ལ། ཉོན་མོངས་སྤྱོད་ཕྱིར་སེམས་སྦྱང་བ་ནི། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ལ་སོགས་པའི་གསུངས་རབ་རྣམས་སུ་བྱང་ཆུབ་སེམས་དཔའི་བསླབ་བྱ་ཕྱིན་དྲུག་དང་བསྡུ་བཞི་སོགས་ཐབས་མཁས་ཀྱི་སྤྱོད་པའི་སྒོའི་དབྱེ་བ་དག་ནི་གྲངས་ དང་ཚད་གཟུང་དུ་མེད་པར་ཆེས་མང་པོ་ཞིག་ནི་གསུངས་པ་ལས་མཐའ་དག་རེ་ཞིག་སྒྲུབ་པར་མ་ནུས་ཀྱང་ཐོག་མ་ཁོ་ནར་རང་གི་སེམས་རྒྱུད་ཀྱི་ཉོན་མོངས་པའི་དྲི་མ་སྦྱོང་ཐབས་སུ་གྱུར་པའི་སེམས་སྦྱོང་བ་ཡི་སྤྱོད་པ་སྔར་བཤད་པ་དེ་དག་རྣམས་ནི་བསླབ་བྱའི་གཙོ་བོ་ཡིན་ པས་ངེས་པར་ཏེ་གདོན་མི་ཟ་བར་ཉོན་མོངས་པའི་སྐྱོན་དེ་རྣམས་དག་པར་གྱུར་གྱི་བར་དང་སྤྱོད་པའི་སྒོ་དེ་རྣམས་རྫོགས་པར་ཉམས་སུ་ལེན་ནུས་ཀྱི་བར་དེ་སྲིད་དུ་སྤྱད་པར་བྱའོ། །ནམ་མཁའ་མཛོད་ཀྱི་མདོ་ལས། དཔེར་ན། བུ་ག་ནས་རླུང་འཇུག་པ་དེ་བཞིན་དུ་གང་དང་གང་ ནས་སེམས་ལ་སྐྱོན་བྱུང་བ་དེ་དང་དེ་ནས་བདུད་ཀྱིས་གླགས་རྙེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔས་སེམས་ལ་སྐྱོན་མེད་པར་བྱའོ། །ཞེས་དང་། བསླབ་བཏུས་སུ། བྱང་ཆུབ་སེམས་དཔའི་བསླབ་པ་ནི་འདི་ལྟ་སྟེ་སེམས་ཡོངས་སུ་སྦྱོང་བའོ། །འདི་ནི་ཆོས་ཐམས་
Page: 473 ༄༅། །ཅད་ཀྱི་རྩ་བ་ཡིན་ཏེ། ཞེས་མཚམས་སྦྱར་ནས་སྔར་དྲངས་པའི་དཀོན་མཆོག་སྤྲིན་གྱི་ལུང་སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ་སོགས་དང་། ཆོས་ཡང་དག་པར་སྡུད་པའི་ལུང་སོགས་ཀྱིས་དོན་དེ་བསྒྲུབས་ནས་ མཇུག་ཏུ་དེ་ལྟ་བས་ན་སེམས་ཡོངས་སུ་སྦྱང་བར་བྱེད་པ་དེ་ཉིད་བྱང་ཆུབ་སེམས་དཔའི་བསླབ་པ་ཡིན་ནོ་ཞེས་བྱ་བ་འདི་རྣམ་པར་གནས་པ་ཡིན་ནོ་ཞེས་གསུངས་སོ། །སྡིག་ལྟུང་སྦྱོང་ཕྱིར་ཉེས་པ་བཤགས་པ་ནི། བསླབ་བྱ་རྣམས་སྲུང་བར་འབད་ཀྱང་ ཉོན་མོངས་པ་མང་བ་སོགས་ཀྱི་དབང་ལས་རང་རྒྱུད་ལ་ཉེས་པ་དང་ལྟུང་བ་དག་གིས་དགོས་པར་གྱུར་ན་ཉིན་པར་ལན་གསུམ་དང་མཚན་མོ་ལན་གསུམ་དུ་སྡིག་ལྟུང་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་སངས་རྒྱས་རྣམས་ལ་བསྐུལ་བའི་ཐབས་ གསུམ་པོ་སྟོན་པས་ན་ཕུང་བོ་གསུམ་པའི་མདོ་ཞེས་བྱ་བ་དེ་ཉིད་གདོན་པར་བྱ་ཞིང་། རྒྱལ་བ་སུམ་ཅུ་རྩ་ལྔ་ལ་སོགས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་གཉིས་ལ་གཙོ་བོར་བརྟེན་པའམ་དེ་གཉིས་བརྟེན་ནས་གཉེན་པོ་སྟོབས་ བཞི་ཚང་བའི་སྒོ་ནས་བཤགས་པར་བྱས་ནས་ལྟུང་བའི་ལྷག་མ་སྟེ་རྩ་ལྟུང་ལས་གཞན་པའི་ཉེས་པ་ཟག་པ་ཆུང་འབྲིང་གིས་བསྡུས་པ་རྣམས་དང་ཉེས་བྱས་ཞེ་དྲུག་བསླབ་བཏུས་སུ་བཤད་པའི་ཉེས་བྱས་བརྒྱད་ཅུ་ཞེས་གྲགས་པ་སོགས་ཀྱང་འདག་པར་གསུངས་པས་དེ་ དག་ནི་བཤགས་ཐབས་དེས་ཞི་བར་བྱའོ། །སྤྱིར་སྟོབས་བཞི་ཚང་བས་བཤགས་ན་རྩ་བའི་ལྟུང་བ་དང་ནས་འདག་མོད། འོན་ཀྱང་དེའི་བཤགས་ཐབས་བསླབ་བཏུས་སུ་རྨི་ལམ་འཕགས་པ་ནམ་མཁའི་སྙིང་པོའི་མདུན་དུ་འདུག་སྟེ་བཤགས་པར་བྱ། ཞེས་ནམ་མཁའི་སྙིང་པོའི་
Page: 474 མདོ་ལས་གསུངས་པ་ལྟར་གྱི་བཤགས་ཚུལ་ཟུར་དུ་སྨོས་པའི་འདིར་ལྟུང་བའི་ལྷག་མ་ཞེས་བཤད་དོ། །དེས་ན་ཕམ་པའི་ལྟུང་བ་ལྕི་བ་བྱུང་བ་དེ་ལྟ་བུའི་དམིགས་བསལ་གྱི་བཤགས་ཚུལ་ལོགས་སུ་འབྱུང་བ་ལྟར་བྱས་ནས་འདིར་བཤད་པ་ནི་དེ་ལས་གཞན་པའི་ཉེས་ པ་ལྷག་མ་བཤགས་ཐབས་སུ་བྱས་ན་རིགས་པར་གསུངས་པས་དེ་ལྟར་དང་། འགྲེལ་ཆེན་དུ་བཤགས་ཚུལ་དེ་ཉིད་རྩ་ལྟུང་གི་ལྷག་མའི་ལྟུང་བའམ་བསམ་བཞིན་དུ་བྱས་པའི་ལྟུང་བ་ལས་གཞན་པ་བརྗེད་ངེས་དང་ཤེས་བཞིན་མ་ཡིན་པས་བྱས་པའི་ལྟུང་བ་རྣམས་ཀྱི་དག་བྱེད་དུ་བཤད་ པའི་འདིར་ཡང་དེ་ལྟར་བཤད་ཀྱང་རུང་ལ། བི་བྷཱུ་ཏིས་ཕམ་པ་ནི་སྐྱབས་སེམས་ཀྱི་ཕྱིར་བཅོས་ལ་ཕམ་པ་ལས་གཞན་པའི་ལྷག་མ་ནི་ཕུང་བོ་གསུམ་པ་གདོན་པས་ཞི་བར་བྱ་ཞེས་གསུངས་ལ། དགེ་ལྷས་རྒྱལ་དང་བྱང་ཆུབ་སེམས་བསྟེན་ཞེས་པ་རྒྱལ་བ་དང་བྱང་ཆུབ་སེམས་དཔའ་བསྟེན་ པ་ཞེས་རྟེན་གྱི་སྟོབས་སུ་བཤད་ལ། ལྟུང་བའི་ལྷག་མ་ཞེས་པ་ལུས་ངག་གི་ལྟུང་བར་བཞེད་ཅིང་། རྣམ་སྣང་འཚོས་བཤགས་པའི་ལྷག་མ་འཆད་པར་བཤད་དོ། །དེ་ཡང་བསླབ་བཏུས་སུ་ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང་བཀའ་སྩལ་ཏེ། ཤཱ་རིའི་བུ་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའི་ལྟུང་བ་གཉིས་ཏེ། གཉིས་གང་ཞེ་ན་འདི་ལྟ་སྟེ། ཞེ་སྡང་དང་ལྡན་པ་དང་གཏི་མུག་དང་ལྡན་པའོ། །དེ་བཞིན་དུ་སྦྱར་ཏེ་ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་དྲང་པོས་ཐོག་མའི་ལྟུང་བ་སྡེ་བཅུ་ལས་ལྕི་བ་ རྣམས་བཤགས་པར་བྱའོ། །ལྟུང་བ་ཡོད་པ་སྡེ་ལྔ་ལས་ལྕི་བ་རྣམས་བཤགས་པར་བྱའོ། །ཤཱ་རིའི་བུ་བུད་མེད་ཀྱི་ལག་པ་ནས་འཛིན་པ་དང་མིག་གིས་བལྟ་བ་དང་། གནོད་སེམས་ཀྱང་ལྟུང་བ་སྟེ་གང་ཟག་གཅིག་གམ་གཉིས་ལ་ཡང་བཤགས་པར་བྱའོ། །བྱང་ཆུང་སེམས་དཔའ་ལ་མཚམས་མེད་
Page: 475 ༄༅། །པ་ལྔ་དང་ལྡན་པའི་ལྟུང་བ་དང་། བུད་མེད་ལས་ལྟུང་བ་བྱུང་བ་དང་། ལག་པ་ལས་ལྟུང་བ་བྱུང་བ་དང་། ཁྱེའུ་ལས་ལྟུང་བ་བྱུང་བ་དང༌། མཆོད་རྟེན་ལས་ལྟུང་བ་བྱུང་བ་དང་། དགེ་འདུན་ལས་ལྟུང་བ་བྱུང་བ་དང་། དེ་ལས་གཞན་པའི་ལྟུང་བ་རྣམས་ནི་སངས་ རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་ལྔ་ལ་གཅིག་པུས་ཉིན་མཚན་དུ་བཤགས་པར་བྱའོ་ཞེས་འགྱུར་གསར་ལས་གསུངས་ལ། མདོ་དེ་ཉིད་ཀྱི་འགྱུར་ལས་ནི། ཉེས་པ་དང་པོའི་ལྕི་བ་ནི་ཚོགས་བཅུ་ལ་དྲང་པོར་བཤགས་པར་བྱའོ་ཞེས་འབྱུང་བ་ལེགས་པར་ གསུངས་ཏེ་ཉེས་པ་ལྕི་བ་གཉིས་བཤད་པའི་དང་པོ་ཞེ་སྡང་དང་ལྡན་པ་ནི་ཡུལ་བཅུ་ལ་བཤགས་པ་དང་། ལྟུང་བ་ཡོད་པ་ལྕི་བ་རྣམས་སྡེ་ལྔ་བཤགས་པར་བྱའོ་ཞེས་བཅོས་ཏེ་ལྕི་བ་གཉིས་པ་གཏི་མུག་དང་ལྡན་པ་ནི་ཡུལ་ལྔ་བཤགས་དགོས་པའི་དོན་ནོ། ། བུད་མེད་ཀྱི་ལག་པ་ནས་འཛིན་པ་གང་ཟག་གཅིག་གམ་གཉིས་ལ་བཤགས་པར་བྱ་ལ། འདིར་འགྱུར་རྙིང་ལས་ལྕི་བར་བཤད་ཀྱང་འགྱུར་གསར་ལས་ཡང་བར་བཤད་པ་ལེགས་པར་གསུངས་སོ། །ད་ལྟའི་མདོ་ལས་གནོད་སེམས་མ་བྱུང་ཡང་བསླབ་ བཏུས་ལས་བྱུང་བས་དེ་ལྟར་བྱ་ལ། ཞེ་སྡང་དང་ལྡན་པ་ཉེས་པ་ལྕི་བར་བཤད་པ་དང་གནོད་སེམས་ཡང་བར་བཤད་པ་མི་འགལ་བ་ནི་རྒྱུད་མ་འཁྲུགས་པའི་འཚེ་བའི་བསམ་པ་ཙམ་ལ་དགོངས་པ་ཡིན་པར་ཚུལ་ཁྲིམས་ལེའུའི་རྣམ་བཤད་ལས་གསུངས་ལ། མཚམས་མེད་སོགས་ཀྱི་ལྟུང་བ་ལྕི་བ་རྣམས་ལྟུང་བཤགས་ཀྱིས་ཉིན་དང་མཚན་དུ་སྦྱོང་བར་གསུངས་པ་ནི་གང་ཟག་ལ་ཕྱིར་བཅོས་ཀྱི་ཆོ་ག་ལན་གསུམ་བྱས་པ་ལྟ་བུས་རྣམ་སྨིན་མི་འདོག་པ་ལ་དགོངས་པ་ཡིན་པར་ཡང་དེ་ཉིད་ལས་གསུངས་སོ། །འགྲེལ་ཆེན་
Page: 476 དུ་བྱང་ཆུབ་སེམས་དཔའི་ལྟུང་བ་ལྕི་བ་དང་ཡང་བ་རྣམས་ཀྱི་བཤགས་པར་བྱ་བ་ནི་འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས་གསུངས་ཏེ། དེ་དག་བསླབ་པ་ཀུན་ལས་བཏུས་པར་ལྟ་བར་བྱའོ། །བྱང་ཆུབ་སེམས་དཔའི་ལྟུང་བ་ཐམས་ཅད་སངས་རྒྱས་བཅོམ་ ལྡན་འདས་སུམ་ཅུ་རྩ་ལྔའི་སྤྱན་སྔར་གཅིག་པུས་བཤགས་པར་བྱའོ། །ཞེས་གསུངས། འགྲེལ་པ་རྣམས་སུ་སྡིག་བཤགས་ཡི་རང་བསྔོ་བ་གསུམ་ལ་ཕུང་བོ་གསུམ་དུ་བཤད་ལ། གོང་དུ་བཤད་པ་ནི་བསླབ་བཏུས་ལས་བྱུང་བ་ལྟར་རོ། །ཕྱག་འཚལ་བ་ནི་ སྡིག་བཤགས་ཀྱི་ནང་དུ་འདུའོ། །དེ་ལ་འགྱོད་པའི་སྟོབས་ནི་ཉེས་དམིགས་ཤེས་པའི་སྒོ་ནས་སྔར་བསགས་ཀྱི་སྡིག་ལྟུང་ལ་འགྱོད་པ་ཤུགས་དྲག་བྱེད་པ་ཡིན་ལ། རྟེན་གྱི་སྟོབས་ནི་སངས་རྒྱས་སོ་ལྔ་སོགས་མཆོག་གསུམ་ལ་སྐྱབས་འགྲོ་བྱ་བ་དང་། གཉེན་པོའི་ སྟོབས་ནི་མདོ་སྡེ་ཟབ་མོ་ཀློག་པ་གཟུངས་སྔགས་བཟླ་བ་མཆོད་རྟེན་བྱེད་པ་དེ་ལ་མཆོད་པ་སངས་རྒྱས་བྱང་སེམས་ཀྱི་མཚན་གཟུང་བ་སྟོང་ཉིད་སྒོམ་པ་སྟེ་གཉེན་པོའི་སྒོ་དྲུག་བསླབ་བཏུས་སུ་བཤད་ལ། བྱང་ཆུབ་ཀྱི་སེམས་སྒོམ་པ་ནི་རྟེན་གྱི་སྟོབས་དང་གཉེན་ པོའི་སྟོབས་གཉིས་ཀར་གཏོགས་པར་གསུངས་སོ། །ཉེས་པ་ལས་ལྡོག་པའི་སྟོབས་ནི་ཕྱིས་མི་བྱེད་པའི་སྡོམ་སེམས་བསྟེན་པ་ཡིན་ལ། འདི་མེད་ན་སྔར་བྱས་སྦྱངས་ཀྱང་འདག་དཀའ་བ་ནི། བྱམས་པའི་སེང་གེར་སྒྲར། བྱམས་པ་ཡང་ཕྱི་མའི་ཚེ་ཕྱི་མའི་ དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ལ་བབས་པའི་ཚེ་ན་བྱང་ཆུབ་སེམས་དཔར་ཁས་འཆེ་བ་འགའ་ཞིག་འབྱུང་བར་འགྱུར་ཏེ་དེ་དག་ནི་ལྟུང་བ་ལྷག་པར་འབྱུང་བར་འགྱུར་ཞིང་ལུས་མ་བསྡམས་པ་དང་ངག་མ་བསྡམས་པ་དང་ཡིད་མ་བསྡམས་
Page: 477 ༄༅། །པས་སྡིག་པའི་ལས་ལྷག་པར་སྤྱད་ནས་ཉེས་པ་བཤགས་པ་ཙམ་གྱིས་དག་པར་འགྱུར་བར་སེམས་ཀྱིས་ཕྱིན་ཆད་སྡོམ་པར་ཡང་མི་བྱེད་ལ། ཕྱིན་ཆད་ཡང་དག་པར་བསྡམས་པའི་ཕྱིར་སྡོམ་པར་ཡང་མི་བྱེད་དོ། །ངས་ནི་སྔོན་བྱས་པའི་སྡིག་ པའི་ལས་ཟད་པར་བྱ་བའི་ཕྱིར་ཕུང་བོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ཡིན་ན། དེ་ལ་མི་བླུན་པོ་དེ་དག་གི་ལྷག་པར་ལྟུང་བ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་ནས་ཉེས་པ་བཤགས་ཤིང་སྦྱང་བ་ཙམ་གྱིས་དག་པར་འགྱུར་བར་སེམས་ཤིང་། ཕྱིན་ཆད་སྡོམ་ པར་ནི་མི་བྱེད་དོ། །ཞེས་གསུངས་སོ། །བསླབ་བཏུས་སུ་ཕུང་བོ་གསུམ་པའི་མདོ་དང་སངས་རྒྱས་རྐང་གཉིས་སོགས་ཀྱི་བཤགས་ཆོས་གཉིས་འགྱོད་པའི་སྟོབས་ཀྱི་སྐབས་སུ་བསྟན་པ་ནི་དེ་དག་གིས་འགྱོད་པའི་སྟོབས་གཙོ་བོར་བསྟན་པའི་རྒྱུ་མཚན་གྱིས་ཡིན་ གྱི། དེ་དག་གིས་རྟེན་གྱི་སྟོབས་སོགས་གཞན་མ་བསྟན་པའི་དོན་མིན་ཏེ། ལྟུང་བཤགས་ཀྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་རྟེན་གྱི་སྟོབས་དང་། སངས་རྒྱས་སོ་ལྔ་ལ་ཕྱག་འཚལ་བས་གཉེན་པོའི་སྟོབས་དང་། བདག་གི་སྐྱེ་བ་འདི་དང་ཉེས་ པ་ནས་མི་འཆབ་པོ་ཞེས་པའི་བར་གྱིས་རྣམ་པར་སུན་འབྱིན་པའི་སྟོབས་དང་། སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ་ཞེས་པས་སླར་ལྡོག་པའི་སྟོབས་བསྟན་ལ། གསེར་འོད་ལས་གསུངས་པའི་བཤགས་ཆོག་གིས་ཀྱང་སྟོབས་བཞི་ཀ་ཚང་བར་ བསྟན་པའི་ཕྱིར་རོ། །དེ་ལྟར་ཚིགས་བཅད་སྔ་ཕྱི་གཉིས་ཀྱིས་རིམ་པར་ཉོན་མོངས་དང་སྡིག་ལྟུང་སྦྱོང་ཚུལ་བསྟན་ལ། དེ་དག་གི་ལུས་ཀྱི་དག་པ་སྟེ། བསླབ་བཏུས་ལས། ལུས་ཀྱི་དག་པ་གང་ཞེ་ན། །སྡིག་དང་ཉོན་མོངས་རྣམ་སྦྱོང་ཡིན། །རྫོགས་སངས་
Page: 478 རྒྱས་ཀྱིས་གསུངས་ཚུལ་དུ། །འབད་པ་མེད་ན་ངན་འགྲོར་འགྲོ། །ཞེས་གསུངས་ལ། དེར་མ་ཟད་བཟོད་པ་སྒོམ་པ་སོགས་ཉོན་མོངས་དང་ཉེས་ལྟུང་འགོག་པའི་ཐབས་གོང་འོག་ཀུན་ཏུ་མང་དུ་འབྱུང་ངོ་། །ལུང་ལས་གསུངས་པའི་བསླབ་གཞི་ལ་བསླབ་པ་ནི། ཆེད་ དུ་བྱ་བ་རང་ངམ་གཞན་གྱི་དབང་ཡང་རུང་སྟེ་འགྲོ་འཆག་སོགས་སྤྱོད་ལམ་གྱི་གནས་སྐབས་དང་མོས་སྤྱོད་ཀྱི་གནས་སྐབས་དང་ས་ཐོབ་པ་ལ་སོགས་པའི་གནས་སྐབས་གང་དང་གང་དུ་སྒོ་གསུམ་གྱི་བྱ་བ་ཅི་དང་ཅི་སྤྱོད་ཀྱང་རུང་ཐེག་ཆེན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ ལས་རྒྱལ་སྲས་སེམས་དཔའ་རྣམས་ཀྱི་གནས་སྐབས་དེ་དང་དེ་དག་ཏུ་བསླབ་དགོས་པར་གསུངས་པ་གང་ཡིན་པའི་གནས་སྐབས་ཀྱི་བསླབ་བྱ་དེ་དང་དེ་ལ་སྤྲོ་བ་དང་གུས་པའི་སྒོ་ནས་བླང་དོར་ཚུལ་བཞིན་དུ་བྱེད་པ་ལ་འབད་དེ་མི་མཐུན་ཕྱོགས་ཀྱི་དྲི་མས་མ་གོས་པར་ བསླབ་པར་བྱའོ། །ཞེས་སམ། ཡང་རང་གི་དབང་དུ་བྱས་ཏེ་སྡོམ་སྡུད་ཀྱིས་བསྡུས་པའམ་གཞན་གྱི་དབང་དུ་བྱས་ཏེ་སེམས་ཅན་དོན་བྱེད་ཀྱིས་བསྡུས་པའམ་གཞན་ཡང་སྤྱོད་ལམ་གྱི་གནས་སྐབས་གང་དུ་སྒོ་གསུམ་གྱིས་ཅི་སྤྱོད་ཀྱང་གང་ལ་བསླབ་པ་དང་ཇི་ལྟར་ བསླབ་པར་གསུངས་པ་གང་ཡིན་པ་ཞེས་སྦྱར་རོ། །དེ་ཡང་མདོ་ལས་གསུངས་པ་དཔེར་བརྗོད་ཙམ་བྱས་ན། འདི་ལྟར་བྱང་སེམས་ཀྱིས་ཆོས་མང་པོ་ལ་བསླབ་པར་མི་བྱ་སྟེ་སྙིང་རྗེ་ཆེན་པོ་ལ་བསླབ་པར་བགྱིའོ་ཞེས་དང་། ཡང་བྱང་ཆུབ་སེམས་དཔས་ཅི་ནས་ཀྱང་ མཐོང་མ་ཐག་ཏུ་སེམས་ཅན་རྣམས་དགའ་བར་འགྱུར་བ་དེ་ལྟར་བསྒྲུབ་པར་བགྱིའོ་ཞེས་དང་། ཡང་བྱང་ཆུབ་སེམས་དཔས་ནི་རང་གི་སེམས་ཁོ་ན་ཤིན་ཏུ་བསྲུང་བར་བགྱིའོ་ཞེས་དང་། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་འགའ་ལའང་ཁྱད་དུ་
Page: 479 ༄༅། །གསད་པར་མི་བྱའོ་ཞེས་དང་། སྤྱོད་ལམ་ཐམས་ཅད་དུ་ཇི་ལྟར་བསླབ་པ་སྟེ་སྤྱོད་ཡུལ་ཡོངས་སུ་དག་པ་ལས་ཇི་སྐད་གསུངས་པ་བཞིན་དུ་བསླབ་པར་བྱའོ། །ཞེས་པ་ལྟ་བུའི་དོན་ཡིན་པར་རྣམ་བཤད་ལས་གསུངས་ལ། ཕྱི་མ་འདི་ དཀོན་མཆོག་སྤྲིན་ལས། དེ་གཙུག་ལག་ཁང་གི་ནང་དུ་འཇུག་ཚེ་འདི་ལྟར་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཟུད་དོ་སྙམ་དུ་སེམས་བསྐྱེད་དོ། །དེ་ཕྱིར་འབྱུང་ན་འདི་ལྟར་སེམས་ཅན་ཐམས་ཅད་འཁོར་བའི་བཙོན་ར་ནས་གདོན་ཏོ་སྙམ་ དུ་སེམས་བསྐྱེད་དོ། །དེ་ནས་གནས་ཁང་གི་སྒོ་འབྱེད་ན་འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་བདེ་འགྲོ་ཐམས་ཅད་ཀྱི་སྒོ་དབྱེའོ་སྙམ་དུ་སེམས་བསྐྱེད་དོ་ཞེས་སོགས་བསླབ་བཏུས་ཀྱི་༌་བསོད་ནམས་སྤེལ་བའི་རྒྱུ་གཞན་གསུངས་པའི་སྐབས་སུ་བསྟན་ པ་རྣམས་དང་། ཞིབ་པར་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལྟར་བསླབ་དགོས་པར་གསུངས་ལ། མདོ་རྒྱུན་ལས་ཀྱང་། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། །དེ་ལྟ་དེ་ལྟར་རིགས་ཤིང་མཐུན་ཚིག་ གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་གསུངས། བསླབ་བྱའི་སྒོ་མང་པོ་ལ་སློབ་དགོས་པ་ནི། བདེན་གཉིས་ཀྱི་གནས་ཚུལ་ཇི་ལྟར་བ་བཞིན་དུ་གཏན་ལ་ཕབ་ནས་དེ་དག་གི་དོན་ཁོང་དུ་ཆུད་པའི་སྒོ་ནས་རང་རྒྱུད་སྨིན་པར་བྱས་ནས་སླར་ གཞན་རྒྱུད་སྨིན་པར་བྱ་བའི་ཆེད་དུ་ཞུགས་ནས་ཐབས་ལ་མཁས་པའི་སྒོ་མང་པོ་ནས་གཞན་དོན་སྣ་ཚོགས་སྒྲུབ་པར་བྱེད་པའི་རྒྱལ་སྲས་རྣམས་ཀྱི་མི་བསླབ་པའི་ཤེས་བྱ་རིག་པའི་གནས་དེ་ནི་གང་ཡང་ཡོད་པ་མིན་ཏེ། ཅིའི་ཕྱིར་ན། སེམས་དཔའ་ཆེན་པོ་དེ་
Page: 480 རྣམས་ཀྱི་གཞན་དོན་རྫོགས་པར་སྒྲུབ་དགོས་པ་གང་ཞིག་དེ་སྒྲུབ་པར་བྱེད་པ་ལ་གདུལ་བྱ་རང་རང་གི་མོས་པ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་སྒོ་དེ་ཉིད་བསྟན་ནས་རེ་འདོད་རྫོགས་པར་སྐོང་དགོས་པ་ལས་གདུལ་བའི་ཐབས་གང་རུང་རེ་མ་ཤེས་ན་ནི་དེ་ལྟར་སྒྲུབ་མི་ ནུས་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་གོང་དུ། རང་ངམ་གཞན་གྱི་དབང་ཡང་རུང་། །ཞེས་པའི་སྐབས་བསླབ་བྱ་ངེས་པ་མེད་པར་བརྗོད་པ་ཡིན་ནོ། །དེ་ལྟར་མདོ་སྡེའི་རྒྱུན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་ལ། འགྲེལ་ཆེན་ལས་ཀྱང་། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྣམ་པ་ཐམས་ཅད་དུ་ཁོང་ དུ་ཆུད་ནས་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་དོན་དུ་བརྩོན་པའི་དོན་དུ་བརྩོན་པའི་སངས་རྒྱས་ཀྱི་སྲས་པོ་རྣམས་ཀྱི་བསླབ་པར་མི་བྱ་བ་གང་ཡིན་པ་དེ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་གཞན་དུ་ན་སེམས་ཅན་གྱི་དོན་ཐམས་ཅད་དུ་བྱ་བར་མི་ནུས་ལ་ཞེས་སོགས་གསུངས། དེ་ལྟར་ན་ གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ་དང་གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ་གཉིས་ལ་བརྟེན་ནས་ཚར་གཅོད་རྗེས་གཟུང་ལྟ་བུའི་གདུལ་བྱ་འདུལ་བའི་ཐབས་མཁས་ཀྱི་སྒོ་སྣ་ཚོགས་ནས་དོན་གཉིས་ཀྱིས་མཐར་ཕྱིན་པ་སྒྲུབ་པ་ལ་ཉེ་བར་གཞོལ་ ཞིང་གནས་པའི་མཁས་པ་བྱང་ཆུབ་སེམས་དཔའ་གང་ལ་ནི་རང་སྒོམ་པ་མཐར་དབྱུང་བ་དང་གཞན་ལ་ཆོས་ཚུལ་ལེགས་པར་འདོམ་པ་གང་ལའང་ཐེ་ཚོམ་མེད་པར་ངེས་པ་ལེགས་པར་རྙེད་ཅིང་སྒོ་གསུམ་གྱི་བྱ་བ་ཐམས་ཅད་རྣམ་དཀར་གྱི་ཕྱོགས་སུ་
Page: 481 ༄༅། །སྒྱུར་བ་ལ་མཁས་པའི་ཕྱིར་བསོད་ནམས་དགེ་བའི་ལས་རྒྱ་ཆེན་པོར་མི་འགྱུར་བ་གང་ཡང་མེད་དེ། བི་བྷཱུ་ཏིས། རྒྱལ་བའི་སྲས་ཀྱིས་བསླབ་པར་བྱ་བ་མ་ཡིན་པས་དེ་ནི་མེད་དོ། །བདག་དང་བདག་གི་བར་མི་གཟུང་ཞིང་བདེན་པ་གཉིས་རྟོགས་ ནས་གཞན་དོན་ལ་འབད་པ་དེ་ལྟར་སྤྱོད་པ་ནི་གང་བསོད་ནམས་མ་ཡིན་པ་དེ་ནི་མེད་དོ་ཞེས་དང༌། རྣམ་བཤད་དུ། རིག་གནས་ལྔ་པོ་ཀུན་ལ་དམ་པ་དྲུག་གིས་ཟིན་པའི་ཚུལ་གྱིས་སློབ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆེན་ཐོབ་པར་བྱ་བའི་བསམ་པས་རིག་ གནས་ལྔ་པོ་ལ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་སོ་སོ་རུ་མི་མཐུན་ཕྱོགས་ཀྱིས་མ་གོས་པར་སློབ་ཅིང་དགེ་རྩ་དེའང་བྱང་ཆུབ་ཆེན་པོར་བསྔོ་བའི་ཕྱིར་ཏེ་རིམ་པ་བཞིན་དུ་ཆེད་དུ་བྱ་བ་རྟེན་དངོས་པོ་ཐབས་མཁས་རྣམ་དག་ཡོངས་བསྔོ་དམ་པས་རིག་པར་བྱ་ ཞེས་གསུངས་ལ། དེའི་རྒྱུ་མཚན་གྱིས་བསོད་ནམས་རྒྱ་ཆེན་པོར་འགྱུར་བར་ཡང་གསུངས་སོ། །གཞན་ཡང་ཇི་སྐད་དུ། ཡང་དག་ཐབས་ནི་མཁས་པ་ལ། །དོན་དུ་མི་འགྱུར་གང་ཡང་མེད། །སྦྱོར་བ་ལེགས་པར་ཤེས་པ་ལ། །སྨན་དུ་མི་འགྱུར་གང་ཡང་མེད། ། ཅེས་དྲང་སྲོང་རྒྱུན་ཤེས་ཀྱིས་བཤད་པ་བཞིན་ཡིན་པར་འགའ་ཞིག་གསུངས་སོ། །བསོད་ནམས་ཐམས་ཅད་གཞན་དོན་ཁོ་ནར་བསྔོ་བ་ནི། རང་རྒྱུད་སྨིན་ནས་གཞན་དོན་ལ་དངོས་སུ་འཇུག་པའི་སྒོ་ནས་སྦྱིན་སོགས་ལ་སློབ་པར་བྱས་སམ་ཡང་ན་དང་པོ་རང་རྒྱུད་སྨིན་ བྱེད་ཀྱི་ཐབས་སྦྱིན་སོགས་ལ་བསླབ་པ་དེ་ཉིད་བརྒྱུད་ནས་གཞན་དོན་སྒྲུབ་པའི་རྒྱུར་བྱས་ནས་བསླབ་ཀྱང་རུང་སྟེ་ཞེས་བཤད་པའམ། ཡང་རང་ཉིད་ཀྱིས་དངོས་སུ་སྦྱིན་སོགས་ལ་སློབ་པར་བྱས་སམ་ཡང་ན་བརྒྱུད་ནས་གཞན་ལ་བསྐུལ་ཏེ་སྦྱིན་སོགས་ལ་སློབ་ཏུ་
Page: 482 བཅུག་ཀྱང་རུང་སྟེ་ཞེས་བཤད་ཀྱང་ཆོག་ལ། གང་ལྟར་ཡང་བྱ་བ་ཐམས་ཅད་ལ་གཞན་ཕན་གྱི་བསམ་པ་འབའ་ཞིག་གིས་ཟིན་པར་བྱས་ནས་གཞན་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་དོན་ཁོ་ན་ལས་གཞན་དུ་རང་ཉིད་ཀྱིས་ཀྱང་མི་སྤྱོད་ལ་གཞན་ལ་སྤྱོད་ དུའང་མི་གཞུག་ལ། དགེ་རྩ་ཆེན་པོ་ལྟ་ཅི་དགེ་རྩ་ཆུང་ངུ་ཡན་ཆད་ཀྱང་ཆེད་དུ་བྱ་བ་སེམས་ཅན་ཁོ་ནའི་དོན་གྱི་ཕྱིར་དུ་རོང་གཞན་ཡོངས་ཀྱིས་དུས་གསུམ་བསགས་ཡོད་ཀྱི་དགེ་བ་དང་ལྷན་ཅིག་ཏུ་བསྡོམས་ནས་དེ་ཐམས་ཅད་བླ་མེད་བྱང་ཆུབ་ཆེན་པོ་འཐོབ་པའི་ཕྱིར་ དུ་བསྔོ་བ་ལ་བསླབ་པར་བྱའོ། །ཆོས་ཡང་དག་པར་སྡུད་པ་ལས། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་བྱ་བ་ལས་ལས་གཞན་མི་བྱེད་པ་དེ་ལྟ་བུ་གསལ་བར་ཡོངས་སུ་བསྟན་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་གང་ ཅི་ཡང་རུང་ངག་དང་ཡིད་ཀྱི་ལས་གང་ཅི་ཡང་རུང་དེ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ལ་ལྟ་བས་འཇུག་གོ ། སྙིང་རྗེ་ཆེན་པོའི་དབང་དུ་འགྱུར་བའོ། །སེམས་ཅན་ལ་ཕན་པའི་གནས་ཀྱི་རྒྱུའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ལྷག་པའི་ བསམ་པ་ལས་འབྱུང་ངོ༌། །དེའི་ཕན་པའི་བསམ་པ་འདི་ལྟ་བུས་འདུ་ཤེས་འདི་ལྟ་བུར་འགྱུར་ཏེ་གང་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པ་དང་བདེ་བ་སྒྲུབ་པ་དེ་བདག་གིས་སྒྲུབ་པོ་སྙམ་མོ་ཞེས་སོགས་གསུངས་ལ། དཔུང་བཟང་ལས་ཀྱང་། དཔེར་ན་ཆུ་ཀླུང་རྒྱ་མཚོར་ཕྱིན་པ་ན། །ལན་ཚྭའི་རོ་ནི་གཅིག་ཏུ་འགྱུར་བ་བཞིན། །དེ་ལྟར་བླ་མེད་བྱང་ཆུབ་བསྔོས་པ་ཡི། །བསོད་ནམས་རྒྱལ་བའི་རོ་ནི་གཅིག་ཏུ་འགྱུར། །ཞེས་སོགས་གསུངས་ཤིང་། བསླབ་བཏུས་ཀྱི་བསོད་ནམས་བསྲུང་བའི་སྐབས་སུ།
Page: 483 ༄༅། །བསོད་ནམས་བསྲུང་བ་མདོར་བསྡུས་པ་ནི་འདི་ཡིན་ཏེ། བྱང་ཆུབ་ཏུ་བསྔོ་བ་གང་ཡིན་པའོ་ཞེས་གསུངས་ནས། སྔར་དྲངས་པའི་བློ་གྲོས་མི་ཟད་པའི་ལུང་ཆུ་ཐིགས་རྒྱ་མཚོར་ལྷུང་བའི་དཔེས་བསྒྲུབས་སོ། །དེ་ལྟར་བསླབ་གཞི་མང་པོ་ ལ་སློབ་པ་དང་དེ་ལྟ་བུའི་དགེ་རྩ་ཐམས་ཅད་གཞན་དོན་དུ་རྫོགས་བྱང་གི་རྒྱུར་བསྔོ་བ་གཉིས་ཀྱིས་ནི་བསོད་ནམས་འཕེལ་བའི་རྒྱུ་ཁྱད་པར་ཅན་ལ་སློབ་ཚུལ་བསྟན་ཏོ། །བསླབ་པ་ལ་སློབ་པའི་བདག་རྐྱེན་བཤེས་གཉེན་དམ་པ་མི་གཏོང་བ་ནི། དུས་རྟག་པར་གང་ལ་ བསྟེན་ན་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་རང་གི་ངང་གིས་འབྱུང་བའི་གཞིར་གྱུར་པའི་དགེ་བའི་བཤེས་གཉེན་དམ་པ་དང་ནི་ལྷན་ཅིག་ཏུ་འགྲོགས་པར་བྱ་དགོས་ལ། དེ་ཉིད་ཡོན་ཏན་ཇི་ལྟ་བུ་དང་ལྡན་པ་དགོས་ན་ཆེན་པོའི་བདུན་དང་ལྡན་ པའི་ཐེག་པ་ཆེན་པོའི་ཆོས་ཟབ་པ་དང་རྒྱ་ཆེ་བའི་དོན་རྣམས་ཚུལ་བཞིན་དུ་ཤེས་ཤིང་སྟོན་པ་ལ་མཁས་པ་ཞིག་དགོས་ལ། དེ་ཡང་འདིས་འགྲོ་བས་ན་ཐེག་པ་སྟེ་ཟབ་རྒྱས་གཉིས་སམ་ཐབས་ཤེས་གཉིས་ལྡན་གྱི་ལམ་ཡིན་ལ། ཆེན་པོ་བདུན་ནི། མདོ་སྡེའི་རྒྱན་ལས། དམིགས་པ་ཚེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་དེ་དང་ལྡན་པའི་ཕྱིར། ། ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་པ་ལྟར་དང་། བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག་ཏུ་གྱུར་པ་ཚུལ་ཁྲིམས་ཀྱི་བསླབ་པའི་སྡོམ་པ་ལ་ལེགས་པར་གནས་པ་དེ་ལྟ་བུའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དམ་པ་མཁས་པ་དང་བཙུན་པའི་
Page: 484 ཡོན་ཏན་གཉིས་དང་ལྡན་པ་ནི། ཆོས་བཞི་པའི་མདོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་གཏང་བར་མི་བྱའོ་ཞེས་གསུངས་པ་ལྟར། ལོངས་སྤྱོད་དང་ལུས་སོགས་ཀྱི་ཕྱིར་ལྟ་ཅི་རང་གི་སྲོག་གི་ ཕྱིར་ཡང་མི་གཏང་བར་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་ལེགས་པར་བསྟེན་ཅིང་ཡོངས་སུ་གཟུང་ངོ༌། སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ཞེས་གསུངས། དགེ་བའི་བཤེས་གཉེན་ཞེས་པའི་དགེ་བ་ནི་མངོན་མཐོ་ངེས་ལེགས་འཐོབ་ བྱེད་ཀྱི་རྒྱུའི་དགེ་བ་ཡིན་ལ། བཤེས་གཉེན་ནི་དེ་ལྟ་བུའི་དགེ་བ་རང་རྒྱུད་ལ་གཏོད་པའི་བཤེས་སམ་གཉེན་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར་དེ་སྐད་བརྗོད་པའོ། །ཚུལ་ཇི་ལྟར་བསྟེན་པ་ནི། ཁྱེའུ་དཔལ་གྱི་འབྱུང་གནས་དང་བུ་མོ་དཔལ་གྱི་བློ་གྲོས་ཞེས་བྱ་བ་གཉིས་ཀ་ཡི་ རྣམ་པར་ཐར་པའི་ཚུལ་སྟོན་པ་སྡོང་བོ་བཀོད་པའི་ལེའུ་ལས། དེ་གཉིས་ཀྱིས་གཞོན་ནུ་ནོར་བཟང་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་དེ་ཉིད་ལ་བླ་མ་དམ་པ་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་རྒྱུ་ཆེར་བསྟན་པ་ལྟར་དུ་བསླབ་པར་བྱ་དགོས་ལ། དེའི་ཚུལ་ནི་དེ་ཉིད་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བ་རྒྱུ་ཆེན་པོ་བསྒྲུབ་པའི་ཕྱིར་དགེ་བའི་བཤེས་གཉེན་བཙལ་བས་མི་སྐྱོ་བར་བྱའོ། །མཐོང་བས་མི་ངོམས་པར་བྱའོ། །དྲི་བས་ཆོག་མི་ཤེས་པར་བྱའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ནི་ངན་སོང་དུ་མི་ལྟུང་ངོ༌། །ཐེག་པ་ཆེན་ པོ་ལས་མི་ལྡོག་གོ ། བསླབ་པ་དང་འགལ་བར་མི་བྱེད་དོ། །ཞེས་པ་ནས་རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བར་བྱའོ། །ཁུར་ཐམས་ཅད་ཁུར་བས་ཡོངས་སུ་མི་སྐྱོ་བ་ལྟ་བུའི་སེམས་ཀྱིས་དགེ་བའི་
Page: 485 ༄༅། །བཤེས་གཉེན་ལ་བསྙེན་བཀུར་བྱའོ། །དེ་བཞིན་དུ་སྦྱར་ཏེ། བསམ་པ་མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང་། སྡུག་བསྔལ་ཐམས་ཅད་ཀྱིས་མི་སྒུལ་བའི་ཕྱིར་འཁོར་ཡུག་གི་རི་ལྟ་བུའི་སེམས་དང་། ལས་ཐམས་ཅད་ཉམས་སུ་བླང་བ་ལ་ མི་སྨོད་པས་འཇིག་རྟེན་པའི་བྲན་ལྟ་བུའི་སེམས་དང་། ང་རྒྱལ་དང་ཆེ་བའི་ང་རྒྱལ་སྤོང་བས་ཕྱག་དར་བ་ལྟ་བུའི་སེམས་དང་། ཁུར་ལྕི་བ་བཀུར་བས་ཐེག་པ་ལྟ་བུའི་སེམས་དང་། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང་། འགྲོ་ཞིང་འོང་བ་ལ་མི་སྐྱོ་བས་གྲུ་ལྟ་བུའི་སེམས་ དང་། དགེ་བའི་བཤེས་གཉེན་གྱི་ངོར་བལྟ་བས་བུ་མཛངས་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་རང་ཉིད་ལ་ནི་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་ནི་སྨན་གྱི་འདུ་ཤེས་དང་། ནན་ཏན་དུ་ཉམས་སུ་བླངས་པ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་རང་ལ་ནི་འཇིགས་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་དཔའ་བོའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་ནི་མཚོན་ཆའི་འདུ་ཤེས་དང་། ནན་ཏན་ལ་ནི་དགྲ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་སོགས་དང༌། དེ་བས་ཁྱོད་ཀྱིས་དགེ་བའི་རྩ་བ་གཅིག་ལ་ཆགས་པར་མ་བྱེད་ཅིག ཆོས་ཀྱི་སྒོའི་འོད་ཀྱི་སྣང་བ་གཅིག་ལ་གཞོལ་བར་མ་བྱེད་ཅིག རྒྱལ་སྲས་ཀྱི་སྤྱོད་པ་གཅིག་ཡོངས་སུ་རྫོགས་པས་ཆོག་པར་མ་སེམས་ཤིག སྨོན་ལམ་གཅིག་གིས་མངོན་པར་སྒྲུབ་པ་ལྷུར་མ་ལེན་ཅིག བཟོད་པ་གསུམ་ལ་འཇུག་པའི་ཆོག་པའི་འདུ་ཤེས་མ་སྐྱེད་ཅིག ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པ་ནམ་ཡང་རྒྱུན་ཆད་
Page: 486 པར་མ་བྱེད་ཅིག ཅེས་སོགས་རྒྱས་པར་གསུངས་སོ། །ཡང་རྒྱུ་དཔེར་དང་སྒྲ་ཡོད་ལ་དེས་དགེ་བསྙེན་མ་མི་གཡོ་བ་དང་དགེ་སློང་རྒྱ་མཚོའི་རྒྱལ་མཚན་གྱི་རྣམ་ཐར་ལས་འབྱུང་བ་སོགས་ཀྱང་བསྡུ་བར་གསུངས་ལ། བསླབ་བཏུས་སུ་རྒྱལ་སྲས་རྟག་ཏུ་ངུའི་རྣམ་ཐར་ སོགས་ཀྱང་གསུངས་སོ། །དེ་དག་གིས་དགེ་བའི་བཤེས་གཉེན་བསྟེན་དགོས་པའི་རྒྱུ་མཚན་དང་བསྟེན་པའི་ཕན་ཡོན་ཇི་ལྟར་བསྟེན་ཚུལ་སོགས་བསྟན་ལ། བསྟེན་དགོས་པའི་རྒྱུ་མཚན་གཞན་ཡང་། སྐྱེས་རབས་ལས། དམ་པ་རྣམས་ནི་སུས་ཀྱང་མི་བསྲིངས་ ཏེ། །དུལ་བའི་ཚུལ་གྱིས་དགེ་བ་བསྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བསྒོམ་པར་ཡང་འགོས་པར་འགྱུར། །ཞེས་སོ། །དེ་ནི་བསླབ་བཏུས་ལས། དགེ་བའི་བཤེས་གཉེན་མི་བཏང་ཞིང་། །ཞེས་པ་ལྟར་ཏེ་རྒྱས་པར་དེ་ཉིད་ལས་ཤེས་པར་ བྱའོ། །འདི་དང་འོག་མ་གསུང་རབ་ལ་བལྟ་བ་གཉིས་ཀྱིས་ནི་བསླབ་པ་ལ་སློབ་པའི་རྒྱུ་དང་ཤེས་རབ་འཕེལ་བའི་རྒྱུ་ཁྱད་པར་ཅན་བསྟན་པ་ཡིན་ལ། དེ་གཉིས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བའང་བསྟན་པར་གསུངས་སོ། །བསླབ་བྱ་ཤེས་པའི་དོན་དུ་མདོ་དང་ བསྟན་བཅོས་བལྟ་དགོས་པ་ནི། བཤད་མ་ཐག་པ་དཔལ་འབྱུང་བ་ཡི་རྣམ་ཐར་འདི་དང་ཞེས་སློབ་དཔོན་དགེ་ལྷ་འཆད་ཅིང་། གཞན་དུ་སྤྱོད་པ་ལ་སློབ་ཚུལ་ལེགས་པར་སྟོན་པའི་སྤྱོད་འཇུག་གི་གཞུང་འདི་དང་ཞེས་གསུངས་ལ། འདིར་མ་བརྗོད་པ་སངས་རྒྱས་ ཀྱིས་བཀའ་སྩལ་བའི་བསླབ་བྱ་གཞན་རྣམས་ནི་ཐེག་ཆེན་གྱི་མདོ་སྡེ་སྣ་ཚོགས་བཀླགས་ནས་ཤེས་པར་བྱ་དགོས་ཏེ། ཅིའི་ཕྱིར་ན་དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་སྡེ་རྣམས་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླང་དོར་བྱ་ཚུལ་གྱི་བསླབ་པའི་གནས་
Page: 487 ༄༅། །རྣམས་རྒྱ་ཆེར་གསལ་བར་སྣང་བའི་ཕྱིར་རོ། །དེ་ལྟ་བས་ན་བསླབ་བྱ་སྟོན་པའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་རྣམས་རིམ་གྱིས་བཀླགས་ནས་ཤེས་པར་བྱ་ཞིང་། དེ་དག་ལས་འབྱུང་བཞིན་དུ་བསླབ་པར་ཡང་བྱ་དགོས་ལ། ཁྱད་པར་དུ་འཕགས་པ་ནམ་ མཁའི་སྙིང་པོའི་མདོ་སྡེ་ནི་འཇུག་སྡོམ་བླངས་མ་ཐག་ནས་ཐོག་མ་ཉིད་དུ་བལྟ་བར་བྱ་དགོས་ཏེ། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའི་སྡོམ་པ་འཇིག་པར་བྱེད་པའི་རྩ་བའི་ལྟུང་བ་རྣམས་ཀྱི་ངོས་འཛིན་དང་ལྟུང་བ་དེ་དག་ཕྱིར་འཆོས་པའི་ཐབས་དང་བཅས་པ་དེ་ཉིད་ལས་ གསལ་བར་བསྟན་ལ། དེ་དག་ནི་ལས་དང་པོ་བས་ཐོག་མ་ཉིད་དུ་ཤེས་པ་ཤིན་ཏུ་གལ་ཆེ་བའི་ཕྱིར་རོ། །རྒྱུ་དཔེར། ནམ་མཁའི་སྙིང་པོའི་མདོ་སྡེ་ཡང་། །རྩ་བའི་ལྟུང་བ་དེས་བརྟག་བྱ། །ཞེས་འབྱུང་བར་གསུངས། མདོ་དེའི་དོན་བསླབ་བཏུས་སུ་བསྡུས་པ་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །ཅེས་པ་ནས། དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་པ་མཁའ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་པའི་བར་ཏེ། འདི་དག་ འཕགས་ཡུལ་དུ་ཡང་རྩ་ལྟུང་དུ་བཞེད་པ་དང་མི་བཞེད་པའི་ཚུལ་གཉིས་འབྱུང་བར་གསུང་ལ། བསླབ་བཏུས་ལས་ནི་རྩ་བའི་ལྟུང་བ་འདི་དག་ཐམས་ཅད་བདེ་བླག་ཏུ་བླང་ཞིང་བཟུང་བ་དང་ཞེས་མདོར་བསྡུས་པ་དང་། དེ་དག་རྩ་བའི་ལྟུང་བ་སྟེ། །ཞེས་གསུངས་ ལ། དེར་མ་ཟད་བྱང་སེམས་ཀྱི་སྡེ་སྣོད་ལས་རྩ་ལྟུང་དུ་བཞག་པ་ཐམས་ཅད་ཕྱོགས་གཅིག་ཏུ་རྩ་བའི་ལྟུང་བར་བཞེད་ལ། དེ་བཞིན་དུ་སྤྱོད་འཇུག་འགྲེལ་ཆེན་དུའང་དེ་ཉིད་སོར་བཞག་གི་རྩ་ལྟུང་དུ་བཞག་ལ། གཞན་ཡང་སློབ་དཔོན་ཨ་བྷ་ཡ་ཀ་ར། ནག་པོ་པ།
Page: 488 དགེ་ལྷ་བི་བྷཱུ་ཏི་ཙནྡྲ་རྣམས་ཀྱིས་ཀྱང་རྩ་ལྟུང་དུ་བཞེད་པར་གསུངས་སོ། །སློབ་དཔོན་བྱང་བཟང་ལས། འདི་དག་ཐམས་ཅད་ཉེས་བྱས་ལྕི་བ་ཡིན་པས་རྩ་ལྟུང་དང་ཕྱོགས་མཐུན་པར་བཞག་གི་རྩ་ལྟུང་དངོས་མིན་པར་བཞེད་ལ། ཤཱནྟི་པས་དང་པོ་རྒྱལ་བློན་གྱི་དྲུག་པོ་ རྩ་ལྟུང་དངོས་མིན་ལ་ཕྱི་མ་ལས་དང་པོ་བའི་བརྒྱུད་པོ་རྩ་ལྟུང་དུ་བཞེད་པར་གསུངས་སོ། །རྩ་ལྟུང་དེ་དག་ཕྱིར་བཅོས་ཐབས་ནི། མདོ་དེ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མཚན་ནས་སྨོས་ཏེ་ཕྱག་འཚལ་ནས་གསོལ་བ་བཏབ་ན་རང་ གཟུགས་སམ་བྲམ་ཟེ་སོགས་ཀྱི་གཟུགས་སུ་བསྟན་ནས་ལྟུང་བ་འཆགས་སུ་འཇུག་ལ། ཞེས་སོགས་དང་། ཚིག་འདི་སྐད་དུ་སྐུ་རེང་སྐྱ་རེང་སྙིང་རྗེ་ཆེན་པོ་སྐལ་བ་ཆེན་པོ་ཅན་ཁྱོད་འཛམ་བུ་གླིང་དུ་ཤར་མ་ཐག་ཏུ་སྙིང་རྗེས་བདག་ལ་ཁེབས་པར་མཛད་ དུ་གསོལ། ཞེས་སོགས་ཀྱི་ཚིག་སྨྲས་ནས་མལ་དུ་གཉིད་ལོག་པར་བྱས་ན་སྐྱ་རེང་ཤར་མ་ཐག་དེའི་རྨི་ལམ་དུ་བྱང་སེམས་དེའི་གཟུགས་མདུན་དུ་འདུག་སྟེ་རྩ་ལྟུང་འཆགས་སུ་འཇུག་པ་སོགས་གསུངས་ཤིང་། སྔགས་ཀྱི་གསོལ་བ་གདབ་པའི་ཆོ་གའང་ དེ་ལས་གསུངས་སོ། །གཞན་ཡང་ཐབས་ལ་མཁས་པའི་མདོ་ལ་སོགས་པར་གསུངས་པའི་རྩ་བའི་ལྟུང་བ། བྱང་ཆུབ་སེམས་ནི་ཡོངས་འདོར་དང་། །ཞེས་སོགས་ནས། ཆོས་ལྟར་བཅོས་མ་རྗོད་པའོ། །ཞེས་བསླབ་བཏུས་སུ་བསྡུས་པའང་འགྲེལ་ཆེན་ སོགས་སུ་འདིར་བསྟན་ལ། འདི་དག་གི་དབྱེ་བསྡུའི་ཁྱད་པར་དང་འདི་དག་ནམ་སྙིང་གི་མདོར་བསྟན་པའི་རྩ་ལྟུང་རྣམས་དང་མི་འགལ་བའི་ཚུལ་སོགས་ཐུབ་དགོངས་སོགས་སུ་བཤད་དོ། །དེ་དག་ནི་བསླབ་བཏུས་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །
Page: 489 ༄༅། །རྒྱས་པར་ཐེག་པ་ཆེ་ལས་འབྱུང་། །ཞེས་དང་། མདོ་སྡེ་དག་ལ་རྟག་བལྟ་བས། །ཞེས་པ་ལྟར་ཡིན་ལ། གཞན་ཡང་དེ་ཉིད་ལས། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་ནི་ཕལ་ཆེར་མདོ་སྡེ་དག་ལས་སྣང་སྟེ། མདོ་སྡེ་ དེ་དང་དེ་དག་ལས་བྱང་ཆུབ་སེམས་དཔའི་ཀུན་ཏུ་སྤྱད་པ་དང་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་བཅས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་མ་བལྟས་ན་ལྟུང་བ་འབྱུང་བ་ཡང་མི་ཤེས་པས་མི་སྤོང་བར་འགྱུར་བས་རྟག་ཏུ་མདོ་སྡེ་བལྟ་བས་ གུས་པར་བྱའོ། །ཞེས་མདོ་སྡེ་མ་བལྟས་ན་ལྟུང་བ་དང་ལྟུང་མིན་སོགས་ཀྱང་མི་ཤེས་པས་དེ་དག་ཤེས་པར་བྱས་ནས་བླང་དོར་བྱ་བའི་ཕྱིར་མདོ་སྡེ་བལྟ་དགོས་པར་གསུངས་སོ། །དེ་ནས་སློབ་དཔོན་ཉིད་ཀྱིས་མཛད་པའི་བསླབ་བཏུས་བལྟ་དགོས་ཏེ། རྒྱུ་ མཚན་གང་གི་ཕྱིར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟག་ཏུ་གང་ལ་སློབ་ཅིང་སྤྱད་པར་བྱ་བའི་བསླབ་པ་རྣམས་ནི་དེ་ཉིད་ལས་རྒྱ་ཆེར་རབ་ཏུ་སྟོན་པས་ན་བསླབ་པ་ཀུན་ལས་བཏུས་པ་ཞེས་གྲགས་པ་དེ་ཉིད་ལའང་ངེས་པར་ཏེ་གདོན་མི་ཟ་བར་བལྟ་དགོས་ལ། དེ་ཡང་ལན་རེ་ལན་གཉིས་ཙམ་བལྟས་པས་བསླབ་བྱ་རྣམས་ཇི་ལྟ་བ་བཞིན་བློ་ལ་ངེས་པར་མི་ནུས་པས་ཡང་དང་ཡང་དུ་བལྟ་ཞིང་བརྗོད་དོན་རྣམས་བློ་ལ་གོམས་ཤིང་བྱང་བར་བྱ་དགོས་སོ། །དེ་ལས་བསླབ་བྱའི་གནས་ཇི་ལྟ་བུ་ཞིག་སྟོན་ཅེ་ན། ཐོག་མར་དལ་ འབྱོར་རྙེད་དཀའ་དོན་ཆེ་བསམ་ནས་ཚེ་འདིར་སྙིང་པོ་ལེན་འདོད་སྐྱེད་པ་དང་། དེ་ནས་དད་པ་སྤྱི་དང་ཁྱད་པར་ཐེག་ཆེན་གྱི་ཡོན་ཏན་བསམ་པའི་དད་པ་བརྟན་པ་བསྐྱེད་དེ་སྨོན་སེམས་སྐྱེད་པ་དང་། དེ་ནས་འཇུག་སྡོམ་བཟུང་ནས་བསླབ་བྱ་དངོས་འཆད་པ་ན།
Page: 490 བསླབ་བྱའི་ཁོག་སྤྱིར་བསྟན་པ། སྲུང་འདོད་སྐྱེད་པ། སྲུང་ཚུལ་དངོས་ཏེ་གསུམ་དང་། ཕྱི་མ་ལ་བསླབ་བྱ་སྤྱི་དང་བྱེ་བྲག་ལ་སློབ་ཚུལ་གཉིས་དང་། སྤྱི་ལ་སློབ་ཚུལ་གྱི་སྐབས་སུ་དཀོན་མཆོག་སྤྲིན་གྱི་ཁུངས་དྲངས་ནས་རྒྱ་ཆེར་གསུངས་པ་ལ་སློབ་ དགོས་པ་དང་། བདག་ལྟ་བུ་བློ་ཞན་པས་ཤེས་པར་དཀའ་ན། ཇི་ལྟར་བྱ་བར་རིག་སྙམ་ན། གང་གིས་ལྟུང་བར་མི་འགྱུར་བ། །གནད་ཀྱི་གནས་རྣམས་འདིར་རིག་བྱ། །ཞེས་དང་། གནད་ཀྱི་གནས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བདག་གི་ལུས་དང་ལོངས་སྤྱོད་ དང་། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་གཏང་བ་དང་། །དེ་བསྲུང་དག་པ་སྤེལ་བའོ། །འདི་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་བསྡུས་པ་ཡིན་ཏེ། ཞེས་གསུངས་ནས། ལུས་ལོངས་སྤྱོད་དགེ་རྩ་གསུམ་པོ་རེ་རེ་ཡང་གཞན་ལ་ གཏོང་བ་བསྲུང་བ་དག་པ་སྤེལ་བའི་ཐབས་བཞི་རེ་སྟེ་བཅུ་གཉིས་ཀྱི་སྒོ་ནས་གསལ་བར་སྟོན་པ་ཡིན་ནོ། །གཞུང་རྒྱུས་པ་དེ་ལྟ་བུ་བལྟ་བ་དང་གོམས་འདྲིས་བྱ་བར་མི་ནུས་པ་ཡིན་ན། ཡང་ན་རེ་ཞིག་སྟེ་ཐོག་མར་མདོ་སྡེ་སྣ་ཚོགས་ལས་གསུངས་པའི་བསླབ་ བྱ་རྣམས་མདོར་བསྡུས་ཏེ་སྟོན་པའི་སློབ་དཔོན་ཉིད་ཀྱི་མཛད་པའི་མདོ་རྣམས་ཀུན་ལས་བཏུས་པ་བལྟ་ལ་ཕྱི་ནས་བསླབ་བཏུས་སོགས་གཞན་ཡང་བལྟ་བར་བྱའོ། །དེ་བཞིན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་དང་ མདོ་ཀུན་ལས་བཏུས་པ་གཉིས་པོའང་འབད་པས་བལྟ་བར་བྱ་སྟེ། བསྟན་བཅོས་འདིར་མ་བཤད་པའི་བསླབ་བྱ་མང་པོ་དེ་དག་ལས་གསལ་བར་བསྟན་པའི་ཕྱིར་རོ། །ཡང་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་བཏུས་ད་ལྟའི་བསྟན་འགྱུར་ཁྱོད་དུ་མི་སྣང་བ་སོགས་ཀྱི་རྒྱུ་མཚན་ལས། འཕགས་
Page: 491 ༄༅། །པ་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་གཉིས་པའང་འབད་པས་བལྟ་བར་བྱ་ཞེས་འགའ་ཞིག་འཆད་དོ། །ཀླུ་སྒྲུབ་ཀྱི་མདོ་བཏུས་ལས་ནི་དལ་འབྱོར་དང་བསྟན་པ་ལ་དད་པ་རྙེད་དཀའ་བ་དང་། དེ་ལས་ཀྱང་བྱང་ཆུབ་ཏུ་སེམས་ སྐྱེད་པ་རྙེད་དཀའ་ཞིང་། དེ་བཞིན་དུ་སེམས་ཅན་ལ་སྙིང་རྗེ་ཚེ་བའང་རྙེད་དཀའ་བ་དང་། དེ་དག་ལས་ཀྱང་བྱང་སེམས་ལ་རྨ་འབྱིན་པའི་ལས་སྒྲིབ་དང་། དེ་ལས་བརྙས་པའི་སེམས་དང་། བདུད་ལས་དང་ཆོས་སྤོང་སོགས་ཀྱི་ལས་རྣམས་སྤོང་བ་ཤིན་ཏུ་རྙེད་དཀའ་བའི་ ཚུལ་མང་དུ་གསུངས་ལ། ད་དུང་རྟོགས་དཀའ་བའི་ལམ་གྱི་རིམ་པ་རྣམས་རྒྱལ་སྲས་ཞི་བའི་ལྷས་བསླབ་བཏུས་སུ་གསལ་ཞིང་རྒྱས་པར་བསྟན་པ་ཡིན་པ་གསུངས་སོ། །བལྟས་ནས་དེ་དག་དང་མཐུན་པར་སློབ་དགོས་པ་ནི། བཤད་མ་ཐག་པའི་མདོ་དང་ བསྟན་བཅོས་གང་དག་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ནི་ལུས་ངག་གིས་སྤྱད་པར་མི་བྱའོ། །འདི་ནི་ཡིད་ཀྱིས་བསྒོམ་པར་མི་བྱའོ། །ཞེས་པ་ལྟ་བུས་བྱ་བའི་ལས་གང་ནི་མ་བཀག་ཅིང་གནང་བར་གྱུར་པ་དེ་དག་ཉིད་ནི་སྤྱད་ཅིང་བསྒྲུབ་པར་བྱ་ལ། བཀག་ ཅིང་མ་གནང་བ་རྣམས་ནི་ནུས་པ་ཅི་ཡོད་ཀྱིས་སྤང་བར་བྱ་བ་སྟེ། མདོར་ན་འཇུག་ལྡོག་བྱ་བའི་བསླབ་བྱ་དེ་ཐམས་ཅད་ལ་སློབ་པའི་དགོས་པ་ཡང་འཇིག་རྟེན་པའི་སྐྱེ་བོ་རྣམས་ཀྱི་སེམས་ནི་མ་དད་པ་སྤོང་ཞིང་དགའ་བ་དང་མགུ་བ་སྐྱེད་པའི་སྒོ་ནས་བསྲུང་བའི་ ཕྱིར་ཡིན་པར་གསུངས་པས་ན་མ་དད་པ་སྤོང་ཚུལ་སྟོན་པའི་གཞུང་གོང་དུ་སྨོས་པ་དེ་དག་སོགས་ལ་བལྟ་རྟོག་བགྱིས་ཏེ་བསླབ་པར་བྱ་བའི་གནས་རྣམས་ཇི་ལྟ་བ་བཞིན་མཐོང་ཞིང་རྟོགས་པར་བྱས་ནས། དེ་དག་དང་མི་འགལ་ཞིང་སེམས་ཅན་རྣམས་རྗེས་སུ་
Page: 492 གཟུང་བའི་ཐབས་ཁོ་ན་ལ་ཡང་དག་པར་སྤྱད་ཅིང་བསླབ་པར་བྱ་དགོས་སོ། །བསླབ་པ་མཐོང་ནས་ཡང་མི་སྤྱད། །ཅེས་པའང་འདུག་སྟེ། སེམས་བསྲུང་ཕྱིར་དུ་བསླབ་པར་བྱ་དགོས་པར་མཐོང་ནས་མ་དད་པའི་རྒྱུ་དག་མི་སྤྱད་ཅེས་པའོ། །དེ་ལྟར་དཀོན་མཆོག་ སྤྲིན་ལས། དེས་སེམས་ཅན་རྗེས་སུ་བསྲུང་བ་དང་། བདག་གིས་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྤྱོད་ལམ་ཕུན་སུམ་ཚོགས་ཤིང་འཇམ་པར་སྨྲ་བ་དང་། དལ་བུས་སྨྲ་བ་དང་། འདུ་འཛི་མི་མང་བ་དང་། རབ་ཏུ་དབེན་པ་ལ་མངོན་པར་ཕྱོགས་པ་ དང་། བཞིན་གྱི་མདངས་རབ་ཏུ་དྭངས་པ་ཡིན་ཞེས་སོགས་གསུངས་པ། རིན་ཕྲེང་དུའང་། ཆོས་ནི་ལུགས་ཀྱི་དམ་པ་སྟེ། །ཆོས་ཀྱིས་འཇིག་རྟེན་མངོན་དགར་འགྱུར། །འཇིག་རྟེན་དགའ་བར་གྱུར་པས་ཀྱང་། །འདི་དང་གཞན་དུ་བསླུས་མི་འགྱུར། །ཆོས་ མིན་པས་ནི་ལུགས་འདོད་གང་། །དེ་ཡིས་འཇིག་རྟེན་མི་དགར་འགྱུར། །འཇིག་རྟེན་མི་དགའ་ཉིད་ཀྱི་ཕྱིར། །འདི་དང་གཞན་དུ་དགར་མི་འགྱུར། །ཞེས་གསུངས། འདིས་ནི་གསུང་རབ་ལས་མ་བཀག་ཅིང་གནང་བའི་བྱ་བ་རྣམས་ལ་འཇུག་པ་དང་བཀག་ ཅིང་མ་གནང་བ་རྣམས་ལ་ལྡོག་པའི་ཚུལ་བསྟན་ལ། དེ་ལྟ་བུའི་བླང་དོར་ཚུལ་བཞིན་དུ་བྱ་ཚུལ་གྱི་དྲན་པ་བསྟེན་དགོས་པའང་འདིས་བསྡུས་ཏེ་བསྟན་པ་ཡིན་པས་ན་སྔར་དྲན་པ་བསྟེན་ཚུལ་རྒྱས་པར་བཤད་པ་དེའི་དོན་བསྡུའང་འདི་ཡིན་ནོ། །གཉིས་པ་ཤེས་བཞིན་ གྱི་ངོ་བོ་ངོས་བཟུང་ནས་ལེའུའི་དོན་བསྡུ་བ་ནི། ལུས་དང་སེམས་ཀྱི་སོགས་ཏེ། རང་གི་ལུས་ངག་དང་སེམས་ཀྱི་གནས་སྐབས་ལ་ཉོན་མོངས་ཀྱི་དབང་དུ་གྱུར་མ་གྱུར་དང་བསླབ་པ་དང་འགལ་མི་འགལ་དང་དགེ་མི་དགེ་དང་འགྲོ་འདུག་སོགས་ཀྱི་སྤྱོད་ལམ་ཅི་ཞིག་
Page: 493 ༄༅། །ཏུ་གྱུར་པ་ཇི་ལྟ་བ་བཞིན་ཤེས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་བརྟག་པར་བྱས་ནས་བླང་དོར་ཚུལ་བཞིན་དུ་ཤེས་པར་བྱ་བ་འདི་ཉིད་ཁོ་ན་མདོར་བསྡུ་ན་ཤེས་བཞིན་མི་ཉམས་པར་བསྲུང་བའི་མཚན་ཉིད་ཡིན་ནོ་ཞེས་བསྟན་ཏོ། ། མདོ་ལས། བྱང་ཆུབ་སེམས་དཔས་སེམས་ལ་མཁས་པར་བྱའོ། །ཇི་ལྟར་ཞེ་ན། སེམས་དགེ་བ་ལ་སྤྱོད་དམ་མི་དགེ་བ་ལ་སྤྱོད་ཅེས་བརྟགས་ལ། གལ་ཏེ་དགེ་བ་ལ་སྤྱོད་ན་དེ་ལ་སེམས་དགའ་བ་དང་རངས་པ་དང་མོས་པ་སྐྱེད་དོ། །འོན་ཏེ་མི་དགེ་བ་སྤྱོད་ན་སྐྱོ་བ་ མང་བ་དང་རྟོག་པ་མང་བ་ཡིན་ཏེ་མི་དགེ་བའི་ཆོས་དེ་སྤོང་བ་ལ་བརྩོན་པ་ཡིན་ནོ། །ཞེས་སོ། །དེ་ལྟར་སེམས་གཙོ་བོར་གྱུར་པའི་སྒོ་གསུམ་གྱི་ལས་ལ་བརྟགས་ནས་འཇུག་ལྡོག་མ་ནོར་བ་འབྱེད་པ་ནི་མཁས་པ་སྟེ། ཀླུ་སྒྲུབ་ཀྱིས། གང་ཞིག་ལུས་ངག་ཡིད་ཀྱི་ ལས། །ཐམས་ཅད་ལེགས་པར་ཡོངས་རྟོགས་ཏེ། །བདག་དང་གཞན་ལ་ཕན་ཤེས་ནས། །རྟག་ཏུ་བྱེད་པ་དེ་མཁས་པ། །ཞེས་སོ། །འདི་ནི་གོང་དུ་ཤེས་བཞིན་སྲུང་ཚུལ་རྒྱས་པར་བཤད་ཟིན་པ་དེ་ཉིད་ཀྱི་དོན་བསྡུ་བའི་ཕྱིར་དུ་དེའི་ངོ་བོ་ངོས་བཟུང་སྟེ་སྲུང་ཚུལ་གྱི་ མཚན་ཉིད་བསྡུས་ཏེ་བསྟན་པའོ། །ཚིག་ཙམ་མིན་པར་ཉམས་སུ་བླང་བར་གདམས་པ་ནི། དེ་རྟར་བསླབ་བྱའི་གནས་ཐམས་ཅད་ལ་མཁས་པར་བྱས་ཏེ། དེ་ནས་ལུས་ཀྱིས་ཏེ་ཡིད་སྔོན་དུ་འགྲོ་བའི་ལུས་དང་ངག་གིས་དངོས་སུ་སྦྱོར་བའི་སྒོ་ནས་ཉམས་སུ་ལེན་པ་ཉིད་ ཀྱིས་བསླབ་བྱ་འདི་དག་ལ་ནན་ཏན་སྙིང་པོར་བྱས་ཏེ་སྤྱད་པར་བྱས་ན་རང་གི་སེམས་རྒྱུད་ལ་ཕན་པར་འགྱུར་གྱི། དེ་ལས་གཞན་དུ་དོན་ཉམས་སུ་ལེན་རྒྱུ་ཅི་ཡང་མེད་པར་གཞུང་ཚིག་གི་རྣམ་གྲངས་མང་པོ་ཙམ་ཞིག་བརྗོད་ཅིང་བཀླགས་པར་བྱས་པས་ནི་རང་གཞན་ལ་
Page: 494 ཕན་པའི་དགོས་པ་ཅི་ཞིག་འགྲུབ་སྟེ་ཅི་ཡང་མི་འགྲུབ་པ་ནི། དཔེར་ན། སྨན་པས་བསྒོ་བ་བཞིན་དུ་སྨན་མ་བསྟེན་པར་སྨན་དཔྱད་ཀྱི་བསྟན་བཅོས་བཀླགས་པ་དང་སྨན་མང་པོ་བསགས་པ་ཙམ་གྱིས་ནི་ནད་པ་དག་ལ་ཕན་པར་འགྱུར་རམ་སྟེ་ཅུང་ཟད་ཀྱང་ཕན་པར་ མི་འགྱུར་བ་དང་སྐོམ་པས་ཉེན་པས་ན་ཆུ་མ་འཐུངས་པར་དེ་ཡས་མཐོང་ཞིང་ཐོས་པ་ཙམ་གྱིས་སྐོམ་པ་མི་སེལ་བ་སོགས་དང་འདྲ་བར་གསུངས་ཏེ། ཕལ་པོ་ཆེར། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་དག ། སྐོམ་པས་ཤི་བར་གྱུར་པ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་སྦྱིན་བྱས་ཀྱང༌། །བདག་ཉིད་བཀྲེས་པས་ཤི་བ་ལྟར། །དེ་བཞིན་ཆོས་ལ་མ་བསྒོམས་པའོ། ། ཇི་ལྟར་སྨན་པ་ལ་ལ་ཞིག ། སྨན་རྣམས་ཐམས་ཅད་བདོག་བཞིན་དུ། །ལྟོ་བའི་ནད་ཀྱིས་ཤི་བ་བཞིན། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཞེས་སོགས་དཔེའི་སྒོ་ནས་མང་དུ་བསྟན་ལ། འོད་སྲུངས་ཀྱི་ལེའུར་ཡང་། དཔེར་ན་མི་ཞིག་རྒྱ་མཚོའི་ཆུས་ ཁྱེར་ལ། །དེ་ནི་སྐོམ་པས་འཆི་བའི་དུས་བྱེད་འགྱུར། །དེ་བཞིན་ཆོས་མང་སྲེད་པས་བག་མེད་པ། །ཆོས་ཀྱི་རྒྱུ་མཚོར་གནས་ཀྱང་ངན་འགྲོར་འགྲོ། །དཔེར་ན་སྨན་པས་སྨན་སྒོར་བཅུག་པའི་སྨན། །འཇིག་རྟེན་ཀུན་ཏུ་ཡོངས་སུ་རྒྱུ་བྱེད་ཀྱང་། །ནད་ཀྱིས་ བཏབ་པ་བཟློག་པར་མི་ནུས་ན། །དེ་ཡི་སྨན་དེ་དོན་མེད་གྱུར་པ་ཡིན། །དེ་བཞིན་དགེ་སློང་ཚུལ་ཁྲིམས་ཡོན་ཏན་ལྡན། །ཐོས་དང་ལྡན་ཡང་ཚུལ་བཞིན་མ་ཡིན་པའི། །ཉོན་མོངས་འབྱུང་བའི་ནད་ནི་མི་སེལ་ན། །དེ་ཡིས་ཐོས་ལ་བརྩོན་པ་དོན་མེད་ཡིན། །ཞེས་
Page: 495 ༄༅། །སོགས་གསུངས་ལ། མདོ་གཞན་ལས་ཀྱང་། ཆོས་འདི་བསྒོམ་པར་མ་གྱུར་ན། །ཆོས་ཉིད་མཐོང་བར་མི་འགྱུར་ཏེ། །ཆུ་ནི་མཐོང་དང་ཐོས་པ་ཡིས། །མ་འཐུངས་སྐོམ་པ་ཇི་ལྟར་སེལ། །ཞེས་དང་། ཀླུ་སྒྲུབ་ཀྱིས་ཀྱང་། གཞུང་ ལུགས་དག་ལ་སྦྱངས་བྱས་ཀྱང༌། །ཉམས་སུ་ལེན་པར་མི་བྱེད་ན། །ལག་ན་སྒྲོན་མེ་ཡོད་ཀྱང་ནི། །ལོང་བས་ལམ་ནི་མཐོང་མི་འགྱུར། །ཞེས་ཆོས་ལ་ཐོས་པ་བྱས་ཚུལ་ཁྲིམས་བླངས་གཞན་ལའང་ཆོས་བཤད་རང་ཆོས་པ་ཡིན་ནོ་སྙམ་པའང་ཆོས་ཀྱི་སྨན་གྱིས་ ཉོན་མོངས་པའི་ནད་གསོ་མི་ནུས་ཤིང་ཆོས་ཀྱི་རྒྱ་མཚོར་གནས་བཞིན་དུ་སྐོམ་གྲིར་ཤི་ནས་ངན་འགྲོར་འགྲོ་དགོས་པའང་ཡོད་ཅེས་པ་སོགས་ལུང་དེ་དག་གིས་བསྟན་ཏོ། །དེས་ན་ཆོས་བྱེད་པ་ལ་ཤེས་དགོས་ཤིང་དེ་ལ་ཐོས་དགོས་པ་དང་ཐོས་ནས་ཤེས་པར་བྱས་པའི་ དགོས་པའང་ཉམས་ལེན་པ་ཡིན་པས་ན་དང་པོ་ནས་རང་རྒྱུད་གཏན་ལ་དབབ་པའི་ཆེད་དུ་ཐོས་སོགས་ལ་ཞུགས་ནས་དོན་དེ་དག་ལ་རང་གི་བློ་ནུས་དང་བསྟུན་པའི་ལག་ལེན་རེ་ཤིན་ཏུ་གལ་ཆེ་བར་སྣང་གི་དེ་ལས་གཞན་དུ་ཆོས་ཉན་བཤད་སོགས་གང་གི་སྐབས་སུ་ཡང་རང་ གི་རྒྱུད་ལོགས་སུ་བཞག་ཆོས་ལོགས་སུ་བཞག་པ་དེས་ཉན་འཆད་བསམ་སྒོམ་སོགས་ཅི་ཙམ་བྱས་ཀྱང་གནད་དུ་མི་འགྲོ་བས་རང་རྒྱུད་གདུལ་དཀའ་བར་གསུངས་སོ། །གཞན་ཡང་བསླབ་བཏུས་ཀྱི་གནོད་འགྱུར་སྤོང་བའི་སྐབས་སུ་ལྷག་བསམ་བསྐུལ་བའི་མདོ་ དྲངས་པ་ལས། གནོད་འགྱུར་འགག་པའི་ཐབས་ཆོས་བཞི་ཚིག་གཉིས་བསྟེན་པ་དང་དྲུག་ཚན་གཅིག་སྤོང་དགོས་པར་གསུངས་པ་ལས། བཞི་ཚན་དང་པོ་ནི། བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པ། བྱང་སེམས་ཀྱི་ཐེག་པ་བ་གཞན་གྱི་ཉེས་པ་མི་གླེང་བ། མཛའ་
Page: 496 བཤེས་སོགས་ཀྱི་ཁྱིམ་ལ་མི་ལྟ་བ། ཡིད་དུ་མི་འོང་བའི་ཚིག་སྤོང་བ་སྟེ་བཞི་དང་། བཞི་ཚན་གཉིས་པ་ནི། ཐོས་པ་ཉུང་ངུའི་སེམས་ཅན་སྤོང་བ། འཁོར་མི་བསྡུ་བ། །བས་མཐའི་གནས་བསྟེན་པ། བདག་དུལ་བ་དང་ཞི་གནས་ལ་བརྩོན་པ་སྟེ་བཞི་ཡིན་ལ། ཐོས་པ་ཉུང་བའི་གང་ཟག་ཅེས་པ་ནི་ཆོས་ཐོས་ཤིང་ཤེས་པ་བཞིན་དུ་འདོར་ལེན་ཚུར་བཞིན་དུ་མི་བྱེད་པ་ཡིན་ནོ། །ཆོས་དྲུག་སྤོང་བ་ནི། རྙེད་བཀུར་ལ་དགའ་བ། འདུ་འཛི་ལ་དགའ་བ། སྨྲ་བ་ལ་དགའ་བ། གཉིད་ལ་དགའ་བ། ལས་ལ་དགའ་བ། སྤྲོས་ པ་ལ་དགའ་བ་སྟེ་དྲུག་ཡིན་ལ། དེའི་ནང་གི་སྨྲ་བ་ལ་དགའ་བ་ཞེས་པ་ནི། ཆོས་མང་དུ་ཐོས་ཀྱང་དོན་ཉམས་སུ་མི་ལེན་པར་ཆོས་སྨྲ་བ་ཙམ་ལྷུར་ལེན་པ་དེ་ཡིན་ལ། དེའི་ཉེས་པ་ནི་མདོ་དེ་ལས། ཐོས་པས་རྒྱགས་ནས་གུས་པར་མི་འགྱུར་ཏེ། །རྣམ་པར་འབྱེད་ པའི་སྨྲ་བ་རྣམས་ལ་ཆགས། །བརྗེད་པར་འགྱུར་ཞིང་ཤེས་བཞིན་མེད་པར་འགྱུར། །ཞེས་སོགས་དང་། བདག་ནི་བསྒྲུབ་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་འགྱུར། །སྨྲ་ལ་དགའ་བའི་ ཉེས་པ་འདི་དག་གོ ། ཞེས་སོགས་དང་། ཡུན་རིང་དུས་ནས་སྨྲ་ལ་དགའ་བས་ན། །དེ་ནི་བདག་ཉིད་དགའ་བ་མི་འཐོབ་བོ། །ཚིག་གང་དགའ་བ་མཐའ་ཡས་ཐོབ་འགྱུར་བ། །ཚིག་གཅིག་ཙམ་ཞིག་བསམས་ཀྱང་མཆོག་ཡིན་ནོ། །བུ་རམ་ཤིང་ཤུན་སྙིང་པོ་ ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག ། ཤུན་པ་ཟོས་པའི་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤོངས་ཏེ། །རྟག་ཏུ་བག་ཡོད་
Page: 497 ༄༅། །བྱོས་ལ་དོན་སེམས་ཤིག ། ཅེས་མང་དུ་གསུངས་ལ། རྙེད་བཀུར་ལ་ཆགས་པ་སོགས་གཞན་ལའང་ཉེས་དམིགས་མང་དུ་གསུངས་ཏེ་ཅི་རིགས་ཉུང་དུ་རེ་འོག་ཏུ་འཆད་དོ། །སྐབས་འདིར་དར་ཊཱིཀ་ལས། ཚུལ་ཁྲིམས་གསུམ་ཡོད་ ཀྱང་སྡོམ་པའི་ཚུལ་ཁྲིམས་སོ་ཐར་གྱི་བཅས་པ་དངོས་སམ་དེ་དང་ཐུན་མོང་ལ་སློབ་པ་ཐོག་མར་གལ་ཆེ་སྟེ། དེ་བསྲུངས་ན་གཞན་དག་ཀྱང་བསྲུངས་པར་འགྱུར་ལ་དེ་མ་བསྲུངས་ན་གཞན་དག་ཀྱང་མ་བསྲུངས་པར་འགྱུར་བའི་སྡོམ་པའི་ཚུལ་ཁྲིམས་ཉམས་ན་ སྡོམ་པ་མཐའ་དག་ཉམས་པར་བསྡུ་བ་ལས་གསུངས་སོ། །སོ་ཐར་གྱི་སྡོམ་པ་ཉན་ཐོས་ཀྱི་ཡིན་སྙམ་དུ་བཟུང་ནས་བྱང་ཆུབ་སེམས་དཔའི་བསླབ་བྱ་གཞན་ནས་འཚོལ་བ་སྐད་བྱེད་པ་ནི་དོན་ལ་མ་གོ་བའི་ནོར་བ་ཆེན་པོ་ཡིན་པས་དགེ་བ་ཆོས་སྡུད་དང་སེམས་ཅན་ དོན་བྱེད་གཉིས་ཀྱི་གཞིར་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བ་སོགས་སྡོམ་པའི་ཚུལ་ཁྲིམས་ལ་སློབ་ཅིང་། ཚུལ་ཁྲིམས་རྣམས་ཀྱི་མི་མཐུན་ཕྱོགས་ལ་སྡོམ་སེམས་ཡང་དང་ཡང་དུ་བསྟེན་ཅིང་དེ་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་བླང་བར་བྱའོ་ ཞེས་གསུངས་པ་ཡང་ཤེས་པར་བྱའོ། །སྡོམ་པའི་ཚུལ་ཁྲིམས་ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན་པར་ནི། ཆོས་ཡང་དག་པར་སྡུད་པ་ལས། གང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ཚུལ་ ཁྲིམས་ལས་བྱུང་བར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ནི་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་ཀྱི་གནས་སོ། །འདི་ལྟ་སྟེ་དཔེར་ན་ས་ནི་སྨན་དང་རྩྭ་དང་ནགས་ཚལ་ཐམས་ཅད་ཀྱི་གནས་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་ནི་ཕུན་སུམ་ཚོགས་པ་
Page: 498 དེ་དག་ཐམས་ཅད་ཀྱི་གནས་ཡིན་ནོ། །ཞེས་སོགས་དང་། །དཔུང་བཟང་ལས་ཀྱང་། ཇི་ལྟར་ལོ་རྟོག་ཐམས་ཅད་ས་ལ་ནི། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་ལ་བརྟེན་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པར་ནི་ རྣམ་པར་སྐྱེ། །ཞེས་གསུངས། དོན་དེ་དག་གི་ཕྱིར་བཤེས་སྤྲིང་ལས་ཀྱང་། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་དང་། དབུ་མ་ལ་འཇུག་པར། ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་འཕེལ་ན། ། འབྲས་བུ་ཉེར་སྦྱར་ཆད་པ་མེད་པར་འགྱུར། །ཞེས་སོ། །ཚུལ་ཁྲིམས་གསུམ་གྱི་ནང་ནས་ཀྱང་སྡོམ་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་གཞན་གཉིས་ཀྱི་རྩ་བ་ཡིན་ལ། སྡོམ་པའི་ཚུལ་ཁྲིམས་ཀྱི་རྩ་བའང་སོ་སོ་ཐར་པའི་ཚུལ་ཁྲིམས་ཉིད་ཡིན་ཏེ། ཇི་ལྟར་ ས་ནི་སྐྱེ་དགུ་ཀུན་གྱི་གཞི། །དེ་ལས་འབྲུ་རྣམས་སྐྱེ་བར་འགྱུར་བ་ལྟར། །དེ་བཞིན་འདུལ་བའང་སྡོམ་བརྩོན་རྣམས་ཀྱི་གཞི། །དེ་བཞིན་དེ་ལས་བསོད་ནམས་རྣམས་ཀྱང་སྐྱེ། །ཚུལ་ཁྲིམས་ཡོན་ཏན་ཀུན་གྱི་གནས་སུ་དགོངས། །དེ་ཡི་གནས་ནི་འདུལ་བ་ ཡིན་པར་གསུངས། །འདི་ལ་གནས་པར་འགྱུར་ན་མཐར་ཕྱིན་འགྱུར། །ཞེས་སོགས་འདུལ་བསྟོད་ལས་གསུངས་སོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སོགས་ཏེ། འདི་ལ་སེམས་དང་དྲན་པ་སྲུང་བ་སོགས་ཡོད་ཀྱང་ཤེས་བཞིན་སྲུང་ཚུལ་ རྒྱས་པར་སྟོན་པས་ན་ཤེས་བཞིན་བསྲུང་བར་བྱ་བའི་ལེའུ་ཞེས་བསྟན་ཏེ་ལྔ་པའོ། ༈ །
ལེའུ་དྲུག་པ། བཟོད་པ་བསྟན་པ།
[edit]གསུམ་པ་ལེའུ་དྲུག་པ་བཟོད་པའི་ལེའུ་ལ་གཉིས། ལེའུའི་གཞུང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ། ཁོང་ཁྲོ་སྤང་བ། བཟོད་པ་སྒོམ་ཚུལ། སེམས་ཅན་
Page: 499 ༄༅། །མགུ་བར་བྱ་བའོ། །དང་པོ་ནི། བསྐལ་པ་སྟོང་དུ་སོགས་ཏེ། དེ་ཡང་ཁོང་ཁྲོའི་ཉེས་དམིགས་ལ། མ་མཐོང་བའི་ཉེས་དམིགས་ནི། འདི་ལྟར་འཇུག་རྟེན་གྱི་ཁམས་ཆགས་གནས་འཇིག་སྟོང་བཞི་པོ་རེ་རེ་ལ་བར་གྱི་བསྐལ་པ་ཉི་ཤུ་ རེའི་ཡུན་ཚད་དུ་བྱས་པའི་བར་བསྐལ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་ཞེས་བྱ་ལ། དེ་ལྟ་བུའི་བསྐལ་པ་ཆེན་པོ་སྟོང་ཕྲག་གི་བར་དུ་བྱས་ཤིང་བསགས་པ་ཡི་སྦྱིན་པ་གསུམ་བྱས་པ་ལས་བྱུང་བའི་དགེ་རྩ་དང་། བདེ་གཤེགས་ཏེ་སངས་རྒྱས་དཀོན་མཆོག་གིས་ མཚོན་པའི་དཀོན་མཆོག་གསུམ་ལ་མཆོད་པ་དང་། སོགས་ཞེས་པས་བསྟན་པ་སྐྱབས་འགྲོ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་སོགས་ཡན་ལག་བདུན་པ་དང་ཞེས་འཆད་པའམ། ཡང་ན་བདེ་གཤེགས་མཆོད་ཅེས་པ་སངས་རྒྱས་དཀོན་མཆོག་མཆོད་པ་དང་ སོགས་ཞེས་པས་ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་མཆོད་པའང་བསྟན་པར་གསུངས་པ་ལྟར་དང་། ལེགས་པར་སྤྱད་པ་བསླབ་སྡོམ་བླངས་ནས་ལེགས་པར་སྲུང་བ་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་སོགས་བསོད་ནམས་ཀྱི་ཚོགས་སུ་ གཏོགས་པའི་དགེ་རྩ་གང་ཡིན་པ་དེ་དག་ཀུན་ཀྱང་ཡུལ་ཁྱད་པར་ཅན་བྱང་ཆུབ་སེམས་དཔའ་ལ་དམིགས་ནས་དྲག་ཏུ་ཁྲོས་ཤིང་འཁྲུགས་ལ་འགྱོད་སེམས་ལ་སོགས་པའི་གཉེན་པོས་ཀྱང་མ་ཟིན་པའི་༌་ཁོང་ཁྲོ་སྟོབས་ལྡན་གཅིག་གིས་རྩ་བ་ནས་འཇོམས་ པར་བྱེད་དེ། དཔེར་ན། མེ་སྟག་ཆུང་ངུ་ཞིག་གིས་རྩྭའི་ཕུང་བོ་ཆེན་པོ་སྲེག་པར་བྱེད་པ་བཞིན་ནོ། །བྱང་སེམས་ཀྱི་སྡེ་སྣོད་དུ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱ་སྟོང་དུ་བསྒྲུབས་པའི་དགེ་བའི་རྩ་བ་འཇོམས་པ་སྟེ། ཞེས་གསུངས། སྤྱོད་འཇུག་གི་
Page: 500 གཞུང་འདི་བཞིན་དུ་སློབ་དཔོན་དཔའ་བོའི་གསུང་ལས་ཀྱང་བསྐལ་པ་སྟོང་གི་དགེ་རྩ་འཇོམས་པར་གསུངས་ལ། གཞུང་དེ་དག་དང་འཇམ་དཔལ་རྣམ་པར་རོལ་བའི་མདོར་ཁོང་ཁྲོའི་ཡུལ་རྟེན་གཉིས་ཀ་བྱང་སེམས་ཡིན་མིན་གསལ་བར་མ་གསུངས་ལ། སྤྱིར་དགེ་རྩ་འཇོམས་པའི་ཁོང་ཁྲོའི་ཡུལ་དང་རྟེན་བྱང་སེམས་སུ་མ་ངེས་ཀྱང་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་དགེ་རྩ་འཇོམས་པའི་ཁོང་ཁྲོའི་ཡུལ་ལ་ནི་བྱང་སེམས་དགོངས་ལ། དེ་ཡང་བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁྲོས་ན་བསྐལ་པ་སྟོང་ དུ་བསགས་པའི་དགེ་རྩ་འཇོམས་པར་གསུངས་ཏེ་དེ་ནི་སྐབས་འདིར་བསྟན་པ་ལྟར་རོ། །བྱང་སེམས་ཀྱིས་བྱང་སེམས་ལ་ཁྲོས་པ་ལ་ཡང་། བྱང་སེམས་སྟོབས་ཆེ་བས་ཆུང་བ་ལ་ཁྲོས་ན་ཁྲོ་སེམས་དྲག་པོ་གཅིག་གིས་བསྐལ་པ་བསྒྱུར་བསགས་པའི་ དགེ་རྩ་འཇོམས་པར་བྱེད་དེ། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། འཇམ་དཔལ་ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བསྒྱུར་བསགས་པའི་དགེ་བ་ཉེ་བར་འཇོམས་པར་བྱེད་པ་དེའི་ཕྱིར་ཁོང་ཁྲོ་བ་ཞེས་བྱའོ་ཞེས་གསུངས་ལ། དེའི་ ཕྱིར་དབུ་མ་ལ་འཇུག་པར་ཡང་། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བསྒྱུར། །བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །ཞེས་སོ། །བྱང་ སེམས་སྟོབས་ཆུང་བས་སྟོབས་ཆེ་བ་ལ་ཁྲོས་པ་ལ། ལུང་བསྟན་མ་ཐོབ་པའི་བྱང་སེམས་ཀྱིས་ལུང་བསྟན་ཐོབ་པ་ལ་ཁོང་ཁྲོ་བའི་སེམས་གཅིག་བསྐྱེད་ན་བསྐལ་པ་གཅིག་གི་བར་དུ་བསགས་པའི་དགེ་བ་འཇོམས་པ་དང་། བསྐལ་པ་གཅིག་གི་བར་དུ་དམྱལ་
Page: 501 ༄༅། །བར་གནས་པ་དང་། བསྐལ་པ་གཅིག་ལ་གཞི་ནས་ལམ་ལ་སློབ་དགོས་ཏེ། སྡུད་པ་ལས། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ན། །ཐ་བ་སྐྱོན་ལྡན་ སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་པར་གཞི་ནས་གོ་ཆ་བགོ་དགོས་སོ། །ཞེས་གསུངས། མི་དགེ་བ་གཞན་བྱས་པས་བྱང་སེམས་དམྱལ་བར་སྐྱེ་མི་ཐུབ་སྐྱེས་ཀྱང་མྱུར་དུ་ཐར་པ་ཡིན་ན་འདིས་སེམས་ཀྱི་གྲངས་ལྟར་བསྐལ་པའི་བར་དུ་དམྱལྲ བར་གནས་པ་དང་དེ་སྙེད་ཀྱི་ལམ་ལ་གཞི་ནས་སློབ་དགོས་པར་གསུངས་པས་དགེ་རྩ་བཅོམ་པ་ཆེན་པོ་ཡིན་པར་གསུངས་སོ། །གཞི་ནས་གོ་ཆ་བགོ་དགོས་པའི་དོན་ནི། དཔེར་ན། བྱང་སེམས་ཀྱི་ཚོགས་ལམ་ཆེན་པོ་ཐོབ་ནས་མྱུར་དུ་སྦྱོར་ལམ་དུ་འཕོ་ཐུབ་པ་ཞིག་ གིས་ལུང་བསྟན་ཐོབ་པའི་བྱང་སེམས་ལ་ཁྲོས་ན་ཁྲོ་སེམས་ཀྱི་གྲངས་དེ་སྙེད་ཀྱི་བསྐལ་པར་སྦྱོར་ལམ་དུ་འཕོ་མི་ཐུབ་པར་ལམ་ལ་གཞི་ནས་སློབ་དགོས་པ་ལྟ་བུ་ཡིན་པར་བཤད་དོ། །ལུང་བསྟན་མ་ཐོབ་པས་མ་ཐོབ་པ་ལ་ཁྲོས་ན་དམྱལ་བར་གནས་ཚུལ་སྔ་མ་ དང་འདྲ་ཞིང་ལམ་ལ་གཞི་ནས་སློབ་མི་དགོས་པར་གསུངས་ཏེ་ལུང་བསྟན་མ་ཐོབ་པའི་བྱང་སེམས་ཆུང་ངུ་ཞིག་གིས་དེ་མ་ཐོབ་པའི་བྱང་སེམས་ཆེན་པོ་ལ་ཁྲོས་པའི་དབང་དུ་བྱས་པའོ། །བྱང་སེམས་ནང་ཕན་ཚུན་སྟོབས་མཉམ་པ་ལ་ཁྲོས་ན་བསྐལ་པ་དུ་ མའི་བར་དུ་བསགས་པའི་དགེ་རྩ་འཇོམས་པ་དང་ངན་སེམས་ཀྱི་གྲངས་བཞིན་དམྱལ་བར་གནས་དགོས་ཏེ། གཞུང་འདིར། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །ཞེས་སོགས་གསུངས་པ་ལྟར་ཡིན་ལ། འདིའང་གཞི་ནས་གོ་ཆ་བགོ་མི་དགོས་
Page: 502 པའོ། །འོ་ན་སྔ་མ་དང་འདི་གཉིས་ལ་ཉེས་པ་ཆེ་ཆུང་མེད་པར་འགྱུར་རོ་སྙམ་ན། སྐྱོན་མེད་དེ། བསྐལ་པ་དུ་མའི་དགེ་རྩ་འཇོམས་ཚུལ་ལ་ནང་གསེས་ཀྱི་ཁྱད་པར་ཡོད་ཅིང་གང་དུ་སྐྱེ་བའི་དམྱལ་བ་མི་གཅིག་པའམ་གཅིག་ཀྱང་ལུས་ཆེ་ཆུང་དང་ གཞོན་ཤ་ཅན་ཡིན་མིན་དང་སྡུག་བསྔལ་ཆེ་ཆུང་གི་ཁྱད་པར་སོགས་མི་མཚུངས་པ་ཡོད་པས་སོ། །དེ་ལྟར་བྱང་སེམས་སྟོབས་ཆེ་བས་ཆུང་བ་ལ་ཁྲོས་པ་དང་ཆུང་བས་ཆེ་བ་ལ་ཁྲོས་པ་དང་ཡུལ་རྟེན་གཉིས་སྟོབས་མཉམ་པ་ལ་ཁྲོས་པ་གསུམ་ནི་ཡུལ་ རྟེན་གཉིས་ཀ་བྱང་སེམས་སུ་ངེས་ལ། དེའི་ཕྱིར་འཇུག་པ་རང་འགྲེལ་དུ་ཡུལ་རྟེན་གཉིས་ཀ་བྱང་སེམས་ཀྱི་དབང་དུ་བྱས་པར་གསུངས་ཏེ། དེ་ནི་མདོ་ཀུན་བཏུས་སུ་བྱམས་པ་སེང་གེའི་སྒྲའི་མདོ་དྲངས་ནས་ཡུལ་རྟེན་གཉིས་ཀ་བྱང་སེམས་སུ་གསུངས་ པ་དེ་ལ་བརྟེན་པའོ། །དེ་ལྟར་ན་ཁྲོ་བའི་རྟེན་ནི་བྱང་སེམས་སོ་སྐྱེར་ངེས་ཏེ་འཕགས་པའི་རྟེན་ལ་དགེ་རྩ་འཇོམས་བྱེད་ཀྱི་ཁོང་ཁྲོ་དང་ལོག་ལྟ་སོགས་གསར་དུ་སྐྱེ་མི་སྲིད་པས་སོ། །ཡུལ་གྱི་བྱང་སེམས་ལ་ནི་ས་ཐོབ་མ་ཐོབ་གཉིས་ཀ་ཡོད་དེ་བྱང་སེམས་ སོ་སྐྱེར་མ་ཟད་བྱང་འཕགས་ལ་དམིགས་ནས་ཀྱང་དེ་ལྟ་བུའི་ཁོང་ཁྲོ་གསར་དུ་སྐྱེ་བ་ཡོད་པས་སོ། །བྱང་སེམས་མིན་པས་བྱང་སེམས་མིན་པ་ལ་ཁྲོས་ན་དགེ་བ་འཇོམས་ཚུལ་ནི། ཐམས་ཅད་ཡོད་སྨྲའི་གཞུང་གི་ལུང་བསླབ་བཏུས་སུ་དྲངས་པ་ལས། དགེ་སློང་གིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་སེམས་དད་པས་ཕྱག་བྱས་པའི་དགེ་རྩ་ལ་བརྟེན་ནས་ལུས་ཀྱིས་ཇི་ཙམ་ནོན་པའི་འོག་གསེར་གྱི་འཁོར་ལོ་ལ་ཐུག་པའི་བར་གྱི་རྡུལ་གྱི་གྲངས་ཇི་སྙེད་ཡོད་པ་སྟོང་འགྱུར་གྱིས་
Page: 503 ༄༅། །འཁོར་ལོས་སྒྱུར་བ་འཐོབ་པར་འགྱུར་བའི་དགེ་རྩ་དེའང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ལ་རྨ་ཕྱུང་བ་དང་རྨས་པར་བྱས་པས་བསྲུབས་པ་དང་བྱང་བ་དང་གཏུགས་པར་བྱས་ནས་འཇོམས་པར་གསུངས་པ་ལྟ་བུ་ཡིན་ལ། དེ་ལ་བསླབས་པ་ནི་འབྲས་བུ་རྒྱ་ཆེན་པོ་འབྱིན་པ་ཆུང་དུར་བཏང་བ་དང་རྒྱུན་རིང་དུ་སྐྱེད་པ་ཐུང་དུར་བཏང་བ་ལྟ་བུ་སྟེ་འབྲས་བུ་ཐམས་ཅད་མ་བཅོམ་པས་ཟད་པ་ཆུང་ངུ་དང་། བྱང་བ་ནི་དེ་ཉིད་འབྲིང་དུ་བྱས་པ་ཟད་པ་འབྲིང་དང་། གཏུགས་པ་ནི་དེ་གཏན་མེད་ དུ་བྱས་པ་ཟད་པ་ཆེན་པོའོ། །དེ་ལྟར་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ལ་ཁྲོས་ན་ཚུལ་ཁྲིམས་དང་ཐོས་པ་སོགས་དྲུག་གིས་ཁོང་ཁྲོས་དགེ་རྩ་འཇོམས་པ་དང་དེའི་རྣམ་སྨིན་འགོག་མི་ནུས་ཏེ། མདོ་བཏུས་སུ་ཏིང་རྒྱལ་དྲངས་པ་ལས། ཕན་ཚུན་ གནོད་པའི་སེམས་སུ་གང་བྱེད་པ། །དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱོབ་མི་བྱེད། །བསམ་གཏན་དང་ནི་དགོན་གནས་མི་སྐྱོབ་སྟེ། །སྦྱིན་དང་སངས་རྒྱས་མཆོད་པའང་སྐྱོབ་མི་བྱེད། །ཅེས་གསུངས། རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོར་ གསུངས་པའི་ཆོས་སྤོང་གི་ལས་བྱུང་བའི་གང་ཟག་དེས་ལོ་བདུན་གྱི་བར་ཉི་མ་རེ་རེ་ཞིང་དུས་གསུམ་གསུམ་དུ་བཤགས་སྦྱངས་བྱས་ན་དེའི་རྣམ་སྨིན་འདག་ནུས་ཀྱང་སྦྱོར་ལམ་བཟོད་པ་ལ་ཇི་ལྟར་མྱུར་ཡང་བསྐལ་པ་བཅུས་བུལ་བར་གསུངས་པ་ལྟར་ཐབས་སྣ་ཚོགས་ ཀྱིས་བཤགས་སྡོམ་བྱས་ན་ལམ་གསར་སྐྱེའི་ནུས་པ་བཅོམ་ནས་བུལ་དུ་སོང་བ་སོར་མ་ཆུད་ཀྱང་རྣམ་སྨིན་དག་ནས་སྐྱོང་མི་དགོས་པར་གསུངས་པས། ཁོང་ཁྲོའི་ཉེས་དམིགས་རིགས་པར་བྱས་ནས་སྔར་བསགས་བཤགས་པ་དང་ཕྱིན་ཆད་ཁོང་ཁྲོའི་རྒྱུན་འགོག་
Page: 504 པ་ལ་འབད་དགོས་སོ། །ཁོང་ཁྲོས་གཞོམ་བྱའི་དགེ་རྩ་ནི། ཁ་ཅིག་བསོད་ནམས་ཆ་མཐུན་གྱི་དགེ་བ་ཞེས་བཞེད་ལ། ཡང་སྦྱིན་པ་དང་ཚུལ་ཁྲིམས་བྱུང་བའི་དགེ་རྩ་ཡིན་གྱི་བསྒོམ་བྱུང་མིན་ཏེ། འདིར་གཞི་གསུམ་གྱི་ནང་ནས་སྦྱིན་པ་དང་ཚུལ་ ཁྲིམས་ལས་བྱུང་བ་གཉིས་སྨོས་བསྒོམ་བྱུང་མ་སྨོས་ཤིང་། དབུ་མ་ལ་འཇུག་པར་ཡང་། སྦྱིན་དང་ཁྲིམས་བྱུང་ཞེས་སྨོས་པས་སོ་ཞེས་ཁ་ཅིག་བཞེད་ལ། འགའ་ཞིག་ཏུ་བསྒོམ་བྱུང་ཡང་འཛོམས་པར་གསུངས་ཏེ། དེ་ནི་བསྒོམ་བྱུང་གི་དགེ་རྩ་ཡང་བསོད་ ནམས་ཀྱི་ཚོགས་སུ་གཏོགས་པ་འཇོམས་པ་ཡོད་པ་ལ་དགོངས་སོ། །མདོར་ན་གཞོམ་བྱའི་དགེ་བ་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པ་ཡིན་གྱི་ཡེ་ཤེས་ཀྱི་ཚོགས་སུ་གཏོགས་པ་མིན་པར་གསུངས་ཏེ། དེའང་གཞོམ་བྱའི་དགེ་བ་ཚོགས་གཉིས་གང་ དུ་ངོས་བཟུང་བ་ཙམ་ཡིན་གྱི་བསོད་ནམས་ཀྱི་ཚོགས་ཡིན་ཚད་གཞོམ་བྱར་བསྟན་པ་ལྟ་བུ་མིན་ནོ། །འོ་ན་བློ་གྲོས་མི་ཟད་པས་བསྟན་པར་ཆུ་ཐིགས་རྒྱ་མཚོར་ལྟུང་བའི་དཔེས་བྱང་ཆུབ་ཏུ་བསྔོས་པའི་དགེ་རྩ་བྱང་ཆུབ་མ་ཐོབ་བར་མི་འཛད་པར་གསུངས་པ་དང་། སྡོང་བོ་བཀོད་པའི་མདོར། གསེར་འགྱུར་གྱི་རྩིའི་དཔེས་ཐེག་ཆེན་སེམས་བསྐྱེད་ཀྱིས་ལས་ཉོན་ཟད་པར་བྱེད་ནུས་ཀྱང་ལས་ཉོན་གྱིས་སེམས་བསྐྱེད་ཀྱིས་ཟིན་པའི་དགེ་རྩའི་ས་བོན་འཇོམས་མི་ནུས་པའི་ཚུལ་སྔར་བཤད་ཟིན་ལྟར་གྱི་བྱང་ཆུབ་སེམས་བསྐྱེད་ ཀྱིས་ཟིན་པའི་དགེ་རྩ་ཁོང་ཁྲོས་འཇོམས་མི་ནུས་སོ་སྙམ་ན། འདིར་བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་དགེ་རྩ་ཁོང་ཁྲོས་འཇོམས་པ་ཡོད་པར་གསུངས་པས་དེ་དག་ཁོང་ཁྲོས་འཇོམས་མི་ནུས་པར་འདོད་མི་རིགས་སོ། །འོ་ན་དེ་སྐད་གསུངས་པ་ཅི་ཡིན་
Page: 505 ༄༅། །སྙམ་ན། ལུང་སྔ་མའི་དོན་ནི། རྫོགས་བྱང་དུ་བསྔོས་པའི་དགེ་རྩས་དེའི་བར་འབྲས་བུ་འབྱིན་པ་མི་ཟད་པའི་དོན་ཡིན་གྱི་ཁོང་ཁྲོས་མི་མཛད་པའི་དོན་མིན་ལ། ལུང་ཕྱི་མའི་དོན་ནི་ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་ལས་ཉོན་གྱི་ས་བོན་ཟད་ པར་བྱེད་ནུས་ཀྱང་ལས་ཉོན་གྱིས་སེམས་བསྐྱེད་ཀྱི་ས་བོན་ཟད་པར་བྱེད་མི་ནུས་ཞེས་པའི་དོན་ཡིན་ནོ། །ཁོང་ཁྲོས་དགེ་རྩ་བཅོམ་པའི་དོན་ནི། རྟོག་གེ་འབར་བར། ས་བོན་མེ་ཡིས་ཚིག་པ་ཕྱིས་རྐྱེན་དང་ཕྲད་ཀྱང་མྱུ་གུ་སྔོན་པོ་མི་འབྱུང་བ་བཞིན་དུ་སྟོབས་བཞིས་སྡིག་ ལྟུང་སྦྱངས་པ་དང་གནོད་སེམས་དང་ལོག་ལྟས་དགེ་རྩ་བཅོམ་པ་གཉིས་ཀ་ཕྱིས་རྐྱེན་དང་ཕྲད་ཀྱང་རིམ་པར་རྣམ་སྨིན་ཡིད་མི་འོང་དང་ཡིད་འོང་འབྱིན་མི་ནུས་པོར་གསུངས་པ་ལྟར་དུ་འཇོམས་པར་བྱེད་པ་ཡིན་ནོ། །དེའང་བར་ཆད་མེད་ལམ་གྱིས་སྤང་བྱའི་ས་བོན་ བཅོམ་པ་ལྟར་ཁོང་ཁྲོ་སྐྱེས་མ་ཐག་དགེ་རྩ་བཅོམ་ནས་མེད་པར་བྱེད་པ་མིན་གྱི་དགེ་རྩ་དེས་འབྲས་བུ་འབྱིན་པའི་ནུས་པ་ལ་གནོད་པ་བྱས་པའི་སྒོ་ནས་འཇོམས་པ་ཡིན་ལ། དེ་ལའང་ཟད་པ་ཆུང་འབྲིང་ཆེ་གསུམ་ཡོད་པར་གོང་དུ་བཤད་པ་ལྟར་ཡིན་ལ། བསླབས་ པ་དང་བྱུང་བ་ལྟ་བུའི་གནོད་པ་ཇི་ཙམ་བྱས་པ་དེ་ཉིད་ཕྱིས་རྐྱེན་དང་ཕྲད་ཀྱང་འབྲས་བུ་འབྱིན་མི་ནུས་པ་ཡིན་གྱི་ཁོང་ཁྲོས་བཅོམ་པའི་དགེ་རྩ་ཡིན་ན་འབྲས་བུ་གཏན་མི་འབྱིན་པས་མ་ཁྱབ་སྟེ་ཟད་པ་ཆུང་དུ་བྱས་པ་དེ་གཏན་ཟད་དུ་བྱས་པ་མ་ཡིན་པའི་ཕྱིར་འབྲས་བུ་ཡིད་ འོང་འབྱིན་པ་ཡོད་པས་སོ། །དེ་བཞིན་དུ་དམྱལ་བར་སྐྱེ་བའི་ལས་བཤགས་སྡོམ་བྱས་པས་དེའི་རྣམ་སྨིན་མྱོང་བ་དག་ནས་ཚེ་འདིར་མགོ་བོ་ཚ་བ་ཙམ་དུ་འགྱུར་བ་ཡོད་པར་རྟོག་གེ་འབར་བར་གསུངས་ལ། དེ་ཙམ་མྱོང་བ་ཡོད་ཀྱང་བཤགས་སྦྱངས་བྱས་པས་དམྱལ་
Page: 506 བའི་སྡུག་བསྔལ་མྱོང་བའི་ཆ་རྩ་བ་ནས་དག་པ་ལ་དེ་དག་པའི་ཐ་སྙད་བྱེད་པ་ཡིན་ཏེ། དཔེར་ན། ལྟུང་ཐུན་བྱིན་རླབས་བྱས་པས་ལས་ལ་སྒྲིབ་པའི་ཆ་དག་པ་ལ་ལྟུང་བ་དེ་དག་པའི་ཐ་སྙད་བྱེད་པ་བཞིན་ནོ། །ཁོ་ཁྲོ་དང་ལོག་ལྟ་སོགས་ཀྱིས་དགེ་རྩ་འཇོམས་ཚུལ་དེ་ལའང་ལམ་ གསར་བ་མྱུར་དུ་སྐྱེ་བའི་ནུས་པ་བཅོམ་པ་དང་བདེ་འགྲོ་སོགས་སུ་སྐྱེ་བའི་འབྲས་བུ་ལ་གནོད་པ་བྱས་པ་གཉིས་ཡོད་ལ། དེ་དག་ལའང་བཅོམ་ཚུལ་ཆེ་ཆུང་ཐ་དད་པ་ཅི་རིགས་སུ་ཡོད་དོ། །དགེ་རྩ་བཅོམ་པའི་དོན་དགེ་རྩ་དེས་འབྲས་བུ་མྱུར་དུ་འབྱིན་པའི་ནུས་པ་བཅོམ་ ནས་འབྲས་བུ་འབྱིན་པ་ཐག་བསྲིངས་པ་ཙམ་ཡིན་གྱི་ཕྱིས་རྐྱེན་དང་ཕྲད་ཀྱང་རང་འབྲས་གཏན་མི་འབྱིན་པ་མིན་ཏེ་འཇིག་རྟེན་པའི་ལམ་གང་གིས་ཀྱང་གཞོམ་བྱའི་ས་བོན་སྤོང་མི་ནུས་པས་ན་ཁོང་ཁྲོས་ཀྱང་དགེ་རྩའི་ས་བོན་གཞོམ་མི་ནུས་པའི་ཕྱིར་ཞེ་ན། རྒྱུ་མཚན་དེ་ ནི་མ་ངེས་ཏེ། སོ་སྐྱེས་སྟོབས་བཞིའི་སྒོ་ནས་སྡིག་པ་དག་པར་སྦྱངས་པ་དེ་དང་། སྦྱོར་ལམ་རྩེ་མོ་ཐོབ་པས་ལོག་ལྟ་དང་ཁོང་ཁྲོས་དགེ་རྩ་གཅོད་པ་སྤངས་པ་དེ་དང་། སྦྱོར་ལམ་བཟོད་པ་ཐོབ་པས་ངན་འགྲོའི་རྒྱུ་བཅོམ་པ་དང་གསུམ་པོ་ས་བོན་སྤངས་པ་མིན་ཀྱང་ ཕྱིར་རྐྱེན་དང་ཕྲད་ཀྱང་རིམ་པར་འབྲས་བུ་ཡིད་མི་འོང་འབྱིན་པ་དང་ལོག་ལྟ་སོགས་མངོན་གྱུར་དུ་སྐྱེ་བ་དང་ངན་འགྲོར་སྐྱེ་བ་རྣམས་མི་སྲིད་པས་སོ། །གཞན་ཡང་མཛོད་འགྲེལ་དུ་མདོ་དྲངས་པ་ལས། ལས་ཀྱིས་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་ གོམས་པ་གང་། །སྔོན་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་ཏེ། འཆི་ཁ་ལྟ་བུར་མཚོན་ན་དགེ་མི་དགེ་སྟོབས་ལྡན་གཉིས་ཀྱི་ནང་ནས་གང་ཉེ་བ་དེའི་རྣམ་སྨིན་གྱི་འབྲས་བུ་སྔོན་མ་སྨིན་ནས་ཅིག་ཤོས་ཀྱི་འབྲས་བུ་རྗེས་ལ་སྨིན་པ་
Page: 507 ༄༅། །དང་། ཉེ་མི་ཉེ་མཉམ་ན་གོམས་ཤས་གང་ཆེ་བ་དེའི་འབྲས་བུ་དང་པོར་སྨིན་ནས་ཅིག་ཤོས་རྒྱང་བསྲིངས་པ་དང་། དེའང་མཉམ་ན་དགེ་མི་དགེ་སྔོན་ལ་གང་བྱས་དེའི་འབྲས་བུ་སྔར་སྨིན་ཅིག་ཤོས་ཀྱི་འབྲས་བུ་ཕྱི་ནས་སྨིན་པའང་ཡོད་ པར་གསུངས་ལ། དེ་ལྟར་ལས་སྟོབས་ལྡན་འགའ་ཞིག་སྔར་སྨིན་ནས་ལས་གཞན་གྱིས་རྣམ་སྨིན་འབྱིན་པ་གོ་བཀག་ནས་ཐག་བསྲིངས་ཀྱང་དེ་ཙམ་གྱིས་དེ་དག་བཅོམ་པར་གཞག་མི་ནུས་ལ་དེ་ལྟར་མ་གསུངས་པས་སོ། །དེ་ལས་གཞན་དུ་རྣམ་སྨིན་འབྱིན་པ་རིང་ དུ་བསྲིངས་པ་དེ་བཅོམ་པའི་དོན་དུ་འདོད་ན་མི་དགེ་བ་སྟོབས་ལྡན་ཐམས་ཅད་དགེ་བ་འཇོམས་བྱེད་དང་དགེ་བ་སྟོབས་ལྡན་རྣམས་མི་དགེ་བ་འཇོམས་བྱེད་དུ་འདོད་དགོས་པར་ཐལ་བའི་སྐྱོན་ཡོད་པར་གསུངས་སོ། །འདུལ་བ་རྒྱ་ཆེར་འགྲེལ་གྱི་གནས་མལ་གྱི་ གཞིའི་མགོར་ཁོང་ཁྲོས་སྡོམ་པར་གཅོད་པར་བཤད་པ་ནི་ཁོང་ཁྲོ་སྟོབས་ལྡན་གྱིས་དགེ་རྩ་གཅོད་པ་ལ་དགོངས་པ་ཡིན་པར་བཤད་ལ། དགེ་རྩ་འཇོམས་བྱེད་ཀྱང་ཁོང་ཁྲོ་དང་ལོག་ལྟ་མ་ངེས་ཏེ། གནོད་སེམས་ཀྱིས་དགེ་རྩ་འཇོམས་པར་གོང་དུ་བཤད་ལ། ནམ་སྙིང་གི་མདོར། རྩ་ལྟུང་རྣམས་བྱུང་བས་ཀྱང་དགེ་རྩ་འཇོམས་པར་གསུངས་ཤིང་། བསླབས་བཏུས་སུ་རྙེད་བཀུར་ལ་ལྷག་པར་ཞེན་ནས་ཡང་ཡང་ཁྱིམ་ལ་ལྟ་བ་དང་མངོན་པའི་ང་རྒྱལ་དང་ཆོས་སྤང་གི་ལས་བསགས་པ་༌་དག་གིས་ཀྱང་སྔོན་བྱས་ཀྱི་དགེ་རྩ་ཟད་ པར་བྱེད་ཅིང་དགེ་བའི་ཆོས་ཀྱིས་རྒྱས་པར་མི་འགྱུར་བར་དཀོན་བརྩེགས་ཀྱི་ལུང་དྲངས་ནས་གསུངས་པའི་ཕྱིར་རོ། །དེས་ན་ཡུལ་སྤྱི་དང་ཁྱད་པར་གྲོགས་ཚངས་པ་མཚུངས་སྤྱོད་དང་བྱང་སེམས་སོགས་ལ་དམིགས་པའི་ཁོང་ཁྲོ་སོགས་འགོག་པ་དང་
Page: 508 ཉེས་པ་བྱས་པ་རྣམས་བཤགས་སྡོམ་སོགས་ལ་ནུས་པ་ཅི་ཡོད་ཀྱིས་འབད་པར་བྱ་རིགས་ཏེ། དེ་དག་ལ་ཁྲོས་པ་དང་བརྙས་སྨོད་སོགས་བྱས་པ་ལ་ཉེས་པ་མུ་མེད་པར་མདོ་བཏུས་སོགས་ལས་གསུངས་པའི་ཕྱིར་དང་། བྱང་སེམས་ལ་ཁྲོས་པས་དགེ་རྩ་འཇོམས་ པ་ལ་ཡུལ་དེ་བྱང་སེམས་སུ་ངེས་མ་ངེས་དང་ཁྲོ་བའི་རྒྱུ་མཚན་བདེན་མི་བདེན་གཉིས་མཚུངས་པར་གསུངས་པས་སོ། །ཁྲོ་བཟོད་ཀྱི་སྐྱོན་ཡོན་བསམས་ནས་བཟོད་པ་སྒོམ་པར་གདམས་པ་ནི། དེ་ལྟར་རྒྱུ་དགེ་རྩ་འཇོམས་ཤིང་འབྲས་བུ་སྡུག་བསྔལ་ཆེན་པོ་སྐྱེད་ པ་དང་ལམ་རྒྱུད་ལ་སྐྱེ་བའི་གེགས་བྱེད་པ་སོགས་ཀྱི་ཕྱིར་ན་ཉོན་མོངས་ཞེ་སྡང་ངམ་ཁོང་ཁྲོ་ལྟ་བུའི་སྡིག་པ་ཆེན་པོ་གཞན་མེད་ལ། དེ་ལྟའི་ཁོང་ཁྲོ་སོགས་ཉོན་མོངས་པའི་ཚ་གདུང་འཇོམས་བྱེད་ཀྱི་གཉེན་པོར་གྱུར་པ་གནོད་པ་སོགས་ལ་བསྲན་ཚུགས་པའི་ བཟོད་པ་ལྟ་བུའི་དཀའ་ཐུབ་ཀྱི་མཆོག་ཀྱང་གཞན་མེད་དོ། །རྒྱུ་མཚན་དེ་ལྟ་བས་ན་གནོད་པ་དང་སྡུག་བསྔལ་སོགས་ལ་བསྲན་ཚུགས་པའི་བཟོད་པ་སྒོམ་པ་ལ་ནན་ཏན་ལྷུར་ལེན་དུ་བྱས་ནས་འོག་ནས་འཆད་འགྱུར་ལྟར་རིགས་པའི་སྒོ་དུ་མ་དང་ཐབས་སྣ་ཚོགས་ པའི་ཚུལ་གྱིས་འབད་ནས་དེ་བསྒོམ་པ་ལ་བརྩོན་པར་བྱའོ། །དེ་ལ་ཞེ་སྡང་ལྟ་བུའི་སྡིག་པ་ཆེན་པོ་གཞན་མེད་པ་ནི། གོང་དུ་དྲངས་པའི་འཇུག་པའི་ལུང་། མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །ཞེས་པ་དང་། དེའི་འགྲེལ་པར་རྒྱ་མཚོ་ཆེན་པོའི་ ཆུའི་ཚད་སྲུང་གྲངས་ཀྱིས་ངེས་མི་ནུས་པ་ལྟར་དེའི་རྣམ་པར་སྨིན་པའི་མཚམས་ངེས་པར་མི་ནུས་སོ། །དེའི་ཕྱིར་དེ་ལྟར་འབྲས་བུ་ཡིད་དུ་མི་འོང་བ་འཕེན་པ་དང་དགེ་བ་ལ་གནོད་པ་བྱེད་པའི་སྡིག་པ་ནི་མི་བཟོད་པ་ཁོང་ཁྲོ་ལས་གཞན་མཆོག་ཏུ་གྱུར་པ་ཡོད་པ་མ་
Page: 509 ༄༅། །ཡིན་ནོ་ཞེས་གསུངས་ཏེ། རྣམ་སྨིན་ཡིད་དུ་མི་འོང་བ་ཆེན་པོ་འབྱིན་ཀྱང་དགེ་རྩ་མི་འཇོམས་ན་དེ་ཙམ་དུ་སྡིག་པ་ཆེ་བ་མིན་ཀྱང་ཞེ་སྡང་གིས་ནི་རྣམ་སྨིན་ཡིད་དུ་མི་འོང་བ་ཤིན་ཏུ་ཆེན་པོ་འབྱིན་པ་དང་དགེ་རྩ་འཇོམས་པ་གཉིས་ཀ་བྱེད་པས་ན་ དེ་ལྟ་བུའི་སྡིག་པ་ཆེན་པོ་ཡོད་པ་མ་ཡིན་ཞེས་བསྟན་ཏོ། །མདོར་ན་ཁོང་ཁྲོ་རང་ཉིད་ཀྱིས་རྣམ་སྨིན་ཡིད་དུ་མི་འོང་བ་ཆེས་དྲག་པ་འཕེན་པ་དང་དགེ་རྩ་གཞན་གྱིས་རྣམ་སྨིན་ཤིན་ཏུ་ཡིད་དུ་འོང་བ་དཔག་མེད་འབྱིན་པ་འགོག་པས་ན་ཞེ་སྡང་ལྟ་བུའི་སྡིག་པ་ཆེན་ པོ་གཞན་མེད་དོ། །ཡང་ཞེ་སྡང་ནི་སྙིང་རྗེ་ཉམས་བྱེད་ཡིན་ལ་དེ་ཉམས་པས་གཞན་དོན་ཆེན་པོ་རྒྱུན་ལྡན་དུ་སྒྲུབ་པ་ལས་ཉམས་པར་འགྱུར་བའི་ཕྱིར་ཞེ་སྡང་ལྟ་བུའི་སྡིག་པ་མེད་ཅེས་བཤད་ཀྱང་ཆོག་པ་འདྲ་སྟེ། ས་བཟང་འགྲེལ་པར། སེམས་ཅན་རྣམས་ལ་ ཕན་བྱེད་ཕྱིར། །ཞེས་སོགས་སྔར་དྲངས་པའི་མདོ་རྒྱན་གྱི་ལུང་འདིར་དྲངས་པས་སོ། །དེ་ལྟ་ནའང་ལས་འབྲས་ལ་སྐུར་བ་འདེབས་པའི་ལོག་ལྟ་དང་ཆོས་སྤོང་གི་ལས་དང་བླ་མ་དང་བྱང་སེམས་སོགས་ལ་ཆེས་ཁྱད་གསོད་བྱེད་ཅིང་ང་རྒྱལ་སྐྱེད་པ་སོགས་ཀྱིས་ ཀྱང་རྣམ་སྨིན་ཡིད་མི་འོང་ཆེན་པོ་སྐྱེད་པ་དང་དགེ་རྩ་འཇོམས་པ་གཉིས་ཀ་ཚོགས་པའི་ཉེས་སྤྱོད་ཡིན་པར་བསླབ་བཏུས་ལས་གསུངས་སོ། །བཟོད་པ་ལྟ་བུའི་དཀའ་ཐུབ་ཀྱི་མཆོག་གཞན་མེད་པ་ཡང་། ལུང་ལས། བཟོད་པ་དཀའ་ཐུབ་དམ་པ་བཟོད་ པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །ཞེས་སོགས་གསུངས་ལ། ཀླུ་སྒྲུབ་ཀྱིས་ཀྱང་། འདི་ལྟར་བཟོད་མཚམས་དཀའ་ཐུབ་མ་མཆིས་པས། །ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱིད། །ཅེས་དང་། ལུས་གདུང་བྱེད་པ་འབའ་
Page: 510 ཞིག་ལས། །ཆོས་མེད་འདི་ལྟར་དེ་ཡིས་ནི། །གཞན་ལ་གནོད་པ་སྤོང་མེད་ཅིང་། །གཞན་ལ་ཕན་འདོགས་ཡོད་མ་ཡིན། །ཞེས་སོགས་གསུངས་ཏེ། མེ་ལྔ་བསྟེན་པ་སོགས་ཀྱི་དཀའ་ཐུབ་གཞན་ནི་ལུས་ལ་གདུང་བ་སྐྱེད་པ་ཙམ་དུ་ཟད་ཀྱི་གཞན་ལ་གནོད་པ་ སྤོང་བ་སོགས་མེད་ལ། བཟོད་པས་ནི་གནོད་པ་སྤོང་བ་དང་རང་གཞན་ལ་ཕན་པའི་ཕྱིར་དཀའ་ཐུབ་ཐམས་ཅད་ཀྱི་མཆོག་ཡིན་ནོ་ཞེས་པའོ། །མཐོང་ཆོས་ཀྱི་ཉེས་དམིགས་ནི། ལུས་སེམས་ལ་བདེ་བའི་སྐབས་མེད་པར་བྱེད་ཅིང་སྡུག་བསྔལ་དྲག་པོས་གདུང་ བར་བྱེད་པའི་ཞེ་སྡང་ཉིད་ཟུག་རྫུ་ཡིན་ལ། དེ་ལྟ་བུའི་སེམས་རྩུབ་མོ་རང་རྒྱུད་ལ་འཆར་བའམ་སྙིང་ལ་འཆད་ན་གང་ཟག་དེ་ཉིད་ཀྱི་ཡིད་ལ་ནི་ཡིད་མི་བདེ་བ་རབ་ཏུ་ཞི་བའི་དེས་ཤིང་དགའ་བའམ་བཏང་སྙོམས་ཀྱི་ཚོར་བ་ཉམས་སུ་མི་མྱོང་ལ་རྟག་ཏུ་ཁོང་ཁྲོའི་མེ་འབར་ བས་གདུང་བ་དྲག་པོ་སྐྱེད་མ་༌་སེམས་ཚོར་དགའ་བ་དང་ལུས་ཚོར་བདེ་བའང་སྔར་ཡོད་འཇིག་ཅིང་སྔར་མེད་གསར་དུ་ནམ་ཡང་མི་འཐོབ་ལ་མཚན་མོ་ཉལ་བའི་ཚེ་ཡང་བདེ་བར་གཉིད་ལོག་པའི་སྐབས་མི་འོང་ཞིང་། དུས་རྒྱུན་པར་སེམས་རྣལ་དུ་ཕེབས་པའི་ བརྟན་པའང་ཉམས་ནས་མེད་པར་འགྱུར་རོ་ཞེས་ཏེ་སྙིང་ལ་མདའ་ཟུག་པ་ལྟར་སྡུག་བསྔལ་དྲག་པོས་གདུང་བ་ལས་ལུས་སེམས་བདེ་བའི་སྐབས་མེད་པའོ། །ཉེས་དམིགས་གཞན་ཡང་ཁོང་ཁྲོ་ཅན་གྱི་རྗེ་བོ་གང་དག་གིས་རང་གི་བྲན་གཡོག་སོགས་ལ་སྔར་ ཟས་ནོར་མང་པོ་བྱིན་པ་དང་རྙེད་པ་དང་བཀུར་སྟི་གཞན་ཡང་བཟང་པོ་འཐོབ་ཏུ་རུང་བ་ཡིས་དྲིན་ཆེན་པོ་བྱིན་ཏེ་བསྐྱང་ལ་ད་དུང་ཡང་དེ་བཞིན་དུ་སྦྱོང་བར་འགྱུར་བའི་རྗེ་བོ་དྲིན་ཆེན་པོས་ཕན་འདོགས་བྱེད་པ་པོ་དེ་ལ་བརྟེན་པར་གྱུར་པ་ཡི་བྲན་སོགས་དེ་དག་ཀྱང་ནི་ཞེ་
Page: 511 ༄༅། །སྡང་ཤུགས་དྲག་ལྡན་པའི་རྗེ་དཔོན་དེས་ཁོང་ཁྲོའི་བསླངས་པའི་ཚིག་རྩུབ་མོས་ཡང་ཡང་སྤྲོས་པ་དང་བརྡུང་བརྡེག་སོགས་བྱེད་པ་ན་དེ་ལ་མི་བཟོད་པ་དྲག་པོ་སྐྱེས་ནས་སྔར་གྱི་དྲིན་བརྗེད་ནས་གསོད་པར་རྒོལ་བའང་ཡོད་དོ་ཞེས་པའོ། །ཡང་ ན་བྲན་གཡོག་ལ་སོགས་པ་གང་དག་ལ་རྗེ་བོས་ནོར་དང་བཀུར་སྟིའི་དྲིན་བྱིན་ཞེས་སྒྱུར་རོ། །རྗེ་དཔོན་ལ་དཔེར་བརྗོད་པ་དེ་བཞིན་དུ་ཕ་མ་དང་སྤུན་ཟླ་མཛའ་བཤེས་གྲོགས་པོ་སོགས་ལའང་སྦྱར་བར་བྱའོ། །ཀྱང་གི་སྒྲས་དྲིན་ཆེན་པོས་བསྐྱངས་པ་ལ་ཡང་གསོད་ པར་རྒོལ་ན་གཞན་ལྟ་ཅི་སྨོས་ཞེས་སྡུད་པའོ། །ཁོང་ཁྲོ་ཅན་དེས་ནི་ཁོང་ཁྲོའི་དབང་གིས་ཡང་ཡང་འཐབ་ཚིག་སོགས་སྨྲས་པ་དེ་ཡིས་མཛའ་བཤེས་རྣམས་ཀྱང་སྐྱོ་ཞིང་ཡིད་སུན་ནས་སྤོང་བར་འགྱུར་ལ། འཚོ་བའི་རྐྱེན་དུ་གྱུར་པའི་ཟས་དང་ནོར་བཟང་པོ་ དང་མང་པོ་སྦྱིན་པས་གཉེན་གྲོགས་དང་འཁོར་གཡོག་སོགས་གཞན་དག་བསྡུས་ཀྱང་དགའ་བས་དེ་ལ་བསྟེན་ཅིང་དྲུང་དུ་འདུག་པ་དང་འགྲོགས་པར་མི་བྱེད་པར་བྱེད་ནས་རྒྱང་རིང་དུ་དོར་བར་འགྱུར་བས་ཡིད་གཅུགས་པའི་མཛའ་བཤེས་སོགས་དང་འགྲོགས་པའི་ བདེ་བའང་མི་འཐོབ་བོ། །ཀྱང་གི་སྒྲས་མཛའ་བཤེས་ཀྱང་སྐྱོ་བར་འགྱུར་ན་མཛའ་བཤེས་མིན་པ་གཞན་ལྟ་ཅི་ཞེས་དང་། སྦྱིན་པས་བསྡུས་ཀྱང་མི་བསྟེན་ན་སྦྱིན་པས་མ་བསྡུས་ན་ལྟ་ཅི་ཞེས་སྟོན་ཏོ། །འདི་ཕྱིའི་ཉེས་དམིགས་བསྡུས་ཏེ་བསྟན་པ་ནི། མདོར་ ན་ཁོང་ཁྲོ་བ་ནི་ཡིད་མི་བདེ་བས་བསྐྱེད་ཅིང་དེ་དང་མཚུངས་ལྡན་ཡིན་པར་གསུངས་ཕྱིར་ཁྲོ་བས་རྒྱུད་ནོན་པར་གྱུར་པ་ལ་འདི་ཕྱི་ཀུན་ཏུ་སེམས་ཉེར་ཞིའི་བདེ་བ་ལ་རེག་པར་གནས་པའི་གང་ཟག་དེ་ནི་རང་གཞན་སུ་འགའ་ཡང་ཡོད་པ་མ་ཡིན་ཏེ། ཁོང་ཁྲོ་
Page: 512 བའི་དགྲ་ཡིས་ནི་གོང་དུ་བཤད་པ་ལྟར་མཐོང་བ་ཚེ་འདི་དང་མ་མཐོང་བ་ཕྱི་མའི་སྐབས་ཀུན་ཏུ་ཡང་ལུས་སེམས་ལ་ཡོངས་སུ་གདུང་བ་སྐྱེད་པའི་ཉེས་དམིགས་དེ་དག་དང་། ལ་སོགས་ཞེས་པས་ཉེས་དམིགས་གཞན་ཡང་དཔག་ཏུ་མེད་པ་དག་ནི་སྐྱེད་ཅིང་གོང་ འཕེལ་དུ་བྱེད་པར་འགྱུར་ཞེས་བསྟན་ལ། དེས་ན་ཁོང་ཁྲོ་བ་དེ་ནི་སྡུག་བསྔལ་སྐྱེད་བྱེད་ཀྱི་རྒྱུ་ཟླ་དང་བྲལ་བ་ཡིན་ནོ་ཞེས་པ་སྟེ། མདོར་ན་ཁོང་ཁྲོའི་དགྲས་ནི་འདི་ཕྱི་གཉིས་ཀར་བདག་གཞན་གཉིས་ཀའི་རྒྱུད་ལ་དངོས་བརྒྱུད་གཉིས་ཀའི་སྒོ་ནས་བདེ་བ་ཐམས་ཅད་ འགོག་ཅིང་གནོད་པ་དང་སྡུག་བསྔལ་དཔག་མེད་སྐྱེད་པར་བྱེད་ཅེས་བསྟན་པའོ། །ཉེས་དམིགས་གཞན་ནི་རྔ་སྒྲའི་ཚིགས་བཅད་ལས། དེ་བཞིན་རྣམ་རྟོག་བུད་ཤིང་ལས། །བྱུང་བའི་ཁྲོ་བ་མེ་འདྲ་བས། །བདག་ཉིད་དང་ནི་གཞན་དག་ལ། །ཕུང་ཁྲོལ་ཆེན་པོ་ བྱེད་པར་འགྱུར། །ཞེས་དང་། སྐྱེས་རབས་ལས་ཀྱང་། ཁྲོ་བའི་མེ་ཡིས་བཞིན་མདོག་ཉམས་འགྱུར་ན། །རྒྱན་གྱིས་བརྒྱན་ཡང་བཟང་པོར་ཡོང་མི་སྣང་། །མལ་སྟན་བཟང་པོ་དག་ལ་ཉལ་གྱུར་ཀྱང་། །ཁྲོ་བའི་ཟུག་རྡུས་སེམས་ནི་སྡུག་བསྔལ་འགྱུར། ། བདག་ལ་ཕན་པའི་དོན་གྲུབ་བརྗེད་འགྱུར་ཏེ། །ཁྲོ་བས་གདུངས་ནས་ལམ་ངན་འགྲོ་བར་བྱེད། །གྲགས་དང་དོན་གྲུབ་པ་ལས་ཉམས་པར་འགྱུར། །ཟླ་བ་མར་གྱི་ངོས་བཞིན་དཔལ་ཡང་ཉམས། །མཛའ་བཤེས་དག་གིས་རབ་ཏུ་གཅུགས་གྱུར་ཀྱང་། །ཁྲོ་ བས་མི་རིགས་གཡང་སར་ལྟུང་བར་འགྱུར། །ཕན་དང་གནོད་པར་སེམས་ལ་བློ་ཉམས་ནས། །ཕལ་ཆེར་འགལ་ཞིང་སེམས་ནི་རྨོངས་པར་འགྱུར། །ཁྲོ་བས་སྡིག་པའི་ལས་ནི་གོམས་བྱས་པས། །ངན་སོང་དག་ཏུ་ལོ་བསྒྱུར་སྡུག་བསྔལ་མྱོང་། །གནོད་
Page: 513 ༄༅། །པ་ཆེན་པོ་བྱས་པར་ཤར་གཉེར་བའི། །དགྲས་ཀྱང་དེ་ལས་ལྷག་པ་ཅི་བྱར་ཡོད། །ཅེས་སོགས་གསུངས་སོ། །དེ་ལྟར་ཉེས་དམིགས་དཔག་ཏུ་མེད་པའི་རྒྱུ་མཚན་དེའི་ཕྱིར། ཚེའི་མཐའི་མདོ་ལས། དགེ་སློང་དག་དེ་ལྟ་བས་ན་ འདི་ལྟར་བསླབ་པར་བྱ་སྟེ། སྡོང་དུམ་ཚིག་པ་ལ་ཡང་ཞེ་སྡང་གི་སེམས་བསྐྱེད་པར་མི་བྱ་ན་རྣམ་པར་ཤེས་པ་དང་ལྡན་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟར་དགེ་སློང་དག་ཁྱེད་ཀྱིས་བསླབ་པར་བྱའོ། །ཞེས་གསུངས་སོ། བཟོད་པའི་ཕན་ཡོན་ ནི། དེ་ལྟ་བུའི་ཁོང་ཁྲོའི་ཉེས་དམིགས་རྣམས་ལེགས་པར་སེམས་པ་སྔོན་དུ་བཏང་ནས་གཉེན་པོ་བཟོད་པའི་སྟོབས་ཆེན་པོ་དང་ལྡན་པའི་གང་ཟག་གང་ཞིག་དྲན་ཤེས་ཤིན་ཏུ་ལེགས་པས་པར་བསྒྲིམས་ཏེ་བདག་ཉིད་ཀྱི་དགྲ་བོ་མ་རུངས་པ་ཁོང་ཁྲོ་འཇོམས་ པར་བྱེད་པ་དེ་ནི་འཇིག་རྟེན་འདི་ན་ཡང་ཡིད་ཀྱི་དགའ་བ་མི་ཉམས་པས་དུས་ཐམས་ཅད་དུ་བདེ་བ་དང་འཇིག་རྟེན་ཕྱི་མའི་གནས་སྐབས་གཞན་ཐམས་ཅད་དུ་ཡང་ངན་འགྲོ་འགོག་ཅིང་བདེ་འགྲོ་ཁྱད་པར་ཅན་རྙེད་པ་དང་། མཐར་ངེས་ལེགས་ཕྱིར་མི་ལྡོག་པའི་ བདེ་བ་སྟེར་བས་ན་འདི་ཕྱི་ཀུན་ཏུ་བདག་གཞན་གཉིས་ཀར་དངོས་བརྒྱུད་གཉིས་ཀའི་སྒོ་ནས་བདེ་བ་འབའ་ཞིག་འཐོབ་པར་འགྱུར་བ་སོགས་ཀྱི་ཕན་ཡོན་དཔག་ཏུ་མེད་པ་དང་ལྡན་ཏེ། མདོ་ལས། དགེ་སློང་དག་འདི་ལྟ་སྟེ། ཁྲོ་བ་སྤོངས་ཤིག་ཁྱེད་ཕྱིར་མི་ ལྡོག་པའི་གཉའ་བོར་གྱུར་པ་ང་ཡིན་ནོ། །ཞེས་གསུངས་ལ། དེའི་རྒྱུ་མཚན་གྱིས་བཤེས་སྤྲིང་ལས་ཀྱང་། ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །ཐོབ་པར་འགྱུར་བ་སངས་རྒྱས་ཞལ་གྱིས་བཞེས། །ཞེས་དང་། བྱང་ས་ལས། གང་ཟག་བཟོད་
Page: 514 པ་ཅན་ནི་ཕྱི་མ་ལ་དགྲ་མང་བར་མི་འགྱུར་བ་དང་། དབྱེ་བ་མང་བར་མི་འགྱུར་བ་དང་། བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་བ་དང་། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དང་། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ ནང་དུ་སྐྱེ་བར་འགྱུར་རོ་སྙམ་སྟེ། དེ་དེ་ལྟར་ཕན་ཡོན་དུ་ལྟ་བས་བདག་ཉིད་ཀྱིས་ཀྱང་བཟོད་ཅིང་གཞན་ཡང་བཟོད་པ་ཡང་དག་པར་འཛིན་དུ་འཇུག་ལ་བཟོད་པའི་བསྔགས་པ་ཡང་བརྗོད་ཅིང་། ཞེས་སོགས་དང་། ཕར་བསྡུས་ལས། མཐུ་ལྡན་རྣམས་ ཀྱི་རྒྱུན་གྱི་དམ་པ་སྟེ། །དཀའ་ཐུབ་ཚུལ་འཆང་རྣམས་ལ་སྟོབས་ཀྱི་ཕུལ། །གནོད་སེམས་འབྲོག་གི་མེ་ལ་ཆུ་ཡི་རྒྱུན། །འདི་དང་གཞན་ལ་གནོད་དགུ་བཟོད་པས་སེལ། །སྐྱེ་བོ་མཆོག་གི་བཟོད་པའི་གོ་ཆ་ལ། །མི་བསྲུན་སྐྱེ་བོའི་ཚིག་གི་མདའ་ རྡུགས་པས། །དེ་དག་བསྟོད་པའི་མེ་ཏོག་བཟང་གྱུར་ཅིང་། །གྲགས་པའི་ཕྲེང་བ་ཡིད་དུ་འོང་བར་འགྱུར། །ཞེས་སོགས་བཟོད་པའི་ཕན་ཡོན་མང་པོ་གསུངས་ལ། དེ་ལྟ་བུའི་ཕན་ཡོན་ཅན་གྱི་བཟོད་པ་དེ་ལ་རྣམ་པ་གསུམ་ཡོད་དེ། ཆོས་ཡང་དག་པར་ སྡུད་པ་ལས། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་། གཞན་གྱིས་གནོད་པ་ཇི་མི་སྙམ་པའི་བཟོད་པའོ། །ཞེས་གསུངས་ཏེ། དེའི་དང་པོ་ནི། སྡུག་བསྔལ་ཐམས་ཅད་བརྣག་པར་ནུས་ཤིང་དེས་སེམས་ ཞུམ་པ་མེད་པར་དང་དུ་ལེན་པའི་སེམས་བྱུང་དགེ་བ། གཉིས་པ་ནི་ཆོས་ཟབ་མོ་ལ་མི་མོས་པ་མེད་པར་རྣམ་པར་དབྱེ་བའི་སེམས་བྱུང་། གསུམ་པ་ནི་གནོད་བྱེད་ལ་ཁོང་ཁྲོ་མེད་ཅིང་རྒྱུད་མི་འཁྲུགས་པའི་སེམས་བྱུང་ངོ་། །གོང་དུ་ཞེ་སྡང་ཞེས་པ་དག་
Page: 515 ༄༅། །ནི་རྩ་ཉོན་ཁོང་ཁྲོ་དང་དོན་གཅིག་ཡིན་ལ། མདོར་ན་ཁྲོ་བ་བདེར་གནས་ཞེས་དང་། བསྒྲིམས་ཏེ་ཁྲོ་འཇོམས་སོགས་ཀྱི་ཁྲོ་བ་ནི་རྩ་ཉོན་ཁོང་ཁྲོ་ལ་གོ་བར་བྱའི་ཉེ་ཉོན་དུ་གྱུར་པའི་ཁྲོ་བ་ལ་མི་བྱ་སྟེ། འདི་དག་གོང་དུ་ཁོང་ཁྲོའི་ཉེས་དམིགས་ རྒྱུས་པར་བཤད་ཟིན་པའི་དོན་བསྡུ་དང་ཁོང་ཁྲོ་དེ་ཉིད་གཉེན་པོས་གཞོམ་པར་བྱས་པའི་ཕན་ཡོན་འཆད་བྱེད་ཡིན་པའི་ཕྱིར་དང་འགྲེལ་པ་ཕལ་ཆེར་ལས་ཀྱང་དེ་ལྟར་བཤད་པས་སོ། །འོན་ཀྱང་འགྲེལ་ཆེན་དུ། སེམས་རྩུབ་པའི་མནར་སེམས་ནི་ཞེ་སྡང་ ཡིན་ལ། དེ་ལས་བྱུང་བའི་འཇུག་པ་དེའི་དབང་གིས་དབྱུག་པ་ལེན་པ་ལ་སོགས་པ་བྱེད་པ་ནི་ཁྲོ་བ་སྟེ། གཉིས་ཀའང་བཟོད་པའི་སྤང་བྱ་ཡིན་པས་གཅིག་ཏུ་བསྟན་ཏོ། །ཞེས་པ་ལྟར་ན་ཉེ་ཉོན་ཁྲོ་བ་ལ་བྱས་ཀྱང་ཆོག་པ་འདྲ་ལ། །ཉེ་ཉོན་ཁྲོ་བ་དེའི་ངོ་བོ་དང་ བྱེད་ལས་ནི། ཀུན་བཏུས་ལས། ཁྲོ་བ་གང་ཞེ་ན། གནོད་པར་བྱེད་པའི་རྒྱུ་ཉེ་བར་གནས་པ་ན་ཁོང་ཁྲོ་བའི་ཆར་གཏོགས་པའི་སེམས་ཀྱིས་ཀུན་ནས་མནར་སེམས་པ་སྟེ་མཚོན་ལེན་པ་དང་ཆད་པས་གཅོད་པ་ལ་སོགས་པ་དང་གནོད་པ་ཤོམ་པའི་ རྟེན་བྱེད་པའི་ལས་ཅན་ནོ་ཞེས་ཀུན་ནས་མནར་སེམས་ཀྱི་རྒྱུ་གང་རུང་ཉེ་བར་གནས་པ་ན་བརྡེག་སོགས་ཀྱི་གནོད་པ་བྱ་འདོད་པའི་ཀུན་ནས་མནར་སེམས་པའོ། །བྱེད་ལས་ནི་དེ་ལྟར་གཞན་ལ་གནོད་པ་ཤོམ་པའི་རྟེན་བྱེད་པའོ། །ཡང་གོང་གི ཞེ་སྡང་ ཟུག་རྔུའི་སེམས་འཆང་ན། །ཞེས་པའི་འཆང་ཞེས་པའི་ཚིག་གི་ནུས་པས་ཁྲོས་པ་དེའི་རྒྱུན་མི་གཏོང་བར་གནོད་པ་དང་གནོད་ལན་བུ་འདོད་པའི་ཉེ་ཉོན་འཁོན་དུ་འཛིན་པའང་བསྟན་སྙམ་ལ། དེའི་ངོ་བོ་སོགས་ནི། ཀུན་བཏུས་ལས། འཁོན་དུ་འཛིན་པ་
Page: 516 གང་ཞེ་ན། དེའི་འོག་ཏུ་ཁོང་ཁྲོ་བའི་ཆར་གཏོགས་པ་ཉིད་ཀྱིས་ཤར་གཉེར་བའི་བསམ་པ་མི་གཏོང་བ་སྟེ་མི་བཟོད་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་གསུངས་ལ། རིན་ཕྲེང་དུའང་། ཁྲོ་བ་སེམས་ཀྱི་འཁྲུགས་པ་སྟེ། །དེ་དང་རྗེས་འབྲེལ་ འཁོན་དུ་འཛིན། །ཞེས་དང་། བཤེས་སྤྲིང་ལས། བདག་ནི་འདིས་སྨྱོས་འདིས་བཏགས་ཕམ་པར་བྱས། །འདི་ཡིས་བདག་གི་ནོར་ཕྲོགས་གྱུར་ཏོ་ཞེས། །འཁོན་དུ་འཛིན་པས་འཁྲུག་ལོང་རྣམ་བསྐྱེད་དེ། །འཁོན་འཛིན་རྣམ་སྤངས་བདེ་བར་གཉིད་ ཀྱིས་ལོག ། ཅེས་གསུངས་ཏེ། དེའི་དབང་གིས་གཉིད་མི་འོང་བའང་ཤུགས་ལ་བསྟན་ལ། དེ་ནི། གཉིད་མི་འོང་ཞིང་བརྟན་མེད་འགྱུར། །ཞེས་པ་དང་འདྲ་ལ། དེས་ཀྱང་འཁོན་འཛིན་བསྟན་པར་གྲུབ་བོ། །དེ་ལྟར་ཉོན་མོངས་པ་ཅན་གྱི་སེམས་ ཀྱི་རྒྱུན་མི་གཏོང་བར་བརྟན་པོར་འཛིན་པ་སྤོང་དགོས་ཚུལ་ཡང་། གོང་གི་བཤེས་སྤྲིང་གི་ལུང་དེའི་འཕྲོར། སེམས་ནི་ཆུ་དང་ས་དང་རྡོ་བ་ལ། །རི་མོར་བྲིས་པ་ཞེས་སོགས་ཀྱིས། ཉོན་མོངས་པ་ཅན་གྱི་སེམས་ནི་ཆུ་ལ་རི་མོ་བྲིས་པ་ལྟར་དེའི་རྒྱུན་མི་ བརྟན་པ་མཆོག་ཡིན་ལ། ཆོས་ལ་སྤྲོ་ཞིང་འདོད་པའི་སེམས་ནི་རྡོ་བ་ལ་རི་མོ་བྲིས་པ་ལྟར་འཇུག་པ་བརྟན་པོ་ནི་མཆོག་ཡིན་པར་གསུངས་སོ། །འདི་ཡན་ཆད་ཀྱི་དོན་ཇི་ལྟ་བར་སློབ་དཔོན་དཔའ་བོས་ཀྱང་། བསྐལ་པ་སྟོང་དུ་ནས། འཇོམས་པར་ བྱེད། ཞེ་སྡང་དང་མཉམ་སྡིག་པ་མེད། །བཟོད་དང་མཉམ་པའི་དཀའ་ཐུབ་མེད། །དེ་ཕྱིར་འབད་པས་བཟོད་པ་བསྒོམ། །སྣ་ཚོགས་པ་ཡི་ཚུལ་གྱིས་ནི། །ཞི་བའི་ཡིད་ནི་མ་བཟུང་ན། །དགའ་དང་བདེ་བ་མྱོང་མ་ཡིན། །སྡང་བའི་ཟུག་རྔུ་ཡིད་
Page: 517 ༄༅། །གནས་ལ། །གཉིད་མེད་བརྟན་པ་ཡོད་མ་ཡིན། །ཞེ་སྡང་བྲལ་བར་མ་གྱུར་ན། །ཇི་སྲིད་འཚོ་བར་གནོད་དང་བཅས། །ཁྲོ་བ་གཅིག་པུ་བཅོམ་པ་ཡིས། །རྣམ་པར་སྣང་བ་ཐམས་ཅད་བཅོམ། །ཞེས་གསུངས་སོ། །ཁོང་ཁྲོ་སྐྱེད་ བྱེད་ཀྱི་རྒྱུ་དང་དེའི་ཉེས་དམིགས་བསྟན་པ་ནི། དེ་ལ་ཁོང་ཁྲོའི་རྒྱུ་མ་བཟློག་ན་ཁོང་ཁྲོ་བཟློག་མི་ནུས་ཤིང་བཟློག་ཐབས་མེད་པའི་ཕྱིར་དེའི་རྒྱུ་ངོས་གཟུང་ནི། བདག་དང་བདག་གི་བའི་ཕྱོགས་ལ་སྡུག་བསྔལ་སོགས་མི་འདོད་པ་བྱས་པ་དང་བདེ་བ་སོགས་འདོད་པ་འབྱུང་ བ་ཡི་གེགས་བྱས་པ་ལས་བྱུང་བར་གྱུར་པའི་ཡིད་མི་བདེ་བ་དེ་ནི་ཞེ་སྡང་སྐྱེད་བྱེད་དང་འཕེལ་བྱེད་ཀྱི་ཟས་ཡིན་པས་དེ་ལྟ་བུའི་ཡིད་མི་བདེ་བའི་ཟས་མཐུ་ནུས་དང་ལྡན་པ་དེ་འདྲ་རྙེད་པར་གྱུར་ནས་ཉོན་མོངས་པ་ཞེ་སྡང་གི་ལུས་སྟོབས་བརྟས་པའམ་རྒྱས་ཤིང་ནུས་པ་ལྷག་ པར་འཕེལ་ཏེ་བདག་ཉིད་འདི་ཕྱི་ཀུན་ཏུ་འཇོམས་པར་བྱེད་ངེས་ཞེས་ཁོང་ཁྲོའི་རྒྱུ་ཡིད་མི་བདེ་དང་དེའི་ཉེས་དམིགས་བཅས་བསྟན་ལ། དེའང་ཚིག་རྐང་དང་པོ་གཉིས་ཀྱིས་ཡིད་མི་བདེའི་རྒྱུ་དང་། གསུམ་པས་ཡིད་མི་བདེ་རང་དང་ཕྱི་མས་ཡིད་མི་བདེ་དེས་ཁོང་ཁྲོ་ སྐྱེད་པ་བསྟན་ཏོ། །ཁོང་ཁྲོ་འགོག་པའི་ཐབས་ལ། ཁོང་ཁྲོ་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་དང་པོར་གཞོམ་རིགས་པ་ནི། རྒྱུ་ཡིད་མི་བདེ་དེ་ཉིད་འབྲས་བུ་ཉེས་དམིགས་ཅན་གྱི་ཁོང་ཁྲོ་སྐྱེད་བྱེད་ཡིན་པ་དེ་ལྟ་བས་ན་བདག་གི་དགྲ་བོ་མ་རུངས་པ་ཞེ་སྡང་དེའི་ལུས་སྟོབས་རྒྱས་ ཤིང་འཕེལ་བྱེད་ཀྱི་ཟས་ཡིད་མི་བདེ་དེ་ནི་གཉེན་པོའི་སྟོབས་བསྐྱེད་ནས་རྣམ་པར་གཞོམ་པར་བྱ་རིགས་ཏེ། རྒྱུའམ་རྩ་བ་ཡིད་མི་བདེ་དེ་ཉིད་བཅོམ་ན་འབྲས་བུ་ཉེས་པའི་འབྱུང་གནས་ཁོང་ཁྲོ་དེ་ཉིད་འབྱུང་མི་སྲིད་པའི་ཕྱིར། དཔེར་ན། ཟས་བཅད་ནས་དགྲ་གསོད་
Page: 518 པ་བཞིན་ནོ། ཡང་ན་བྱང་སེམས་བདག་གིས་དགྲ་བོ་ཞེ་སྡང་དེའི་ཟས་ནི་རྣམ་པར་གཞོམ་ཞེས་བྱེད་ཚིག་སྦྱར་རོ། །ཞེ་སྡང་ལ་དེ་ཙམ་དགྲར་བལྟ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། འདི་ལྟར་བདག་གི་རྒྱུད་ཀྱི་དགེ་ཚོགས་འཇོམས་ཤིང་ངན་འགྲོའི་སྡུག་བསྔལ་ལ་སྦྱོར་བ་ སོགས་ཀྱི་སྒོ་ནས་དུས་རྟག་ཏུ་བདག་ལ་གནོད་པ་འབའ་ཞིག་བྱེད་པ་ལས་བདག་གི་དགྲ་ཞེ་སྡང་འདི་ལ་ནི་ལས་གཞན་ཅི་ཡང་བྱ་རྒྱུ་མེད་ལ་འཇིག་རྟེན་ཐ་མལ་པའི་དགྲ་གཞན་ལ་ནི་རེས་རང་གི་དགྲ་ལ་གནོད་པ་བྱེད་ཀྱང་རེས་མི་བྱེད་པར་རང་གི་དོན་དུ་བཟའ་བཏུང་སྤྱོད་ པ་གཉིད་ལོག་པ་དགོས་པའི་དོན་གཞན་སྒྲུབ་པ་སོགས་བྱ་བ་གཞན་མང་དུ་ཡོད་པས་ན་ཞེ་སྡང་འདི་ནི་དགྲུའི་ནང་ནས་ཀྱང་དགྲ་གཞན་ལས་ཐུ་བའི་དགྲ་མ་རུངས་པར་ངེས་པ་དེའི་ཕྱིར་རོ། །རྒྱུ་དེ་ཉིད་སྤོང་ཕྱིར་ཡིད་བདེ་སྐྱེད་རིགས་ཀྱི་ཡིད་མི་བདེ་བྱ་མི་རིགས་པ་ནི། དེས་ན་དེང་ཕྱིན་ཆད་ནི་ཡིད་མི་བདེ་གཞོམ་པའི་ཕྱིར་མི་འདོད་པ་བྱེད་པ་དང་འདོད་པའི་གེགས་བྱེད་པ་སོགས་རྐྱེན་ངན་གྱི་གནོད་པ་ཆེན་པོ་ཅི་ལ་བབ་པར་གྱུར་ཀྱང་བླའི་བདག་གིས་ནི་དགའ་ཞིང་བདེ་བའི་ཡིད་ནི་ནམ་ཡང་དཀྲུག་པར་མི་བྱའོ་སྙམ་དུ་དམ་བཅའ་བྱས་ནས་ ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན་རིགས་ཏེ། ཡིད་དགའ་བ་ནི་ཡིད་མི་བདེ་བའི་གཉེན་པོ་ཡིན་པས་བདག་གི་མགོ་བོ་གཅོད་པ་སོགས་མི་འདོད་པ་ཅི་བྱུང་ཡང་ཡིད་དགའ་བཞིན་དུ་གནས་ཐུབ་ན་ཡིད་མི་བདེ་སྐྱེ་བའི་གོ་སྐབས་མེད་པས་དེ་སྐྱེ་མི་སྲིད་ལ་དེ་མ་སྐྱེས་ན་ཁོང་ ཁྲོ་སྐྱེ་མི་སྲིད་པས་སོ། །མི་འདོད་པ་བྱུང་དུས་སུ་ཡིད་དགའ་བར་གནས་པ་མི་རིགས་སོ་ཞེ་ན། རིགས་ཏེ། མི་དགའ་བའམ་ཡིད་མི་བདེ་བ་བྱས་ཀྱང་འདོད་པའི་གེགས་ཡོད་ན་འདོད་པའི་དོན་ཅི་ཡང་མི་འགྲུབ་པས་རང་གི་སེམས་མི་བདེ་བ་ཙམ་དུ་ཟད་ལ་དེར་མ་
Page: 519 ༄༅། །ཟད་ཡིད་མི་བདེ་བ་ལས་ཁོང་ཁྲོ་སྐྱེ་ཞིང་དེས་འདོད་པའི་འབྲས་བུ་འབྱིན་བྱེད་ཀྱི་དགེ་ཚོགས་རྒྱ་ཆེ་བ་དག་ནི་འཇོམས་ཤིང་ཉམས་པར་འགྱུར་བས་སོ། །ཀྱང་གི་སྒྲས་འདོད་པའི་གེགས་མེད་ན་མི་དགའ་བ་མ་བྱས་ཀྱང་འདོད་དོན་འགྲུབ་པ་བསྡུའོ། ། བསླབ་བཏུས་སུ། དེ་ལ་སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པའི་མི་མཐུན་ཕྱོགས་ནི། སྡུག་བསྔལ་གྱིས་འཇིགས་པ་ཉིད་མི་འདོད་པ་བྱུང་བ་དང་ཕྲད་པ་དང་རང་གི་བདེ་བ་ལ་མངོན་པར་ཆགས་པ་ཉིད་འདོད་པའི་གེགས་བྱེད་པ་དང་ཕྲད་པ་སྟེ་དེ་དག་ལས་ ཡིད་མི་བདེ་ཞིང་དེ་ལས་ནི་སྡང་བའམ་ཞུམ་པ་ཉིད་དོ། །དེ་བས་ན་ཟླ་བ་སྒྲོན་མེར། བདེ་བ་ལ་མི་ཆགས་པ་དང་སྡུག་བསྔལ་ལ་མི་སྐྱོ་བའོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་ལས་ཀྱང་། གང་ནང་གི་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ ཡིད་མི་བདེ་བ་དང་འཁྲུགས་པ་དེ་དག་བཟོད་ཅིང་དང་དུ་ལེན་ཏོ། །ཞེས་སོགས་གསུངས་ལ། སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པའི་མི་མཐུན་ཕྱོགས་ཞེས་པ་ནི། སྡུག་བསྔལ་དང་ལེན་གྱི་བཟོད་པའི་མི་མཐུན་ཕྱོགས་ཁོ་ན་ལ་གོ་བར་མི་བྱ་སྟེ། འདིས་བཟོད་པ་ གསུམ་ཀའི་མི་མཐུན་ཕྱོགས་ཁོང་ཁྲོ་སྐྱེད་བྱེད་ཀྱི་རྒྱུ་ཡིད་མི་བདེ་བ་དང་དེའི་རྒྱུ་ཚུལ་མིན་ཡིད་བྱེད་སྐྱེ་ཚུལ་བསྟན་ནས་དེ་འགོག་ཚུལ་བཤད་པ་ཡིན་པས་སོ། །དེས་ན་ལུས་སེམས་ལ་མི་འདོད་པའི་གནོད་པ་གང་བྱུང་བཟོད་པའི་བཟོད་པ་གསུམ་ཀའི་མི་མཐུན་ ཕྱོགས་ཞེས་པའི་དོན་དུ་ཤེས་པར་བྱའོ། །འགྲེལ་ཆེན་དུའང་དེ་ཉིད་དྲངས་ནས། དེ་བས་ན་གལ་ཏེ་བདག་གི་མགོ་གཅོད་ནའང་བདག་གིས་དགའ་བ་དཀྲུགས་པར་མི་བྱའོ་ཁོང་ནས་ལྡང་བར་མི་བྱའོ། །དགའ་བ་ནི་ཡིད་མི་བདེའི་གཉེན་པོ་ཡིན་ཏེ་སྡུག་བསྔལ་
Page: 520 བྱུང་ཡང་སེམས་རབ་ཏུ་དགའ་བ་ལ་ཡིད་མི་བདེ་བའི་གོ་སྐབས་མེད་པའི་ཕྱིར་ཞེས་གསུངས་ལ། དགའ་བ་ནི་ཡིད་བདེ་བའོ་དཀྲུགས་པ་ནི་ཡིད་མི་བདེ་བའོ་ཞེས་དགེ་ལྷའོ། །ཡིད་དགའ་བར་གནས་པ་ནི་བློ་གྲོས་མི་ཟད་པའི་མདོ་ལས་རབ་ཏུ་བསྔགས་ཏེ། དེ་ལ་དགའ་བ་གང་ཞེ་ན། གང་སངས་རྒྱས་ཀྱི་ཆོས་རྣམས་དྲན་པ་དང་རྗེས་སུ་དྲན་པ་ལ་དགའ་བ་དང་དད་པ་དང་མཆོག་ཏུ་དགའ་བ་དང་སེམས་མི་འགོང་ཞིང་མི་བརྫི་བ་དང་ཞེས་སོགས་རྒྱས་པར་གསུངས་སོ། །གཞན་ཡང་རིགས་པས་ལེགས་པར་བརྟགས་ ཤིང་དཔྱད་ན་ཡིད་མི་བདེ་བ་སྐྱེད་མི་རིགས་ཏེ། མི་འདོད་པ་བྱས་པ་དང་འདོད་པའི་གེགས་བྱས་པ་སོགས་ཡིད་མི་བདེ་བ་སྐྱེ་བའི་གནས་དེ་ལ་གལ་ཏེ་ཕྱིར་བཅོས་སུ་ཡོད་ན་ནི་དེ་ལ་མི་དགའ་བར་བྱ་བའི་རྒྱུ་མཚན་ཅི་ཞིག་ཡོད་དེ་ཅི་ཡང་མེད་པས་དེ་མ་ཐག་དེ་ཕྱིར་ བཅོས་པའི་ཐབས་བྱས་པས་ཆོག་པས་དེ་ལ་མི་དགའ་བ་སྤངས་ཏེ་དེ་འཆོས་པའི་ཐབས་ལ་ནན་ཏན་བྱ་རིགས་ལ། གལ་ཏེའམ་འོན་ཏེ་སླར་བཅོས་སུ་མེད་ན་ནི་དེ་ལ་མི་དགའ་བ་བྱས་པས་ཀྱང་ཅི་ཞིག་ཕན་དེ་ཅུང་ཟད་ཀྱང་མི་ཕན་ཏེ་འདས་ཟིན་པས་ཐབས་ཅི་ཡང་ བྱར་མེད་ལ། དེར་མ་ཟད་ཉེས་པའང་ཡོད་དེ་བཟེ་རེ་ཆེ་ན་སྡུག་བསྔལ་ཕྲ་མོས་ཀྱང་ལྷག་པར་གནོད་པས་བཟོད་དཀའ་ལ་བཟེ་རེ་ཆུང་ན་སྡུག་བསྔལ་ཆེན་པོའང་བསྲན་ནུས་པས་སོ། །དེ་ལྟར་རྣམ་པར་དཔྱད་ན་ཡིད་མི་བདེ་བ་བསལ་བ་ཉིད་མཆོག་ཡིན་པས་དེ་ བསལ་བར་རིགས་ཀྱི་རྣམ་པ་ཀུན་ཏུ་ཡིད་མི་བདེ་སྐྱེད་པར་མི་རིགས་སོ། །འདི་ནི་ཡིད་མི་བདེ་བྱ་མི་རིགས་པའི་རྒྱུ་མཚན་སྔ་མ་ལས་གཞན་ཏེ། དེས་ན་གནོད་པ་དང་སྡུག་བསྔལ་ཅི་ཙམ་བྱུང་ཡང་ཡིད་མི་དགའ་བར་མི་བྱེད་པར་མི་འདོད་པ་གང་བྱུང་ལམ་གྱི་
Page: 521 ༄༅། །གྲོགས་སུ་ཤེས་པར་བྱས་ནས་རྐྱེན་ངན་ལམ་དུ་འཁྱེར་བ་ལ་བསླབ་པར་བྱ་རིགས་སོ་ཞེས་པའོ། །གཉིས་བཟོད་པ་སྒོམ་ཚུལ། གཉིས་པ་བཟོད་པ་སྒོམ་ཚུལ་ལ་གཉིས། བཟོད་ཡུལ་ངོས་གཟུང་བ། བཟོད་པ་སྒོམ་པ་དངོས་སོ། །དང་པོ་ནི། བདག་གམ་བདག་གི་ སོགས་ཏེ། བདག་གམ་བདག་གི་མཛའ་བཤེས་ཀྱི་ཕྱོགས་རྣམས་ལ་ལུས་དང་སེམས་ལ་ཡོངས་སུ་གདུང་བ་སྐྱེད་བྱེད་ཀྱི་སྡུག་བསྔལ་དང་། ངན་པ་འདི་ཞེས་ཁྱད་དུ་བསད་དེ་རྙེད་པ་གཅོད་པ་སོགས་ཀྱིས་བརྙས་པ་དང་། དངོས་སུ་གནད་དུ་ཕོག་པས་ཞེ་གཅོད་བྱེད་ ཀྱི་སྨད་ར་གཏོང་བས་ཚིག་རྩུབ་དང་། ལྐོག་ཏུ་གྲགས་པ་མ་ཡིན་པའི་གཏམ་ངན་བརྗོད་པས་མི་སྙན་པ་ཞེས་བྱ་བ་བཞི་པོ་མི་འདོད་དེ། དེ་ལྟ་བུའི་མི་འདོད་པ་བཞི་པོ་བྱས་པ་ན་ཡིད་མི་བདེ་བའི་དབང་ལས་ཁོང་ཁྲོ་སྐྱེ་བ་དང༌། དེ་དག་ལས་བཟློག་པ་བདེ་བ་དང་རྙེད་ བཀུར་དང་དངོས་སུ་བསྟོད་པ་དང་ལྐོག་ཏུ་སྙན་པ་བསྒྲགས་པ་བཞི་པོ་བདག་གམ་བདག་གི་མཛའ་བཤེས་ལ་འོང་བར་འདོད་ལ། དེ་བཞིའི་གེགས་བྱས་པ་ནའང་ཡིད་མི་བདེ་བའི་དབང་ལས་ཁོང་ཁྲོ་སྐྱེ་བ་དང་། དགྲ་ཡི་ཕྱོགས་ལ་འདོད་མི་འདོད་དེ་དག་ལས་བཟློག་ པས་ཏེ་སྡུག་བསྔལ་དང་བརྙས་པ་དང་ཚིག་རྩུབ་དང་མི་སྙན་པ་བཞི་པོ་འབྱུང་བར་འདོད་ལ། དེ་བཞི་འབྱུང་བའི་གེགས་བྱས་པ་ལའང་ཁོང་ཁྲོ་སྐྱེ་བ་དང་། བདེ་བ་དང་རྙེད་པ་དང་བསྟོད་པ་དང་གྲགས་པ་བཞི་པོ་དག་ལ་འབྱུང་བར་མི་འདོད་པ་ལ་དེ་བཞི་བོ་འོང་བའི་ གྲོགས་བྱས་པ་ལའང་ཁོང་ཁྲོ་འབྱུང་བ་ཡིན་ཞེས་སོ། །དེ་ལྟར་ན་མི་འདོད་པ་བཅུ་གཉིས་བྱས་པ་དང་འདོད་པ་བཅུ་གཉིས་ཀྱི་གེགས་བྱས་པ་སྟེ་ཉེར་བཞི་པོ་ནི་ཡིད་མི་བདེ་བ་དང་ཁོང་ཁྲོ་སྐྱེ་བའི་ཡུལ་ལོ། །དེ་ལ་མི་འདོད་པ་བཅུ་གཉིས་ནི། བདག་ལ་སྡུག་
Page: 522 བསྔལ་སོགས་མི་འདོད་པ་བཞི་བྱེད་པ། བདག་གི་བཤེས་ལའང་སྡུག་བསྔལ་སོགས་མི་འདོད་པ་བཞི་བྱེད་པ། བདག་གི་དགྲ་ལ་བདེ་བ་སོགས་མི་འདོད་པ་བཞི་བྱེད་པའོ། །འདོད་པ་བཅུ་གཉིས་ཀྱི་གེགས་ནི། བདག་ལ་བདེ་བ་སོགས་འདོད་པ་བཞི་འབྱུང་ བ་ལ་གེགས་བྱེད་པ། བདག་གི་བཤེས་ལ་བདེ་བ་སོགས་འདོད་པ་བཞི་འབྱུང་བ་ལ་གེགས་བྱེད་པ། བདག་གི་དགྲ་ལ་སྡུག་བསྔལ་སོགས་འདོད་པ་བཞི་འབྱུང་བ་ལ་གེགས་བྱེད་པའོ། །དེ་དག་ནི་ཁོང་ཁྲོ་སྐྱེ་ཡུལ་གྱི་དབྱེ་བ་སྤྱིར་བསྟན་པ་ཡིན་པ་དེའི་ཤུགས་ ལ་དེ་དག་བཟོད་པ་སྒོམ་པའི་ཡུལ་དུ་བྱས་ནས་འོག་ཏུ་འཆད་འགྱུར་ལྟར་གྱི་བཟོད་པ་སྒོམ་རིགས་པའང་དེ་བཞིན་དུ་སྤྱིར་བསྟན་པ་ཡིན་ནོ། །གཉིས་པ་བཟོད་པ་སྒོམ་པ་དངོས་ལ་གཉིས། མི་འདོད་པ་བྱེད་པ་ལ་བཟོད་པ་སྒོམ་པ། འདོད་པའི་གེགས་བྱེད་པ་ ལ་བཟོད་པ་སྒོམ་པའོ། །དང་པོ་ལ་གསུམ། བདག་ལ་མི་འདོད་པ་བྱེད་པ་ལ་བཟོད་པ་སྒོམ་པ། བདག་གི་བཤེས་ལ་མི་འདོད་པ་བྱེད་པ་ལ་བཟོད་པ་སྒོམ་པ། བདག་གི་དགྲ་ལ་ལེགས་པ་བྱེད་པ་ལ་བཟོད་པ་སྒོམ་པའོ། །དང་པོ་ལ་གཉིས། བདག་ ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་སྒོམ་པ། བདག་ལ་བརྙས་སོགས་གསུམ་བྱེད་པ་ལ་བཟོད་པ་སྒོམ་པའོ། །དང་པོ་ལ་གསུམ། སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ལ་ངེས་སེམས་ཀྱི་བཟོད་པ། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་སྒོམ་པའོ། ། དང་པོ་ནི། བདེ་བའི་རྒྱུ་ནི་སོགས་ཏེ། དེ་ལ། སྲིད་པར་སྡུག་བསྔལ་མང་ཞིང་དེ་ངེས་འབྱུང་གི་རྒྱུར་བསྟན་པ་ནི། འཁོར་བ་འདི་ན་བདེ་བ་འབྱུང་བའི་རྒྱུ་ཆོས་དགེ་བ་ལ་འབད་པ་ནི་རེས་འགའ་འབྱུང་ཞེས་ཏེ་བརྒྱ་ལ་འགའ་ཙམ་ཞིག་ལས་མི་འབྱུང་བས་
Page: 523 ༄༅། །རྒྱུ་དཀོན་ཞིང་རྙེད་དཀའ་བ་བཞིན་དུ་འབྲས་བུ་བདེ་བའང་ཤིན་ཏུ་དཀོན་ཞིང་རྙེད་དཀའ་བ་དང་། སྡུག་བསྔལ་འབྱུང་བའི་རྒྱུ་སྡིག་པ་མི་དགེ་བ་རང་གི་ངང་གིས་བྱེད་པ་ནི་ཤིན་ཏུ་མང་དུ་འབྱུང་ལ་དེ་ལྟར་རྒྱུ་མང་བ་བཞིན་དུ་འབྲས་བུ་སྡུག་བསྔལ་ཡང་ ཤིན་ཏུ་མང་པོ་རྒྱུན་ཆགས་པའི་ཚུལ་གྱིས་འབྱུང་བ་ནི་འཁོར་བ་དང་ཟག་བཅས་ཀྱི་ཆོས་ཀྱི་རང་བཞིན་ཡིན་པས་སྡུག་བསྔལ་ཅི་བྱུང་ཡང་ཡིད་མི་བདེ་བ་སྤངས་ཏེ་རྒྱུ་མི་དགེ་བ་རང་གིས་བསགས་པའི་འབྲས་བུ་སྡུག་བསྔལ་༌་རང་ཐོག་ཏུ་འབྱུང་བ་འདི་མི་རིགས་པ་དང་མི་ འོས་པ་ཞིག་མིན་པས་དང་དུ་བླངས་ཏེ་བསྲན་ཚུགས་པར་བྱས་ནས་བཟོད་པ་སྒོམ་རིགས་པའོ། །སྲིད་པའི་རང་བཞིན་སྡུག་བསྔལ་ལས་མ་འདས་པ་ནི། དྲན་ཉེར། འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པ་དང་། བྱམས་ པས། མི་གཙང་བ་ལ་དྲི་ཞིམ་མེད་པ་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། ཅེས་སོགས་ལྟར་རོ། །བདེ་བ་དཀོན་ཡང་དེ་བསྒྲུབ་པར་བྱའི་སྡུག་བསྔལ་ནི་མི་འདོད་དོ་ཞེ་ན། དེ་ལྟར་འཁོར་བའི་རང་བཞིན་སྡུག་བསྔལ་དུ་བསམ་པ་ལ་དགོས་པ་ཡོད་དེ་སྡུག་བསྔལ་རང་ ཉམས་སུ་མྱོང་བ་དང་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་ནས་དེའི་ཉེས་དམིགས་མཐོང་བ་མེད་པར་གྱུར་ན་དེ་ལ་སྐྱོ་ཞིང་ཡིད་འབྱུང་བའི་བསམ་པ་མི་སྐྱེ་ལ། དེ་མ་སྐྱེས་ན་ཐར་པ་དོན་གཉེར་གྱི་ངེས་འབྱུང་གི་བསམ་པ་ཇི་བཞིན་པ་སྐྱེ་བའང་མེད་ཅིང་། དེ་མ་སྐྱེས་ན་ཐར་ པ་ཐོབ་པའི་ཐབས་མེད་ལ། སྡུག་བསྔལ་བསམ་པ་ལ་བརྟེན་ནས་སྡུག་བསྔལ་ཅན་གྱི་འཁོར་བ་ལ་སྐྱོ་བ་སྐྱེ་ཞིང་དེ་ལས་ཐར་པ་ཐོབ་བྱེད་ཀྱི་རྒྱུ་ངེས་པར་འབྱུང་འདོད་ཀྱི་བསམ་པ་སྐྱེ་བའི་རྒྱུ་མཚན་དེ་ལྟ་བས་ན། ཀྭ་ཡེ་སེམས་ཁྱོད་ཀྱིས་ཡིད་མི་བདེ་བསྐྱེད་ནས་
Page: 524 ཁོང་ཁྲོ་མི་སྤེལ་བར་ལས་འབྲས་ལ་ཡིད་ཆེས་ཀྱི་བསམ་པ་བརྟན་པོར་མནོས་ལ་སྡུག་བསྔལ་དང་ལེན་གྱི་བཟོད་པ་བསྒོམ་པ་ལ་འབད་པར་བྱོས་ཤིག་ཅེས་པའོ། །དེ་ལྟར་སྲིད་པའི་རང་བཞིན་སྡུག་བསྔལ་དུ་བསམ་པ་འདི་ལ་བརྟེན་ནས་སྐྱོ་ཞིང་ཡིད་འབྱུང་བའི་ སྒོ་ནས་ཐར་པ་ཚོལ་པ་ལ་འཇུག་པའི་ཕྱིར། དེ་ཉིད་ཐར་པ་ཐོབ་བྱེད་ཀྱི་རྒྱུའི་གཙོ་བོ་ཡིན་ལ། དེ་ལས་གཞན་དུ་དེའི་རང་བཞིན་སྡུག་བསྔལ་དུ་མ་ཤེས་ཤིང་དེ་ལ་ཆགས་ཤིང་ཞེན་པས་ནི་ནམ་ཡང་ཐར་པ་འཐོབ་པར་མི་འགྱུར་རོ། །དེ་ལྟར་མདོ་ལས། འཁོར་བར་ཆགས་ པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །ཞེས་དང་། བཞི་བརྒྱ་པར་ཡང་། གང་ལ་འདིར་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །རང་ཁྱིམ་ལ་བཞིན་སྲིད་པ་ནི། །འདི་ནས་འབྱུང་བའང་བྱ་བ་དཀའ། །ཞེས་དང་། འཕགས་པ་གྲོལ་སྡེས། སྐྱོ་བའི་ སེམས་ལ་བརྟེན་པ་གང་། །འགའ་ཞིག་མྱ་ངན་འདའ་འགྱུར་ཞིང་། །འཇིག་རྟེན་ལེགས་སྙམ་ལ་བརྟེན་ནས། །ལ་ལ་འཁོར་བར་འཁོར་བར་འདོད། །ཞེས་གསུངས། དེ་ལྟར་སྲིད་པའི་གནས་འདིར་སྡུག་བསྔལ་གང་ཡང་རུང་བ་རེ་རྟག་ཏུ་ཤས་ཆེར་འབྱུང་བས་དེ་དང་དུ་ བླངས་ནས་ལམ་དུ་འཁྱེར་ཐབས་ཤེས་པ་ཞིག་ཅི་ནས་ཀྱང་གལ་ཆེ་སྟེ། དེ་ལས་གཞན་དུ་སྡུག་བསྔལ་བྱུང་བའི་ཚེ་ཡང་ན་དེ་ལ་བརྟེན་ནས་ཡིད་མི་བདེ་སྐྱེ་ཞིང་དེས་ཞེ་སྡང་སྐྱེད་ལ་ཡང་ན་ལམ་ཉམས་སུ་ལེན་པ་ལ་སོ་ཤི་བའི་ཞུམ་པ་སྐྱེས་ནས་དེས་ལམ་སྒོམ་པ་ལ་ བར་དུ་གཅོད་པར་བསླབ་བཏུས་སོགས་སུ་གསུངས་ལ། དེའང་སྡུག་བསྔལ་འགའ་ཞིག་ནི་སྔོན་ལས་ཀྱིས་བསྐྱེད་པ་དང་འགའ་ཞིག་ནི་གཞན་གྱིས་གནོད་པ་བྱས་པ་སོགས་འཕྲལ་རྐྱེན་གྱིས་བསྐྱེད་པའང་ཡོད་ལ། ཁ་ཅིག་ནི་ཆོས་ལམ་ལ་ཞུགས་ན་འབྱུང་
Page: 525 ༄༅། །ལ་དེར་མ་ཞུགས་ན་མི་འབྱུང་བའང་ཡོད་དོ། །དེ་ལ་སྔ་མ་གཉིས་ནི་གང་ལྟར་ཡང་ངེས་པར་འབྱུང་བས་རེ་ཞིག་བཟློག་མི་ནུས་པས་དེ་དག་ནི་དང་དུ་ལེན་དགོས་ཏེ། དང་ལེན་མེད་ན་སྡུག་བསྔལ་གཞིར་གནས་དེ་རང་གི་སྟེང་དུ་ཡིད་མི་ བདེའི་རྣམ་རྟོག་གིས་བསྐྱེད་པའི་སེམས་ཁྲལ་གྱི་སྡུག་བསྔལ་བསྣན་ནས་ཤིན་ཏུ་བཟོད་དཀའ་བར་འགྱུར་ལ། སྡུག་བསྔལ་དང་ལེན་ཡོད་ན་སྡུག་བསྔལ་གཞི་གཞག་དེ་མ་ལོག་ཀྱང་ཡིད་མི་བདེས་བསྐྱེད་པའི་སེམས་ཁྲལ་གྱི་སྡུག་བསྔལ་དེ་གཏན་མེད་སྡུག་བསྔལ་ ཁོ་རང་དང་སྡུག་བསྔལ་གཞན་ཡང་ལམ་དུ་འཁྱེར་ཐབས་བྱས་པས་སྡུག་བསྔལ་ཇེ་ཆུང་དུ་སོང་ནས་བཟོད་མི་དཀའ་བར་འགྱུར་བ་དང་། ཆོས་ཕྱིར་དཀའ་སྤྱད་ལྟ་བུའི་སྡུག་བསྔལ་བ་ལའང་སྔར་བཤད་ལྟར་འཇིག་རྟེན་ན་དོན་མེད་པའི་སྡུག་བསྔལ་སོགས་ ལའང་བཟོད་པར་བྱེད་ན་རང་གཞན་གྱི་དོན་ཆེན་པོ་འགྲུབ་བྱེད་ཀྱི་སྡུག་བསྔལ་ཅིའི་ཕྱིར་མི་བཟོད་སྙམ་པའི་སྒོ་ནས་ལམ་དུ་འཁྱེར་ཤེས་པ་ཞིག་མེད་དུ་མི་རུང་བ་ཡིན་པས་གསུངས་སོ། །དེས་ན་སྡུག་བསྔལ་དང་ལེན་གྱི་བཟོད་པ་སྐྱེད་པ་འདི་གནད་ཤིན་ཏུ་ཆེ་ ཞིང་ཉམས་ལེན་གྱི་འགག་སྡོམ་ཆེན་པོ་ཡིན་པའི་ཚུལ་ཤེས་པར་བྱའོ། །དོན་ཆེན་པོ་སྒྲུབ་ཕྱིར་བཟོད་རིགས་པ་དཔེས་བསྟན་པ་ནི། ལྷ་དབང་ཕྱུག་ཆེན་པོ་དཀའ་ཐུབ་ལ་གནས་པ་ན་ལྷ་རྣམས་ཀྱིས་ལྷ་མོ་ཨུ་མར་སྤྲུལ་ནས་དཀའ་ཐུབ་ལས་བཟློག་པས་དཀའ་ བཟློག་སྟེ་དེ་དད་པ་དང་། ཡུལ་ཀཎ་ཌ་པ་དག་ཟླ་བ་གཟས་པའི་དུས་བསོད་ནམས་འདོད་པས་མེར་བསྲེགས་པ་དང་མཚོན་གྱིས་གཅོད་པ་སོགས་བྱེད་དོ་ཞེས་རྔོག་ལོ་གསུངས་པར་བཤད་ལ། རྒྱ་དཔེར་རྫོང་མོའི་བུ་པ་ཞེས་འབྱུང་ཞིང་དེ་ལ་རྫོང་གཏུམ་
Page: 526 མ་ནི་ལྷ་མོ་ཙཎྜི་ཀ་སྟེ་དེའི་བུ་ལ་ལྷར་འཛིན་པ་དག་གིས་སྟོན་ཟླ་འབྲིང་པོའི་ཚེས་དགུའི་དུས་ལ་སོགས་པར་ཞག་གསུམ་མམ་ཞག་གཅིག་སྨྱུང་གནས་བྱས་ནས་རང་གི་ལུས་སྦྱིན་སྲེག་གི་མེར་བསྲེག་པ་དང་ཡན་ལག་གཅོད་པ་དང་འབིགས་པར་བྱེད་པའི་ སྡུག་བསྔལ་གྱི་ཚོར་བ་བཟོད་པར་བྱེད་ལ། །ལྷོ་ཕྱོགས་ཀྱི་ཡུལ་ཀཎ་ཌ་པ་དག་རང་གི་མིང་ཡིག་གཞན་གྱི་ཐོག་མར་བྲི་བའི་ཆེད་དུ་ང་རྒྱལ་གྱིས་ཕན་ཚུན་འགྲན་ནས་ལུས་བསྲེགས་པ་དང་བཅད་པས་སྡུག་བསྔལ་མྱོང་བར་བྱེད་ཅིང་སྲོག་ཀྱང་འདོར་བར་བྱེད་ཅེས་ པ་ནི་གཙོ་བོར་འགྲེལ་ཆེན་ལྟར་ཡིན་ལ། ཡང་དབང་ཕྱུག་གི་དཀའ་ཐུབ་བཟློག་ཅིང་ཉམས་པར་བྱེད་པའི་ལྷ་མོ་ཨུ་མ་ལ་དད་པ་དག་གིས་དེ་མཆོད་ཕྱིར་སྟོན་འབྲིང་གི་ཚེས་དགུའི་དུས་སོགས་ཞག་གཅིག་གམ་གསུམ་དུ་ཟས་བཅད་ནས་རང་གི་ལུས་བསྲེགས་ པ་དང་བཅད་པ་སོགས་བྱེད་པ་དང་། ཡུལ་ཀཎ་ཌ་པ་དག་ཕན་ཚུན་འགྲན་པའི་ཆེད་ལུས་བསྲེགས་པ་དང་བཅད་པ་སོགས་བྱེད་ཅེས་དང་། ཀཎ་ཌ་པ་ན་གནས་པའི་ཕྱི་རོལ་པ་ཁ་ཅིག་ཚངས་པ་ཐོབ་པར་འདོད་པས་ཉི་ཟླ་གཟས་ཟིན་ཚེ་རང་གི་མགོ་གཅོད་པ་ སོགས་བྱེད་ཅེས་འགྲེལ་པ་རྣམས་ལས་འཆད་ཚུལ་ཅུང་ཟད་མི་འདྲ་བ་བྱུང་ལ། གཞན་ཡང་ལོག་པའི་བཤེས་གཉེན་གྱིས་བསླུས་པ་དག་ལམ་ངན་པ་མེ་ལྔ་བསྟེན་ཅིང་བསྲེགས་པ་དང་མདུང་རྩེ་གསུམ་ལ་མཆོངས་ཏེ་གཅོད་པ་སོགས་ཀྱི་སྒོ་ནས་རང་ལ་སྡུག་ བསྔལ་གྱི་ཚོར་བ་དྲག་པོ་བྱེད་པ་ནི་དགོས་པའི་དོན་ཅི་ཡང་མེད་བཞིན་དུ་ཡང་བཟོད་པར་བྱེད་ན་དོན་ཆེན་པོ་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐར་པ་ཡི་མཆོག་ཤིན་ཏུ་དཀོན་པའི་སངས་རྒྱས་ཉིད་ཀྱི་གོ་འཕང་བླ་མེད་སྒྲུབ་པའི་དོན་དུ་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་
Page: 527 ༄༅། །ལ་སློབ་པའི་ས་དུས་ཀྱི་དཀའ་སྤྱད་ལ་བདག་ཀོ་ཅིའི་ཕྱིར་སྐྲག་ཅིང་སྔར་ནས་མི་བཟོད་པ་བྱེད་པ་མི་རིགས་པས་དགའ་ཞིང་སྤྲོ་བ་བསྐྱེད་དེ་དང་དུ་བླངས་ནས་བཟོད་པར་བྱ་རིགས་སོ། །དེའང་རྒྱལ་སྲས་སེམས་དཔའ་ཆེན་པོ་སྙིང་རྗེ་ ཅན་རྣམས་ནི་གཞན་དོན་དུ་འགྱུར་བ་མཐོང་ན་མནར་མེད་ཀྱི་སྡུག་བསྔལ་ལའང་དགའ་བར་འཛིན་པ་དེ་འདྲ་བ་ཡིན་ན་སེམས་ཅན་རྣམས་སྡུག་བསྔལ་ལས་བསྐྱབ་པའི་ཕྱིར་ལམ་ཉམས་སུ་ལེན་པའི་དུས་ཀྱི་དཀའ་སྤྱད་ཀྱི་སྡུག་བསྔལ་སོགས་གཞན་དོན་གྱི་ རྟེན་ཅན་གྱི་སྡུག་བསྔལ་བྱུང་བ་རྣམས་ཀྱིས་འཇིགས་ཤིང་ཞུམ་པར་ག་ལ་འགྱུར་ཏེ་མི་འགྱུར་བར་སྤྲོ་བས་དང་དུ་ལེན་པར་བྱེད་དེ། རྒྱན་ལས། གཞན་དོན་བརྩོན་ལྡན་སྙིང་རྗེའི་བདག་ཉིད་འདི། །གང་ཚེ་མནར་མེད་པར་ཡང་དགར་འཛིན་པ། །དེ་འདྲ་བ་ དག་སྲིད་ན་གཞན་རྟེན་ཅན། །སྡུག་བསྔལ་འབྱུང་བ་རྣམས་ཀྱིས་ག་ལ་འཇིགས། །ཞེས་གསུངས་སོ། །ཆུང་རིམ་ནས་གོམས་ན་བཟོད་སླ་བར་བསྟན་པ་ནི། སྡུག་བསྔལ་ཆུང་ངུ་ཡིན་ན་བཟོད་ནུས་ཀྱང་སྡུག་བསྔལ་ཆེན་པོ་བཟོད་མི་ནུས་སོ་སྙམ་ན། རིམ་ གྱིས་གོམས་ན་སྡུག་བསྔལ་ཆེན་པོའང་བཟོད་པར་འགྱུར་ཏེ། །སེམས་ཀྱི་འཛིན་སྟངས་ཐམས་ཅད་གོམས་པའི་རྩ་བ་ཅན་ཡིན་པས་བསྟན་བཅོས་དང་བཟོ་དང་སྒྱུ་རྩལ་༌་སོགས་བསླབ་བྱའི་གནས་གང་དང་གང་ཡང་ཐོག་མར་གོམས་པའི་དུས་སུ་དཀའ་དཀའ་ འདྲ་བའང་ཕྱིས་གོམས་པར་གྱུར་ན་སླ་བར་མི་འགྱུར་བའི་ཆོས་ཀྱི་དངོས་པོ་དེ་དང་དེ་དག་ནི་གང་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་ནོ། །རྒྱུ་མཚན་དེ་བས་ན་སྡུག་བསྔལ་དང་དུ་ལེན་འདོད་ཀྱི་བསམ་པ་སྙིང་སྟོབས་ཆེན་པོའི་གོ་ཆ་བཟུང་ནས་གཞན་གྱི་ཚིག་རྩུབ་དང་
Page: 528 ཚ་གྲང་ལ་སོགས་པའི་གནོད་པ་དང་སྡུག་བསྔལ་ཆུང་རིམ་དང་བསྲེས་ཀྱིན་དང་དུ་བླངས་ནས་བཟོད་པ་གོམས་པར། བྱས་པས་ཕྱིས་ནི་སྡུག་བསྔལ་དང་ལེན་གྱི་བཟོད་པའི་སྟོབས་ཇེ་རྒྱས་སུ་གྱུར་ནས་མགོ་དང་ཡན་ལག་གཅོད་པ་སོགས་ཀྱི་གནོད་པའང་བཟོད་ པ་དང༌། དེ་ནས་ཡང་གོམས་ན་དམྱལ་སོགས་ཀྱི་གནོད་པ་ཆེན་པོའང་བཟོད་པར་འགྱུར་བའི་ཚུལ་ཤེས་པར་བྱོས་ཤིག་ཅེས་སམ་བཟོད་པར་བྱའོ་ཞེས་པའོ། །དེ་ལྟར་ཀླུ་སྒྲུབ་ཀྱིས། ལུས་ཅན་རྣམས་ཀྱི་སྐྱོན་ཡོན་ནི། །ཐམས་ཅད་གོམས་པའི་རྩ་བ་ཅན། ། གོམས་པའང་རང་ལ་རག་ལས་པས། །དེ་བས་ཡོན་ཏན་གོམས་པ་མཆོག ། ཅེས་དང་། བསླབ་བཏུས་ལས་ཀྱང་། དེ་ལ་སྡུག་བསྔལ་ཆུང་ངུ་ལ་གོམས་པར་བྱ་བ་སྔོན་དུ་བཏང་ན་དཀའ་བ་དང་ཤིན་ཏུ་དཀའ་བ་ལ་གོམས་པ་འགྲུབ་སྟེ། དཔེར་ན། གོམས་ པའི་དབང་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་དེ་བཞིན་དུ་སྡུག་བསྔལ་བྱུང་བ་ཐམས་ཅད་ལ་བདེ་བར་འདུ་ཤེས་ཉེ་བར་བཞག་པ་གོམས་པས་བདེ་བའི་འདུ་ཤེས་ཉིད་དུ་ཉེར་བར་གནས་པར་འགྱུར་རོ། །འདིའི་རྒྱུ་མཐུན་པའི་ འབྲས་བུ་ནི་ཆོས་ཐམས་ཅད་བདེ་བས་ནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པ་ཡིན་ནོ། །ཡབ་སྲས་མཇལ་བའི་མདོ་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བདེ་བར་འགྲོ་བར་ཞེས་བགྱི་བའི་ཏིང་ངེ་འཛིན་མཆིས་ཏེ། ཏིང་ངེ་འཛིན་དེ་གང་གིས་ཐོབ་ པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དམིགས་པའི་དངོས་པོ་ཐམས་ཅད་ལ་བདེ་བའི་ཚོར་བ་ཤ་སྟག་མྱོང་བར་འགྱུར་ཞིང་། སྡུག་བསྔལ་གྱི་ཚོར་བ་མི་མྱོང་ལ་སྡུག་བསྔལ་ཡང་མ་ལགས་བདེ་བ་ཡང་མ་ལགས་པ་ཡང་མི་མྱོང་སྟེ། དེ་ལ་སེམས་
Page: 529 ༄༅། །ཅན་དམྱལ་བའི་གནོད་པས་གནོད་པར་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང་། མིའི་གནོད་པས་གནོད་པ་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པ་དང་། ལག་པ་བཅད་དམ་རྐང་པའམ་རྣ་བའམ་ སྣ་གཏུབས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང་ཞེས་སོགས་དང་། ཀན་པ་ཎ་ཙམ་དུ་གཏུབས་སམ་འབྲས་ཕྱེ་བཙོ་བ་ལྟར་བཙོས་སམ་གླང་པོ་ཆེ་རྣམས་ཀྱང་བརྫིས་ཀྱང་བདེ་བའི་འདུ་ཤེས་འཇུག་གོ་ཞེས་སོགས་རྒྱ་ཆེར་དྲངས་པ་ལྟར་ཡིན་ལ། དེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པའི་རྒྱུ་ནི། བྱང་སེམས་དེས་སྔོན་སྤྱད་པ་སྤྱོད་པའི་ཚེ། གང་གིས་བདག་ལ་ཁ་ཟས་བྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག ཅེས་སོགས་ཀྱི་སྨོན་ལམ་བཏབ་པས་ཡིན་པར་གསུངས་སོ། །དེ་བཞིན་དུ་གོམས་ ན་མི་དཀའ་བ་ནི། དཔེར་ན། སེར་སྣ་ཅན་རྣམས་ཀྱང་གོམས་པའི་དབང་གིས་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་བཞིན་ནོ་ཞེས་འགྲེལ་ཆེན་དུ་བཤད་ལ། ཡང་དེ་ནི། དཔེར་ན། བློན་པོ་ཀོ་ར་བ་ཞེས་པ་ཐོག་མར་སྟན་རིམ་པ་མང་པོའི་འོག་ན་ཡུངས་འབྲུ་ཡོད་པའི་ རྩུབ་པ་མི་བཟོད་པའང་ཕྱིས་ཚེར་མ་ཅན་གྱི་ཤིང་ཁུར་ཆེན་པོ་ཡང་ཁུར་བཟོད་པ་ལྟ་བུའོ་ཞེས་བུ་སྟོན་གསུང་ངོ་། །གནོད་པ་ཆུང་རིམ་ནས་ཇི་ལྟར་གོམས་ཚུལ་ནི། དེ་ལ་གོམས་པར་བྱ་བའི་གནོད་པ་ཆུང་ངུ་དེ་གང་ཞེ་ན། སྦྲུལ་དང་ཤ་སྦྲང་དག་གིས་ལུས་ལ་ རྨུགས་པའི་གནོད་པ་དག་དང་ནི་བཀྲེས་སྐོམ་དང་ཚ་གྲང་དང་ངལ་དུབ་ལ་སོགས་པའི་ཚོར་བ་སྡུག་བསྔལ་དང་ནད་མེ་དབལ་དང་གཡན་པ་ཟ་ཞིང་འཕྲུག་པ་ལ་སོགས་པ་དང་བཅས་པ་ཡི་དོན་དང་དགོས་པ་ཅུང་ཟད་ཙམ་ཡང་མེད་པའི་སྡུག་བསྔལ་མང་པོ་ཞིག་
Page: 530 ཀྱང་གོམས་ན་དེ་ཙམ་བཟོད་མི་དཀའ་བའི་དབང་གིས་དེ་དག་རྒྱུན་པར་བཟོད་པར་བྱ་དགོས་པའང་ཅིས་མ་མཐོང་སྟེ་མངོན་སུམ་མཐོང་ན། དོན་ཆེན་པོ་གཞན་དོན་དུ་རྫོགས་བྱང་སྒྲུབ་པའི་ཕྱིར་ལམ་ལ་སློབ་པའི་ཚེ་ཚ་བ་དང་གྲང་བ་དང་ཆར་བ་དང་རླུང་དང་ངལ་ དུབ་སོགས་ཀྱི་གནོད་པ་དང་འབྱུང་འཁྲུགས་ཀྱི་ནད་དང་ཐག་པ་སོགས་ཀྱིས་འཆིང་བ་དང་དབྱུག་པ་ལ་སོགས་པས་བརྡེག་པ་དང་མཚོན་གྱིས་གཅོད་པ་ལ་སོགས་པའི་སྡུག་བསྔལ་རྣམས་ལ་བདག་གིས་བཟེ་རེའམ་བཟོད་སྲན་ཆུང་བར་མི་བྱ་སྟེ། དེ་ལྟར་བྱས་ ན་གནོད་པ་དང་སྡུག་བསྔལ་ལྷག་པར་འཕེལ་བར་འགྱུར་ཏེ་བཟོད་སྲན་ཇེ་ཆུང་ལ་སོང་བས་སོ། །ཡང་གནོད་པ་འཕེལ་ཞེས་པ་བཟེ་རེ་བྱས་ན་གནོད་པའི་རྒྱུ་ཁོང་ཁྲོ་འཕེལ་བའི་སྐྱོན་ཡོད་ཅེས་བཤད་ཀྱང་འདྲའོ། །དེ་ལས་གཞན་དུ་བཟོད་སྲན་ཆེ་བར་བྱས་ ནས་སྡུག་བསྔལ་ཐམས་ཅད་ལ་བདེ་བའི་འདུ་ཤེས་གོམས་པར་བྱས་པ་ལ་དེའི་རྒྱུ་མཐུན་གྱི་འབྲས་བུ་ཆོས་ཐམས་ཅད་ལ་བདེ་བས་ནོན་པའི་ཏིང་ངེ་འཛིན་༌་ཐོབ་ལ། དེ་ཐོབ་པ་ན་ལུས་དུམ་བུ་མང་པོར་བཅད་དམ་དམུལ་སོགས་ཀྱི་སྡུག་བསྔལ་གྱིས་གཙེས་ཀྱང་བདེ་བའི་ འདུ་ཤེས་ཁོ་ན་འཇུག་པ་གོང་དུ་བཤད་པ་ལྟར་དང་། གཞན་ཡང་གོམས་ན་སླ་བར་མི་འགྱུར་བ་མེད་པ་ནི། རྒྱུད་ལས། དངོས་པོ་གང་དང་གང་དག་ལ། །ཡིད་ནི་ཡོངས་སུ་སྦྱོར་བྱེད་པ། །དེ་ནི་དེ་ཡི་དངོས་འགྱུར་ཏེ། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། ། ཞེས་དང༌། ངག་དབང་གྲགས་པས་ཀྱང་། གུས་པ་ལ་སོགས་ཁྱད་པར་གྱིས། །རྒྱུན་དུ་གོམས་པ་གང་ཡིན་པ། །དེ་དང་དེ་ནི་གསལ་འགྱུར་ཏེ། །འདོད་དང་མྱ་ངན་བློ་དང་མཚུངས། །རྟག་ཏུ་འབབ་ན་ཆུ་རྒྱུན་འཇམ་པོས་ཀྱང་། །དུས་སུ་རྡོ་ལེབ་
Page: 531 ༄༅། །དག་ཀྱང་རྣམ་པར་འབིགས། །བརྐོས་པར་གྱུར་ན་ས་ལས་ཆུ་འབྱུང་ཞིང་། །གཙུབས་པར་གྱུར་ན་ཤིང་ལས་མེ་འབྱུང་འགྱུར། །མིས་ནི་རྩོལ་བར་བྱས་ལ་མི་འགྲུབ་མེད། །ཅེས་པ་ལྟར་རོ། །སྦྲུལ་དང་སོགས་ཚིགས་བཅད་གཉིས་ཀྱིས་ སྔ་མས་གོམས་ན་བཟོད་སླ་བའི་དཔེ་དང་ཕྱི་མས་གང་ལ་གོམས་པར་བྱ་བའི་སྡུག་བསྔལ་བ་ཡིན་ནོ། །གོམས་མ་གོམས་ལས་བཟོད་སྟོབས་ཆེ་ཆུང་འོང་བ་དཔེས་བསྟན་པ་ནི། དཔེར་ན། གཡུལ་འགྱེད་པའི་ཚེ་སྐྱེས་བུ་དཔའ་བོ་ལ་ལ་བདག་གི་ལུས་ལ་གཞན་ གྱིས་མཚོན་བསྣུན་པ་ལས་རང་གི་ཁྲག་འབབ་པ་མཐོང་ན་ཕ་རོལ་གནོན་པའི་སྙིང་སྟོབས་སམ་དཔའ་བརྟན་ལྷག་པར་གོང་འཕེལ་དུ་སྐྱེ་བར་འགྱུར་བ་ཡོད་ལ། སྐྱེས་བུ་སྡར་མ་ལ་ལ་གཞན་གྱི་ལུས་རྨས་པ་ལས་ཁྲག་ཅུང་ཟད་ཟགས་པ་མཐོང་བ་ཙམ་ན་ ཡང་ཤི་ལ་ཐུག་པ་ལྟར་འཇིགས་ཤིང་སྐྲག་ནས་བོག་ཅིང་འཐོམས་ཏེ་དྲན་མེད་དུ་བརྒྱལ་ཏེ་འགྱེལ་འགྲོ་བར་འགྱུར་བའང་ཡོད་དོ། །དེ་གཉིས་ཀྱི་ཁྱད་པར་དེ་ལྟར་འབྱུང་བ་ནི་རིམ་པ་ལྟར་སེམས་ཀྱི་ངང་རྒྱུད་དཔའ་ཞིང་བརྟན་པ་ལ་གོམས་པས་བཟོད་སྟོབས་ཆེ་ བ་དང་། དཔའ་བརྟན་ལ་མ་གོམས་ཤིང་སྐྲག་ཅིང་སྡར་མའི་ངང་ཚུལ་གོམས་པ་ལས་གྱུར་པས་བཟོད་སྟོབས་ཆུང་བ་ཡིན་གྱི། དེ་གཉིས་ཀྱི་ལུས་ལ་སྲ་སྙི་ཡོད་པ་དང་གནོད་བྱེད་ཕ་རོལ་པོ་དང་མཚོན་ཆ་སོགས་ཀྱི་ནུས་སྟོབས་ལ་ཆེ་ཆུང་ཡོད་པའི་ཁྱད་པར་གྱིས་ དེ་ལྟར་བྱུང་བ་ནི་མ་ཡིན་ནོ། དེས་ན་སྡོང་བོ་བཀོད་པ་ལས། བུ་མོ་ཁྱོད་ཀྱིས་ཉོན་མོངས་པ་གཞོམ་པའི་ཕྱིར་དུ་ཐུབ་པར་དཀའ་བའི་སེམས་བསྐྱེད་པར་བྱའོ། །མངོན་པར་ཞེན་པ་ཐམས་ཅད་གཞོམ་པའི་ཕྱིར་གཞན་གྱིས་མི་ཐུབ་པའི་སེམས་བསྐྱེད་པར་བྱའོ། །
Page: 532 ཞེས་དང༌། དྲག་ཤུལ་ཅན་གྱིས་ཞུས་པར། ཤིང་བལ་གྱི་འདབ་མ་ལྟ་བུའི་སེམས་དང་བྲལ་བར་བྱའོ་ཞེས་གསུངས་པ་ལྟར། དང་པོ་ནས་སྙིང་སྟོབས་མ་ཆུང་བ་བསྐྱེད་ནས་བློ་བརྟན་པར་བྱས་ན་སྡུག་བསྔལ་ཆེན་པོ་ཡང་གྲོགས་སུ་འགྲོ་བས་བཟོད་མི་ ནུས་པ་གང་ཡང་མེད་ལ། དེ་ལྟ་མིན་པར་དང་པོ་ནས་ངས་འདི་འདྲ་ག་ལ་བཟོད་ཟེར་ནས་རང་ཁྱད་དུ་བསད་ན་སྡུག་བསྔལ་ཆུང་ངུས་ཀྱང་ལམ་ལ་སློབ་པ་ལས་ལྡོག་པའི་རྐྱེན་དུ་འགྱུར་བའང་ཡོད་པར་གསུངས་སོ། །དོན་བསྡུས་ཏེ་གནོད་པས་མི་ཚུགས་པར་ བྱ་བར་གདམས་པ་ནི། སྙིང་སྟོབས་སམ་དཔའ་བརྟན་བསྐྱེད་ན་སྡུག་བསྔལ་གྱིས་མི་ཚུགས་པས་སྡུག་བསྔལ་ཆེན་པོས་ཀྱང་གདུང་བར་མི་འགྱུར་ཞིང་༌། སྙིང་སྟོབས་ཆུང་ཞིང་སྡར་ན་དོན་མེད་པར་ཡང་སྡུག་བསྔལ་བར་འགྱུར་བ་དེ་ལྟ་བས་ན་སྙིང་སྟོབས་ཆེ་ཞིང་ བརྟན་པོར་བསྐྱེད་ནས་གཞན་དོན་དུ་བྱང་ཆུབ་སྒྲུབ་པའི་ཕྱིར་དུ་གནོད་པ་དང་སྡུག་བསྔལ་གང་བྱུང་ཐམས་ཅད་ཕར་ཟིལ་གྱིས་མནན་ནས་ཁྱད་དུ་བསད་ཅིང་། ཆོས་ཕྱིར་དཀའ་སྤྱད་ཀྱི་སྡུག་བསྔལ་ཅི་ཙམ་བྱུང་ཡང་ནི་དེ་རྣམས་ཀྱིས་རང་ལ་མི་ཚུགས་པར་བྱོས་ ཞེས་ཏེ་ཚུར་ཟིལ་གྱིས་གནོན་མི་ནུས་པར་མི་སྒུལ་བའི་སེམས་སུ་གྱིས་ཤིག དེ་ལྟར་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་སྒོམ་ཚུལ་ལ་མཁས་པས་ཐེག་ཆེན་གྱི་ལམ་སྒྲུབ་པའི་སྐབས་སུ་གནོད་པ་དང་སྡུག་བསྔལ་ཅི་ཙམ་བྱུང་ཡང་ནི་ཉམ་ང་མེད་ པར་ཐམས་ཅད་བཟོད་པར་བྱས་ནས་སེམས་རྒྱུད་ཀྱི་རབ་ཏུ་དང་ཞིང་དགའ་བ་དེ་ཉིད་ཡིད་མི་བདེ་བ་དང་ཁོང་ཁྲོའི་སྐྱོན་གྱིས་དཀྲུག་སྟེ་རྟོག་པར་བྱས་ནས་ཉམས་པར་མི་བྱའོ། །དེའང་གནོད་པ་དང་སྡུག་བསྔལ་ལ་བཟེ་རེ་ཇི་ཙམ་བྱས་པ་དེ་ཙམ་གྱིས་ཡིད་མི་བདེ་
Page: 533 ༄༅། །འཕེལ་བས་འདིར་གདུང་ལ་དེ་ལ་བརྟེན་ནས་རྒྱུད་འཁྲུགས་པའི་ཞེ་སྡང་འཕེལ་བས་ཕྱི་མར་འདི་བས་བསྐྲུན་དུ་མེད་པའི་གདུང་བ་སྐྱེད་པའི་ཕྱིར་མཁས་པས་སྡུག་བསྔལ་ལ་མི་བཟོད་པའི་བློ་བསྐྱེད་པར་མི་བྱའོ་སྙམ་སེམས་ཀྱི་སྟོབས་ བསྐྱེད་ནས་བསྒོམ་པར་བྱ་དགོས་ཏེ་སྙིང་སྟོབས་བསྐྱེད་ན་སྡུག་བསྔལ་ཆེན་པོས་ཀྱང་མི་ཚུགས་པར་བཤད་མ་ཐག་པ་དེའི་ཕྱིར་རོ། བསླབ་བཏུས་ལས། དེ་ལྟ་བས་ན་རྟག་ཏུ་དགའ་བར་བྱ་སྟེ། ཟླ་བ་སྒྲོན་མེའི་མདོ་ལས། གུས་དང་བཅས་ཤིང་ཡིད་ནི་རྟག་ཏུ་དགའ་ བར་བྱ། །ཞི་བའི་ལྟ་བ་ལ་ནི་རྟག་ཏུ་གནས་པར་བྱ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཞེས་སོགས་རྟག་ཏུ་ཡིད་བདེ་སྒོམ་དགོས་པའི་ཚུལ་མང་དུ་གསུངས་སོ། །ཉོན་མོངས་སྤོང་སྐབས་ཀྱི་སྡུག་བསྔལ་དང་དུ་བླངས་པའི་ཕན་ཡོན་ནི། ལམ་ཉམས་སུ་ལེན་ པའི་སྐབས་སུ་སྤུང་བྱ་ཁོང་ཁྲོ་སོགས་ཉོན་མོངས་པའི་དགྲ་རྣམས་དང་དེ་འཇོམས་བྱེད་ཀྱི་གཉེན་པོར་གནོད་པ་དང་སྡུག་བསྔལ་སོགས་གང་ལའང་བསྲན་ནུས་པའི་བཟོད་པའི་སྟོབས་ཁྱད་པར་ཅན་བསྐྱེད་ནས་སྤང་གཉེན་ཕན་ཚུན་གཡུལ་འགྱེད་པ་ལ་བརྩོན་པར་བྱ་ དགོས་ལ། གཡུལ་འགྱེད་པའི་ཚེ་ན་གནོད་པ་དང་སྡུག་བསྔལ་ཤིན་ཏུ་མང་པོ་འབྱུང་བ་ཆོས་ཉིད་ཡིན་མོད་ཀྱང་། རང་གཞན་གྱི་དོན་ཆེན་པོ་འགྲུབ་བྱེད་ཀྱི་རྒྱུར་གྱུར་པའི་ལུས་སེམས་ཀྱི་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་ཉོན་མོངས་པ་ཞེ་སྡང་ལ་སོགས་པའི་ དགྲ་མ་རུངས་པ་དེ་ཐམས་ཅད་འཇོམས་པར་བྱེད་པ་དེ་དག་ནི་ཉོན་མོངས་པའི་དགྲའི་གཡུལ་ངོར་རྒྱལ་བར་བྱེད་པའི་དཔའ་བོ་ཆེན་པོ་ཟླ་མེད་པ་མཆོག་ཏུ་གྱུར་པ་ཞེས་བྱ་སྟེ། དཔེར་ན། འཐབ་མོ་བྱེད་པའི་ཚེ་ཕ་རོལ་གྱི་མཚོན་ཕོག་པའི་སྡུག་བསྔལ་ཁྱད་དུ་བསད་ནས་དགྲ་
Page: 534 གསོད་ནུས་པ་ལ་འཇིག་རྟེན་ན་དཔའ་བོ་ཞེས་བརྗོད་པ་བཞིན་ནོ། །འདིར་རྒྱུ་དཔེར། གང་ཞིག་བྲང་དུ་མཚོན་ཕོག་བཞིན། །དགྲ་ལས་ཕྱིར་ཞིང་རྒྱལ་འདོད་པ། །དེ་དེ་རྣམ་རྒྱལ་དཔའ་བོ་སྟེ། །ཞེས་ཡོད་དེ། གཡུལ་ངོར་དགྲས་མཚོན་བརྒྱབ་པ་བྲང་དུ་ཕོག་ཀྱང་ཕོག་ བཞིན་དུ་དགྲ་ལས་ཕྱིར་ཞིང་རྒྱལ་བར་བྱེད་འདོད་པ་གང་ཡིན་པ་དེ་དང་དེ་ནི་དགྲ་ལས་རྣམ་པར་རྒྱལ་བའི་དཔའ་བོ་ཞེས་བསྔགས་པ་ཡིན་ཞེས་པའོ། །ལྷག་མ་སྟེ་འཇིག་རྟེན་ན་མ་བསད་ཀྱང་རང་གི་ངང་གིས་འཆི་བའི་སྐྱེ་བོ་གསོད་པ་ལ་དཔའ་བོ་ཞེས་གྲགས་པ་དེ་ དག་ནི་རོ་ལ་མཚོན་བསྣུན་ནས་གསོད་པ་དཔའ་བོར་རློམ་པ་དང་འདྲ་བས་དཔའ་བོ་ཞེས་མི་བྱའོ་སྟེ་དེ་ཙམ་ནི་དུད་འགྲོ་ལའང་ཡོད་པས་སོ། །བཤེས་སྤྲིང་ལས། གང་དག་དབང་བོ་དྲུག་ཡུལ་རྣམས་ལ་ནི། །རྟག་ཏུ་མི་བརྟན་གཡོ་དང་གང་དག་གཅིག ། གཡུལ་ ངོར་དགྲ་ཚོགས་ལས་རྒྱལ་དེ་དག་ལས། །མཁས་རྣམས་དང་པོ་དཔའ་རབ་ལགས་པར་འཚལ། །ཞེས་དབང་པོ་ཐུལ་བ་ལ་བསྔགས་པར་མཛད་པ་ལྟར་རོ། །དེའང་ཐ་མལ་པའི་དགྲ་ནི་མ་བསད་ཀྱང་འཆི་བས་དེ་གསོད་པ་དཔའ་པོ་མིན་ལ། ཉོན་མོངས་ པའི་དགྲ་ནི་གཉེན་པོས་མ་བཅོམ་པར་ཞི་བར་མི་འགྱུར་བས་དེ་འཇོམས་པ་ལ་དཔའ་བོ་ཆེན་པོ་ཞེས་བརྗོད་དོ། །ཚོམས་ལས་ཀྱང་། གང་ཞིག་སྟོང་ཕྲག་སྟོང་དག་གིས། །མི་ཡི་གཡུལ་ལས་རྒྱལ་བ་ལས། །གང་ཞིག་བདག་ལས་རྒྱལ་བྱེད་པ། །དེ་ནི་ མི་ནང་གཡུལ་ལས་རྒྱལ། །བདག་ཉིད་ལེགས་པར་བཏུལ་བ་ཡིས། །སྡུག་བསྔལ་རྣམས་ཀྱི་ཕ་མཐར་ཕྱིན། །ཞེས་རང་ངམ་རང་རྒྱུད་ཀྱི་ཉོན་མོངས་ལ་དགྲར་ཤེས་ནས་འདུལ་བ་དང་དེ་ཐུལ་བ་ན་སྡུག་བསྔལ་ཐམས་ཅད་ཀྱི་ཕ་མཐར་ཕྱིན་པས་ན་དཔའ་བོ་
Page: 535 ༄༅། །མཆོག་ཏུ་བསྔགས་སོ། །སྡུག་བསྔལ་རང་གི་ཡོན་ཏན་དུ་བསམ་ནས་དང་དུ་ལེན་པ་ནི། གོང་དུ་སྡུག་བསྔལ་བསམ་པ་ངེས་འབྱུང་སྐྱེ་བའི་རྒྱུ་ཡིན་པར་བསྟན་པའི་ཡོན་ཏན་དེར་མ་ཟད་གཞན་ཡང་སྡུག་བསྔལ་དུ་ཤེས་ནས་དེའི་ ཉེས་དམིགས་བསམ་པའི་ཡོན་ཏན་ནི། རང་སྡུག་བསྔལ་གྱིས་མནར་བ་ན་དེས་སེམས་སྐྱོ་ཞིང་ཡིད་འབྱུང་སྐྱེ་བར་འགྱུར་བས་ང་རྒྱལ་དང་རྒྱུགས་པ་སོགས་ཀྱིས་རློམ་པའི་དྲེགས་པ་སེལ་བར་བྱེད་པ་དང༌། རང་སྡུག་བསྔལ་གྱིས་གཟིར་བ་ན་རང་ཉམས་ལ་དཔག་ནས་སྡུག་བསྔལ་ མཐའ་མེད་ཀྱིས་མནར་བའི་འཁོར་བ་པ་རྣམས་ལ་དམིགས་ནས་དེ་རྣམས་སྡུག་བསྔལ་ཐམས་ཅད་དང་བྲལ་ན་སྙམ་པའི་སྙིང་རྗེ་སྐྱེ་བ་དང་། སྡུག་བསྔལ་མྱོང་བ་ན་འདི་ནི་སྡིག་པ་མི་དགེ་བའི་འབྲས་བུའོ་སྙམ་པ་ཤེས་ནས་འབྲས་བུ་སྡུག་བསྔལ་དེ་མི་འདོད་ན་ རྒྱུ་ལས་ངན་ལྡོག་དགོས་པར་མཐོང་ནས་སྡིག་ལྟུང་ལ་ཆེས་ཤིན་ཏུ་འཛེམ་ཞིང་། སྡུག་བསྔལ་གྱིས་གདུངས་པ་ན་དེའི་ཚེ་སྡུག་བསྔལ་དེ་མི་འདོད་ཅིང་བདེ་བ་འདོད་པ་འོང་ལ་འབྲས་བུ་བདེ་བ་འདོད་ན་རྒྱུ་དགེ་བ་སྒྲུབ་དགོས་སོ་སྙམ་ནས་དགེ་བ་སྒྲུབ་པ་ལ་ དགའ་བའི་ཡོན་ཏན་དེ་ལམ་གྱི་ཉམས་ལེན་དང་རྗེས་སུ་མཐུན་པའི་ཡོན་ཏན་དེ་དག་སོགས་མང་དུ་འབྱུང་བ་ལ་བསམ་ནས་སྡུག་བསྔལ་དང་དུ་བླང་བར་བྱའོ། དགེ་ལ་དགའ་ཞེས་པའི་རྒྱ་དཔེར། རྒྱལ་བ་དྲན་ཞེས་ཡོད་དེ། རང་གིས་སྡུག་བསྔལ་མྱོང་བ་ན་འགྲོ་བ་ ཡོངས་ལ་སྡུག་བསྔལ་ཐམས་ཅད་ཞི་བྱེད་ཀྱི་ལམ་སྟོན་པ་པོའི་རྒྱལ་བ་དྲན་ནས་དེ་ལ་དགའ་བ་དང་དད་པ་སྐྱེ་བའོ། །གཞན་ཡང་འཇིགས་སྐྲག་དང་སྡུག་བསྔལ་གྱིས་ཉེན་པ་ན་དཀོན་མཆོག་ལ་སྐྱབས་སུ་འགྲོ་འདོད་ཀྱི་བློ་སྐྱེ་བ་སོགས་ཀྱི་ཡོན་ཏན་ཡང་འབྱུང་སྟེ།
Page: 536 ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱི། །ཞེས་སོགས་གསུངས་པས་སོ། །གཉིས་པ་ཆོས་ལ་ངེས་སེམས་ཀྱི་བཟོད་པ་ནི། མཁྲིས་པ་ལ་སོགས་ཞེས་སོགས་ཏེ། དེ་ལ། གནོད་བྱེད་ལ་རང་དབང་མེད་པས་ཁྲོ་མི་རིགས་པ་ནི། གནོད་བྱེད་ཀྱི་དགྲས་བདག་ལ་སྡུག་བསྔལ་སྐྱེད་པའི་ཕྱིར་དེ་ལ་ཁྲོ་རིགས་སོ་ཞེ་ན། དེ་ལྟ་ན་རང་གི་ལུས་འདི་མཁྲིས་པ་དང་བད་ཀན་དང་རླུང་ལ་སོགས་པའི་བདག་ཉིད་ཅན་ཡིན་ལ། དེ་དག་ཆ་མ་སྙོམས་པར་འཁྲུགས་པ་ལས་བདག་ལ་ནད་སྣ་ཚོགས་ཀྱི་སྡུག་ བསྔལ་སྐྱེད་པ་ལའང་ཁྲོ་བར་རིགས་ཏེ། དེ་ནི་སྡུག་བསྔལ་གྱི་ཚོགས་མང་པོ་འབྱུང་བའི་གནས་ཤིན་ཏུ་ཆེ་བ་ཡིན་པའི་ཕྱིར། དེ་ལ་བདག་མི་ཁྲོ་སྟེ་རྒྱུ་རྐྱེན་ཚོགས་པའི་དབང་ལས་འབྱུང་ཁམས་མ་སྙོམས་པར་འཁྲུགས་པ་ཙམ་གྱིས་བསྐུལ་བར་ཟད་ཀྱི་རང་དབང་ དུ་བསམ་བཞིན་དུ་བདག་ལ་གནོད་པའི་སྡུག་བསྔལ་སྐྱེད་པ་མིན་པའི་ཕྱིར་ཞེ་ན། འོ་ན་སེམས་ཡོད་ཀྱི་གནོད་བྱེད་རྣམས་ལའང་ཅི་སྟེ་ཁྲོ་བར་བྱེད་དེ་སེམས་མེད་པའི་མཁྲིས་སོགས་དེ་དག་རྒྱུ་དང་རྐྱེན་གྱིས་བསྐུལ་བར་མ་ཟད་སེམས་ཡོད་པའི་གནོད་བྱེད་ཀྱི་ དགྲ་བོ་དེ་དག་ཀུན་ཀྱང་རང་ལ་རང་དབང་མེད་པར་སྔོན་གྱི་ལས་ངན་སོགས་ལས་ཉོན་སྣ་ཚོགས་པའི་རྒྱུ་རྐྱེན་གྱིས་བསྐུལ་བ་ཡིན་པའི་ཕྱིར། དཔེར་ན། མཁྲིས་པ་ལ་སོགས་པའང་བདག་ལ་ནད་ཀྱི་སྡུག་བསྔལ་སྐྱེད་པར་མི་འདོད་བཞིན་དུ་ཡང་རང་དབང་མེད་ པར་རྒྱུ་རྐྱེན་གྱི་ཚོགས་པ་ཚང་བར་གྱུར་པ་ན་འབྱུང་འཁྲུགས་ཀྱི་ནད་སྣ་ཚོགས་འདི་འབྱུང་བར་འགྱུར་བ་ལྟར། དེ་བཞིན་དུ་གནོད་བྱེད་སེམས་ཡོད་ཀྱི་དགྲ་བོས་ཀྱང་གནོད་པ་བྱེད་པ་དང་དེའི་ཕྱིར་དུ་ཁོང་ཁྲོ་སྐྱེད་པར་མི་འདོད་བཞིན་དུ་ཡང་རང་དབང་བ་མེད་པར་ཡིད་མི་བདེ་
Page: 537 ༄༅། །བ་སོགས་གློ་བུར་གྱི་རྒྱུ་རྐྱེན་ཚང་བ་ཚོགས་ཤིང་འདུས་པའི་སྟོབས་ཀྱི་ནན་གྱིས་བསྐུལ། ལས་ཉོན་མོངས་པ་ཁོང་ཁྲོ་འབྱུང་བར་འགྱུར་ཞིང་ཉོན་མོངས་པའི་རྐྱེན་དེའི་དབང་ལས་གནོད་པ་བྱེད་པའང་འབྱུང་བས་ན་སེམས་མེད་ དང་སེམས་ཡོད་གཉིས་ཀའང་མི་འདོད་བཞིན་དུ་རང་དབང་མེད་པར་རྒྱུ་རྐྱེན་ཚོགས་པས་བསྐུལ་བའི་དབང་ལས་འབྱུང་བར་མཚུངས་པའི་ཕྱིར་དེ་གཉིས་ཀྱང་རྐྱེན་འདི་བ་ཙམ་ལས་འབྱུང་བར་ཟད་ཀྱི་རང་དབང་ཅན་མ་ཡིན་པར་མཚུངས་སོ། །ཡང་རྒྱུ་ རྐྱེན་ཚོགས་པའི་སྟོབས་ཀྱི་བསྐུལ་བ་ལས་ནན་གྱིས་ཉོན་མོངས་འབྱུང་ཞེས་པའང་སྣང་ངོ་། །དེས་ན་གཉིས་ཀ་ལ་མི་ཁྲོ་བའམ་ཁྲོ་ན་གཉིས་ཀ་ལ་ཁྲོ་བར་རིགས་ཀྱི་སེམས་མེད་ལ་མི་ཁྲོ་བར་སེམས་ཡོད་ཟུར་དུ་བཀར་ནས་དེ་ལ་ཁྲོ་བ་ནི་མི་རིགས་སོ། ། འདིས་རྒྱུ་རྐྱེན་གྱི་ནུས་པ་ལས་སྐྱེ་བར་བསྟན་པས་ན་གཙོ་བོར་ནུས་པའི་རྐྱེན་ལས་བྱུང་བར་བསྟན་ཏོ། །སེམས་ཡོད་མེད་ཀྱི་གནོད་པ་ཐམས་ཅད་འདོད་པ་ཙམ་ལས་སྐྱེ་བ་མིན་པ་ནི། དེ་གཉིས་མི་མཚུངས་ཏེ་མཁྲིས་སོགས་སེམས་མེད་ལ་གནོད་པ་བྱེད་ འདོད་ཀྱི་ཀུན་སློང་གི་བསམ་པ་མེད་པས་ཁྲོ་མི་རིགས་ལ་གནོད་བྱེད་སེམས་ཡོད་ཀྱི་དགུས་བསམས་བཞིན་དུ་གནོད་པ་བྱེད་པའི་ཕྱིར་དེ་ལ་ཁྲོ་རིགས་སོ་ཞེ་ན། སེམས་ཡོད་ཀྱི་དགྲོས་ཀྱང་འདི་ལ་ཁྲོ་བར་བྱའོ་ཁྲོས་ནས་གནོད་པ་བྱའོ་ཞེས་བློའི་གཡོ་བ་ སྔོན་དུ་བཏང་ནས་མ་བསམས་ཀྱང་རྒྱུ་རྐྱེན་ཚང་བར་གྱུར་པ་ན་རང་དབང་མེད་པར་སྐྱེ་བོ་རྣམས་ནི་གྱི་ནར་ཏེ་རང་དགར་རྐྱེན་ཙམ་ལ་བརྟེན་ནས་ཁྲོ་བར་བྱེད་ཀྱི་རྐྱེན་མ་ཚང་ན་ཁྲོ་བས་སམ་ཡང་ཁྲོ་བ་སྐྱེ་ཐབས་མེད་དོ། །དེ་བཞིན་དུ་རྒྱུ་རྐྱེན་དེ་དག་གིས་ཀྱང་
Page: 538 བདག་ཅག་ཐམས་ཅད་ཚང་བར་ཚོགས་ནས་ཉོན་མོངས་པ་ཁོང་ཁྲོ་བསྐྱེད་པར་བྱའོ་ཞེས་བློས་མ་བསམས་ཀྱང་རྒྱུ་རྐྱེན་ཚོགས་པའི་སྟོབས་ལས་རང་དབང་མེད་པར་ཁྲོ་བའ་སྔ་མ་དེ་བཞིན་དུ་སྐྱེ་བར་འགྱུར་གྱི་རྐྱེན་དེ་དག་མ་ཚང་ན་ཁོང་ཁྲོ་བསྐྱེད་པར་བྱའོ་ སྙམ་ཡང་ཁོང་ཁྲོ་སྐྱེ་མི་སྲིད་དོ། །དེས་ན་སེམས་ཡོད་མེད་གཉིས་ཀའང་རྐྱེན་གྱིས་བསྐུལ་བ་ཙམ་དུ་འདྲ་ལ་དེ་གཉིས་ཀྱིས་གནོད་པ་སྐྱེད་པའང་རྐྱེན་ཚོགས་ན་སྐྱེ་ལ་རྐྱེན་མ་ཚང་ན་མི་སྐྱེ་བར་རྐྱེན་ལ་རག་ལས་ཤིང་། རྐྱེན་གྱི་དབང་ཁོ་ན་ལས་སྐྱེ་བའི་རྟེན་ཅིང་ འབྲེལ་བར་འབྱུང་བ་སྒྱུ་མ་ཙམ་དུ་ཟད་ཀྱི་རྐྱེན་ལ་ལྟོས་མེད་ཀྱི་རང་དབང་ཅན་དང་བསམ་པ་ཙམ་གྱིས་བྱེད་པ་ནི་ཡོད་པ་མ་ཡིན་ནོ། །དེས་ན་གནོད་བྱེད་སེམས་ཡོད་ལོགས་སུ་བཀར་ནས་དེ་ལ་གནོད་པ་བྱེད་འདོད་ཀྱི་བསམ་པ་ཡོད་པའི་ཕྱིར་ཞེས་དེ་ཙམ་རྒྱུ་ མཚན་དུ་བྱས་ནས་དེ་ལ་ལྷག་པར་ཁྲོ་བ་ནི་རྣམ་པ་ཀུན་ཏུ་མི་རིགས་སོ། །འདིས་བློས་གཡོ་བ་སྔོན་དུ་བཏང་བ་ལས་སྐྱེ་བ་མིན་པར་བསྟན་པས་ན་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་གཙོ་བོར་བསྟན་ཏོ། །ཐམས་ཅད་རང་དབང་ཅན་དང་འདོད་པ་ཙམ་གྱིས་ འབྱུང་བ་མིན་པའི་དོན་བསྡུ་བ་ནི། ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་པའི་ཉེས་པ་ཇི་སྙེད་ཡོད་པ་དེ་ཐམས་ཅད་དང་ཉོན་མོངས་པས་ཀུན་ནས་བསླངས་པའི་སྲོག་གཅོད་ལ་སོགས་པའི་སྡིག་པ་སྣ་ཚོགས་པ་རྣམས་དང་དེ་དག་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་དང་ བཅས་པ་དེ་དག་ཀུན་ཀྱང་རང་རང་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་ཚོགས་པ་ཙམ་གྱི་སྟོབས་ལས་བྱུང་བར་ཟད་ཀྱི་རྒྱུ་རྐྱེན་ལ་ལྟོས་པ་མེད་པའི་རང་དབང་ཅན་ནི་གང་ཡང་ཡོད་པ་མ་ཡིན་ནོ། །ལས་དང་ཉོན་མོངས་པའི་ཉེས་པ་རྣམས་སྐྱེད་བྱེད་ཀྱི་རྐྱེན་རྣམས་ཀྱི་ཚོགས་པ་
Page: 539 ༄༅། །དེ་དག་གིས་ཀྱང་བདག་ཅག་ཚོགས་ནས་ལས་ཉོན་བསྐྱེད་པར་བྱའོ་ཞེས་སེམས་པ་མེད་པས་ན་བསམ་བཞིན་དུ་འབྲས་བུ་སྐྱེད་པ་མིན་ཀྱང་དེ་དག་ཚོགས་ཙམ་ནས་འབྲས་བུ་འབྱུང་བ་ཡིན་ལ། རྒྱུ་རྐྱེན་ཚོགས་པ་དེས་བསྐྱེད་པའི་འབྲས་ སུ་ལས་དང་ཉོན་མོངས་པ་དེ་ཡང་བདག་ཅག་ནི་རྐྱེན་འདི་རྣམས་ཚོགས་ནས་བསྐྱེད་པ་ཉིད་ཡིན་ཞེས་སེམས་པ་ཡོད་པ་མ་ཡིན་ཀྱང་དེ་ལྟའི་འབྲས་བུ་དེ་དག་འབྱུང་བའང་རྒྱུ་རྐྱེན་ཚང་བ་ལ་ལྟོས་དགོས་ལ། རྒྱུ་རྐྱེན་ཚང་བ་ལས་འབྲས་བུ་འབྱུང་བའང་སུས་ཀྱང་ བཟློག་ནུས་པ་མིན་ནོ། །དེ་ལྟར་ཡང་རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལས་ནི། །འབྲས་བུ་གང་གིས་བཟློག་པར་ནུས། །ཞེས་སོ། །འདིས་ནི་རྒྱུ་རྐྱེན་འབྲས་བུ་ཐམས་ཅད་རང་དབང་ཅན་དང་འདོད་པ་ཙམ་གྱིས་འབྱུང་བ་མ་ཡིན་གྱི་ནུས་པའི་རྐྱེན་དང་གཡོ་བ་མེད་པའི་རྐྱེན་ དག་ལས་སྐྱེ་བ་ཡིན་ནོ་ཞེས་བསྟན་ཏེ་གོང་དུ་བཤད་པ་དེ་དག་གི་དོན་བསྡུ་བའོ། །དེས་ན་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མ་ཙམ་ལས་བྱེད་པ་མེད་པ་ཡིན་པའི་ཕྱིར་འདི་ཡོད་པས་ནི་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་སྟེ་མ་རིག་པའི་རྐྱེན་ གྱིས་འདུ་བྱེད་ཅེས་སོགས་གསུངས་པ་ལྟར་ཡིན་གྱི་རྒྱུ་རྐྱེན་ལ་ལྟོས་མི་དགོས་པའི་རང་དབང་ཅན་དང་འདོད་པ་ཙམ་གྱིས་འབྱུང་བ་ནི་འགའ་ཡང་མེད་དོ། །ཞེས་ཤེས་པར་བྱའོ། །འགྲེལ་པ་འགའ་ཞིག་ཏུ། མཁྲིས་པ་ལ་སོགས་ཀྱིས་རང་དབང་ ཅན་མེད་པ་དང་ཁྲོ་བར་བྱ་ཞེས་སོགས་ཀྱིས་སེམས་པ་མེད་པ་བསྟན་ལ། ཉེས་པ་ཇི་སྙེད་སོགས་རང་དབང་མེད་པའི་དོན་བསྡུ་དང་རྐྱེན་རྣམས་ཚོགས་པ་སོགས་སེམས་པ་མེད་པའི་དོན་བསྡུར་མཛད་ནས་འཆད་པའང་ཕལ་ཆེར་གོང་དུ་བཤད་པ་ལྟར་
Page: 540 ཡིན་ལ། གཞན་ཡང་འཆད་ཚུལ་མི་འདྲ་བ་མང་ངོ༌། །རང་དབང་ཅན་གྱི་རྒྱུ་རྐྱེན་ཡོད་པར་འདོད་པ་འགོག་པ་ལ། བདག་དང་གཙོ་བོ་རང་དབང་ཅན་ཐུན་མོང་དུ་དགག་པ་ནི། གྲངས་ཅན་པ་དང་རིག་པ་ཅན་པ་སོགས་ན་རེ། ཁྱེད་ཅག་གིས་རང་དབང་ ཅན་གྱི་ཆོས་ནི་འགའ་ཡང་མེད་དོ་ཞེས་འདོད་པ་ནི་མི་འཐད་དེ། རྟག་གཅིག་རང་དབང་ཅན་གྱི་བདག་དང་གཙོ་བོ་སོགས་ཡོད་ལ་དེ་ལྟ་བུའི་རང་དབང་ཅན་གྱི་རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་གནོད་པ་དང་སྡུག་བསྔལ་སོགས་འབྱུང་བ་ཡིན་ནོ་ཞེ་ན། གྲངས་ཅན་པ་ ཁྱོད་ཀྱིས་རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པ་དེ་རྩ་བའི་རང་བཞིན་ཡིན་ཞིང་། དེ་ནི་སྤྱིའམ་གཙོ་བོ་ཡང་ཡིན་ནོ་ཞེས་བཏགས་ནས། དེ་ཉིད་རྟག་པ་གཅིག་པུ་རང་དབང་ཅན་ཡིན་པ་སོགས་ཀྱི་མཚན་ཉིད་ལྔ་ལྡན་ཡིན་ལ། དེས་རྣམ་འགྱུར་སྣ་ཚོགས་པས་ བསྡུས་པའི་གནོད་པ་དང་སྡུག་བསྔལ་སོགས་རང་དབང་ཉིད་དུ་སྐྱེད་པར་བྱེད་དོ་ཞེས་བྱ་བར་གང་འདོད་པ་དེ་དང་། ཤེས་རིག་གི་སྐྱེས་བུ་ལ་བདག་གམ་གང་ཟག་ཅེས་བརྗོད་ནས་དེ་ཉིད་ཟ་བོ་རྟག་དངོས་སོགས་ཀྱི་མཚན་ཉིད་དང་ལྡན་པ་དང་དེས་གཙོ་བོས་ བསྐྱེད་པའི་རྣམ་འགྱུར་སྒྲ་དང་གཟུགས་སོགས་ཀྱི་ཡུལ་ལ་རང་དབང་ཉིད་དུ་ལོངས་སྤྱོད་པར་བྱེད་དོ་ཞེས་རྟོག་པས་སྒྲོ་བཏགས་ནས་བཏགས་པ་གང་ཡིན་པ་དེ་དག་ནི་ཁྱོད་རང་གིས་གྲུབ་མཐས་བཏགས་པ་ཙམ་དུ་ཟད་ཀྱི་ཚད་མས་གྲུབ་པ་ནི་མེད་དེ། གཙོ་བོ་དང་ བདག་དེ་དག་ཉིད་ནི་རང་རང་མ་སྐྱེས་པའི་སྔ་རོལ་དུ་སྤྱིའམ་གཙོ་བོས་ནི་གནོད་པ་དང་སྡུག་བསྔལ་ལ་སོགས་པའི་རྣམ་འགྱུར་རྣམས་རང་དབང་དུ་སྐྱེད་པའི་ཆེད་དང་། བདག་གམ་གང་ཟག་གིས་ནི་དེ་ལྟ་བུའི་གཙོ་བོས་བསྐྱེད་པའི་རྣམ་འགྱུར་རྣམས་ལ་
Page: 541 ༄༅། །རང་དབང་དུ་ལོངས་སྤྱོད་པའི་ཆེད་དུ་བདག་ཅག་ནི་འབྱུང་བའམ་སྐྱེ་བར་བྱའོ་སྙམ་དུ་བློ་སྔོན་དུ་བཏང་ནས་ཆེད་དུ་བསམ་ཤིང་རང་དབང་དུ་འབྱུང་བ་མེད་པའི་ཕྱིར་ཏེ། དེ་དག་རང་རང་མ་སྐྱེས་པའི་ཕྱིར། དཔེར་ན། མོ་གཤམ་གྱི་བུ་བཞིན་ནོ། །ཁྱབ་ སྟེ། མ་སྐྱེས་པར་ནི་དེ་དག་རང་རང་གི་ངོ་བོར་གཏན་ནས་གྲུབ་པ་མེད་དགོས་པའི་ཕྱིར་ན་མེད་པས་ཁྱབ་ལ། མེད་ན་བྱ་བ་བྱེད་པའི་ཆེད་དུ་འབྱུང་བ་མེད་པས་ཁྱབ་པའི་ཕྱིར་རོ། །མ་སྐྱེས་པའི་ཕྱིར་ཞེས་པའི་རྟགས་གྲུབ་སྟེ་གཙོ་བོ་དང་བདག་དེ་དག་རྟག་པ་དང་རང་ དབང་ཅན་དུ་ཁས་བླངས་པ་གང་ཞིག་སྐྱེས་ན་མི་རྟག་པ་དང་རྒྱུ་རྐྱེན་གྱི་གཞན་དབང་ཅན་དུ་འགྱུར་དགོས་པས་སོ། །དེ་ལྟར་མོ་གཤམ་གྱི་བུ་བཞིན་དུ་རང་ཉིད་མ་སྐྱེས་ཤིང་རང་གི་ངོ་བོར་ གྲུབ་པ་གཏན་ནས་མེད་པར་གྱུར་ན། དེ་ཡི་ཚེ་དེ་གཉིས་རྟག་གཅིག་རང་དབང་ཅན་གྱི་ངོ་བོར་སྐྱེ་བའམ་འབྱུང་བར་འདོད་པ་དང་རང་རང་གི་བྱ་བ་བྱེད་པ་འདོད་པའང་གང་ཞིག་ཡིན་ཏེ་རྟག་པ་དང་རང་དབང་ཅན་ཡིན་ན་སྐྱེ་བར་འགལ་ལ་རྣམ་འགྱུར་སྐྱེད་པ་དང་ ཡུལ་ལ་སྤྱོད་པ་སོགས་ཀྱི་བྱ་བ་བྱེད་པར་ཡང་འགལ་བས་དེ་འདྲ་གཏན་ནས་མི་སྲིད་པའི་ཕྱིར་ཞེས་གཙོ་བོ་དང་བདག་གཉིས་རང་དབང་ཅན་འདོད་པ་ཐུན་མོང་དུ་འགོག་ཚུལ་ལོ། །བདག་རྟག་པ་བྱེ་བྲག་ཏུ་འགོག་པ་ནི། གོང་དུ་སྨོས་པ་ལྟར་གྱི་བདག་ཤེས་ རིག་གི་སྐྱེས་བུ་རྟག་པ་དེས་ནི་གཙོ་བོས་གཏད་པའི་ཡུལ་ལ་རྟག་ཏུ་རང་དབང་དུ་ལོངས་སྤྱོད་པར་བྱེད དོ་ཞེས་འདོད་པའང་མི་འཐད་དེ་དེ་ལྟར་བདག་དེ་རྟག་པའང་ཡིན་ལ་ཡུལ་ལ་རང་དབང་དུ་ལོངས་སྤྱོད་པར་བྱེད་པའང་ཡིན་ན། དེ་འདྲའི་བདག་དེ་ཡུལ་
Page: 542 གཟུགས་སྒྲ་སོགས་འཛིན་པའི་བྱ་བ་ལ་རྟག་ཏུ་གཡེངས་ཤིང་ལོངས་སྤྱོད་པར་བྱེད་དགོས་པར་འགྱུར་བས་ན་ཡུལ་སྒྲ་སོགས་ལ་ལོངས་སྤྱོད་པའི་སྐྱེས་བུ་དེ་ནམ་ཡང་འགག་པར་འགྱུར་བའང་མ་ཡིན་ནོ་ཞེས་ཏེ་མ་ཡིན་པར་ཐལ་ལོ། །ནམ་ཡང་མི་འགག་པ་ དང་ཡུལ་མི་འཛིན་པའི་དུས་མི་སྲིད་པར་ནི་འདོད་པར་མི་ནུས་ཏེ་ཡུལ་འགགས་པ་ན་འཛིན་རྒྱུའི་ཡུལ་མེད་པའི་ཕྱིར་དེའི་ཡུལ་ཅན་གྱི་བློ་ཡང་འགག་དགོས་པ་དང་ཡུལ་མི་འཛིན་པར་ཡང་ཚད་མས་གྲུབ་པའི་ཕྱིར་རོ། །འདི་དག་འོག་ཏུ། གཙོ་བོ་རྟག་པ་སོགས་ དང་། གལ་ཏེ་སྒྲ་ཡི་ཤེས་རྟག་ཞེས་སོགས་ཀྱི་སྐབས་སུ་འཆད་པ་ལས་ཤེས་པར་བྱའོ། །འང་གི་སྒྲས་རྟག་པ་ཡིན་ན་འགག་པར་འགྱུར་བ་མ་ཡིན་པར་མ་ཟད་སྐྱེ་བ་དང་བྱེད་པ་པོ་སོགས་ཀྱང་མ་ཡིན་པར་ཐལ་བ་བསྡུས་པ་ཡིན་པར་བཤད་དོ། །རིགས་ པ་ཅན་པས་བཏགས་པའི་བདག་དགག་པ་ནི། སེམས་མེད་པའི་བདག་རྟག་པ་བེམ་དངོས་སུ་འདོད་ཅིང་། དེ་ཡང་ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོ་ཡིན་པ་དང་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དུ་ཡོད་ལ་དེ་ལྟ་བུའི་བདག་དེས་རྣམ་འགྱུར་རྣམས་ལ་རང་ དབང་དུ་སྤྱོད་པར་བྱེད་པ་དང་གནོད་པ་དང་སྡུག་བསྔལ་སོགས་ཀྱང་རང་དབང་དུ་བྱེད་དོ་ཞེས་མུ་སྟེགས་རིགས་པ་ཅན་པ་དག་འདོད་ལ་བྱེ་བྲག་པས་ཀྱང་དེ་ལྟར་འདོད་དོ། །དེ་ནི་མི་རིགས་ཏེ། ཅི་སྟེ་བདག་དེ་བེམ་དངོས་རྟག་པ་ཡིན་ན་ནི་འདུས་མ་བྱས་ཀྱི་ནམ་ མཁའ་བཞིན་དུ་རྣམ་འགྱུར་ལ་ལོངས་སྤྱོད་པ་དང་འབྲས་བུ་སྐྱེད་པ་སོགས་ཀྱི་བྱེད་པ་ཅི་ཡང་མེད་པར་མངོན་པའམ་གསལ་ཏེ་རྟག་དངོས་ཡིན་པའི་ཕྱིར་ཞེས་རྟག་པ་ལ་བྱ་བྱེད་མི་འཐད་པར་བསྟན་ཏོ། །བདག་རང་གི་ངོ་བོ་རྟག་པ་ཡིན་པས་འབྲས་བུ་སྐྱེད་པ་དང་
Page: 543 ༄༅། །རྣམ་འགྱུར་ལ་སྤྱོད་པ་སོགས་མི་བྱེད་ཀྱང་ལྷན་ཅིག་བྱེད་པའི་རྐྱེན་གཞན་སེམས་པ་དང་རྩོལ་བ་སོགས་མི་རྟག་པ་དང་འཕྲད་པ་ན་བྱ་བ་ཐམས་ཅད་བྱེད་དོ་ཞེ་ན། རྟོག་པ་ཡིན་ན་རྐྱེན་དང་ཕྲད་པ་མི་སྲིད་ལ་གལ་ཏེ་སེམས་པ་ལ་སོགས་པ་ ལྷན་ཅིག་བྱེད་པའི་རྐྱེན་རྣམས་གཞན་དང་ཕྲད་ན་ཡང་བདག་རང་གི་ངོ་བོ་ནམ་ཡང་འགྱུར་བ་མེད་པའི་རྟག་པའི་དངོས་པོ་ཡིན་ན་རྐྱེན་གཞན་གྱིས་ཀྱང་དེ་ལ་ཕན་འདོགས་ཀྱི་ཁྱད་པར་སྔར་མེད་ཅི་ཞིག་བྱར་ཡོད་དེ་ཅུང་ཟད་ཀྱང་བྱར་མེད་པས་སོ། །ཁྱབ་པ་ཡོད་དེ། ལྷན་ཅིག་བྱེད་པའི་རྐྱེན་གཞན་གྱིས་ཕན་འདོགས་པའི་གྲོགས་བྱེད་པའི་ཚེ་ཡང་བདག་རང་ཉིད་ནི་སྔོན་རྐྱེན་དང་མ་འཕྲད་པའི་གནས་སྐབས་བཞིན་དུ་བྱ་བ་ཅི་ཡང་མི་བྱེད་པའི་རྟག་དངོས་ཀྱི་རང་བཞིན་ལས་མ་འདས་ལ། དེ་ལྟ་ན་རྐྱེན་གཞན་གྱི་ཕན་འདོགས་ཀྱི་ བྱེད་པས་བྱེད་མེད་ཀྱི་བདག་དེ་ལ་སྔར་འབྲས་བུ་སྐྱེད་མི་ནུས་པ་ལ་ཕྱིས་སྐྱེད་ནུས་པ་ལྟ་བུའི་ཁྱད་པར་ཅི་ཞིག་བྱས་ཏེ་ཅུང་ཟད་ཀྱང་མ་བྱས་པས་ཁྱབ་པའི་ཕྱིར་ཞེས་བྱེད་མེད་ཀྱི་རང་བཞིན་དུ་གནས་པའི་རྟག་པ་ལ་རྐྱེན་གྱི་བྱེད་པ་མི་འཇུག་པར་བསྟན་ཏེ། དེ་དག་ནི་ ཁྱོད་འདོད་པ་ལྟར་གྱི་ལྷན་ཅིག་བྱེད་པའི་རྐྱེན་ཡོད་དུ་ཆུག་ཀྱང་དེས་གྲོགས་བྱེད་པ་མི་འཐད་ཅེས་འགོག་པའོ། །བདག་རང་གི་ངོ་བོར་གྱུར་པའི་ཕན་པ་མི་བྱེད་ཀྱང་བདག་ལས་དོན་གཞན་པའི་ཕན་པ་བྱེད་པས་ན་བདག་དེ་རྟག་པ་ཡིན་ཡང་རྐྱེན་གྱི་དབང་ལས་བྱེད་པ་ པོར་འཇོག་པ་འཐད་དོ་ཞེ་ན། ལྷན་ཅིག་བྱེད་པའི་རྐྱེན་ཉིད་མ་གྲུབ་པས་དེ་ལྟར་འདོད་པ་ཡང་མི་རིགས་ཏེ། བདག་རྟག་དངོས་དེ་ཡི་འབྲས་བུ་སྐྱེད་པ་སོགས་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་དོན་གཞན་ནི་འདི་ཡིན་ནོ་ཞེས་བདག་དང་འབྲེལ་བར་འགྱུར་བ་གང་ཞིག་
Page: 544 ཡོད་དེ་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་གང་ཡང་མེད་པས་སོ། །དེའང་དོན་གཞན་ཡིན་པས་བདག་གཅིག་ངོ་བོ་གཅིག་པའི་འབྲེལ་བ་མེད་ལ་དེ་གཉིས་རྒྱུ་འབྲས་ཀྱི་ཚུལ་དུ་སྔ་ཕྱི་རིམ་ཅན་དུ་གྲུབ་པ་མ་ཡིན་པས་དེ་ལས་དེ་བྱུང་གི་འབྲེལ་བ་ཡང་མེད་པས་སོ་ཞེས་རྟག་ པ་ཡིན་ན་རྐྱེན་དང་འབྲེལ་མེད་ཡིན་དགོས་ལ། དེའི་ཕྱིར་ལྷན་ཅིག་བྱེད་པའི་རྐྱེན་ཉིད་ཀྱང་མ་གྲུབ་པོ་ཞེས་བསྟན་ཏོ། །དེ་དག་གིས་ནི་གཙོ་བོ་རྟག་པ་དང་བདག་རྟག་པ་སོགས་ལས་སྐྱེ་བ་མིན་གྱི་མི་རྟག་པའི་རྐྱེན་ལས་བྱུང་བ་ཡིན་ནོ་ཞེས་བསྟན་ཏོ། །དངོས་པོ་ཀུན་ སྤྲུལ་པ་ལྟར་ཤེས་ནས་ཁྲོ་མི་རིགས་པ་ནི། གོང་དུ་བཤད་པའི་ཚུལ་དེ་ལྟར་འབྲས་བུ་སྐྱེད་པའི་བྱ་བ་ལ་སོགས་པའི་དངོས་པོ་ཐམས་ཅད་རང་དབང་དུ་གྲུབ་པ་མ་ཡིན་པར་རྒྱུ་རྐྱེན་གཞན་ལ་༌་རག་ལས་ཤིང་ལྟོས་དགོས་པས་གཞན་གྱི་དབང་ལས་བྱུང་བ་ཙམ་ཤ་ སྟག་ཡིན་ལ། རྒྱུ་རྐྱེན་གཞན་དེ་རྣམས་ཀྱང་རང་རང་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་སྔ་མ་སྔ་མ་དེ་ཡི་དབང་གིས་འབྱུང་དགོས་པས་ན་རྒྱུ་རྐྱེན་གཞན་དེའང་རང་དབང་མེད་ཅིང་། དེ་ལྟའི་རྒྱུ་རྐྱེན་གྱི་ཐོག་མའི་མཐའ་ཐུག་པ་མེད་པས་ན་རང་དབང་ཅན་གྱི་དངོས་པོ་འགའ་ཡང་མི་སྲིད་ པར་རྒྱུ་རྐྱེན་གཞན་གྱི་དབང་ལས་བྱུང་བའི་རྟེན་འབྲེལ་ཙམ་དང་དེ་ཡང་རང་བཞིན་གྱིས་སྟོང་པ་དང་སྟོང་པ་བཞིན་དུ་ཡང་སྣང་ཞིང་བྱ་བ་བྱེད་པའི་ཚུལ་དེ་ལྟར་ཤེས་ཤིང་ཁོང་དུ་ཆུད་ནས་སྒྱུ་མ་དང་སྤྲུལ་པ་ལྟ་བུའི་དངོས་པོ་ཀུན་ལའང་ཁྲོ་བར་མི་འགྱུར་ཏེ། ཁྲོ་བ་ སྐྱེ་བའི་ཡུལ་ཡུལ་ཅན་ཁྲོ་བ་བཅས་ཐམས་ཅད་རྟེན་འབྲེལ་སྒྱུ་མ་ཙམ་དང་རང་བཞིན་སྟོང་ཉིད་དུ་ངེས་པ་དེའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྤྲུལ་པ་དང་སྒྱུ་མ་ལྟ་བུར་ཐུགས་སུ་ཆུད་པའི་རྒྱལ་བའི་སྲས་པོ་རྣམས་ནི་ནོར་ལོངས་སྤྱོད་སོགས་
Page: 545 ༄༅། །འབྱོར་ཞིང་རྒྱས་པའི་དུས་དང་མི་འདོད་པའི་སྨྲ་བསྔལ་དང་རྒུད་པ་སོགས་བཟོད་དཀའ་བ་ཇི་ཙམ་བྱུང་ཡང་ཆགས་ཤིང་ཁེངས་པ་དང་སེམས་ཁོང་ནས་འཁྲུགས་པ་ཡ་དང་ཞུམ་ཞིང་སྲོ་ཤི་བ་ལྟ་བུའི་ཉོན་མོངས་པའི་འཇིགས་པ་མེད་ལ། དེའི་ཕྱིར་གཞན་དོན་དུ་སྐྱེ་བ་ལེན་པའང་སྐྱེད་ཚལ་དུ་འགྲོ་བ་ལྟར་རྟོགས་པས་སྡུག་བསྔལ་གྱི་སྣང་བ་མི་འབྱུང་བ་དང་གཞན་དོན་སྒྲུབ་པའི་ཕྱིར་དུ་དཀའ་སྤྱད་ངལ་དུབ་ཇི་ལྟ་བུ་བྱུང་ཡང་དེ་དག་གིས་འཇིགས་པ་མེད་པ་སོགས་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ ཁྱད་པར་ཅན་དང་ལྡན་པར་གསུངས་ཏེ། རྒྱུན་ལས། དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་བའི་དུས་དང་རྒུད་པའི་དུས་ན་ཡང་། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །ཅེས་སོ། ། དེས་ན་ཁོང་ཁྲོ་སོགས་ཀྱི་ས་བོན་དྲུངས་ནས་འབྱིན་བྱེད་ཀྱི་གཉེན་པོ་རྟེན་འབྱུང་རང་བཞིན་མེད་པའི་གནས་ལུགས་ཁོང་དུ་ཆུད་པའི་ཐབས་ལ་འབད་ནས་བསླབ་པར་བྱ་རིགས་ཏེ་ཕན་ཡོན་དེ་ལྟར་འབྱུང་བས་སོ། །དེ་ལ་ལོག་རྟོག་སྤངས་ནས་དགོས་པ་བསྟན་ པ་ནི། དེ་ལྟར་ཆོས་ཐམས་ཅད་སྒྱུ་མ་དང་སྤྲུལ་པ་བཞིན་དུ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པ་དེ་ལྟ་བུ་ཡིན་ན་གཉེན་པོ་གང་གིས་སྤང་བྱ་གང་ཞིག་བཟློག་པར་བྱ་སྟེ་སྤང་གཉེན་བྱ་བྱེད་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར། དེས་ན་ཁྲོ་མི་རིགས་པར་མ་ ཟད་གཉེན་པོ་བཟོད་པས་སྤང་བྱ་ཁོང་ཁྲོ་བཟློག་པའང་རིགས་པ་མིན་ནོ་ཞེ་ན། སྤང་གཉེན་བྱ་བྱེད་ཐམས་ཅད་དོན་དམ་པར་མ་གྲུབ་ཀྱང་ཐ་སྙད་ཀུན་རྫོབ་ཙམ་དུ་གཉེན་པོ་བཟོད་པས་སྤང་བྱ་ཁོང་ཁྲོ་བཟློག་པ་དེ་ལ་བརྟེན་ནས་ཁྲོ་བ་ལ་སོགས་པའི་ཉོན་མོངས་
Page: 546 ཐམས་ཅད་འགག་པར་འགྱུར་ལ་དེ་ལྟར་གྱུར་ན་སྡུག་བསྔལ་གྱི་ཚོགས་རྣམས་རྒྱུན་ཆད་ནས་མཐོ་རིས་ཐར་པའི་འབྲས་བུ་འབྱུང་བར་འགྱུར་བར་འདོད་པས་ན་གཉེན་པོ་བཟོད་པས་སྤང་བྱ་ཁྲོ་བ་བཟློག་པ་ལ་མི་རིགས་པ་ཅི་ཡང་མེད་ཅེས་བཤད་པའམ། ཡང་ ན་སྤང་གཉེན་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་དེ་ལ་བརྟེན་ནས་ཁོང་ཁྲོ་སོགས་ཉོན་མོངས་ཐམས་ཅད་ཟད་པར་འགྱུར་ལ་དེ་ཟད་པས་སྡུག་བསྔལ་རྣམས་རྒྱུན་འཆད་པར་འགྱུར་བ་འདོད་པ་ལ་མི་རིགས་པ་མེད་ཅེས་སྦྱར་རོ། །འདི་ལྟ་བུའི་དོགས་པ་ སྐྱེ་བ་ནི་བདེན་གཉིས་འགལ་བར་འཛིན་པའི་ལོག་པར་རྟོག་པ་སྟེ་རང་བཞིན་གྱིས་སྟོང་པ་ལ་སྤང་གཉེན་སོགས་ཀྱི་བྱ་བྱེད་གང་ཡང་འཇོག་མི་ཤེས་ལ་བྱ་བྱེད་སོགས་བཞག་ན་རང་བཞིན་གྱིས་སྟོང་པའང་མི་རིགས་སོ་སྙམ་པས་སོ། །སྐབས་དོན་དང་སྦྱར་ཏེ་དོན་ བསྡུ་བ་ནི། རྒྱུ་རྐྱེན་འབྲས་བུ་ཐམས་ཅད་རང་དབང་མེད་པར་གཞན་དབང་རྟེན་འབྲེལ་ཙམ་ཡིན་པའི་མཚན་དེ་བས་ན་སྔར་ནས་རང་ལ་གནོད་པ་བྱེད་པའི་དགྲ་བོའམ་སྔར་ཕན་པ་བྱེད་པའི་མཛའ་པོ་ཡིན་ཡང་རུང་སྟེ་ཕྱིས་མི་རིགས་པའི་གནོད་པ་བྱེད་པ་མཐོང་ བར་གྱུར་ན་གནོད་བྱེད་དེ་ལ་རང་དབང་མེད་ཀྱི་གོང་དུ་བཤད་མ་ཐག་པ་ལྟར་ཁོང་ཁྲོ་སོགས་ཉོན་མོངས་པ་འདི་འདྲའི་རྐྱེན་གཞན་གྱི་དབང་ལས་གྱུར་ཏེ་ཞེས་དེ་ལྟར་བློ་ལ་ངེས་པར་བྱས་ནས་དོན་དེ་སོམས་ཏེ་ཡིད་མི་བདེ་བ་དང་ཁོང་ཁྲོས་རྒྱུད་དཀྲུགས་པར་མི་ བྱ་བར་དགའ་བ་དང་བདེ་བར་མནོས་ཤིག་གལ་ཏེ་རྒྱུ་རྐྱེན་གཞན་ལ་ལྟོས་མི་དགོས་པར་རང་དགས་ཏེ་རང་དབང་དུ་འདོད་པ་ཙམ་གྱིས་ཅི་དགོས་པའི་འབྲས་བུ་ཐམས་ཅད་འགྲུབ་པར་འགྱུར་ན་སེམས་ཅན་སུ་འགའ་ཡང་རང་ཉིད་སྡུག་བསྔལ་བར་མི་འདོད་
Page: 547 ༄༅། །ཅིང་བདེ་བ་འདོད་པ་ཤ་སྟག་ཏུ་འདུག་པས་ན་ལུས་ཅན་དག་ནི་ཐམས་ཅད་ཀྱང་སུ་གང་ལའང་སྡུག་བསྔལ་དང་ཡིད་མི་བདེ་འབྱུང་བར་མི་འགྱུར་བར་རིགས་ཏེ་སྡུག་བསྔལ་དེ་མི་འདོད་པའི་ཕྱིར་དང་དེ་ལའང་རང་དབང་ཡོད་པས་སོ། །འོན་ ཀྱང་དེ་ལྟར་མིན་པར་མི་འདོད་རྒྱུའི་སྡུག་བསྔལ་འབྱུང་ལ་གང་འདོད་པའི་བདེ་བ་མི་འབྱུང་བའང་མངོན་སུམ་དུ་མཐོང་བས་ན་གང་ཟག་དེ་ལ་རང་དབང་མེད་པར་རྒྱུ་རྐྱེན་གཞན་གྱི་དབང་ཁོ་ན་ལས་འབྱུང་བར་ཤེས་ནས་ཁྲོ་བར་མི་བྱའོ། །དེ་ལྟར་སྡུག་ བསྔལ་སོགས་མི་འདོད་པ་ཙམ་གྱིས་དེ་བཟློག་མི་ནུས་པ་རྒྱུ་རྐྱེན་གཞན་གྱི་སྟོབས་ལས་དབང་མེད་དུ་འབྱུང་བ་དང་ཡིད་མི་བདེ་བསྐྱེད་ནས་སེམས་རྒྱུད་འཁྲུགས་པར་བྱས་པ་ཙམ་གྱིས་ཀྱང་དེ་བཟློག་མི་ནུས་པའི་ཚུལ་ཤེས་པར་བྱས་ནས་ཡིད་མི་བདེ་བ་དང་ ཁྲོ་བར་མི་བྱ་བར་རང་དབང་མེད་པར་ཤེས་ནས་གནོད་བྱེད་རྣམས་ལའང་སྙིང་རྗེ་སྐྱེད་པར་བྱའོ། །གཞུང་འདིར་རིགས་པ་མང་དུ་གསུངས་པ་ལས་རང་དབང་འགོག་པའི་རིགས་པ་འདི་སྐྱེ་སླ་བ་དང་ཁོང་ཁྲོའི་གཉེན་པོར་འགྱུར་ཚབས་ཆེ་བར་གསུངས་ ལ། བྱང་ས་ལས་ཆོས་ཙམ་གྱི་འདུ་ཤེས་བསྒོམས་ནས་གནོད་པ་ལ་བཟོད་པ་སྒོམ་པར་གསུངས་པའང་འདི་དང་གནད་གཅིག་པས་འདི་ལ་ངེས་པ་རྙེད་རྙེད་དུ་སྒོམ་དགོས་པར་གསུངས་སོ། །དེ་དག་ནི་ཆོས་ལ་ངེས་སེམས་ཀྱི་རྒྱུ་མཚན་གྱིས་སྡུག་བསྔལ་ དང་དུ་ལེན་པ་ཡིན་ལ། དེའི་ཕྱིར་སློབ་དཔོན་དགེ་ལྷས་དེ་དག་ཆོས་ལ་ངེས་སེམས་ཀྱི་བཟོད་པར་བཞག་ལ་དེ་བཞིན་དུ་བོད་འགྲེལ་དག་ལས་ཀྱང་ཆོས་ལ་ངེས་སེམས་ཀྱི་བཟོད་པར་བཞག་གོ ། སྡུག་བསྔལ་དང་དུ་ལེན་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་འགྲེལ་ཆེན་
Page: 548 དང་བི་བྷཱུ་ཏིས་མཛད་པའི་འགྲེལ་པར། ཅི་ལ་བབས་ཀྱང་སོགས་ནས་འདི་ཡན་ཆད་སྡུག་བསྔལ་དང་ལེན་དང་། འདི་ནས། དཀའ་ཐུབ་ཞིག་པར་འགྱུར་གྱི་བར་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང་། དེ་མན་ཆད་ཆོས་ལ་ངེས་སེམས་ཀྱི་བཟོད་ པར་བཞག་པ་དང་མི་འགལ་ལ། བསླབ་བཏུས་ལས་མི་འདོད་པ་བྱས་པ་དང་འདོད་པའི་གེགས་བྱས་པ་ལ་བཟོད་པ་ཐམས་ཅད་སྡུག་བསྔལ་དང་ལེན་གྱི་བཟོད་པར་བཤད་པའང་ལུས་སེམས་ཀྱི་མི་འདོད་པའི་སྡུག་བསྔལ་ཐམས་ཅད་བཟོད་ཅིང་དང་དུ་བླངས་ པའི་ཆ་ནས་དེ་ལྟར་བཤད་པ་ཡིན་པས་མི་འགལ་ཞེས་བུ་སྟོན་གསུང་ངོ༌། །གསུམ་པ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་ནི། བག་མེད་པས་ནི་སོགས་ཏེ། དེ་ལ། གནོད་བྱེད་རྨོངས་པས་རང་ལའང་གནོད་པ་བྱེད་པ་ནི། གཞན་ལ་གནོད་པ་བྱེད་པའི་གང་ ཟག་རྨོངས་པ་ཁ་ཅིག་ནི་མ་བརྟགས་པར་སྤྱོད་པ་བག་མེད་པའི་དབང་དུ་གྱུར་པས་ནི་བདག་རང་གི་ལུས་ལའང་བདག་ཉིད་ཀྱི་ཚེར་མ་དང་རྡོ་གསེག་ལ་སོགས་པའི་སྟེང་དུ་འགྲོ་བ་དང་ཉལ་བར་བྱས་ནས་གནོད་པ་བྱེད་པ་དང་། ཁ་ཅིག་གཞན་གྱིས་བདག་ཏུ་བཟུང་ བའི་བུད་མེད་དང་ནོར་ལོངས་སྤྱོད་ལ་སོགས་པ་རང་གིས་འཐོབ་པར་བྱ་བའི་ཕྱིར་དུ་དེ་དག་ལ་བརྐམ་ཤིང་ཆགས་པས་རྔམ་ཞིང་དེའི་དོན་དུ་ཁ་ཟས་དང་བཏུང་བ་གཅོད་པ་དང་དཀའ་ཚེགས་ངལ་དུབ་ལ་སོགས་པ་མང་པོ་ཉམས་སུ་མྱོང་བར་བྱེད་པ་དང་། ཡང་རྔམ་པ་ནི་ ཁྲོས་པ་ཞེས་འགའ་ཞིག་ཏུ་བྱུང་སྟེ་དེ་ནི་ཁྲོས་འཁྲུགས་རྔམ་པར་གྱུར་ཞེས་པ་ལྟར་ཡིན་ལ་སྔ་མ་ནི་བརྣབ་སེམས་ལྟ་བུ་ལ་གོ་བར་བྱ་དགོས་སོ། །ཁ་ཅིག་ནི་མི་འདོད་པ་ཐོག་ཏུ་བབས་པའམ་འདོད་པ་ཐོག་ཏུ་མ་ཁེལ་བའི་རྐྱེན་གྱིས་ཡིད་ལ་མི་བཟོད་པའི་ཟུག་རྔུ་དྲག་པོ་བྱུང་
Page: 549 ༄༅། །བའི་དབང་གིས་སྐེ་ལ་ཐག་པས་བཏགས་ནས་དཔྱངས་ཏེ་འགག་ཅིང་འཆི་བར་བྱེད་པ་དང་དེ་བཞིན་དུ་མེ་ཆུ་སོགས་ཀྱི་འོབས་དང་རི་བྲག་སོགས་ཀྱི་གཡང་སར་མཆོང་བ་དང་སྦྱར་དུག་སོགས་དུག་གི་རིགས་ཟ་བ་དང་རང་གི་ཁམས་ལ་མི་ འཕྲོད་པའི་ཟས་ཟ་བ་དང་ཟས་ཧ་ཅང་ཟ་བ་དང་ཧ་ཅང་མི་ཟ་བར་བྱེད་པ་དང༌། གཞན་ཁ་ཅིག་གིས་ངན་སོང་གི་རྒྱུ་བྱེད་པའི་བསོད་ནམས་མ་ཡིན་པ་སྡིག་པ་མི་དགེ་བ་འབའ་ཞིག་སྤྱོད་པ་ཡིས་རང་གིས་རང་ལ་ཚེ་འདི་དང་ཚེ་ཕྱི་མར་གནོད་པར་བྱེད་པའང་མངོན་སུམ་དུ་མཐོང་ ཐོས་ཀྱི་ཡུལ་དུ་གྱུར་པ་ཡོད་པས་ན་གནོད་པ་བྱེད་པ་ཙམ་རྒྱུ་མཚན་དུ་བྱས་ནས་གཞན་ལ་ཁྲོ་བར་མི་རིགས་སོ། །དེས་ན་གནོད་བྱེད་སྙིང་རྗེའི་གནས་སུ་གཟུང་རིགས་པ་ནི། གཞན་ཡང་དུས་གང་གི་ཚེ་འགའ་ཞིག་རང་ཉིད་ཉོན་མོངས་པ་དྲག་པོའི་གཞན་དབང་དུ་གྱུར་ པས་བདག་རང་གི་ཡིད་ལ་ཤིན་ཏུ་སྡུག་ཅིང་ཆེས་ཕངས་པ་རང་ཉིད་ཀྱང་གསོད་པར་བྱེད་པ་ཡང་མཐོང་ན་དེ་ཡི་ཚེ་གང་ཟག་རྨོངས་པ་དེ་དག་གཞན་གྱི་ལུས་ལ་གནོད་པ་མི་བྱེད་པར་ཅི་ལྟར་འགྱུར་ཏེ་མི་འགྱུར་བས་གནོད་པ་བྱེད་པར་ངེས་པས་ན་གནོད་པ་བྱེད་པ་ཙམ་ལ་ ཧ་ཅང་མི་རིགས་པར་བཟུང་ནས་ཁྲོ་བར་བྱ་མི་རིགས་སོ། །དེ་ལྟར་རང་རྒྱུད་ལ་ཉོན་མོངས་པ་སྐྱེས་ནས་དེའི་དབང་དུ་གྱུར་པས་གདོན་གྱིས་བརླམས་པ་བཞིན་དུ་སོང་ནས་རང་དབང་མེད་པར་གོང་དུ་བཤད་མ་ཐག་པ་དེ་ལྟ་བུར་བདག་རང་ཉིད་གསོད་པ་སོགས་རང་ ལ་གནོད་པ་བྱེད་པ་དང་གཞན་ལའང་གནོད་པ་བྱེད་པ་ལ་སོགས་པ་མི་རིགས་པའི་ཚུལ་རྣམ་པ་སྣ་ཚོགས་བྱེད་པ་ལ་ཞུགས་པའི་སྐྱེ་བོ་རྨོངས་པ་སྡིག་པ་སྤྱོད་པ་དེ་དག་ལ་ནི་སྙིང་རྗེ་འབའ་ཞིག་སྐྱེད་པར་འོས་ཤིང་རིགས་ཀྱི་བཏང་སྙོམས་སུ་གནས་པར་ཡང་མི་
Page: 550 རིགས་ཤིང་མི་འོས་པ་ཡིན་པ་ལ་བརྒྱ་ལ་སྙིང་རྗེ་མ་སྐྱེས་ནའང་དེ་ལ་ཁྲོ་བ་སྐྱེ་བར་འགྱུར་བ་ནི་ཅིའི་ཐ་ཚིག་གམ་ཅིའི་རྒྱུ་མཚན་ཡིན་ཏེ། རྒྱུ་མཚན་ཅི་ཡང་མེད་པས་ན་རྣམ་པ་ཀུན་ཏུ་ཁྲོ་མི་རིགས་སོ་ཞེས་སྙིང་རྗེའི་གནས་ཡིན་གྱི་ཁྲོ་བའི་གནས་མ་ཡིན་ཞེས་བསྟན་ ཏོ། །ཉོན་མོངས་སྐྱེས་པས་ཞེས་པའི་རྒྱུ་དཔེར། ཉོན་མོངས་སྦྱིན་པར་བྱས་པ་ཡི། །ཞེས་ཡོད་དེ། ཤ་ཟ་བཞིན་དུ་ཉོན་མོངས་པས་སྨྱོན་པར་བྱས་པ་དེ་དག་བདག་གསོད་ལ་སོགས་ཞུགས་པ་ལ། ཞེས་སོགས་སྦྱར་རོ། །དེ་དག་བྱང་ཆུབ་སེམས་དཔའི་སྙིང་ རྗེའི་ཡུལ་ཡིན་པས་ཁྲོ་མི་རིགས་པ་ནི། མདོ་ལས། གལ་ཏེ་བདག་ལ་སེམས་ཅན་དེ་དག་གིས་རི་རབ་ཙམ་གྱི་ཐོ་བས་བཏེགས་ཤིང་བསྐལ་པ་བྱེ་བའི་བར་དུ་རྒྱུན་མི་འཆད་པར་གཤེ་ཡང་བདག་གིས་གནོད་སེམས་དང་ཞེ་སྡང་གིས་སེམས་བསྐྱེད་པར་མི་བྱའོ་ ཞེས་དང་། དེ་ཇི་ལྟར་ཇི་ལྟ་བུར་སེམས་ཅན་རྣམས་ཀྱིས་སྤྲོས་པ་དང་བརྒྱབ་པ་དང་བརྡེག་པ་དེ་ལྟ་དེ་ལྟ་བུར་སྙིང་རྗེ་ཆེན་པོ་བསྐྱེད་དེ་བདག་གིས་སེམས་ཅན་འདི་དག་བསྐྱབ་པར་བྱའོ་ཞེས་སོགས་དང་། མདོ་རྒྱན་ལས་ཀྱང་། རབ་འབར་དགྲ་ཡི་དབང་དུ་ སོང་། །ཞེས་སོགས་དང་། ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་རྩེ། །ཞེས་སོགས་གསུངས་པ་ལྟར་རོ། །དེའང་གནོད་བྱེད་དེ་དག་གིས་གནོད་པ་མི་བྱེད་པ་ལ་རང་དབང་ཡོད་མེད་བརྟགས་ན་རང་དབང་ཡོད་བཞིན་དུ་གནོད་པ་བྱེད་པ་མིན་ཏེ། འདི་ ལྟར་སྔོན་རིང་ནས་གོམས་པའི་ཉོན་མོངས་ཀྱི་ས་བོན་དང་ཚུལ་མིན་ཡིད་བྱེད་སོགས་ཀྱི་རྒྱུ་རྐྱེན་རྣམས་ཚོགས་པ་ན་གནོད་སེམས་སྐྱེད་དོ་སྙམ་དུ་མ་བསམས་ཀྱང་གནོད་པ་བྱེད་འདོད་ཀྱི་བསམ་པ་སྐྱེ་ལ་རྒྱུ་རྐྱེན་རྣམས་མ་ཚང་ན་གནོད་སེམས་སྐྱེད་དོ་སྙམ་དུ་བསམས་
Page: 551 ༄༅། །ཀྱང་གཏན་མི་སྐྱེའོ། །རྒྱུ་རྐྱེན་ཚང་ནས་གནོད་པ་བྱེད་འདོད་སྐྱེས་པ་ན་དེས་གནོད་པ་བྱེད་པའི་སྦྱོར་བ་རྣམས་སྐྱེད་ཅིང་སྦྱོར་བ་དེས་གཞན་ལ་སྡུག་བསྔལ་སྐྱེད་པའི་ཕྱིར་ན་གནོད་བྱེད་དེ་ལ་རང་དབང་ཅུང་ཟད་ཀྱང་མེད་དེ་ཁོ་རང་ཡང་ ཉོན་མོངས་པའི་གཞན་དབང་དུ་སོང་ནས་བྲན་ལྟར་དུ་གྱུར་པས་ན་དེ་ཉིད་སྙིང་རྗེའི་གནས་སུ་མཐོང་ནས་ཅི་འདྲ་བའི་གནོད་པ་བྱེད་ཀྱང་གནོད་ལན་བྱ་མི་རིགས་སོ། །ཡང་རང་དབང་མེད་པར་གཞན་གྱིས་བསྐུལ་ནས་མི་འདོད་བཞིན་དུ་གནོད་པ་བྱས་པ་ཡིན་ན་ནི་ དེ་བས་ཀྱང་ཁྲོ་མི་རིགས་ཏེ། དཔེར་ན། སྐྱེ་བོ་གདོན་གྱིས་བརླམས་ནས་དེའི་དབང་དུ་སོང་བ་འགའ་ཞིག་རང་གདོན་ལས་ཐར་པའི་ཐབས་ཀྱིས་ཕན་འདོགས་བྱེད་མཁན་ལ་ཡང་གནོད་པ་བྱེད་འདོད་ནས་བརྡེག་པ་དང་ཚིག་ངན་སྨྲ་བ་སོགས་བྱེད་ཀྱང་འདི་ནི་གདོན་ གྱིས་བཏབ་པས་རང་དབང་མེད་པར་དེ་ལྟར་བྱེད་དོ་སྙམ་ནས་དེ་ལ་ཅུང་ཟད་ཀྱང་མི་ཁྲོ་བར་དེ་གདོན་དང་འབྲལ་བའི་ཐབས་ཅི་དྲག་ལ་བརྩོན་པ་བཞིན་དུ། བྱང་ཆུབ་སེམས་དཔས་ཀྱང་གནོད་བྱེད་ལ་འདི་ནི་ཉོན་མོངས་པའི་གདོན་གྱིས་དབང་མེད་དུ་བྱས་པས་ དེ་ལྟར་བྱེད་དོ་སྙམ་དུ་བསམས་ནས་དེ་ལ་ཅུང་ཟད་ཀྱང་མི་ཁྲོ་བར་དེ་ལ་ལྷག་པར་སྙིང་བརྩེ་བའི་སྒོ་ནས་ཉོན་མོངས་པའི་གདོན་དེ་དང་དབྲལ་བའི་ཆེད་དུ་རྒྱལ་སྲས་ཀྱི་སྤྱོད་པ་ལ་མྱུར་དུ་བརྩོན་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་དགོས་པར་གསུངས་ཏེ། མདོ་སྡེའི་རྒྱུན་ལས། རྟག་ཏུ་ཉེས་པས་རང་དབང་མེད་པར་བྱས་སེམས་ཀྱིས། །ཞེས་སོགས་སྔར་དྲངས་པ་དང་། བཞི་བརྒྱ་པར་ཡང་། ཁྲོ་ཡང་འབྱུང་པོ་གཟུང་བ་ལ། །སྨན་པ་འཁྲུགས་པ་མིན་པ་ལྟར། །ཐུབ་པས་ཉོན་མོངས་དག་གཟིགས་ཀྱི། །
Page: 552 ཉོན་མོངས་དག་འབྲེལ་གང་ཟག་མིན། །ཞེས་དང༌། སློབ་དཔོན་ཟླ་བ་གྲགས་པས། འདི་འདིར་སེམས་ཅན་སྐྱོན་མིན་གྱི། །འདི་ནི་ཉོན་མོངས་རྣམས་སྐྱོན་ཞེས། །རྣམ་པར་དཔྱད་ནས་མཁས་པ་རྣམས། །སེམས་ཅན་དག་ལ་འཁྲུལ་མི་བྱེད། ། ཅེས་པ་ལྟར་ཡིན་པར་བཤད་དོ། །གློ་བུར་བ་དང་རང་བཞིན་གང་ཡིན་བརྟགས་ན་ཁྲོ་མི་རིགས་པ་ནི། གལ་ཏེ་སེམས་ཅན་གཞན་ལ་གནོད་འཚེ་སྣ་ཚོགས་བྱེད་པ་དེ་སེམས་ཅན་གྱི་རང་བཞིན་ཡིན་མིན་གཉིས་ལས་མི་འདའ་བས་དེ་བྱིས་པ་རྣམས་ཀྱི་རང་ བཞིན་ཡིན་ནམ་མིན་ཞེས་བརྟགས་པ་ན། དེ་ལྟ་བུའི་སྐྱོན་དེ་བྱིས་པ་སོ་སོའི་སྐྱེ་བོ་ཉོན་མོངས་ཤས་ཆེ་ཞིང་བླང་དོར་ལ་རྨོངས་པ་རྣམས་ཀྱི་རང་བཞིན་ནམ་བདག་ཉིད་ཡིན་ན་དེ་ལ་ཁྲོ་བར་བྱ་མི་རིགས་ཏེ་དེ་ཁོ་རང་གི་རང་བཞིན་ཡིན་པའི་ཕྱིར། དཔེར་ན། ཚ་ཞིང་སྲེག་པའི་རང་བཞིན་ནམ་བདག་ཉིད་ཅན་གྱི་མེ་ལ་འདིས་ངའི་ལག་པ་སྲེག་གོ་ཞེས་བཀོན་པའམ་ཁྲོ་མི་རིགས་པ་དང་འདྲའོ་སྙམ་དུ་བསམ་ནས་ཁྲོ་བ་དགག་པར་བྱའོ། །འོན་ཏེ་གཞན་ལ་གནོད་འཚེ་བྱེད་པའི་སྐྱོན་འདི་བྱིས་པ་དེའི་རང་བཞིན་མ་ཡིན་ པར་གློ་བུར་དུ་གསར་དུ་བྱུང་བ་ཡིན་ལ། སེམས་ཅན་ཁོ་རང་གི་རང་བཞིན་ནི་གདུག་རྩུབ་སོགས་ཀྱི་སྐྱོན་དང་བྲལ་བའི་ཞི་ཞིང་དེས་པ་ཡིན་པར་གྱུར་ནའང་། འོ་ནའང་གནོད་བྱེད་ཀྱི་སེམས་ཅན་དེ་ལ་ཁྲོ་བར་བྱ་མི་རིགས་ཏེ། དཔེར་ན། རང་བཞིན་ཡོངས་སུ་དག་ པའི་ནམ་མཁའ་ལ་གློ་བུར་དུ་དུད་པ་འཐུལ་བ་ན་དེའི་སྐྱོན་གྱི་དབང་གིས་ནམ་མཁའ་ལ་བཀོན་པའམ་ཁྲོ་བ་མི་རིགས་པ་བཞིན་ནོ་སྙམ་དུ་བསམས་ནས་ཁྲོ་དགག་པར་བྱའོ། །དངོས་བརྒྱུད་གང་གིས་གནོད་བརྟགས་ན་ཁྲོ་མི་རིགས་པ་ནི། གཞན་
Page: 553 ༄༅། །ཕ་རོལ་པོས་རང་ལ་རལ་གྲི་དང་དབྱུག་པ་ལ་སོགས་པར་བརྒྱབ་སྟེ་གནོད་པ་བྱེད་པ་ན་དངོས་སུ་གནོད་བྱེད་ལ་ཁྲོ་ན་ཕ་རོལ་པོས་རྡོ་དང་དབྱུག་པ་དང་མཚོན་ཆ་ལ་སོགས་པའི་དངོས་པོ་བཀོལ་ཏེ། དེ་དག་གིས་དངོས་སུ་གནོད་པ་བྱས་པ་ ཡིན་པས་སྡུག་བསྔལ་གྱི་རྒྱུའི་གཙོ་བོ་དབྱུག་པ་སོགས་ལ་ཁྲོ་རིགས་ལ། ཁྲོ་རིགས་ཀྱི་སྡུག་བསྔལ་གྱི་རྐྱེན་ཙམ་བྱེད་པའི་གང་ཟག་ལ་ཁྲོ་མི་རིགས་སོ། །ཡང་དབྱུག་པ་སོགས་དངོས་སུ་བཀོལ་ཏེ་ཞེས་པ་དང་། དབྱུག་པ་སོགས་ཀྱི་དངོས་པོ་དེ་དག་ལ་ནི་རང་དབང་མེད་པའོ་ སྙམ་པས་ཟུར་དུ་བཀོལ་ཏེ་བཞག་ནས་ཞེས་བཤད་པའང་ཡོད་དོ། །གལ་ཏེ་དབྱུག་པ་སོགས་ཀྱིས་རང་དབང་དུ་གནོད་པ་བྱས་པ་མ་ཡིན་པས་དེ་དག་ལ་ཁྲོ་མི་རིགས་ཀྱི་དེ་དག་གང་ཟག་གིས་འཕངས་ཤིང་ཆད་པ་ཡིན་པས་བརྒྱུད་ནས་གནོད་པ་སྐྱེལ་བའི་འཕེན་ པར་བྱེད་པ་པོའམ་རྦད་མཁན་ལ་ཁྲོའོ་ཞེ་ན། འོ་ན་གནོད་བྱེད་ཀྱི་གང་ཟག་དེ་ལ་ཡང་ཁྲོ་མི་རིགས་ཏེ་དབྱུག་པ་སོགས་སྐྱེས་བུས་ཆད་པ་བཞིན་དུ་གནོད་བྱེད་ཀྱི་དགྲ་དེ་ཡང་ཉོན་མོངས་པ་ཞེ་སྡང་གིས་རང་དབང་མེད་པར་གནོད་པ་བྱེད་པ་ལ་བསྐུལ་ཞིང་རྦད་ པས་ཉིས་ན་སྟེ་རྣམ་པ་གཅིག་ཏུ་ན་ཞེ་སྡང་ལ་ཁྲོ་བར་རིགས་ས་གཅིག་ཏུ་ན་ཁྲོ་མི་རིགས་ལ་ཉིས་ནའམ་གཉིས་སུ་ན་ཞེ་སྡང་ལ་ཁྲོ་རིགས་ཀྱི་གཞན་ལ་ཁྲོ་མི་རིགས་སོ། །ཉིས་ན་ཞེས་པ་འདི་ཡང་ན་ཞེས་པའི་དོན་དུ་ཁ་ཅིག་འཆད་ལ། ཡང་ཅིས་ཀྱང་ཁྲོ་ན་ ཞེ་སྡང་ལ་ཁྲོ་ཞེས་དང་། ཁྲོ་རིགས་ན་ཞེ་སྡང་ལ་ཁྲོ་ཞེས་སོགས་བཤད་ཚུལ་མང་ངོ༌། །རྣམ་བཤད་ལས་ནི། གཅིག་ཏུ་ན་གཞན་གྱི་མཚོན་སོགས་ཀྱིས་ཉེས་ཀྱི་སེམས་ཅན་གྱིས་མ་ཉེས་པའི་ཕྱིར་དང་གཉིས་སུ་ན་སེམས་ཅན་གྱིས་ཀྱང་མ་ཉེས་ཀྱི་དེའི་རྒྱུད་ཀྱི་
Page: 554 ཞེ་སྡང་གིས་ཉེས་པའི་ཕྱིར་དང་གསུམ་དུ་ན་ཞེ་སྡང་གིས་ཀྱང་མ་ཉེས་ཀྱི་བདག་ཉིད་ཀྱི་ལས་ཀྱིས་ཉེས་པའི་ཕྱིར་སེམས་ཅན་ལ་ཁྲོ་བར་བྱར་མེད་ཅེས་གསུངས། དེས་ན་དབྱུག་པ་ལ་མི་ཁྲོ་ན་འཕེན་མཁན་ལའང་ཁྲོར་མི་རིགས་ལ་འཕེན་མཁན་ལ་ཁྲོ་ན་ཞེ་སྡང་ལའང་ ཁྲོ་རིགས་པ་ལ་རང་ཅག་གིས་དེ་ལྟར་མི་འཛིན་པ་ནི་བློ་མི་རིགས་པའི་ལམ་དུ་སོང་བས་ལན་པ་ཡིན་གྱི་དེ་དག་རྣམ་པ་ཐམས་ཅད་དུ་རིགས་པ་མཚུངས་པ་ལ་ངེས་པ་དྲང་ནས་རྡོ་དང་དབྱུག་པ་ལྟར་འཕེན་པ་པོའི་གང་ཟག་ལའང་ཁྲོ་མི་རིགས་པའི་ཕྱོགས་སུ་ཡིད་དྲང་བར་ བྱའོ། །འདིར་རྡོ་དབྱུག་དང་དེ་དག་འཕེན་པ་པོ་གཉིས་ལ་གནོད་སེམས་ཡོད་མེད་ཀྱི་ཁྱད་འབྱེད་རྒྱུ་མེད་པ་ནི་སྔར་བཤད་པའི་རང་དབང་འགོག་པའི་རིགས་པས་ཤེས་པར་བྱ་དགོས་ཞེས་གསུངས་སོ། །གནོད་པ་བྱས་པའི་ལེ་ལན་དུ་བསམ་ནས་ཁྲོ་མི་རིགས་པ་ནི། ད་ལྟ་གནོད་བྱེད་ཀྱི་དགྲས་རང་ལ་སྲོག་གཅོད་པ་ནོར་འཕྲོག་པ་བརྡུང་བརྡེག་ལ་སོགས་པ་བྱས་ནས་སྡུག་བསྔལ་མྱོང་བ་འདི་རྒྱུ་མེད་ལས་བྱུང་བ་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མིན་གྱི་རྗེས་མཐུན་གྱི་རྒྱུ་ལས་བྱུང་བ་ཡིན་པར་ངེས་ལ། དེའང་རང་གིས་མ་བྱས་པའི་ ལས་ངན་གྱི་འབྲས་བུ་མྱོང་བ་མི་སྲིད་པས་བདག་གིས་ཀྱང་སྔོན་ཆད་ཚེ་སྔ་མ་དག་ཏུ་ཡ་སེམས་ཅན་གཞན་རྣམས་ལའང་ད་ལྟ་རང་ལ་བྱུང་བ་འདི་འདྲ་བ་ཡི་གནོད་པ་དུ་མར་བྱས་པ་མངོན་ལ། དེ་ལྟ་བུའི་མི་དགེ་བའི་ལས་ངན་གྱིས་གནོད་བྱེད་ཀྱི་དགྲ་བོ་རང་དབང་མེད་པར་བསྐུལ་ ནས་བདག་ལ་ཚེ་འདིར་མི་འདོད་པའི་གནོད་པ་སྣ་ཚོགས་པ་འདི་བྱུང་བ་ཡིན་པར་ངེས་སོ། །རྒྱུ་མཚན་དེ་བས་ན་སྔར་སེམས་ཅན་ལ་གནོད་ཅིང་འཚེ་བར་བྱེད་པ་བདག་ལ་དེའི་རྒྱུ་མཐུན་དུ་བུ་ལོན་འཇལ་བ་བཞིན་དུ་ད་ལྟའི་གནོད་པ་འདི་ལྟ་བུ་འབྱུང་བ་རིགས་སྙམ་དུ་ལས་
Page: 555 ༄༅། །འབྲས་བསླུ་མེད་བསམ་སྟེ་ལེ་ལན་རང་ལ་བདས་ནས་གཞན་ལ་ཁྲོ་བར་མི་བྱའོ། །ཡང་ན་སེམས་ཅན་གཞན་གྱིས་འཚེ་བར་བྱེད་པ་འདི་ལྟ་བུའི་བདག་ལ་གནོད་པ་འདི་འབྱུང་རིགས་ཞེས་སྦྱར་རོ། །། ལུས་བཟུང་བའི་ལེ་ལན་དུ་བསམ་ནས་ཁྲོ་མི་ རིགས་པ་ནི། གནོད་བྱེད་ཀྱི་དགྲ་དེ་ཡི་མཚོན་རལ་གྲི་སོགས་དང་གནོད་བྱ་བདག་གི་ལུས་གཉིས་ཀ་ཚོགས་པ་ནི་རྨ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུ་མེད་ན་མི་འབྱུང་བ་ཡིན་པར་མཚུངས་ཏེ། འདི་ལྟར་དགྲ་དེས་གནོད་བྱེད་ཀྱི་མཚོན་ཕྱུང་བདག་གིས་གནོད་བྱའི་ ལུས་བྱུང་ནས་གཉིས་ཀ་ཚོགས་པས་རྨའི་སྡུག་བསྔལ་བྱས་པ་ཡིན་ན་བདག་གཞན་གཉིས་པོ་ལས་གང་ཞིག་ལ་ནི་ཁྲོ་བར་བྱ་སྟེ་གཉིས་ཀ་ལ་ཉེས་པ་མཚུངས་པར་ཡོད་པས་གཞན་གྱིས་སྡུག་བསྔལ་འབྱུང་བའི་རྐྱེན་མཚོན་ཆ་ཕྱུང་ནས་རྨ་བྱས་པ་ལ་ཁྲོ་ན་བདག་གིས་ ཀྱང་གནོད་པའི་རྒྱུའམ་སྡུག་བསྔལ་གྱི་གཞིར་གྱུར་པའི་ལུས་བཟུང་བ་ལའང་ཁྲོ་རིགས་ལ་བདག་ལ་མི་ཁྲོ་ན་གཞན་ལའང་ཁྲོ་མི་རིགས་ཀྱི་བདག་ལ་མི་ཁྲོ་བར་གཞན་ཁོ་ན་ལ་ཁྲོ་བ་ནི་ཤིན་ཏུ་མི་རིགས་སོ། །དེ་ཡང་རྒྱུ་རྐྱེན་ཚོགས་པ་ལས་འབྲས་བུ་འབྱུང་བ་རྟེན་ འབྲེལ་གྱི་ཆོས་ཉིད་ཡིན་ལ་རྒྱུ་རྐྱེན་ཚང་བ་མེད་ན་འབྲས་བུ་མི་འབྱུང་བའང་དེ་དང་འདྲ་བས་གནོད་བྱའི་ལུས་དང་གནོད་བྱེད་ཀྱི་མཚོན་སོགས་གང་རུང་རེ་མེད་ནའང་རྨའི་སྡུག་བསྔལ་འབྱུང་མི་སྲིད་དོ། །དེས་ན་ཁྲག་དང་ཆུ་སེར་སྨིན་པའི་ཤུ་བ་མི་ཡི་གཟུགས་ཀྱི་ རྣམ་པ་འདྲ་བ་བརྡུང་བརྡེག་སོགས་རྐྱེན་ཅུང་ཟད་ཙམ་གྱིས་ཀྱང་རེག་ཏུ་མི་བཟོད་ལ་ཚ་གྲང་དང་ན་ཚ་སོགས་ཆུང་དུ་ལའང་བསྲན་པར་ཡང་མི་བཟོད་པའི་སྡུག་བསྔལ་ཅན་གྱི་ལུས་ངན་འདི་འདྲ་བ་ལ་ཆགས་སྲེད་ཀྱིས་ཞེན་ཅིང་ཤེས་རབ་ཀྱི་མིག་མ་རིག་པས་ལྡོངས་པ་
Page: 556 བདག་གིས་ཡི་བར་བཟུང་བར་གྱུར་ན་ཚེར་མ་དང་མེ་སྟག་ཙམ་གྱིས་ཀྱང་གནོད་རིགས་ན་དེ་འདྲའི་ལུས་དེ་ལ་གནོད་པ་བྱུང་བ་ལ་གཞན་སུ་ལ་ཁྲོ་ཁྲོ་མི་རིགས་ཏེ་དེ་ལྟ་བུའི་གནོད་པའི་རྒྱུ་ལུས་ངན་པ་རང་གིས་བཟུང་བས་ཉེས་ཤིང་ལན་པས་སོ། །ཡང་སྲེད་པས་ ཤེས་རབ་ཀྱི་མིག་ལྡོངས་ཞེས་པའང་ཡོད་དོ། །དེ་ནི་རྨ་ཤུ་རྩིག་པ་ལ་ཐུག་པས་སྡུག་བསྔལ་བ་ན་གཞན་ལ་ཁྲོ་མི་རིགས་པ་བཞིན་ཡིན་པར་གསུངས་སོ། །འདིའི་ཚིགས་བཅད་སྔ་མས་རང་གཞན་གཉིས་ཀ་ལ་སྐྱོན་མཉམ་པར་ཡོད་པ་བསྟན་ལ་འདིས་རང་ཁོ་ན་ ལ་སྐྱོན་ལྷག་པར་ཡོད་པའང་བསྟན་ཏེ། རང་གིས་ལུས་མ་བཟུང་ན་གནོད་པ་མི་འབྱུང་བར་ངེས་ལ་གལ་ཏེ་བཟུང་ཡང་སྲ་མཁྲེགས་དང་ལྡན་པའི་རྡོ་རྗེ་ལྟ་བུའི་ལུས་ཞིག་བཟུང་ན་སུས་ཀྱང་གནོད་མི་ནུས་པ་ལ་གནོད་པའི་རྐྱེན་ཅུང་ཟད་ཀྱང་མི་བཟོད་པའི་ལུས་ངན་ འདི་འདྲ་བཟུང་བས་ལན་པས་སོ། །ལས་ངན་བསགས་པའི་ལེ་ལན་དུ་བསམས་ནས་ཁྲོ་མི་རིགས་པ་ནི། ལས་འབྲས་ཀྱི་ཚུལ་ལ་རྨོངས་པའི་བྱིས་པ་རྣམས་ནི་འབྲས་བུ་སྡུག་བསྔལ་ན་ཆུང་ངུ་ཙམ་ཡང་མི་འདོད་ཅིང་སྡུག་བསྔལ་གྱི་རྒྱུ་སྲོག་གཅོད་སོགས་གཞན་ ལ་གནོད་པའི་སྡིག་པ་ཆེན་པོ་ལའང་བརྐམ་ཞིང་ཆགས་པས་ན་སྔར་བསགས་པའི་རང་གི་ལས་ངན་གྱི་ཉེས་པའམ་རང་གིས་སྔར་བསགས་པའི་ལས་ངན་གྱི་ཉེས་པས་བསྐྱེད་པའི་འབྲས་བུ་ད་ལྟ་རང་ལ་སྡུག་བསྔལ་གྱི་གནོད་པ་བྱུང་བར་གྱུར་པ་ལ་གཞན་ལ་ཁྲོ་བའམ་ བཀོན་དུ་ཅི་ཞིག་ཡོད་དེ་མེད་དོ། །ཡང་ན་ཚིག་རྐང་དང་པོ་གཉིས་ཀྱི་དོན་ནི། ཕྱིན་ཅི་ལོག་བྱིས་པའི་ཆོས་དང་ལྡན་པའི་བྱིས་པ་རྣམས་གཞན་གྱིས་བརྡེག་པ་སོགས་ལས་བྱུང་བའི་སྡུག་བསྔལ་མི་འདོད་ཅིང་སྡུག་བསྔལ་གྱི་རྒྱུ་རང་གི་ལུས་དང་གཞན་ལ་གནོད་
Page: 557 ༄༅། །པ་བྱེད་པ་སོགས་ཀྱི་ལས་ངན་ལས་བརྐམ་པས་ན་ཞེས་བཤད་ཀྱང་རུང་ངོ་། །དེས་ན་འབྲས་བུ་སྡུག་བསྔལ་དེ་མི་འདོད་ན་རྒྱུ་མི་དགེ་བ་སྤང་རིགས་ཀྱི་རྒྱུ་ལས་ངན་བསགས་པ་ལས་འབྲས་བུ་མི་འདོད་པ་འབྱུང་བ་ནི་བྱེད་པ་པོ་རང་གི་ཉེས་པ་ ཁོ་ན་ཡིན་པས་གཞན་ལ་ཁྲོ་མི་རིགས་སོ། །ལས་ཀྱིས་ཉེས་པའི་རྒྱུ་མཚན་དེ་ཉིད་དཔེས་སྟོན་པ་ནི། དཔེར་ན། སེམས་ཅན་དམྱལ་བའི་སྲུང་མའམ་ལས་མཁན་རྣམས་དང་ཤིང་ལྗོན་པའི་ལོ་མ་རལ་གྲི་ལྟར་གྱུར་ཏེ་ལུས་གཤག་པའི་རལ་གྲི་ལོ་མའི་ནགས་ ཚལ་དང་ཤལ་མ་ལིའི་ནགས་སོགས་སུ་བུད་མེད་དང་བྱ་རྡོ་རྗེའི་མཆུ་ཅན་ལ་སོགས་པས་དམྱལ་བ་པ་རྣམས་ལ་སྡུག་བསྔལ་སྐྱེད་པ་ནི་གཞན་སུས་ཀྱང་བྱས་པ་མིན་གྱི་དམྱལ་བ་པ་རང་གི་ལས་ངན་གྱིས་བསྐྱེད་པས་དེ་ལ་བཟློག་ཏུ་མེད་ཅིང་ལེ་ལན་གཞན་ བོདའ་རུ་མེད་པ་ལྟར་རང་གི་སྐྱེ་བ་སྔ་མ་ལྟ་བུའི་དུས་ཤིག་ཏུ་སྲོག་གཅོད་སོགས་སེམས་ཅན་ལ་གནོད་པ་སྣ་ཚོགས་པའི་ལས་མངོན་པར་འདུ་བྱས་པ་ཉིད་ཀྱིས་ད་ལྟ་རང་གི་ལུས་སྲོག་སོགས་ལ་གནོད་པའི་སྡུག་བསྔལ་སྣ་ཚོགས་འབྱུང་བ་འདི་བསྐྱེད་པ་ཡིན་ན་ གཞན་གང་ཞིག་ལ་ནི་ཁྲོ་བར་བྱ་སྟེ་སུ་ལའང་ཁྲོར་མི་རིགས་ཏེ་རྒྱུ་ལས་ངན་རང་གིས་བསགས་པའི་འབྲས་བུ་ཡིད་མི་འོང་རང་ཐོག་ཏུ་སྨིན་པ་ཡིན་པའི་ཕྱིར་རོ། །དེས་ན་འབྲས་བུ་སྡུག་བསྔལ་མི་འདོད་ན་རྒྱུ་མི་དགེ་བ་སྤང་རིགས་པས་ཕྱིན་ཆད་ཀྱང་སྡུག་བསྔལ་ གྱི་རྒྱུ་སྤོང་བ་ལ་འབད་པར་བྱའོ། །ཁྲོ་བའི་རྒྱུ་མཚན་ཕྱིན་ཅི་ལོག་ཏུ་བསྟན་པ་ནི། བདག་གི་ལས་ཞེས་སམ་བདག་གིས་སྔོན་གནོད་པའི་སྡུག་བསྔལ་མྱོང་འགྱུར་གྱི་ལས་ངན་བསགས་པ་རྣམས་ཀྱིས་སེམས་རྒྱུད་བསྐུལ་བར་བྱས་ནས་བདག་ལ་ཚེ་འདིའི་
Page: 558 སྐབས་སུ་མི་འདོད་པའི་གནོད་པ་སྣ་ཚོགས་བྱེད་པའི་དགྲ་བོ་ཕ་རོལ་པོ་རྣམས་འབྱུང་སྟེ། དེ་ལྟ་བུའི་གནོད་བྱེད་གང་དག་གིས་བདག་ལ་གནོད་པ་བྱས་པའི་ལས་ངན་པ་དེ་ཡིས་སམ་དེས་ནི་གནོད་བྱེད་ཀྱི་དགྲ་དེ་དག་སེམས་ཅན་དམྱལ་བར་འདོང་བ་སྟེ་འགྲོ་ བར་འགྱུར་ན་གནོད་བྱེད་དེ་དག་གིས་བདག་མ་བརླག་གི་བདག་འབའ་ཞིག་གིས་གནོད་བྱེད་ཀྱི་དགྲ་དེ་དག་མ་བརླག་གམ་ཞེས་རང་གི་སེམས་ལ་བོས་ནས་ཁྱོད་ཀྱིས་དེ་དག་བརླག་པར་བྱསཔས་ན་རང་གི་ལས་ངན་གྱིས་གཞན་སྡུག་བསྔལ་གྱི་རྒྱུ་ལ་སྦྱར་བ་ཡིན་ པས་གལ་ཏེ་ཁྲོ་ན་དགྲ་དེ་དག་གིས་བདག་ལ་ཁྲོ་བར་རིགས་ཀྱི་བདག་གིས་དགྲ་དེ་དག་ལ་ཁྲོ་བར་མི་རིགས་སོ། །འདིས་ཤུགས་ལ་བདག་གིས་དེ་འདྲ་བའི་ལས་ངན་མ་བསགས་ན་དེ་དག་གིས་ཀྱང་བདག་ལ་གནོད་པ་བྱེད་འདོད་ཀྱི་བསམ་པ་མི་སྐྱེ་ཞིང་ གནོད་པའང་མི་བྱེད་ལ་དེ་མ་བྱས་ན་དེ་དག་དམྱལ་བར་ཅིའི་ཕྱིར་འགྲོ་ཞེས་བསྟན་པ་ཡིན་ནོ། །ཡང་གོང་གི་སེམས་ཅན་ཞེས་པ་དེ་དམྱལ་བ་པ་ལ་མ་སྦྱར་བར་གནོད་བྱེད་ཀྱི་སེམས་ཅན་ཞེས་གནོད་བྱེད་ལ་སྦྱར་བའང་སྣང་མོད། འོན་ཀྱང་སྔ་མ་ལྟར་ བྱའོ། །གཞན་ཡང་གནོད་བྱེད་འདི་དག་ལ་ནི་བཟོད་པ་སྒོམ་པའི་དམིགས་རྟེན་བཅས་ནས་བཟོད་པ་བསྒོམས་པས་བདག་གིས་ཚེ་རབས་སྔ་མ་རྣམས་སུ་སེམས་ཅན་ལ་གནོད་པ་བྱས་པའི་སྡིག་པ་སོགས་སྡིག་པ་མང་དུ་འབྱུང་ལ། བདག་གི་ལས་ངན་ གྱིས་བསྐུལ་ཞིང་རྦད་ནས་ཕ་རོལ་གྱི་དགྲས་བདག་ལ་གནོད་པ་བྱས་པ་ལ་བརྟེན་ནས་གནོད་བྱེད་དེ་དག་རྣམས་ནི་ཡུན་རིང་པོའི་བར་དུ་སྡུག་བསྔལ་བཟོད་བླག་མེད་པ་མྱོང་བའི་དམྱལ་བར་འདོང་བའམ་འགྲོ་བར་འགྱུར་བའི་ཕྱིར་ན་བདག་ནི་དགྲ་དེ་དག་
Page: 559 ༄༅། །ལ་དམྱལ་བའི་གནོད་པ་ཆེན་པོ་སྟེར་བའི་བྱེད་པ་པོ་ཡིན་ལ་གནོད་བྱེད་དེ་དག་ནི་བདག་ལ་བཟོད་པ་སྒོམ་པའི་དམིགས་རྟེན་དང་སྡིག་སྦྱོང་གི་གྲོགས་བྱས་པའི་སྒོ་ནས་ཕན་ཆེན་པོ་འདོགས་བྱེད་ཡིན་ན་ཕྱིན་ཅི་ལོག་ཏུ་རྒྱུ་མཚན་ཅིའི་ ཕྱིར་མ་རུངས་པའི་སེམས་རྨོངས་པ་ཁྱོད་ཁྲོ་བར་བྱེད་དེ་ཕན་འདོགས་བྱེད་ལ་དགའ་བར་བྱས་ནས་དྲིན་དུ་གཟོ་རིགས་ཀྱི་ཁྲོ་བར་བྱ་མི་རིགས་སོ། །དགྲས་གནོད་པ་བྱེད་པ་ན་བཟོད་པ་བསྒོམས་པས་སྡིག་པ་འབྱུང་བ་ནི། ཏིང་རྒྱལ་ལས། བྱིས་པས་ཡང་ དག་མ་ལགས་པས། །སྨྱོས་ཤིང་བརྒྱབ་པ་བཟོད་པར་བགྱི། །སྨོད་དང་འདྲེན་པ་དང་དུ་བླང་། །བྱང་ཆུབ་སེམས་དཔའ་གཞན་དག་ལ། །བདག་གིས་གནོད་སེམས་བསྐྱེད་པ་དང་། །སྔོན་ཆད་བདག་གིས་སྡིག་པའི་ལས། །བགྱིས་པ་རྣམས་ ནི་བྱང་བར་འགྱུར། །ཞེས་སོ། །དོན་དེ་ལ་འགལ་བ་སྤོང་བ་ནི། འོ་ན་བཟོད་པ་སྒོམ་པ་པོ་ཁྱོད་རང་ཉིད་གནོད་བྱེད་ཀྱི་དགྲ་དེ་དག་དམྱལ་བར་འཕེན་མཁན་གྱི་བྱེད་པ་པོར་གྱུར་པས་དམྱལ་བར་འགྲོའོ་ཞེ་ན། གལ་ཏེ་བདག་ལ་གནོད་བྱེད་དེ་དམྱལ་ བར་ལྷུང་ན་བསམ་པ་དང་གནོད་ལན་བྱ་སྙམ་པའི་བསམ་པ་ངན་པ་མེད་ཅིང་དེ་དག་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་རྗེས་བརྩེའི་བསམ་པ་བཟང་པོ་ཡི་སྒོ་ནས་བཟོད་པ་སྒོམ་པའི་ཡོན་ཏན་ཡོད་ན་བསམ་པའི་ཡོན་ཏན་གྱི་ཆེ་བ་དེའི་སྟོབས་ཀྱིས་དམྱལ་ བར་མི་འགྲོ་ཞིང་སྡིག་པ་མང་དུ་འབྱུང་བར་འགྱུར་རོ། །འོ་ན་གནོད་བྱེད་ཕ་རོལ་པོ་དེ་ཁྱོད་ལ་ཕན་འདོགས་བྱེད་ཡིན་པས་བསོད་ནམས་ཆེན་པོ་འཐོབ་ཀྱི་དམྱལ་བར་འགྲོ་བ་མི་རིགས་སོ་ཞེ་ན། གལ་ཏེ་བཟོད་པ་སྒོམ་པ་པོ་བདག་གིས་ཐབས་མཁས་པའི་སྒོ་
Page: 560 ནས་བདག་རང་གི་སེམས་ཁོང་ཁྲོ་དང་ལས་ངན་ལས་བསྲུངས་ནས་བཟོད་པ་བསྒོམས་པས་སྡིག་པ་དག་ནས་དམྱལ་བར་མི་འགྲོ་ཞིང་བསོད་ནམས་འཐོབ་པ་ཡིན་ན། བཟོད་པའི་དམིགས་རྟེན་བྱེད་པའི་དགྲ་བོ་དེ་དག་ལ་ནི་བཟོད་པའི་དམིགས་རྐྱེན་བྱེད་པའི་ སྐབས་འདིར་འདི་ལ་བཟོད་པ་སྒོམ་པའི་གྲོགས་བྱའོ་སྙམ་པ་ལྟ་བུའི་བསམ་པ་དགེ་བ་མེད་པས་བསོད་ནམས་ཆེན་པོ་ཅི་ཞིག་བྱུང་ངམ་འབྱུང་སྟེ་མི་འབྱུང་ལ་གནོད་པ་བྱེད་འདོད་ཀྱི་བསམ་པ་ངན་པ་ཡོད་པས་དམྱལ་བར་འགྲོ་བ་ཡིན་ནོ་ཞེས་པའོ། །རྣམ་བཤད་ ལྟར་ན། གལ་ཏེ་བདག་ལ་བསམ་པ་ཡི་ཡོན་ཏན་བཟོད་པ་སྒོམ་པ་ཡོད་པའི་ཕྱིར་ན་དགྲ་དེ་དག་ཀྱང་འགྱོད་ནས་བཤགས་སྦྱངས་བྱས་པས་དམྱལ་བར་མི་འགྲོ་བས་བདག་དགྲ་དེ་དག་ལ་དྲིན་ཆེའོ་ཞེ་ན། གལ་ཏེ་དེ་ལྟ་ན་དེ་དག་ངན་སོང་དུ་སྐྱེ་བའི་རྒྱུ་མེད་པས་ ཁྱོད་བདག་གིས་བདག་ཉིད་ངན་སོང་ལས་བསྲུང་བར་ཟད་ན་དགྲ་དེ་དག་ལ་འདིར་དྲིན་ཆེ་རྒྱུ་ཅི་ཞིག་བྱུང་སྟེ་མ་བྱུང་ངོ་ཞེས་པའི་དོན་དུ་འཆད་དོ། །འདིས་ནི་སྤྱིར་བསམ་པ་བཟང་པོའི་ཡོན་ཏན་དང་བསམ་པ་ངན་པའི་ཉེས་དམིགས་བསྟན་ལ་ཁྱད་པར་སོ་སོར་ རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བཟོད་པ་སྒོམ་ཤེས་པའི་ཕན་ཡོན་དང་དེ་ལྟར་མ་ཤེས་པའི་ཉེས་དམིགས་ཀྱང་བསྟན་པ་ཡིན་པས་ན་དེ་ལྟའི་སྐྱོན་ཡོན་གྱི་འདོར་ལེན་ལ་མཁས་པར་བྱའོ། །། འོ་ན་ཚུར་ལ་གནོད་པ་བྱེད་པ་ཕན་འདོགས་བྱེད་ཡིན་ན་ཕར་ལ་ཡང་ བྱས་ཤེས་དྲིན་གཟོའི་ཆེད་དུ་གནོད་ལན་བྱ་རིགས་སོ་ཞེ་ན། འོན་ཏེ་ཚུར་གཤེ་སྐུར་དང་བརྡུང་བརྡེག་སོགས་བྱེད་པའི་ལན་དུ་ཕར་ལའང་དེ་བཞིན་དུ་གཤེ་སྐུར་སོགས་གནོད་པ་བྱས་ན་གནོད་བྱེད་དེ་དག་ཀྱང་རྒྱུ་ཁོང་ཁྲོ་ཤས་ཆེར་གོང་འཕེལ་དུ་སྐྱེ་བ་དང་འབྲས་
Page: 561 ༄༅། །བུ་དམྱལ་བར་འགྲོ་བ་གང་ལའང་བསྲུངས་པར་མ་གྱུར་ལ། བདག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་གཤེ་ཡང་སླར་མི་གཤེ་བརྡེག་ཀྱང་སླར་མི་བརྡེག་ཁྲོས་ཀྱང་སླར་མི་ཁྲོ་མཚང་བྲུས་ཀྱང་སླར་མཚང་མི་འདྲུ་བའི་དགེ་སྦྱོང་གི་ཆོས་ བཞི་དང་བྱམས་སྙིང་རྗེ་སྒོམ་པར་ཁས་བླངས་པའང་ཉམས་པར་འགྱུར་ཞིང་འགལ་དུམ་ལའང་ཁོང་ཁྲོ་བསྐྱེད་པར་མི་བྱའོ་ཞེས་སོགས་གསུངས་པ་དང་ཡང་འགལ་ཞིང་ཉམས་པར་འགྱུར་ལ། རྒྱུ་མཚན་དེས་ན་དཀའ་ཐུབ་ཐམས་ཅད་ཀྱི་མཆོག་བཟོད་པའང་ ཞིག་པས་ངེས་པར་དམྱལ་བར་འགྲོ་བར་འགྱུར་བས་ན་རང་གཞན་ཕུང་བའི་རྒྱུ་ཁོང་ཁྲོ་བསྐྱེད་ནས་གནོད་ལན་བྱ་མི་རིགས་ཀྱི་གནོད་ལན་དུ་གནོད་པ་མི་བྱེད་པའི་བཟོད་པ་དང་སྙིང་རྗེ་སྒོམ་པ་ལ་དུས་རྟག་ཏུ་ཅི་ནས་ཀྱང་ནན་ཏན་བྱ་རིགས་ཏེ་རང་ཉིད་ཀྱིས་བཟོད་ པ་སྒོམ་པ་དང་ཕ་རོལ་པོ་ཉམས་སོ་རེ་སྡུག་སྙམ་དུ་སྙིང་རྗེ་སྒོམ་པ་ལས་ལྷག་པའི་ཐབས་གཞན་གྱིས་དེ་དམྱལ་བར་འགྲོ་བ་ལས་སྲུང་ཐབས་ཅི་ཡང་བྱར་མེད་པས་སོ། །དེ་ལྟར་བཟོད་པ་སྒོམ་པ་ལ་གནས་མ་ཐུབ་པར་གནོད་ལན་དུ་གནོད་པ་བྱེད་ཅིང་ གཤེ་བའི་ལན་དུ་གཤེ་བ་སོགས་བྱེད་པའི་སྒོ་ནས་འཐབ་མོ་དང་རྩོད་པ་སོགས་སངས་རྒྱུས་ཀྱི་རྗེས་འཇུག་རྣམས་ཀྱིས་བྱ་མི་རིགས་ཤིང་བྱས་ན་དགེ་སྦྱོང་གི་ཆོས་ཉམས་པར་འགྱུར་བ་སོགས་ཉེས་དམིགས་མང་པོ་འབྱུང་སྟེ། ལྷག་བསམ་བསྐུལ་བ་ལས། གང་ན་སྤྲོས་པའམ་རྩོད་པ་ཡོད་པ་ལས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག ། གང་ན་ཉོན་མོངས་ཡོད་པ་དེ་དག་ཏུ། །ཡུད་ཙམ་ཞིག་ཀྱང་གནས་ཤིང་འདུག་མི་བྱ། །རབ་བྱུང་དོན་འདོད་ཡོན་ཏན་འདོད་པ་རྣམས། །སྡང་བའི་སེམས་ཀྱིས་
Page: 562 རྩོད་པར་མ་བྱེད་ཅིག ། གང་གི་དོན་དུ་སྤྲོས་པ་འདི་འབྱུང་བ། །ཁྱེད་ལ་ཞིང་མེད་ཞིང་ལས་ཚོང་བྱ་མེད། །ཁྱེད་ལ་ཆུང་མ་བུ་དང་བུ་མོ་མེད། །ཁྱིམ་དང་གཉེན་གྱི་ཚོགས་ཀྱང་ཡོད་མ་ཡིན། །བྲན་ཕོ་བྲན་མོ་མེད་ཅིང་དབང་ཕྱུག་མེད། །རབ་ཏུ་བྱུང་ ནས་རྩོད་པར་མ་བྱེད་ཅིག ། ཞི་ཞིང་རབ་ཏུ་ཞི་བས་བསྟེན་པ་ཡི། །ངུར་སྨྲིག་གོས་དག་དད་པས་བླངས་ནས་ནི། །ཞི་ཞིང་རབ་ཞི་ཉེ་བར་ཞི་བ་བྱོས། །སྤྲོས་པ་རྣམ་པར་སྤོངས་ལ་བཟོད་པ་སྐྱེ། །མི་བཟད་སེམས་ནི་སྦྲུལ་གདུག་འདྲ་བར་སྲུངས། །སྤྲོས་ལ་ སྤྱོད་པ་སེམས་ཅན་དམྱལ་བ་དང་། །དུད་འགྲོ་གཤིན་རྗེའི་ཡུལ་དང་རིང་མི་འགྱུར། །དེ་ལྟ་བས་ན་བཟོད་དང་བརྩོན་འགྲུས་བསྐྱེད། །ཅེས་སོགས་གསུངས་སོ། །དེ་རྣམས་ནི་བདག་ལ་སྡུག་བསྔལ་བྱེད་པ་ལ་ཡིད་མི་བདེ་དང་ཁོང་ཁྲོ་བཀག་ནས་ཡིད་བདེ་དང་ བཟོད་པ་སྒོམ་པའི་ཚུལ་ལོ། །གཉིས་པ་བདག་ལ་བརྙས་སོགས་གསུམ་བྱེད་པ་ལ་བཟོད་པ་སྒོམ་པ་ནི། ཡིད་ནི་ལུས་ཅན་སོགས་ཏེ། དེ་ལ། བརྙས་སོགས་ཀྱིས་གང་ལའང་མི་གནོད་པས་ཁྲོ་མི་རིགས་པ་ནི། ཡིད་དམ་སེམས་ནི་ལུས་ཅན་ཏེ་གཟུགས་ ཅན་གྱི་དངོས་པོ་མ་ཡིན་པས་གནོད་བྱེད་ཀྱི་དགྲ་སུས་ཀྱང་གནས་གང་དུའང་བརྡུང་བརྡེག་བརྙས་སྨོད་སོགས་བྱས་པས་ནམ་ཡང་གཞོམ་པར་མི་ནུས་སོ། །འོན་ཀྱང་རང་གི་རྣམ་པར་རྟོག་པས་ལུས་ལ་བདག་ཏུ་མངོན་པར་ཞེན་པས་ན་བརྡུང་བརྡེག་སོགས་བྱས་ པས་ལུས་འདི་ལ་ནི་དངོས་སུ་སྡུག་བསྔལ་དག་གིས་གནོད་པར་སྣང་ལ་དེའི་དབང་གིས་བརྒྱུད་ནས་སེམས་ལ་གནོད་པའི་སྣང་བ་འབྱུང་མོད། འོན་ཀྱང་དེ་ལ་ལེགས་པར་བརྟགས་ཤིང་དཔྱད་པ་ནི་གཞན་གྱིས་བརྡུང་བརྡེག་སོགས་བྱས་པ་དང་བརྙས་པ་དང་
Page: 563 ༄༅། །ཚིག་རྩུབ་མོ་སྨྲ་བ་དང་མི་སྙན་པ་ཡི་ཚིག་མང་པོ་བརྗོད་པ་དེ་ཡིས་བདེ་སྡུག་གི་ཚོར་བ་ཅི་ཡང་མེད་པའི་ལུས་བེམ་པོ་ལ་ཅུང་ཟད་ཀྱང་གནོད་པར་མི་འགྱུར་ན་སེམས་ལ་ལྟ་ཅི། དེ་ལྟར་ལུས་སེམས་གང་ལའང་མི་གནོད་ན་ཀ་ཡེ་སེམས་ ཁྱོད་རྒྱུ་མཚན་ཅིའི་ཕྱིར་རབ་ཏུ་ཁྲོ་བར་བྱེད་དེ་ཁྲོ་བའི་རྒྱུ་མཚན་གནོད་པ་བྱས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །ཡང་ཡིད་ནི་ལུས་ཅན་མ་ཡིན་པས་སུས་ཀྱང་བརྡུང་བརྡེག་སོགས་ཀྱིས་གང་དུའང་གཞོམ་མི་ནུས་ལ་ལུས་ནི་གཟུགས་ཅན་ཡིན་པ་དང་དེ་ལ་མངོན་ པར་ཞེན་པས་བདག་ཏུ་བཟུང་བས་ན་བརྡུང་བརྡེག་ལྟ་བུས་ལུས་དེ་ལ་ནི་གནོད་ཀྱི་བརྙས་དང་ཚིག་རྩུབ་སོགས་ཀྱིས་ནི་ལུས་ལའང་མི་གནོད་ན་སེམས་ལ་ལྟ་ཅི་ཞེས་བཤད་པའང་སྣང་ངོ༌། །གཞན་མི་དགའ་བས་ནམ་ཡང་མི་གནོད་པས་ཁྲོ་མི་རིགས་པ་ནི། བརྙས་སོགས་ཀྱིས་ལུས་ལ་མི་གནོད་མོད། འོན་ཀྱང་ཕ་རོལ་གྱིས་བརྙས་སོགས་བྱས་པ་ན་དེ་ཐོས་པའི་རྐྱེན་གྱིས་གཞན་མང་པོ་བདག་ལ་མི་དགའ་བས་དེའི་ཕྱིར་ཁྲོའོ་སྙམ་ན། སྐྱེ་བོ་གཞན་དག་བདག་ལ་མི་དགའ་བ་དང་མ་དད་ཅིང་སྨོད་པར་བྱེད་པ་དེ་ཡིས་ བདག་ལ་གནོད་ན་བདེན་དུ་ཆུག་ཀྱང་གཞན་མི་དགའ་བ་དེས་ནི་ཚེ་འདིའམ་ཚེ་རབས་གཞན་ལའང་བདག་ལ་ཟ་བའམ་འཆའ་བར་འགྱུར་བ་ལྟ་བུའི་གནོད་པ་ཅི་ཡང་མི་བྱེད་པས་ན་བདག་ནི་རྒྱུ་མཚན་ཅིའི་ཕྱིར་དེ་མི་འདོད་དེ་དཔྱད་ན་མི་འདོད་པའི་རྒྱུ་མཚན་ ཅི་ཡང་མི་རྙེད་པས་དེ་མི་འདོད་པར་བྱེད་པ་མི་རིགས་སོ། ཡང་། ཇི་ལྟར་བདག་ལ་ཟ་འགྱུར་རམ། །ཞེས་དྲི་བ་སྟེ་ཅུང་ཟད་ཀྱང་ཟ་བར་མི་བྱེད་ཅེས་པའང་འདུག་གོ ། རྙེད་པ་ལ་སྙིང་པོ་མེད་པས་དེའི་བར་ཆད་བྱེད་པ་ལ་ཁྲོ་མི་རིགས་པ་ལ། རྙེད་པ་འདོར་
Page: 564 ཞིང་ཁྲོས་པའི་སྡིག་པ་བརྟན་པར་གནས་པ་ནི། གཞན་མི་དགའ་བ་ཙམ་གྱིས་བདག་ལ་མི་གནོད་པ་བདེན་མོད། འོན་ཀྱང་བརྙས་སྨོད་སོགས་བྱས་པས་གཞན་མི་དད་པར་འགྱུར་ལ་དེ་ལ་བརྟེན་ནས་དེ་དག་ལས་ཟས་ནོར་གོས་སོགས་ཀྱི་རྙེད་པ་ཐོབ་པའི་ བར་ཆད་བྱེད་པའི་ཕྱིར་གལ་ཏེ་བརྙས་སོགས་བྱེད་པ་འདི་བདག་གིས་མི་འདོད་པས་ཁྲོའོ་སྙམ་ན། བདག་གི་རྙེད་པའམ་བདག་གིས་ཟས་གོས་སོགས་ཀྱི་རྙེད་པ་མང་པོ་ཐོབ་ཀྱང་འཇིག་པའི་ཆོས་ཅན་ཡིན་པས་ཚེ་འདི་ཉིད་དུ་ཡང་མྱུར་དུ་ཟད་པར་འགྱུར་ བུ་དམྱལ་སོགས་ཀྱི་སྡུག་བསྔལ་མ་མྱོང་བར་མི་འཛད་པས་རྒྱུད་ལ་བརྟན་པར་གནས་སོ། །དེས་ན་རྙེད་པ་མ་ཐོབ་ཀྱང་རུང་གི་དེའི་ཆེད་དུ་ཁྲོ་བར་མི་བྱ་སྟེ་རྙེད་པ་ནི་མྱུར་དུ་འཇིག་ཅིང་འདོར་ལ་ཁྲོས་པའི་སྡིག་ནི་ཤིན་ཏུ་ལྕི་ཞིང་རྣམ་སྨིན་མི་བཟང་པས་ཡུན་ རིང་པོར་བསྐྱེད་པས་སོ། །ལོག་འཚོ་སྡིག་པ་ལྕི་ལ་འཆི་ཁར་མི་ཕན་པ་ནི། དེས་ན་རྙེད་པ་ལ་ཆགས་པའི་གཉེན་པོར་འདི་ལྟར་བསམ་པར་བྱ་སྟེ། བདག་ནི་ལོག་འཚོ་དང་བཅས་པའི་རྙེད་པ་ཅུང་ཟད་ཀྱང་མ་གྲུབ་པར་དེང་ཉིད་ནས་ཤི་ཡང་བླའི་ཞེས་ཏེ་ ཤི་ཡང་རུང་གི་གཞན་ལ་ཁྲོ་བ་དང་བཅས་པའི་སྒོ་ནས་རྙེད་པ་བསྒྲུབས་པའི་ལོག་འཚོ་ལ་བརྟེན་པས་ཡུན་རིང་བོར་གསོན་པ་ནི་ཤིན་ཏུ་མི་རུང་སྟེ། བདག་ལྟ་བུ་ལོག་འཚོ་དང་བཅས་པའི་རྙེད་པ་མང་པོ་ཐོབ་ནས་ཚེ་འདི་ཡུན་རིང་དུ་གནས་པར་གྱུར་
Page: 565 ༄༅། །ཀྱང་འཚོ་བའི་མཐའ་ནི་འཆི་བ་ལས་མ་འདས་པས་འཆི་བ་ལས་ནམ་ཡང་མི་ཐར་ཞིང་ངེས་པར་འཆི་བའི་སྡུག་བསྔལ་དེ་ཉིད་ཉམས་སུ་མྱོང་དགོས་པ་ཡིན་ལ། དེའི་ཚེ་འཇིག་རྟེན་ཚེ་འདིའི་བདེ་སྐྱིད་རྙེད་བཀུར་སོགས་གང་གིས་ ཀྱང་མི་ཕན་ཞིང་རྗེས་སུ་མི་འབྲང་ལ་ཤི་ནས་ཀྱང་ལོག་འཚོའི་ཉེས་པས་ངན་སོང་དུ་འགྲོ་བའི་ཕྱིར་རོ། །དེ་ལ་ལོག་འཚོ་ལྔ་ནི། རིན་ཆེན་ཕྲེང་བ་ལས། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་ བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོག་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་པའོ། །རྙེད་པས་རྙེད་པ་རྣམ་འདོད་པ། །སྔར་ ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་སོ། །དེ་དག་ལ་སོགས་པའི་ལོག་འཚོའི་ཉེས་པའང་། དྲན་པ་ཉེར་གཞག་ཏུ། གང་དུ་འཚོ་བ་ལོག་པ་ནི། །ཅུང་ཟད་ཙམ་གྱིས་འཚོ་འགྱུར་བ། །དེ་ནི་བཤང་འཇིམ་ནུབ་གྱུར་ནས། །སྲིན་བུ་རྣམས་ཀྱིས་ཟ་བར་འགྱུར། ། ཞེས་སོགས་གསུངས་སོ། །དེས་ན་ལོག་འཚོ་དང་བཅས་པའི་རྙེད་པ་མ་གྲུབ་པས་དེང་ཉིད་ཤི་བ་ནི་ཆེས་མཆོག་ཡིན་གྱི་ལོག་འཚོ་ལ་བརྟེན་ནས་ཡུན་རིང་དུ་གསོན་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་ཤེས་པར་བྱས་ནས། ལོག་འཚོ་དང་འདྲེས་པའི་རྙེད་པ་དུག་བཞིན་སྤང་ བར་བྱའོ། །། རྙེད་པས་རིང་དུ་འཚོའང་འཆི་ཁར་མི་ཕན་པ་དཔེ་དང་བཅས་པ་ནི། དཔེར་ན། འགའ་ཞིག་གིས་རྨ་ལམ་དུ་ལོ་བརྒྱར་བདེ་བ་མྱོང་བར་རྨིས་ནས་སད་པར་གྱུར་པ་གང་ཡིན་པ་དེ་དང་གང་ཟག་གཞན་ཞིག་གམ་རྨི་ལམ་གཞན་ཞིག་ཏུ་ཡུད་ཙམ་ཞིག་གི་བར་
Page: 566 དུ་བདེ་བ་མྱོང་བར་རྨིས་ནས་སད་པར་གྱུར་པ་གང་ཡིན་པའི་གད་པ་དེ་དག་གི་ཚེ་གཉིས་ཀ་ལའང་རྨི་ལམ་གྱི་བདེ་བ་ཡུན་རིང་ཐུང་གཉིས་པོ་དེ་ནི་དྲན་པའི་ཡུལ་དུ་འགྱུར་སྲིད་ཀྱི་གང་ཡང་ཕྱིར་འོང་བའམ་རྗེས་སུ་འབྲང་བ་མེད་པ་དེ་བཞིན་དུ། རྙེད་པ་དང་བཅས་པའི་སྒོ་ ནས་ཚེ་རིང་པོ་ལོ་བརྒྱའི་བར་དུ་བདེ་བ་མྱོང་བ་དང་ཚེ་ཐུང་བ་ལོ་གཅིག་ཟླ་གཅིག་ཙམ་ལ་བདེ་བ་སྤྱད་པ་གཉིས་ཀ་འདྲ་སྟེ་གཉིས་ཀའང་འཆི་བའི་དུས་ན་དྲན་པའི་ཡུལ་དུ་འབྱུང་བ་དེ་ཙམ་ལས་མ་ལུས་པ་སྔ་མ་དེ་འདྲར་ཟད་ཀྱི་སྔར་གྱི་ཡུན་རིང་ཐུང་གི་བདེ་བ་གཉིས་ཀ་ གང་ཡང་ཕྱིར་འོང་ནས་ཉམས་སུ་མྱོང་བ་ནི་མི་སྲིད་པས་ལོག་འཚོ་དང་བཅས་པའི་རྙེད་པ་ལ་སྲེད་པར་བྱ་མི་རིགས་སོ། །འཆི་དུས་རྙེད་མ་རྙེད་ལ་ཁྱད་པར་མེད་པ་ནི། རྙེད་པ་ཐོབ་པས་འཆི་ཁར་ཅུང་ཟད་ཀྱང་མི་ཕན་ཏེ། རྙེད་པ་ཆུང་ངུ་ཙམ་མ་ཡིན་པར་ཟས་ གོས་ནོར་སོགས་ཀྱི་རྙེད་པ་ཤིན་ཏུ་མང་པོ་ཐོབ་པར་གྱུར་ཏེ་དེ་ཙམ་གྱི་བདེ་བ་སྤྱད་པའམ་དུས་ཡུན་ཐུང་ངུ་ཙམ་མ་ཡིན་པར་ཡུན་ཤིན་ཏུ་རིང་པོའི་དུས་སུ་བདེ་བ་མང་པོ་ལ་ཅི་འདོད་དུ་ལོངས་སྤྱོད་པར་བྱས་ཀྱང་མཐར་འཆི་བའི་དུས་སུ་ཟས་གོས་སོགས་ལོངས་སྤྱོད་ཐམས་ ཅད་ཆོམ་པོས་ཕྲོགས་ཤིང་བཅོམ་ནས་ཅི་ཡང་མེད་པར་བྱས་པ་ཇི་ལྟ་བ་བཞིན་དུ་སྐེད་དཀྲིས་ཀྱི་གོས་ཙམ་ཡང་འཆང་རྒྱུ་མེད་པས་སྒྲེན་མོ་དང་ནོར་དང་ལམ་རྒྱགས་གང་ཡང་འཁྱེར་རྒྱུ་མེད་པས་ལག་པ་སྟོང་པར་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་དགོས་ ཀྱི་དེ་ལས་གཞན་དུ་ཟས་གོས་ནོར་སོགས་ཀྱི་ཡོ་བྱད་མ་པོ་ཁྱེར་ནས་ཕ་རོལ་དུ་འགྲོ་བ་མི་སྲིད་པའི་ཕྱིར་རོ། །རྙེད་པ་མ་ཐོབ་ཅིང་བདེ་བ་སྤྱོད་རྒྱུ་མ་བྱུང་བ་དག་ཀྱང་སྒྲེན་མོ་ལག་སྟོང་དུ་འགྲོ་དགོས་པ་སྔ་མ་དང་འདྲ་བས་ན་འཆི་ཁར་ཕན་པའི་ཆོས་ཤིག་མ་འགྲུབ་
Page: 567 ༄༅། །ཕྱིན་ཆད་རྙེད་པ་ཐོབ་པ་དང་མ་ཐོབ་པ་གཉིས་ཀ་ལ་འཆི་བའི་དུས་སུ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེས་ན་མེད་པའི་དོན་དུ་གཞན་ལ་ཁྲོ་མི་རིགས་ཤིང་ལོག་འཚོ་དང་བཅས་པའི་རྙེད་པ་ལ་སྲེད་པར་ཡང་བྱ་བར་མི་རིགས་ཏེ་ཁོང་ཁྲོ་དང་ལོག་འཚོ་ གཉིས་ཀ་ཉེས་དམིགས་ཤིན་ཏུ་ཆེ་ཞིང་རྙེད་བཀུར་ལ་ནི་འདི་ཕྱི་ཀུན་ཏུ་དགོས་པའི་དོན་དང་ཕན་པའི་སྙིང་པོ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། འདུལ་བ་ལུང་ལས། དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། རྙེད་པ་དང་བཀུར་སྟི་གང་ཡིན་པ་ཟིལ་གྱིས་ མནན་པར་བྱའི། རྙེད་པ་དང་བཀུར་སྟི་བྱུང་བ་ལ་སེམས་གཏུགས་ཏེ་གནས་པར་མི་བྱ་སྟེ་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཞེས་སོ། །དེ་ལྟར་རྙེད་བཀུར་བསྟོད་གྲགས་སོགས་ལ་སྙིང་པོ་མེད་ཅིང་ཉེས་དམིགས་དང་བཅས་པའི་ཚུལ་ལེགས་པར་ ཤེས་ཤིང་བསམ་ནས་དེ་དག་ལ་སྲེད་པ་འགོག་ཐུབ་ན་བརྙས་སོགས་གསུམ་བྱེད་པ་ལའང་ཡིད་མི་བདེ་བར་མི་འགྱུར་ཏེ་ཕ་རོལ་གྱི་ངོར་རང་ཉིད་རྙེད་བཀུར་སོགས་དང་ལྡན་པའི་ཁྱད་པར་ཅན་དུ་གྲུབ་པ་ལ་དོན་གཉེར་མེད་པས་མ་གྲུབ་ཀྱང་ཡིད་བདེ་བ་མི་ཉམས་པར་གསུངས་ པའི་ཕྱིར་རོ། །དེ་དག་གིས་ནི་རྙེད་པའི་བར་ཆད་བྱེད་པ་ལ་ཁྲོ་མི་རིགས་པའི་རྒྱུ་མཚན་དུ་རྙེད་པ་ལ་སྙིང་པོ་མེད་ཅིང་ཉེས་དམིགས་དང་བཅས་པ་ཡིན་པར་བསྟན་ཏོ། །བསླབ་བཏུས་ལས། ཡང་དག་འཚོ་བ་སྦྱངས་པ་ཡིས། །ལོངས་སྤྱོད་དག་པར་ཤེས་པར་བྱ། །ཞེས་ ལོག་འཚོ་དང་མ་འདྲེས་ལ་དཀོར་དང་མ་འདྲེས་པའི་ལོངས་སྤྱོད་དག་པ་སྒྲུབ་པའི་ཚུལ་དྲག་ཤུལ་ཅན་གྱིས་ཞུས་པ་སོགས་དྲངས་ནས་རྒྱས་པར་༌་གསུངས་སོ། །སྙིང་པོ་ཡོད་པས་སྒྲུབ་རིགས་པར་འདོད་པ་འགོག་པ་ནི། གལ་ཏེ་རྙེད་པ་མང་པོ་ཐོབ་པར་གྱུར་པས་
Page: 568 ཟས་གོས་སོགས་འཚོ་བའི་མཐུན་རྐྱེན་ཐམས་ཅད་ལེགས་པར་ཚང་ནས་ཡུན་རིང་དུ་གསོན་པར་གྱུར་ན་སྟོབས་བཞིའི་བཤགས་པས་སྡིག་པ་ཟད་པའི་ཐབས་དང་སྦྱིན་པ་གཏོང་བ་ཚུལ་ཁྲིམས་བསྲུང་བ་སོགས་བསོད་ནམས་གསོག་ཅིང་འཕེལ་བའི་ཐབས་བྱས་ཀྱང་ ཆོག་པས་དགོས་པའི་དོན་ཚེ་སྟེ། ཇི་སྐད་དུ། ཆོས་ལ་སྤྱོད་པ་ཇི་སྲིད་ཡུན་རིང་འཚོ། །དེ་སྲིད་དགེ་བའི་རྒྱུན་ནི་རབ་ཏུ་འཕེལ། །ཞེས་གསུངས་པའི་ཕྱིར། དེས་ན་རྙེད་པ་ལ་སྙིང་པོ་ཡོད་པས་དེ་བསྒྲུབ་པར་བྱ་རིགས་ལ་དེའི་བར་ཆད་བྱེད་པ་ལའང་ཁྲོ་བར་བྱ་རིགས་ སོ་ཞེ་ན། རྙེད་པ་ཐོབ་པས་འཆི་ཁར་མི་ཕན་པར་གོང་དུ་བསྟན་པ་ལྟར་གསོན་པའི་དུས་སུ་ཡང་ཕན་པར་དཀའ་སྟེ་བསོད་ནམས་ཅན་ཁ་ཅིག་ཆོས་མཐུན་གྱི་རྙེད་པ་ལ་བརྟེན་ནས་སྡིག་ཟད་བསོད་ནམས་འཕེལ་བ་འབྱུང་སྲིད་ན་ཡང་ཕལ་ཆེར་ལ་མི་ཕན་པར་མ་ཟད་གནོད་པའི་ རྒྱུ་ཆེན་པོར་ཡང་འགྱུར་ཏེ། བསོད་ནམས་གསོག་པ་དང་སྡིག་པ་འཛད་པའི་ཕྱིར་རྙེད་པ་སྒྲུབ་པའི་དོན་དུ་ཞུགས་པ་ན་དེའི་གེགས་དང་བར་ཆད་བྱེད་པ་ལ་སེམས་ཁྲོས་པར་གྱུར་ན་སྔར་བཤད་པ་ལྟར་བསྐལ་པ་བརྒྱ་སྟོང་སོགས་དུ་མར་བསགས་པའི་བསོད་ནམས་དགེ་ བའི་ཚོགས་ཐམས་ཅད་དེས་བཅོམ་ཞིང་ཟད་པར་བྱེད་པ་དང་ཁོང་ཁྱོས་བསྐྱེད་པའི་སྡིག་པའི་ཕུང་བོ་ཆེན་པོ་ཡང་འཕེལ་བར་མི་འགྱུར་རམ་སྟེ་འགྱུར་བའི་ཕྱིར་རོ། །དེས་ནི་དེ་ལྟར་འདོད་པ་བསམ་པ་ཕྱིན་ཅི་ལོག་ཏུ་གྱུར་པར་སྟོན་ཏེ་བསོད་ནམས་འཕེལ་བར་འདོད་ ཀྱང་བསོད་ནམས་འཛད་པའི་རྒྱུ་དང་སྡིག་པ་འཛད་པར་འདོད་ཀྱང་སྡིག་པ་འཕེལ་བའི་རྒྱུར་སོང་བས་སོ། །ཞེས་བཤད་པའི་ཕྱིར། དེ་བས་ན་བྱང་སེམས་ཀྱིས་དོན་མེད་པར་ཡུན་རིང་དུ་འཚོ་བ་ཙམ་དོན་དུ་མི་གཉེར་ལ་སྡིག་པ་འཛད་ཅིང་བསོད་ནམས་འཕེལ་བ་
Page: 569 ༄༅། །དོན་དུ་གཉེར་ནས་དེ་ལྟ་བུའི་དགོས་པ་གང་གི་དོན་དུ་རྙེད་པ་དང་བཅས་ཏེ་བདག་ཉིད་ཡུན་རིང་པོར་གསོན་པར་འདོད་པ་ཡིན་ན་རྙེད་པའི་དོན་དུ་ཁོང་ཁྲོ་སྐྱེས་པའི་དབང་གིས་ཆེད་དུ་གཉེར་བྱའི་བསོད་ནམས་དགེ་བའི་ལས་དེ་ཉིད་གལ་ཏེ་ཉམས་ཤིང་ ཟད་པར་གྱུར་ན་ཁོང་ཁྲོ་སོགས་ལ་བརྟེན་ནས་སྡིག་པ་མི་དགེ་བ་འབའ་ཞིག་བྱེད་པ་ཡི་སྒོ་ནས་ཡུན་རིང་དུ་འཚོ་ཞིང་གསོན་པ་དེས་ཀོ་ཅི་ཞིག་བྱ་སྟེ་དགོས་པའི་དོན་ཅིང་ཡང་མེད་པས་ན་རྙེད་པའི་བར་ཆད་བྱེད་པ་ལའང་ཁྲོ་བར་མི་བྱའོ། །ཁོང་ཁྲོས་བསོད་ནམས་འཛད་ཅིང་ སྡིག་པ་འཕེལ་ཚུལ་ཤིན་ཏུ་མང་ཡང་མདོ་ཙམ་སྔར་བཤད་པ་ལྟར་ཡིན་ལ། བཟོད་པ་བསྒོམས་པས་སྡིག་པ་འཛད་པ་གོང་དུ་ཏིང་རྒྱལ་གྱི་ལུང་དྲངས་པ་དང་། སྐྱེས་རབས་ལས་ཀྱང་། གང་ཞིག་རང་གི་ཆོས་ཉམས་མི་སེམས་པར། །བདག་གི་སྡིག་སྦྱང་ཕྱིར་ནི་ཞུགས་འདྲ་ ལ། །འདི་ལའང་བདག་ནི་བཟོད་པར་མི་བྱེད་ན། །དེ་ལས་གཞན་པ་དྲིན་མེད་ཅི་འདྲ་ཞིག ། ཅེས་གནོད་བྱེད་ཁོ་རང་གི་ཆོས་ཉམས་པ་ལའང་མི་སེམས་པར་བདག་གི་སྡིག་པ་སྦྱང་བའི་ཕྱིར་དུ་ཞུགས་པ་དེ་འདྲ་བའི་གནོད་བྱེད་དེ་ཉིད་ལ་ཤིན་ཏུ་དྲིན་ཅན་ཡིན་པར་ཤེས་ནས་བཟོད་ པ་སྒོམ་པ་དང་དྲིན་དུ་གཟོ་རིགས་སོ་ཞེས་བསྟན་ཏོ། ཆོས་ལྡན་ཇི་སྲིད་འཚོ་བ་དེ་སྲིད་དུ་དགེ་བ་འཕེལ་བར་གསུངས་པ་ནི་ཁོང་ཁྲོ་སོགས་དང་མ་འདྲེས་པའི་རྣམ་དཀར་འཕེལ་བ་ལ་དགོངས་པའོ། །གཞན་གྱི་དད་པ་ཉམས་པར་བྱེད་དོ་ཞེས་ཁྲོ་མི་རིགས་པ་ནི། གལ་ཏེ་རྙེད་ པའི་བར་ཆད་བྱེད་པ་ཙམ་ལ་ཁྲོ་མི་རིགས་ཀྱང་གཞན་གྱིས་རང་ལ་མི་སྙན་པ་སྨྲ་བ་ནི་སྐྱོན་གྱི་རིགས་གང་ཡོད་སྒྲོགས་ཤིང་ཡོན་ཏན་གྱི་རིགས་གང་ཡོད་བཅབས་ནས་སྨོད་པར་བྱེད་པའི་སྒོ་ནས་བདག་སུན་འབྱིན་པར་བྱེད་པ་ཡིན་པས། དེ་ལ་བརྟེན་ནས་རང་ལ་དད་གུས་ཡོད་
Page: 570 པའི་གདུལ་བྱ་སེམས་ཅན་དག་གི་རྒྱུད་ཀྱི་དཀར་ཆོས་ཐམས་ཅད་ཀྱི་རྩ་བ་དད་པ་དེ་ཉིད་ཉམས་པར་བྱེད་པས་ན་བདག་ལ་མི་སྙན་པ་སྨྲ་བ་ལ་ཁྲོའོ་ཞེ་ན། དེ་ལྟར་གཞན་རྒྱུ་ཀྱི་དད་པ་སོགས་ཀྱི་དགེ་བ་ཉམས་པ་ལ་ཁྲོ་ན་རང་ལ་དེ་སྐད་སྨྲ་བ་ལ་ཁྲོ་བར་མ་ཟད་གང་ཟག་གཞན་ ལ་སྙན་པ་བརྗོད་པ་ལའང་སེམས་ཁྱོད་རང་ལ་སྤྱོད་ཅིང་མི་སྙན་པ་ཟེར་བ་ལ་ཁྲོ་བ་དེ་བཞིན་དུ་ཅི་སྟེ་ཁྲོ་བར་མི་བྱེད་དེ། དེས་ཀྱང་གང་ཟག་གཞན་ལ་དད་པའི་དགེ་བ་དེ་ཉིད་ཉམས་པར་བྱེད་པས་སོ། །མི་དེས་ནི་རང་ལ་མི་སྙན་པར་སྨྲ་བ་དེ་དད་པ་ཉམས་བྱེད་ཡིན་པས་ཁྲོ་ན་ གཞན་ལ་མི་སྙན་པ་སྨྲ་བ་ལའང་ཁྲོ་རིགས་ཞེས་སྟོན་ནོ། །འོན་ཏེ་གང་ཟག་གཞན་ལ་དད་པ་དང་མ་དད་པ་ནི་དམིགས་ཡུལ་གང་ཟག་གཞན་དེ་ཉིད་ལ་སྐྱོན་དང་ཡོན་ཏན་ཡོད་མེད་སོགས་ཀྱི་རྐྱེན་གཞན་ལ་རག་ལས་པས་དེ་ལ་བདག་ཁྲོས་ཀྱང་མི་ཕན་པའི་ཡ་ཕྱིར་རོ་སྙམ་ ནས་གང་ཟག་གཞན་ལ་གཞན་མི་སྙན་པར་སྨྲ་བ་དང་དད་པ་མེད་པ་དེ་ལ་སེམས་ཁྱོད་མི་ཁྲོ་བར་བཟོད་པར་བྱེད་པ་ཡིན་ན། རང་ལ་མི་སྙན་པར་སྨྲ་བའི་གང་ཟག་དེ་ལའང་རང་ལ་དབང་མེད་པར་རྐྱེན་གཞན་ཉོན་མོངས་པ་རྒྱུད་ལ་སྐྱེས་པའི་གཞན་དབང་དུ་གྱུར་པ་ ལ་རག་ལས་པས་ན་རང་ལ་སྨོད་ཅིང་མི་སྙན་པ་སྨྲ་བ་ལའང་སེམས་ཁྱོད་རྒྱུ་མཚན་ཅིས་མི་བཟོད་དེ་སྔ་མ་དང་རྒྱུ་མཚན་མཚུངས་པའི་ཕྱིར་བཟོད་པར་བྱ་རིགས་ཀྱི་ཁྲོ་མི་རིགས་སོ། །འདིས་གཞན་ལ་དད་པ་ཉམས་པ་མ་བཟོད་ན་རང་ལ་དད་པ་ཉམས་པ་ལའང་བཟོད་ རིགས་ཞེས་བསྟན་ཏོ། །དེ་དག་ནི་བདག་ལ་བརྙས་སོགས་གསུམ་བྱེད་པ་ལ་ཡིད་མི་བདེ་བ་དང་ཁྱོ་བ་སྤངས་ནས་ཡིད་བདེ་དང་བཟོད་པ་སྒོམ་པའི་ཚུལ་ལོ། །གཉིས་པ་བདག་གི་བཤེས་ལ་མི་འདོད་པ་བྱེད་པ་ལ་བཟོད་པ་སྒོམ་པ་ནི། སྐུ་གཟུགས་མཆོད་
Page: 571 ༄༅། །རྟེན་སོགས་ཏེ། དེ་ལའང་། ཆོས་ལ་ངེས་སེམས་ཀྱི་བཟོད་པས་ཁྲོ་བ་དགག་པ་ལ། གནོད་མེད་ཀྱི་ཡུལ་དཀོན་མཆོག་གི་རྟེན་སོགས་དད་ པའི་ཡུལ་ལ་གནོད་པ་བྱེད་པ་ལ་ཁྲོས་ཀྱང་ཉེས་པ་མེད་དོ་ཞེ་ན། སངས་རྒྱས་སོགས་ཀྱི་སྐུ་གཟུགས་དང་མཆོད་རྟེན་བརྒྱུད་ལ་སོགས་པའི་མཆོད་རྟེན་དང་དམ་པའི་ཆོས་དང་ཆོས་ཀྱི་རྟེན་གླེགས་བམ་སྟེ་དེ་རྣམས་ལ་ངག་གིས་ཚུལ་དང་མི་མཐུན་པའི་སྐྱོན་བརྗོད་དེ་འཁྱལ་ བའི་ཚིག་སྨྲ་ཞིང་ལུས་ཀྱིས་གཞོམ་ཞིང་འཇིག་པར་བྱེད་པ་རྣམས་ལའང་བདག་གིས་ཆོས་དང་མཐུན་པའི་སྙིང་རྗེ་དང་ཐབས་མཁས་ཀྱི་སྒོ་ནས་དེ་ལྟ་བུའི་ཉེས་པ་ཚབས་ཆེན་གསོག་པ་དེ་ལས་བཟློག་ནུས་ན་ལེགས་ཀྱི་དེ་ལྟར་མིན་པར་ཆོས་དང་མི་མཐུན་པའི་བསམ་ པ་ཞེ་སྡང་དྲག་པོ་བསྐྱེད་ནས་སྦྱོར་བ་རྩུབ་མོས་བཟློག་ཐབས་ལ་བརྩོན་པ་ནི་མི་རིགས་ཏེ། ཡུལ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པ་རྣམས་དང་དམ་པའི་ཆོས་སོགས་དཀོན་མཆོག་གསུམ་ལ་ཡིད་མི་བདེ་བའི་གནོད་པས་གཟིར་བ་སོགས་ཅུང་ཟད་ ཀྱང་མི་མངའ་སྟེ་༌་བདག་དང་བདག་གིར་མངོན་པར་ཞེན་པའི་ལོག་པར་རྟོག་པ་བཅོམ་པའི་ཕྱིར་དང་སྐུ་གསུང་ཐུགས་རྟེན་རྣམས་ལའང་ཡིད་མི་བདེ་བའི་གནོད་པ་ཅུང་ཟད་ཀྱང་མི་མངའ་ལ་གནོད་བྱེད་ནི་སྙིང་རྗེའི་གནས་ཡིན་པས་དེ་ལ་བྱམས་ཤིང་བརྩེ་བའི་སྒོ་ནས་ རྗེས་སུ་གཟུང་རིགས་ཀྱི་ཁོང་ཁྲོ་བསྐྱེད་པར་མི་བྱའོ་ཞེས་དད་པའི་ས་ཡུལ་ཡིན་ཡང་དེ་ལ་གནོད་པ་བྱེད་པ་ལ་ཁྲོ་མི་རིགས་པར་བསྟན་ཏོ། །གཉེན་བཤེས་སོགས་གནོད་བཅས་ཀྱི་ཡུམ་ལ་གནོད་པ་བྱེད་པ་ལ་ཁྲོ་མི་རིགས་པ་ནི། རང་ལ་བླང་དོར་གྱི་གནས་སྟོན་
Page: 572 པའི་བླ་མ་དང་རུས་གཅིག་པ་སོགས་ཀྱིས་འབྲེལ་བའི་གཉེན་དང་རུས་མི་གཅིག་པ་སྣག་གི་གཉེན་མཚམས་ལ་སོགས་པ་དང་སྙིང་དུ་སྡུག་པའི་མཛའ་བཤེས་དང་འཁོར་གཡོག་སོགས་ཀྱི་ཕྱོགས་གནོད་པ་བྱེད་པ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་རྣམས་ ལའང་ཁྲོ་བར་བྱ་མི་རིགས་ཏེ། གཉེན་བཤེས་སོགས་དེ་དག་རང་རང་གིས་སྔར་ལས་ངན་བསགས་པ་དེའི་རྐྱེན་གྱིས་བསྐུལ་བས་ན། སྔ་མའི་ཚུལ་ཏེ་སྔར། དེ་ལྟར་ཐམས་ཅད་གཞན་གྱི་དབང་། །ཞེས་སོགས་དང་། ཉེས་པ་ཇི་སྙེད་ཐམས་ཅད་ དང་། །སྡིག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་རྐྱེན་གྱི་སྟོབས་ལས་བྱུང་། །རང་དབང་ཡོད་པ་མ་ཡིན་ནོ། །ཞེས་སོགས་བཤད་ཟིན་ལྟར་གྱིས་གནོད་བྱེད་ལ་རང་དབང་མེད་ཅིང་ཉོན་མོངས་དང་ལས་ཀྱི་རྐྱེན་དག་གི་གཞན་དབང་ལས་འབྱུང་བར་འགྱུར་ བ་མཐོང་ནས་རང་ཉིད་ཀྱི་ཁྱོ་བ་བཟློག་ནས་བཟོད་པ་བསྒོམ་པར་བྱའོ། །ཕྱི་རོལ་པ་དག་ལྷ་དང་ཕ་མེས་སོགས་ཀྱི་དོན་དུ་སྡིག་བྱས་པ་ལ་ཉེས་པ་མེད་པར་འདོད་པ་དང་དེ་བཞིན་དུ་འགའ་ཞིག་སངས་རྒྱས་ཀྱི་བསྟན་པ་དང་དགེ་འདུན་གྱི་སྡེ་དང་བླ་མ་དང་ རྟེན་གསུམ་དང་དེ་དག་ལ་བསྔོས་པའི་ཡོ་བྱད་སོགས་ལ་གནོད་པ་བྱེད་པ་བྱུང་ན་དེ་དག་གི་དོན་དུ་ཁོང་ཁྲོ་དང་བཅས་ཏེ་གནོད་བྱེད་དག་དང་འཐབ་རྩོད་སོགས་བྱས་ཏེ་སྡིག་པ་བསགས་པ་ལ་ཉེས་པ་མེད་པར་འདོད་པ་རྣམས་ཀྱང་མི་རིགས་པར་འདི་དག་གིས་བསྟན་ པ་ཡིན་པར་གསུངས་སོ། །དེ་ཡང་དཔས་བྱིན་གྱིས་ཞུས་པར། མནར་མེད་སོང་ཚེ་དེ་དག་སྐྱབས་མིན་པས། །ཕ་མ་སྤུན་དང་སྙིང་སྡུག་བུ་རྣམས་དང་། །རྩ་ལག་ཉེ་དུ་སྣག་གི་གཉེན་མཚམས་དང་། །དེ་དག་ཆེད་དུ་མཁས་པ་སྡིག་མི་བྱེད། །ཅེས་དང་།
Page: 573 ༄༅། །བཤེས་སྤྲིང་ལས་ཀྱང་། ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །འགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་བྲམ་ཟེ་སོགས་ དེ་དག་གི་ནང་ན་ཁྱོད་ཀྱི་དམྱལ་བའི་རྣམ་སྨིན་གྱི་སྐལ་བ་ནོད་ཅིང་ལེན་པར་བྱེད་པ་འགའ་ཡང་མ་མཆིས་པས་ན་དེ་དག་གི་སླད་དུའང་ཁྱོད་ཀྱིས་སྡིག་པ་བགྱི་མི་རིགས་ཞེས་བསྟན་ལ། དེ་བཞིན་དུ་བཞི་བརྒྱ་པར་ཡང་། རྒྱལ་པོའི་སྡིག་ལ་དབང་ཕྱུག་ལྟར། ། འགོད་པ་ཡོད་པ་མ་ཡིན་ན། །གཞན་གྱི་དོན་དུ་མཁས་པ་ནི། །སུ་ཞིག་ཕྱི་མ་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར་རོ། །གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པས་ཁྲོ་བ་དགག་པ་ལ། གནོད་བྱེད་ཀྱི་དངོས་པོ་ལ་བརྟགས་ནས་ཁྲོ་མི་རིགས་པ་ནི། རང་གི་ གཉེན་བཤེས་སོགས་ཀྱི་ལུས་ཅན་རྣམས་ལ་སེམས་ཡོད་ཀྱི་དགྲ་ལ་སོགས་པས་གནོད་པ་བྱེད་པ་དང་སེམས་མེད་པའི་རྡོ་དབྱུག་ཆར་རླུང་མཚོན་ལ་སོགས་པས་གནོད་པ་བྱེད་པ་སྟེ་སེམས་ཡོད་མེད་གཉིས་ཀས་གནོད་པ་བྱས་པ་ན་གནོད་པ་བྱས་པར་འདྲ་བ་ ལས་སེམས་མེད་ལ་མི་ཁྲོ་བར་སེམས་ཡོད་ཀྱི་གང་ཟག་ཁོ་ན་ཅི་སྟེ་ལོགས་སུ་བཀར་ཏེ་བཀོན་པའམ་ཁྲོ་ཞིང་ཞེ་འཁུམ་པར་བྱེད་པ་ནི་མི་རིགས་ཏེ་གཉིས་ཀས་གནོད་པ་བྱེད་པར་འདྲ་བས་ཁྲོ་ན་གཉིས་ཀ་ལ་ཁྲོ་ལ་མི་ཁྲོ་ན་གཉིས་ཀ་ལ་ཁྲོ་མི་རིགས་པར་མཚུངས་ སོ། །རྒྱུ་མཚན་དེ་ལྟ་བས་ན་རང་གི་གཉེན་བཤེས་ཀྱི་ཕྱོགས་ལ་སེམས་ཡོད་ཀྱིས་གནོད་པ་བྱེད་པ་ལའང་སེམས་མེད་ལ་མི་ཁྲོ་བ་ལྟར་བཟོད་པར་གྱིས་ཤིག་ཅེས་པའོ། །འདིའི་རྒྱུ་དཔེར། སེམས་ཡོད་སེམས་མེད་ཀྱིས་བྱས་པས། །ལུས་ཅན་ལ་གནོད་
Page: 574 ངེས་པར་འབྱུང་། །གནོད་དེ་སེམས་ཡོད་ལ་མཐོང་བས། །ཞེས་བྱུང་ལ། དེའི་དོན་ནི་སྔར་བཤད་པ་ལྟར་སེམས་ཡོད་དང་སེམས་མེད་གང་གིས་གནོད་པ་བྱས་ཀྱང་རུང་སྟེ་སེམས་དང་བཅས་པའི་ལུས་ཅན་རྣམས་ལ་གནོད་པ་ངེས་པར་འབྱུང་གི་གཞན་ལ་མི་ འབྱུང་བས་གནོད་པའི་རྒྱུ་གཉིས་པོ་དེ་ཡང་སེམས་དང་བཅས་པའི་ལུས་ལ་ཚད་མས་མཐོང་བས་ཏེ་དེ་ཉིད་སྡུག་བསྔལ་གྱི་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་ཏེ་སེམས་མེད་པ་ལ་ཚོར་བ་མེད་པའི་ཕྱིར་རོ། །དཔེར་ན། འདམ་བུ་འདམ་ལས་སྐྱེའི་སྐམ་ལས་མ་ ཡིན་པ་བཞིན་ནོ་ཞེས་འགྲེལ་ཆེན་དང་བི་བྷཱུ་ཏིས་བཤད་དོ། །སྐྱོན་བཅས་ཡིན་མིན་ལ་བརྟགས་ཏེ་ཁྲོ་མི་རིགས་པ་ནི། གནོད་པ་བྱེད་མཁན་གྱི་གང་ཟག་ལ་ལ་གཞན་ལ་གནོད་པ་བྱས་པའི་འབྲས་བུ་རང་གིས་མྱོང་དགོས་པ་མ་ཤེས་པར་ལས་འབྲས་ལ་ རྨོངས་པས་གནོད་བྱའི་ཡུལ་སེམས་ཅན་གཞན་གྱི་སྲོག་གཅོད་པ་དང་ནོར་འཕྲོགས་པ་དང་བརྡུང་བརྡེག་ལ་སོགས་པའི་ཉེས་པ་བྱེད་པ་དང་། དེ་བཞིན་དུ་གནོད་པ་བྱ་ཡུལ་གྱི་གང་ཟག་ལ་ལ་རང་ཉིད་གཞན་ལ་ཁྲོས་པའི་འབྲས་བུ་རང་གིས་མྱོང་ དགོས་པའི་ཚུལ་མ་ཤེས་པར་རྨོངས་ཏེ་གནོད་བྱེད་ལ་ཁྲོས་པར་གྱུར་ནས་སླར་གནོད་ལན་དུ་གནོད་པ་བྱེད་པ་ལ་འཇུག་ན། ཉོན་མོངས་པའི་གདོན་གྱིས་བརླམས་ནས་སྨྱོན་པ་ལྟ་བུར་གྱུར་པ་དེ་གཉིས་ལ་སྐྱོན་མེད་པའི་ཁྱད་པར་ནི་གང་གིས་འབྱེད་པར་ བྱ་ལ་སྐྱོན་དང་བཅས་པའི་ཁྱད་པར་དེ་ཡང་གང་ཞིག་ཡིན་ཏེ་གཉིས་ཀ་རྨོངས་ནས་ཉེས་པ་བྱེད་པའི་སྐྱོན་ཅན་ཡིན་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པ་ཡིན་ན་གཉེན་བཤེས་སོགས་རང་གི་ཕྱོགས་ལ་གནོད་པ་བྱེད་པ་ལ་དམིགས་ཀྱིས་བཀར་ནས་ལྷག་
Page: 575 ༄༅། །པར་ཁྲོ་བར་མི་བྱ་སྟེ་ཁྲོ་ན་གཉིས་ཀ་ལ་ཁྲོ་ལ་མི་ཁྲོ་ན་གཉིས་ཀ་ལ་ཁྲོ་མི་རིགས་ཏེ་རྒྱུ་མཚན་མཚུངས་པས་སོ། །སྐྱོན་དང་བཅས་ཏེ་ཞེས་པའང་ཡོད་དོ། །དེ་ཡང་གནོད་བྱེད་ཕ་རོལ་པོས་གནོད་པ་བྱས་ཀྱང་གནོད་པ་བྱ་ཡུལ་གྱི་གང་ ཟག་དེ་ཉིད་དང་དེའི་གཉེན་བཤེས་ཀྱི་ཕྱོགས་རྣམས་ཁྲོས་པའི་དབང་དུ་མ་གྱུར་ན་གནོད་བྱེད་དེ་སྐྱོན་ཅན་དང་། གནོད་པ་བྱ་ཡུལ་གྱི་གང་ཟག་སོགས་དེ་དག་བཟོད་ལྡན་གྱི་སྐྱེས་བུ་སྐྱོན་མེད་དུ་འཇོག་ཆོག་པས་དེ་གཉིས་ལ་སྐྱོན་ཡོད་མེད་ཀྱི་ཁྱད་པར་ འབྱེད་རྒྱུ་ཡོད་ཀྱང་གནོད་བྱ་དང་དེའི་ཕྱོགས་སུ་གྱུར་པ་དེ་དག་གིས་ཀྱང་གནོད་བྱེད་ལ་ཁྲོས་པར་གྱུར་ན་གཉིས་ཀ་སྐྱོན་ལྡན་དུ་སོང་བས་དེ་༌༌་གཉིས་ལ་སྐྱོན་ཡོད་མེད་ཀྱི་ཁྱད་པར་འབྱེད་མི་ནུས་སོ་ཞེས་གཉིས་ཀ་ཐུན་མོང་དུ་སྐྱོན་ཅན་དུ་བྱས་ནས་༌་སུན་དབྱུང་བའོ། ། ཟ གཉེན་སོགས་རང་རང་གི་ལས་ཀྱི་ཉེས་པས་ཁྲོ་མི་རིགས་པ་ནི། རྒྱུ་མཚན་གང་གིས་ཞེས་སམ་གནོད་པ་མྱོང་འགྱུར་གྱི་ལས་སྔར་བསགས་པའི་ནུས་པ་གང་གིས་གཞན་ཕ་རོལ་པོ་དག་གིས་རང་གི་ཕྱོགས་ལ་ལུས་ཀྱིས་བརྡེག་པ་དང་ངག་གིས་ཚིག་ རྩུབ་སྨྲ་བ་སོགས་ཀྱི་གནོད་པ་བྱེད་པའི་རྒྱུར་གྱུར་པའི་ལས་ངན་པ་དེ་དག་རང་གི་གཉེན་བཤེས་ཀྱི་ཕྱོགས་དེ་རྣམས་ཀྱིས་སྔོན་ཆད་རྒྱུ་མཚན་ནམ་དོན་ཅིའི་ཕྱིར་བྱས་ཏེ་རྣམ་པ་ཀུན་ཏུ་བྱ་མི་རིགས་པ་ལ་དེ་ལྟ་བུའི་ལས་སྔར་བྱས་ཟིན་པའི་འབྲས་བུར་ལྟ་མྱོང་བ་འདི་ སུས་ཀྱང་བཟློག་མི་ནུས་ཏེ། རྒྱུ་ཚང་ལ་ནུས་སྟོབས་ལྡན་ཞིང་གེགས་དང་བྲལ་བ་སྔོན་དུ་སོང་བའི་འབྲས་བུ་མངོན་དུ་གྱུར་པ་ཡིན་པས་སོ། །དེས་ན་ད་ལྟ་རང་དང་རང་གི་གཉེན་བཤེས་ཀྱི་ཕྱོགས་ལ་མི་འདོད་པའི་གནོད་པ་དང་སྡུག་བསྔལ་གང་དང་གང་
Page: 576 བྱུང་བ་དེ་ཐམས་ཅད་རྒྱུ་རང་དང་རང་གི་ཕྱོགས་ཀྱིས་སྔར་བྱས་པའི་སྡིག་པ་མི་དགེ་བའི་ལས་ཁོ་ན་ལ་རག་ལས་པ་ཡིན་པས་ན་བདག་གིས་རང་དང་རང་གི་ཕྱོགས་ཀྱིས་སྔོན་བསགས་ཀྱི་ས་ལས་ལ་མི་སེམས་པར་ད་ལྟར་གྱི་གནོད་བྱེད་ཕ་རོལ་པོ་འདི་ཁོ་ན་ ལ་ཅི་སྟེ་ཞེ་བཀོན་པའམ་ཁྲོ་བར་བྱེད་དེ་བྱེད་པ་ནི་མི་རིགས་པའོ། །ཕན་ཚུན་བྱམས་སེམས་སྐྱེ་བའི་རྒྱུར་འབད་རིགས་པ་ནི། དེ་ལྟར་གནོད་པ་དང་སྡུག་བསྔལ་ཐམས་ཅད་ལས་ཁོ་ན་ལ་རག་ལས་པས་འཕྲལ་དུ་ཐབས་གཞན་གྱིས་བཟློག་མི་ནུས་པའི་ཚུལ་ ལེགས་པར་མཐོང་ནས་ཐབས་ཅི་དང་ཅིའི་སྒོ་ནས་ཀྱང་སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་པར་རང་གི་གཉེན་བཤེས་ཀྱི་ཕྱོགས་དང་དེ་དག་ལ་གནོད་བྱེད་ཀྱི་དགྲ་དང་བཅས་པ་ཐམས་ཅད་ཕན་ཚུན་གཅིག་གིས་གཅིག་ལ་གནོད་སེམས་དང་ཞེ་སྡང་གི་སྒོ་ནས་ འཐབ་ཅིང་རྩོད་པར་མི་བྱེད་པར་མ་དང་བུ་བཞིན་དུ་མཉེས་གཤིན་བྱམས་པའི་སེམས་དང་དགའ་ཞིང་ཡིད་གཅུགས་པའི་སེམས་སུ་གྱུར་ཏེ་གཅིག་གིས་གཅིག་ལ་ཕན་བདེ་སྒྲུབ་པ་ལ་བརྩོན་པར་འགྱུར་བ་ཞིག་ནམ་འོང་ན་སྙམ་པ་དང་ཕྱི་ནས་ཀྱང་དེ་ལྟར་འོང་བའི་ ཕྱིར་དུ་བདག་གིས་ནི་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་གཙོ་བོར་གྱུར་པའི་བསོད་ནམས་དགེ་བའི་ཚོགས་དག་གསོག་པ་ལ་བསྒྲིམས་ཏེ་འབད་པའི་སྒོ་ནས་ལྷུར་ལེན་པར་བྱའོ། །དེ་ལྟར་དགྲ་གཉེན་ཐམས་ཅད་ཕན་ཚུན་བྱམས་སེམས་སྐྱེ་བའི་ཐབས་ སུ་འགྱུར་བའི་དགེ་བའི་ལས་ལ་འབད་པར་བྱའི་དེ་ལས་གཞན་དུ་རང་གི་ཕྱོགས་རྒྱལ་བ་དང་དགྲའི་ཕྱོགས་ཕམ་པར་འདོད་པའི་བསམ་པས་རིམ་གྲོ་སོགས་དགེ་བའི་ཕྱོགས་བྱེད་པ་རྣམ་པ་ཀུན་ཏུ་མི་རིགས་པའང་འདིས་བསྟན་པ་ཤེས་པར་བྱས་ནས་སྤང་བར་
Page: 577 ༄༅། །བྱ་དགོས་ཏེ་འདི་ཤིན་ཏུ་གལ་ཆེའོ། །ཞེ་སྡང་སྐྱེ་བའི་རྐྱེན་དུ་གྱུར་པའི་ཆགས་པའི་གཞི་སྤང་བ་ནི། གཉེན་བཤེས་སོགས་ལ་ཆགས་ན་དེ་དག་ལ་གནོད་པ་བྱེད་པ་རྣམས་ལའང་ཞེ་སྡང་སྐྱེ་བས་ཆགས་པའི་གཞི་སྤང་དགོས་ཏེ། དཔེར་ན། ཉེ་འཁོར་ན་ཡོད་པའི་ཁྱིམ་གཅིག་ཡོ་བྱད་དང་བཅས་པ་ཚིག་པར་གྱུར་པའི་མེ་དེ་རྣམས་ཁྱིམ་དེ་ནས་སླར་ཡང་ཁྱིམ་གཞན་ཞིག་ཏུ་སོང་ནས་ནི་རྩྭ་དང་ཤིང་ལ་སོགས་པའི་དངོས་པོ་གང་དང་གང་ལ་མེ་དེ་དང་དེ་དག་མཆེད་ཅིང་འབར་བར་བྱེད་པ་ལ་ ཕྱོགས་པ་ན་ཁྱིམ་ནོར་རྫས་དང་བཅས་པ་འཚིག་པར་འགྱུར་དུ་དོགས་ནས་ཤིན་ཏུ་ཕངས་པའི་ཡོ་བྱད་དང་བཅས་པ་བསྲུང་བའི་དོན་དུ་མེ་མཆེད་ཅིང་འབར་བར་བྱེད་པ་དེའི་གཞིར་གྱུར་པའི་རྩྭ་དང་ཤིང་ལ་སོགས་པ་དེ་དག་ལ་ནི་ཆགས་པར་བྱེད་མི་རིགས་ཀྱི་ དེ་མ་ཐག་གཞན་དུ་ཕྱུང་སྟེ་འདོར་བར་རིགས་པ་དེ་བཞིན་དུ། གཉེན་བཤེས་སོགས་ལ་གཞན་གྱིས་གནོད་པ་བྱས་པ་ན་དེའི་རྐྱེན་གྱིས་གཉེན་བཤེས་སོགས་དེ་དག་གི་རྒྱུད་ལ་ཞེ་སྡང་གི་མེ་ཆེན་པོ་འབར་ནས་བསོད་ནམས་དགེ་བའི་ཚོགས་རྣམས་ཚིག་ པར་གྱུར་པ་ན། རང་ཉིད་ཀྱང་ཆགས་བྱའི་ཡུལ་གང་དང་གང་ལ་སེམས་ཆགས་ཤིང་ཞེན་པར་གྱུར་ནས་དེ་དང་དེ་དག་ལ་གནོད་པ་བྱེད་པ་བྱུང་བའི་རྐྱེན་གྱིས་ཞེ་སྡང་གི་མེ་ནི་ཤུགས་དྲག་པོ་རང་གི་སེམས་རྒྱུད་ལ་མཆེད་ཅིང་འབར་བར་གྱུར་པ་ཡིས་བསྐལ་པ་བརྒྱ་ སྟོང་སོགས་སུ་བསགས་པའི་བསོད་ནམས་དགེ་བའི་ཚོགས་ཀྱི་ནོར་གྱི་ཕུང་བོ་ཆེན་པོ་ཤིན་ཏུ་གཅེས་ཤིང་ཕངས་པ་དག་འཚིག་པར་དོགས་པའི་བསམ་པ་ཡིས་གང་ལ་སེམས་ཆགས་པའི་གཞིར་གྱུར་པའི་གཉེན་བཤེས་སོགས་ལ་ཆགས་ཞེན་གྱི་སེམས་དེ་ནི་ཟད་
Page: 578 ཀྱིས་བཅད་ནས་དེ་ཡི་མོད་ལ་སྟེ་དེ་མ་ཐག་དོར་བར་བྱ་རིགས་ཀྱི་དེ་དག་ལ་ཆགས་པར་བྱ་མི་རིགས་སོ་ཞེས་ཞེ་སྡང་གི་རྒྱུ་གཉེན་བཤེས་སོགས་ལ་ཆགས་པ་སྤངས་པའི་སྒོ་ནས་ཞེ་སྡང་སྤང་དགོས་པར་བསྟན་པའོ། །སྡུག་བསྔལ་དང་ལེན་གྱི་བཟོད་པས་ཁྲོ་བ་དགག་ པ་ལ། སྡུག་བསྔལ་ཆེན་པོ་ཞི་བྱེད་ཀྱི་རྒྱུ་སྡུག་བསྔལ་ཆུང་དུ་བཟོད་རིགས་པ་ནི། ཆགས་པའི་གཞི་གཉེན་བཤེས་སོགས་བློས་དོར་ན་གཉེན་སྡུག་པ་དང་བྲལ་བའི་མྱ་ངན་འབྱུང་བས་དེ་བདག་གིས་བཟོད་མི་ནུས་པས་ཁྲོའོ་ཞེ་ན། དཔེར་ན། ཉེས་པ་ཆེན་པོ་བྱས་པས་ གསད་པར་བྱ་འོས་པའི་མི་ཞིག་ལ་ཆད་པ་གཅོད་པ་ན་ལག་པ་ཙམ་བཅད་དེ་བཏང་ཞིང་ཐར་པར་གྱུར་པ་ན་གལ་ཏེ་དེ་ཙམ་གྱིས་གསོད་པའི་སྡུག་བསྔལ་ལས་ཐར་ན་ཅིས་མ་ལེགས་ཏེ་ཤིན་ཏུ་ལེགས་པ་དེ་ཇི་ལྟ་བ་བཞིན་དུ། གལ་ཏེ་གནོད་བྱེད་ཀྱི་དགྲས་གཉེན་བཤེས་ སོགས་ཀྱི་ཕྱོགས་ལ་གསོད་པ་དང་བརྡུང་བརྡེག་བྱེད་པ་དང་སྨོད་པ་ལ་སོགས་བྱེད་པ་པའི་སྡུག་བསྔལ་བྱེད་པ་དང་གཉེན་བཤེས་སྡུག་ཅིང་ཕངས་པ་དེ་དང་བྲལ་བའི་མྱ་ངན་སོགས་ད་ལྟ་མི་ཡི་སྡུག་བསྔལ་ཆུང་དུ་ཉམས་སུ་མྱོང་བ་འདི་དང་དུ་བླངས་ནས་བཟོད་པར་བྱས་ པ་ཙམ་གྱིས་མ་འོངས་པར་འཁོར་བ་སྤྱི་དང་བྱེ་བྲག་དམྱལ་བའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བ་དང་གཏན་དུ་བྲལ་ན་ཅིས་མ་ལེགས་ཤིན་ཏུ་ལེགས་ཏེ་དམྱལ་བའི་སྡུག་བསྔལ་ལ་ལྟོས་ན་མི་ཡི་སྡུག་བསྔལ་འདི་སྡུག་བསྔལ་མ་ཡིན་པར་བདེ་བ་རང་ཡིན་པར་ གསུངས་པས་སོ། །དེས་ན་དེ་ལྟ་བུའི་འཕྲལ་དང་ཡུན་གྱི་སྡུག་བསྔལ་གཉིས་ཀྱི་ཁྱད་པར་ལེགས་པར་བསམས་ནས་སྡུག་བསྔལ་དང་དུ་ལེན་པ་ལ་མི་འཇིགས་པའི་སྙིང་སྟོབས་བསྐྱེད་ནས་ཡིད་བདེ་བ་ཉིད་དུ་གནས་པར་བྱ་རིགས་སོ། །མིའི་སྡུག་བསྔལ་འདི་
Page: 579 ༄༅། །ཙམ་ཡང་མི་བཟོད་དོ་སྙམ་ན། ད་ལྟའི་སྐབས་སུ་དགྲ་མི་སྡུག་པས་རང་གི་གཉེན་བཤེས་ལ་བརྡུང་བརྡེག་སོགས་ཀྱི་གནོད་པ་བྱས་པ་དང་གཉེན་བཤེས་སྡུག་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་ཆུང་ངུ་འདི་ཙམ་ལའང་བདག་ གིས་བཟོད་ཅིང་བསྲན་པར་མི་ནུས་པ་མངོན་སུམ་དུ་མྱོང་པས་གྲུབ་ན། རྒྱུ་མཚན་དེ་ལྟ་བས་ན་མ་འོངས་པའི་དམྱལ་བའི་སྡུག་བསྔལ་བཟོད་བླག་མེད་པ་མྱོང་བར་འགྱུར་བའི་རྒྱུ་ཁོང་ཁྲོ་ཤུགས་དྲག་མངོན་གྱུར་དུ་ལྡང་བ་འདི་ཅི་སྟེ་བཟློག་པར་མི་བྱེད་བྱེད་པར་རིགས་ ཏེ་འབྲས་བུ་དམྱལ་བའི་སྡུག་བསྔལ་མི་འདོད་ན་དེའི་རྒྱུ་ཁོང་ཁྲོ་འབད་པས་བཟློག་རིགས་པའི་ཕྱིར་ཏེ་རྒྱུ་མ་བཟློག་ན་འབྲས་བུ་བཟློག་ཐབས་མེད་པས་སོ། །དེ་ཡང་འདི་ལྟར་ད་ལྟ་རང་དང་རང་གི་གཉེན་བཤེས་སོགས་ལ་གནོད་པ་བྱེད་པ་ལ་ཁོང་ཁྲོ་སྐྱེ་བ་ནི་སྡུག་བསྔལ་ མ་བཟོད་པས་ཡིན་ན་དེ་ནི་ཤིན་ཏུ་འགལ་ཏེ་ལྟའི་སྡུག་བསྔལ་ཕྲ་མོ་བག་ཙམ་རེ་མ་བཟོད་ནས་གནོད་བྱེད་ལ་ཁྲོས་པས་ནི་དམྱལ་བའི་སྡུག་བསྔལ་དཔག་ཏུ་མེད་པའི་རྒྱུ་ནན་གྱིས་བསྐྱེད་པས་སོ། །དེས་ན་བདག་ལས་འབྲས་ཀྱི་ཚུལ་ལ་ཤིན་ཏུ་རྨོངས་པའི་སྙམ་ དུ་བསམས་ནས་རང་གིས་རང་ལ་ཁྲེལ་བདས་བྱས་ཏེ་ཁོང་ཁྲོའི་དབང་དུ་མ་ཤོར་བ་ལ་ཅི་ནས་ཀྱང་འབད་པར་བྱ་རིགས་སོ། །དེའང་ད་ལྟ་གནོད་བྱེད་ལ་བརྟེན་ནས་བྱུང་བའི་སྡུག་བསྔལ་མྱོང་དགོས་པ་འདི་ནི་རང་གིས་སྔར་བསགས་པའི་ལས་ངན་གྱི་༌་འབྲས་སུ་ཡིན་ལ། དེ་ལྟ་དེ་མྱོང་བས་ནི་སྔོན་གྱི་ལས་ངན་དུ་མ་ཟད་པར་འགྱུར་ལ། དེ་ལ་སེམས་མི་འཁྲུགས་པར་བཟོད་པར་བྱས་ན་ནི་ཕྱི་མར་དམྱལ་བའི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་སྡིག་པ་ཆེན་པོ་གསར་དུ་མི་གསོག་ཅིང་མཐོ་རིས་དང་ཐར་པ་ཐོབ་བྱེད་ཀྱི་བསོད་ནམས་མང་དུ་
Page: 580 འཕེལ་ལ། ད་ལྟའི་གནོད་བྱེད་ལ་ཁྲོས་ཤིང་འཁྲུགས་པར་གྱུར་ན་ནི་དེ་ལས་ཀྱང་ཆེས་ཆེར་ལྷག་པའི་སྡུག་བསྔལ་མྱོང་དགོས་པའི་རྒྱུ་གསོག་པར་འགྱུར་ཏེ། འཇུག་པ་ལས། སྔོན་བྱས་པ་ཡི་མི་དགེའི་ལས་ཀྱི་འབྲས་བུ་གང་། །ཟད་པར་བྱེད་པ་བརྗོད་པར་གནོད་ པ་དེ་ཉིད་ཀོ ། གཞན་ལ་གནོད་པ་དང་ནི་ཁྲོ་བས་སྡུག་བསྔལ་ཕྱིར། །ས་བོན་ཉིད་དུ་ཇི་ལྟ་བུར་ན་འཁྲིད་པར་བྱེད། །ཅེས་སོགས་དང་། ལྷ་མིར་སྐྱེ་དང་སྡིག་པ་ཟད་པར་འགྱུར། །ཞེས་སོ། །དེ་བས་ན་ནད་ཚབས་ཆེན་པོ་གསོ་བའི་ཐབས་སུ་སྨན་པ་མཁས་པས་ གཏར་སྲེག་བྱེད་པ་བཟོད་པར་བྱེད་པ་ལྟར་ཕྱི་མའི་སྡུག་བསྔལ་ཆེན་པོ་ལྡོག་པའི་ཕྱིར་དུ་ད་ལྟའི་སྡུག་བསྔལ་ཆུང་དུ་ལ་ཤིན་ཏུ་བཟོད་པར་བྱ་རིགས་པར་གསུངས་སོ། །དོན་ཆེན་འགྲུབ་བྱེད་ཀྱི་རྒྱུའི་སྡུག་བསྔལ་བཟོད་རིགས་པ་ནི། བདག་ནི་སྔར་ཡུན་རིང་པོར་ འཁོར་བར་འཁོར་ཚེ་ཕྱིན་ཅི་ལོག་གི་ཡུལ་འདོད་པའི་ཡོན་ཏན་ལ་ཆགས་ཤིང་སྲེད་ནས་དགོས་པ་དམན་པ་འདོད་ཡོན་ཆུང་ངུ་རེ་སྒྲུབ་པའི་དོན་དུ་ཞུགས་པ་ན་སྡུག་བསྔལ་འབྱུང་བར་ཤེས་ཀྱང་དེའི་གེགས་བྱེད་པ་ལ་ཁྲོས་ཤིང་འཁྲུགས་པའི་སྒོ་ནས་སྡིག་ སྡུག་དུ་མ་ཁྱད་དུ་བསད་ནས་ཕྱི་མ་ལ་སྡུག་བསྔལ་མི་བཟད་པ་མྱོང་བའི་རྒྱུར་གྱུར་པའི་ལས་ངན་དཔག་ཏུ་མེད་པ་བསགས་པའི་དབང་གིས་མེ་ཆེན་པོས་བསྲེགས་པ་དང་ཧ་ཅང་གྲང་བའི་སྡུག་བསྔལ་དང་གཅོད་ཅིང་འབིགས་པ་ལ་སོགས་པའི་སྡུག་བསྔལ་མི་བཟད་ པ་དུ་མ་ཚ་བ་དང་གྲང་བའི་དམྱལ་བའི་བསྐལ་པ་སྟོང་ཕྲག་གམ་ལན་སྟོང་ཕྲག་ཏུ་མི་འདོད་བཞིན་དུ་དབང་མེད་དུ་ཉམས་སུ་མྱོང་བར་གྱུར་ཀྱང་དེ་ལྟ་བུའི་དཀའ་སྤྱད་དེས་ནི་བདག་གིས་རང་གིས་ཚེ་འདི་ཕྱིའི་ཕན་བདེའི་དོན་དང་ནི་གཞན་གྱི་འདི་ཕྱིའི་ཕན་བདེའི་
Page: 581 ༄༅། །དོན་ཏེ་རང་གཞན་གྱི་དོན་གང་ཡང་མ་བྱས་ཤིང་མ་བསྒྲུབས་པར་ང་ཞིང་དུབ་པ་ཐམས་ཅད་དོན་དང་འབྲས་བུ་མེད་པར་བྱས་སོ། །རྒྱུ་འགྲེལ་སོགས་སུ། ཁྲོས་པའི་དོན་དུ་བསྲེག་ལ་སོགས། །ཞེས་འབྱུང་ལ། དེ་ནི་འདོད་པའི་དོན་དུ་ཁྲོས་ པའི་རྒྱུ་མཚན་ཉིད་ཀྱིས་དོན་མེད་དུ་བསྲེགས་པ་སོགས་ཀྱི་སྡུག་བསྔལ་མྱོང་བའི་དོན་དུ་བཤད་དོ། །ད་ལྟ་རང་གཞན་གྱི་དོན་ཆེན་པོ་སྒྲུབ་པའི་ཕྱིར་དུ་རང་དང་རང་གི་ཕྱོགས་ལ་སྡུག་བསྔལ་གང་བྱུང་ཐམས་ཅད་དང་དུ་བླངས་ནས་བཟོད་པར་བྱེད་པ་སོགས་ཆོས་ལ་དཀའ་ སྤྱད་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བ་འདི་ནི་སྔར་མི་འདོད་བཞིན་དུ་དབང་མེད་དུ་མྱོང་བའི་དམྱལ་སོགས་ཀྱི་གནོད་པ་དང་སྡུག་བསྔལ་མི་བཟད་པ་ལ་ལྟོས་ན་དེ་ཙམ་དུ་གནོད་པ་དང་སྡུག་བསྔལ་ཆེན་པོ་མིན་ལ། དེར་མ་ཟད་དེ་ལ་བརྟེན་ནས་རང་གཞན་ཡོངས་ལ་ ཕན་བདེའི་དོན་ཆེན་པོ་དཔག་ཏུ་མེད་པ་དག་ཀྱང་སྒྲུབ་ནུས་པའི་སངས་རྒྱས་ཉིད་ཀྱི་གོ་འཕང་ཡང་འགྲུབ་པར་འགྱུར་བས་ན་སྲིད་པ་གསུམ་གྱི་འགྲོ་བའི་ཚོགས་མ་ལུས་པའི་འཁོར་བའི་སྡུག་བསྔལ་དང་གནོད་པ་མཐའ་དག་ཞི་ཞིང་སེལ་བར་་བྱེད་པའི་ཐབས་སུ་གྱུར་པའི་ དཀའ་སྤྱད་ཀྱི་སྡུག་བསྔལ་འདི་ལྟ་བུ་ཅིའི་ཕྱིར་མི་བཟོད་དེས་ན་སྡུག་བསྔལ་ཡོད་ཀྱང་འདི་ལྟ་བུ་བྱར་ཡོད་པ་བདག་གིས་ལེགས་པ་རྙེད་དོ་སྙམ་དུ་བསམས་ནས་དེ་ལ་དགའ་བ་འབའ་ཞིག་བསྐྱེད་ནས་འདིར་སྔ་མ་ལས་བྱེ་བ་ཕྲག་འབུམ་འགྱུར་དུ་སྡུག་བསྔལ་དང་དུ་ བླང་བར་བྱ་རིགས་ན་དེ་བས་ཆུང་བ་ལ་ལྟ་ཅི་སྨོས་སྙམ་དུ་སེམས་ཀྱི་འཕང་བསྟོད་ནས་བློ་བརྟན་པར་བྱའི་ཞུམ་པར་མི་བྱའོ། །དེ་ལྟར་སྡུད་པ་ལས། སེམས་དམྱལ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་མང་། །འདོད་པའི་ཡོན་ཏན་རྒྱུ་ཡིས་དབང་མེད་གནོད་
Page: 582 མྱོང་ན། །བྱང་ཆུབ་ཆེད་དུ་ཅི་ཕྱིར་ང་བཟོད་མི་བྱ་སྙམ། །ལྕགས་དབྱུག་མཚོན་དང་གསོད་དང་བཅིངས་དང་བརྡེག་པ་དང་། །མགོ་གཅོད་པ་དང་རྐང་ལག་རྣ་བ་སྣ་གཅོད་པ། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་བདག་གིས་བཟོད་སྙམ་པ། །བྱང་ཆུབ་སེམས་དཔའ་ བཟོད་པའི་ཕ་རོལ་ཕྱིན་ལ་གནས། །ཞེས་དང་། མདོ་སྡེའི་རྒྱུན་ལས་ཀྱང་། བརྩེ་ལྡན་གང་ཚེ་གནོད་པ་བྱེད་པ་དང་། །གཞན་ལ་ཕན་པའི་སྡུག་བསྔལ་ལ་རྟག་ཏུ། །ཕན་པའི་འདུ་ཤེས་དགའ་བ་རྙེད་གྱུར་པ། །དེ་ཡི་གང་ལ་ཅི་ཞིག་བཟོད་པར་བྱ། །ཞེས་སོ། དེ་དག་ནི་བདག་གི་བཤེས་ལ་མི་འདོད་པ་བྱེད་པ་ལ་ཡིད་བདེ་དང་བཟོད་པ་སྒོམ་ཚུལ་ལོ། །གསུམ་པ་བདག་གི་དགྲ་ལེགས་པ་བྱེད་པ་ལ་བཟོད་པ་སྒོམ་པ་ནི། གཞན་གྱི་ཡོན་ཏན་ལྡན་སོགས་ཏེ། དེ་ཡང་དགྲ་ལ་བསྟོད་གྲགས་སྒྲུབ་པ་ལ་ཁྲོ་བ་དགག་ པ་ལ། རང་དགའ་བདེའི་རྒྱུར་རུང་བས་དགའ་བར་རིགས་པ་ནི། གང་ཟག་ཕ་རོལ་པོ་གཞན་གྱིས་བདག་གི་གནོད་བྱེད་ཀྱི་དགྲ་བོ་དེ་ཉིད་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་འདི་ནི་ལྷག་པར་ཡོན་ཏན་དང་ལྡན་པ་ཉིད་ཡིན་ནོ་ཞེས་བསྔགས་ཤིང་བསྟོད་པར་ བྱས་ནས་གལ་ཏེ་བསྟོད་པ་པོ་དེ་ཉིད་ཀྱིས་བསྟོད་ཡུལ་གྱི་ཡོན་ཏན་ལ་ཡིད་དགའ་བའི་བདེ་བ་ཐོབ་ན་ཞེས་སམ། ཡང་ན་གལ་ཏེ་བསྟོད་ཡུལ་གྱི་དགྲ་དེས་རང་གི་ཡོན་ཏན་བརྗོད་པ་ཐོས་ནས་དེ་ལྟའི་ཡོན་ཏན་དང་བདག་ལྡན་ནོ་སྙམ་དུ་ཡིད་དགའ་བའི་བདེ་བ་ ཐོབ་པ་ཡིན་ན་ཞེས་སྦྱར་ལ། ཀྭ་ཡེ་རང་གི་ཡིད་ཁྱོད་ཀྱང་ནི་དེ་དག་གི་ཡོན་ཏན་བརྗོད་པ་ལ་མི་བཟོད་པར་མི་བྱ་བར་དེའི་རྗེས་སུ་མཐུན་པར་ཞུགས་ནས་རང་གི་དགྲ་དེ་དག་གི་ཡོན་ཏན་ལྷག་པར་བརྗོད་ཅིང་བསྟོད་པར་བྱས་ནས་ཅིའི་ཕྱིར་གཞན་ཕ་རོལ་པོ་
Page: 583 ༄༅། །དག་ཡིད་ལ་དགའ་བདེ་མྱོང་བ་དེ་ལྟར་དགའ་བར་མི་བྱེད་དེ་དེ་ལྟར་དགའ་བདེ་སྐྱེད་པར་བྱེད་རིགས་ཀྱི་དེ་མི་བཟོད་པར་ཕྲག་དོག་གི་མེས་རང་གི་རྒྱུད་སྲེག་པར་བྱེད་པ་ནི་རྣམ་པ་ཀུན་ཏུ་མི་རིགས་སོ། །དགའ་བདེ་ལ་ཆགས་པ་ནི་ སྡུག་བསྔལ་སྐྱེད་བྱེད་ཡིན་ལ། དེའི་ཕྱིར། འོག་ཏུ། གང་དང་གང་ལ་ཆགས་གྱུར་པ། །སོགས་ཀྱིས་བཀག་པ་མིན་ནམ་ཞེ་ན། ཁ་ན་མ་ཐོ་བ་དང་བཅས་པའི་དགའ་བདེ་སྲུང་དགོས་པར་བསྟན་པ་ཡིན་གྱི་དགའ་བདེ་ཐམས་ཅད་མིན་ལ། དེར་མ་ཟད་ཡིད་ཁྱོད་ཉིད་ ཀྱང་ནི་གཞན་གྱི་ཡོན་ཏན་ལ་དགའ་ཞིང་སྤྲོ་བ་དང་ལྡན་པས་དེ་ལ་བསྔགས་ཤིང་བསྟོད་པ་ཉིད་ཀྱི་སྒོ་ནས་དགའ་བའི་བདེ་བ་སྐྱེད་པ་འདི་ནི་འབྲས་བུའང་གནས་སྐབས་དང་མཐར་ཐུག་ཀུན་ཏུ་བདེ་བ་འབྱུང་བའི་གནས་ཡིན་ཞིང་། རྒྱུ་ཕྲག་དོག་མེད་པའི་དགའ་བ་རང་ ཡང་འདི་ཕྱིའི་དུས་ཀུན་ཏུ་ཉེས་པའི་སྐྱོན་གྱི་ཁ་ན་མ་ཐོ་བའི་དྲི་མ་ཅུང་ཟད་ཀྱང་མེད་ལ། དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡོན་ཏན་མཆོག་དང་ལྡན་པ་རྣམས་ཀྱིས་མ་བཀག་པར་རྗེས་སུ་གནང་ཞིང་བསྔགས་པར་མཛད་ལ། དེར་མ་ཟད་ཕྲག་དོག་གི་ བསམ་པ་སྤངས་ཏེ་གཞན་གྱི་ཡོན་ཏན་ལ་དགའ་བས་བསྔགས་པར་བྱེད་པ་འདི་ནི་བསྡུ་བཞིའི་ནང་ནས་སྙན་པར་སྨྲ་བ་ཡིན་པའི་ཕྱིར། དེས་ནི་གཞན་ཐམས་ཅད་ཀྱང་དགའ་ཞིང་དད་པའི་རྒྱུར་གྱུར་ནས་གདུལ་བྱར་སྡུད་པར་བྱེད་པ་ཡི་ཐབས་ཀྱི་མཆོག་ཀྱང་ཡིན་པས་ སྤྱིར་ཐམས་ཅད་ཀྱིས་བསྟེན་པར་རིགས་ལ་ཁྱད་པར་གཞན་དོན་བྱེད་པའི་བྱང་སེམས་རྣམས་ཀྱིས་ནི་གཞན་གྱི་ཕུན་སུམ་ཚོགས་པའི་ཡོན་ཏན་ལ་མི་དགའ་བའི་ཕྲག་དོག་སྤངས་ཏེ་དགའ་ཞིང་དད་པའི་སྒོ་ནས་དེའི་ཡོན་ཏན་བརྗོད་པ་ལ་བརྩོན་པར་བྱའོ། །ཡོན་ཏན་
Page: 584 དང་ལྡན་པས་སངས་རྒྱས་ཀྱིས་གནང་བའི་ཚུལ་ནི། ཡུམ་མདོ་ལས། གཞན་དག་ཕ་རོལ་དུ་ཕྱིན་པ་དྲུག་ལ་གནས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་ཞེས་པ་སོགས་སོ། །ཡོན་ཏན་ལྡན་པ་རྣམས་ལ་གནང་། །ཞེས་པའང་ཡོད་པ་འདྲའོ། ། གཞན་བདེ་བའི་རྒྱུ་ཡིན་པས་ཁྲོ་མི་རིགས་པ་ནི། ཕ་རོལ་གྱི་ཡོན་ཏན་ལ་མི་དགའ་བ་མིན་ཀྱང་དེའི་ཡོན་ཏན་ལ་བསྔགས་བསྟོད་བྱས་པ་ན་དེའི་རྒྱུད་ལའང་བདེ་བ་ཐོབ་པ་ལ་མི་བཟོད་དོ་ཞེ་ན། གནོད་བྱེད་ཀྱི་དགྲུ་ཕ་རོལ་པོའི་ཡོན་ཏན་རྣམས་བདག་གིས་མཐོང་ནས་ རང་གི་དེ་ལ་བསྟོད་ཅིང་བསྔགས་པ་བྱས་པས་བདག་རང་གི་ཡིད་ལ་དགའ་བའི་བདེ་བ་སྐྱེ་ཡང་བསྟོད་ཡུལ་གྱི་དགྲ་ཕ་རོལ་པོ་གཞན་དེ་དག་ཀྱང་ཁོ་རང་གི་ཡོན་ཏན་བརྗོད་པ་ཐོས་ནས་དེའི་རྒྱུད་ལ་ཡང་དེ་ལྟར་ཡིད་དགའ་བའི་བདེ་བ་སྐྱེ་བར་འགྱུར་བ་ལ་མི་བཟོད་དོ་ཞེས་ དེའི་རྒྱུ་མཚན་གྱིས་གལ་ཏེ་ཡིད་ཁྱོད་ཀྱིས་གཞན་ལ་བསྟོད་པའི་གནས་སྐབས་ཀྱི་རང་གི་རྒྱུད་ལ་ཡིད་བདེ་སྐྱེ་བ་འདི་ཡང་མི་འདོད་པ་ཡིན་ན། དེ་ལྟ་ན་རང་གི་ཡིད་བདེ་བའི་ཐབས་སུ་བྲན་གཡོག་རྣམས་ལ་བྱ་དགོས་པའི་ལས་ཐམས་ཅད་བྱེད་དུ་བཅུག་ནས་ལས་ ཐམས་ཅད་བྱས་ཟིན་པའི་འོག་ཏུ་དེ་དག་ལ་ཟས་གོས་གླ་རྔན་སོགས་བྱིན་པ་དང་ཁྲུས་དང་དྲིལ་ཕྱིས་སྐུ་མཉེ་ཡན་ཆད་ཀྱིས་ཕན་འདོགས་པའི་ཐབས་གཞན་དག་བྱས་ན་བྲན་གཡོག་དེ་དག་ཡིད་ཚིམ་ཞིང་བདེ་བར་འགྱུར་བས་དེ་དག་ལ་གླ་རྔན་བྱིན་པ་སོགས་ ཀྱང་མི་བྱ་ཞེས་སྤང་དགོས་པར་འགྱུར་ལ། སོགས་ཞེས་པའི་སྒྲས་དེ་བཞིན་དུ་ཚུར་ལ་ཕན་བཏགས་པའི་ལན་དུ་ཕར་ལ་ཕན་འདོགས་པ་སོགས་ཀྱང་སྤང་དགོས་པར་འགྱུར་ཏེ་དེ་དག་བྱས་པས་གཞན་བདེ་བར་འགྱུར་བའི་ཕྱིར་ཞེས་བསྟན་ལ། དེ་ལྟར་
Page: 585 ༄༅། །ཕན་པའི་ལན་སྒྲུབ་པ་ཐམས་ཅད་སྤངས་པར་བྱས་ན་བྲན་གཡོག་སོགས་དེ་དག་ཀྱང་མི་དགའ་བས་རང་ལ་དགོས་པའི་ལས་རྣམས་མི་བྱེད་པའི་ཕྱིར་མཐོང་བ་ཚེ་འདིའི་བདེ་བ་ཉམས་པ་དང་དེ་དག་ལ་གླ་རྔན་སོགས་བྱིན་འོས་པ་མ་ བྱིན་པས་མ་མཐོང་བ་ཕྱི་མའི་བདེ་བའང་ཉམས་ནས་འདི་ཕྱིའི་བདེ་བ་ཉམས་སུ་མི་མྱོང་བ་དང་འདྲ་བར་གཞན་གྱི་ཡིད་བདེ་བར་འགྱུར་ལ་ཕྲག་དོག་བྱས་པས་མཐོང་བ་ཚེ་འདི་ཉིད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཉམས་པ་དང་བསམ་པ་ངན་པ་དེའི་རྣམ་ སྨིན་གྱིས་མ་མཐོང་བ་ཕྱི་མའི་དུས་ཀྱི་ཕུན་སུམ་ཚོགས་པའི་བདེ་བ་ཐམས་ཅད་ཀྱང་ཉམས་པར་འགྱུར་རོ། །དེ་ལྟར་བསམ་པ་ངན་པ་ཕྲག་དོག་བསྐྱེད་པས་རང་གི་ཚེ་འདི་ཕྱིའི་བདེ་བ་ཐམས་ཅད་འཇོམས་པར་འགྱུར་བ་ལ་བསམ་ནས་གཞན་གྱི་དགའ་བདེ་ཕུན་སུམ་ ཚོགས་པའི་ཡོན་ཏན་ལ་ཕྲག་དོག་མི་བྱེད་པར་དགའ་བའི་བློ་འབའ་ཞིག་བསྐྱེད་པར་བྱ་རིགས་སོ། །གོང་འོག་འདི་དག་གིས་ཞེ་སྡང་ཉེས་པ་ཆེ་བས་སྤང་དགོས་པར་མ་ཟད་དེའི་ཆར་གཏོགས་ཀྱི་ཕྲག་དོག་ཀྱང་ཉེས་པ་ཤིན་ཏུ་ཆེ་བས་རང་རྒྱུད་ ཀྱི་ཕྲག་དོག་གི་དྲི་མའང་བཀྲུ་དགོས་སོ་ཞེས་བསྟན་ཏོ། །དེ་ལྟའི་འདོད་ཚུལ་དེ་ཕྱིན་ཅི་ལོག་ཏུ་སྟོན་པ་ནི། ཁྱོད་རང་ཉིད་ཀྱིས་འདོད་པའི་ཚུལ་དེ་ནི་ཧ་ཅང་ཕྱིན་ཅི་ལོག་ཏུ་གྱུར་པ་ཞིག་སྟེ་དགྲ་ལྟ་བུ་གཞན་འགའ་ཞིག་གིས་རང་གི་ཡོན་ཏན་བསྒྲགས་ཏེ་བསྔགས་པ་ བརྗོད་པའི་ཚེ་ཡོན་ཏན་བརྗོད་པ་པོ་གཞན་དེའི་རྒྱུད་ལ་དགའ་བའི་བདེ་བ་སྐྱེ་བ་དེའང་ཁྱོད་འདོད་པར་བྱེད་ལ། རང་ཉིད་ཀྱིས་དགྲ་ཕ་རོལ་པོ་གཞན་གྱི་ཡོན་ཏན་བརྗོད་པ་ལ་ཕྱོགས་པའི་ཚེ་ཕྲག་དོག་གི་དབང་གིས་དེའི་རྒྱུད་ལ་དགའ་བའི་བདེ་བ་འབྱུང་བ་དེ་ཡང་མི་
Page: 586 བཟོད་ནས་རང་གི་རྒྱུད་ལའང་གཞན་གྱི་ཡོན་ཏན་ལ་བསྟོད་པའི་བདེ་བ་དེ་མི་འདོད་པར་བྱེད་པ་འདི་ནི་ཤིན་ཏུ་འགལ་ཞིང་མི་རིགས་པ་ཞིག་སྟེ་རང་གི་ཡོན་ཏན་བརྗོད་པའི་ཚེ་དགྲའི་རྒྱུད་ལ་བདེ་བ་འབྱུང་བའང་འདོད་དེ་དེ་ནི་རྣམ་པ་ཐམས་ཅད་དུ་དགུ་ལ་བདེ་བ་མི་འདོད་ པ་དང་འགལ་ཞིང་གཞན་གྱི་ཡོན་ཏན་བརྗོད་པའི་ཚེ་རང་རྒྱུད་ལའང་བདེ་བ་འབྱུང་མི་འདོད་དེ་དེ་ནི་རྣམ་པ་ཐམས་ཅད་དུ་རང་བདེ་བར་འདོད་པ་དང་ཡང་འགལ་བས་སོ། །དེས་ན་རང་ལ་བསྟོད་པ་ན་བསྟོད་མཁན་གཞན་དེ་ལ་བདེ་བ་འདོད་པ་ལྟར་རང་གིས་ ཀྱང་གཞན་གྱི་ཡོན་ཏན་ལ་ཕྲག་དོག་མི་བྱ་བར་དེ་དག་ལ་བསྟོད་བསྔགས་བརྗོད་པའི་སྒོ་ནས་རང་གི་ཡིད་ལའང་དགའ་བའི་བདེ་བ་སྐྱེད་པ་དང་སྤེལ་བར་བྱ་རིགས་སོ། །ཚིགས་བཅད་འདིའི་རྐང་པ་གཉིས་པ་ལ། གཞན་ལའང་བདེ་བ་འདོད་ཅེས་དང་། གཞན་ལ་ བདེ་བའང་འདོད་ཅེས་པ་དང་། རྐང་པ་བཞི་པ་ལ། རང་ལའང་བདེ་བ་འདོད་ཅེས་དང་རང་ལ་བདེ་བའང་ཞེས་མི་འདྲ་བ་ཅུང་ཟད་ཙམ་བྱུང་ངོ་། །དགྲ་ལ་བདེ་བ་བྱུང་བ་ལ་ཁྲོ་མི་རིགས་པ་ནི། སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཀུན་ ཏུ་ཕན་བདེ་ཕུན་སུམ་ཚོགས་པ་ལ་དགོད་པར་འདོད་པས་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་ནི་སེམས་བསྐྱེད་ནས་ཕྱིན་དྲུག་གི་སྤྱོད་པས་གཞན་བདེ་སྒྲུབ་པ་ལ་ཞུགས་པ་ན་རང་གིས་བསྒྲུབ་མ་དགོས་པར་སེམས་ཅན་འགའ་ཞིག་གིས་རང་རང་གིས་བདེ་བ་དང་ འབྱོར་བའི་ཁྱད་པར་ཅུང་ཟད་རེ་ཐོབ་ཅིང་རྙེད་ནས་འདོད་པ་གྲུབ་པར་གྱུར་པ་ན་དེ་ལ་སྙིང་ནས་དགའ་བ་སྒོམ་པར་རིགས་པ་ཡིན་པ་ལ། དགའ་བ་མི་སྐྱེ་བར་གཞན་གྱི་བདེ་བ་རྙེད་པ་དེས་ཀོ་སྟེ་དེས་ནི་ཡིད་ཁྱོད་ཅི་སྟེ་ཁྲོ་བར་བྱེད་རྣམ་པ་ཀུན་ཏུ་ཁྲོ་བར་བྱེད་མི་
Page: 587 ༄༅། །རིགས་ཏེ་ཁྲོ་བར་བྱས་ན་སྔར་གྱི་ཞེ་འདོད་དང་ཤིན་ཏུ་འགལ་བས་ན་སེམས་ཅན་གཞན་རང་རང་གིས་བདེ་འབྱོར་ཅི་ཙམ་ཐོབ་པ་ལ་དེ་ཙམ་དུ་དགའ་བ་བསྐྱེད་པར་བྱའོ། །ད་ཀོ་ཅི་སྟེ་ཁྲོ་བར་བྱེད། །ཅེས་པའང་བྱུང་སྟེ་ད་ལྟའམ་ད་ནི་ ཅི་སྟེ་ཁྲོ་བར་བྱེད་ཅེས་པའི་དོན་ཏོ། །དེ་ནི་མདོ་ལས། བདག་གིས་སེམས་ཅན་འདི་དག་བཟུང་སྟེ་སེམས་ཅན་འདི་དག་གི་ཆེད་དུ་གོ་ཆ་བགོས་ནས་འདི་དག་ལ་བདེ་བར་བྱ་བ་ཡིན་ན་སེམས་ཅན་འདི་དག་རང་གི་མཐུས་བསྒྲུབས་པའི་ལོངས་སྤྱོད་ཀྱིས་ བདེ་བར་འཚོའི་ཞེས་དགའ་བ་རྙེད་པ་དང་ཞེས་སོགས་གསུངས་པ་ལྟར་རོ། །དགྲ་ལ་རྙེད་བཀུར་སྒྲུབ་པ་ལ་ཁྲོ་མི་རིགས་པ་ལ། རང་གིས་འདོད་པ་ཆ་ཙམ་གྲུབ་པས་ཁྲོ་མི་རིགས་པ་ནི། དགྲ་ལ་བསྟོད་པའི་བདེ་བ་ཙམ་མི་བཟོད་པ་མིན་ཡང་བསྟོད་ བསྔགས་བྱེད་པ་དེ་ཐོས་པའི་རྐྱེན་ལས་གཞན་ཐམས་ཅད་དད་ནས་དེ་ལ་རྙེད་བཀུར་སྟོབས་པ་ལ་མི་བཟོད་དོ་ཞེ་ན། དེ་ནི་ཁས་བླངས་དང་འགལ་བས་མི་རིགས་ཏེ། འཇིག་རྟེན་གསུམ་སྟེ་ཁམས་གསུམ་མམ་ས་འོག་ས་སྟེང་ས་བླའི་འཇིག་རྟེན་ གསུམ་པོ་ཐམས་ཅད་ཀྱིས་མཆོད་ཅིང་རྗེད་པར་བྱ་འོས་པའི་གནས་བླ་ན་མེད་པར་མངོན་པར་འཚང་རྒྱ་བར་འགྱུར་བ་ཉིད་དུ་སེམས་ཅན་རྣམས་ནི་མ་ལུས་པར་འདོད་ཅེ་ན་སྟེ་འདོད་དོ་ལོ་ཞེས་ཟེར་ནས་དམ་བཅས་ཤིང་ཁས་བླངས་པ་ཡིན་ན་འཚང་ རྒྱ་བ་ལྟ་ཞོག་ད་ལྟ་འཕྲལ་དུ་སེམས་ཅན་གཞན་དེ་རྣམས་ལ་བསྙེན་བཀུར་རམ་བཀུར་སྟི་ཅུང་ཟད་རེ་བྱེད་པ་དང་དེ་བཞིན་དུ་ཟས་གོས་ནོར་སོགས་ཀྱི་རྙེད་པ་ངན་ངོན་ཏེ་དམན་པ་ཅུང་ཟད་ཙམ་རེ་བྱེད་པའམ་བྱུང་བ་མཐོང་བར་གྱུར་ནས་ཅིའི་ཕྱིར་སེམས་
Page: 588 ཁྱོད་ཀྱིས་དེ་ལ་མི་བཟོད་པར་ཕྲག་དོག་གིས་ཡིད་གདུང་བར་བྱེད་དེ་བྱེད་མི་རིགས་སོ། །འདོད་ཅེ་ན་ཞེས་པ་འདོད་དོ་ལོ་ཞེས་པ་དང་འདྲ་བར་འདོད་ཚུལ་དེ་ལ་མ་མགུ་བའི་ཚིག་ཡིན་པར་བཤད་དོ། །དེ་ནི་དཔེར་ན་རང་གིས་གསོ་བར་བྱ་བ་ཕ་མའམ་བུ་དང་བུ་ མོ་སོགས་གང་ཞིག་ཁྱོད་རང་གིས་རྟག་ཏུ་གསོ་བར་བྱ་བ་ཉིད་ཡིན་པས་གཞན་སུ་ལའང་ལྟོས་པ་མེད་པར་ཟས་གོས་ལ་སོགས་པ་ཁྱོད་རང་ཉིད་ཀྱིས་ནི་ངེས་པར་སྦྱིན་པར་བྱ་དགོས་པ་དེ་དག་ལ་ལན་འགའ་ཁྱོད་ཀྱིས་སྦྱིན་མ་དགོས་པར་གསོ་བྱའི་གཉེན་ཉེ་དུ་ གཞན་གྱིས་ཟས་གོས་ལ་སོགས་པའི་འཕྲལ་གྱི་འཚོ་བ་རྙེད་པར་གྱུར་ན་དེ་ལ་རང་ཉིད་ཆེས་ཆེར་དགའ་བར་བྱ་རིགས་པ་ཡིན་ན་དགའ་བ་སྐྱེ་བ་མི་འགྱུར་བར་སླར་ཁྲོའམ་སྟེ་ཕྱི་ཕྱིར་ཁྲོ་བར་བྱེད་མི་རིགས་པ་བཞིན་ནོ་ཞེས་པ་སྟེ། དེ་ནི་སེམས་ཅན་ མཐའ་དག་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་རང་གིས་སྒྲུབ་པར་ཁས་བླངས་ནས་དེ་ལྟར་སྒྲུབ་པ་ལ་ཞུགས་པ་ན་རེས་འགའ་བདག་གིས་སྒྲུབ་མ་དགོས་པར་སེམས་ཅན་འགའ་ཞིག་གིས་རང་རང་གིས་རྙེད་བཀུར་སོགས་ཀྱི་བདེ་བ་རྙེད་པ་ ན་རང་གིས་འདོད་པའི་ཕྱོགས་ཅུང་ཟད་ཙམ་གྲུབ་པས་དེ་ལ་དགའ་བར་བྱ་རིགས་ཀྱི་ཕྲག་དོག་གིས་ཡིད་མི་དགའ་བར་བྱེད་པ་ནི་ཁས་བླངས་དང་ཤིན་ཏུ་འགལ་བས་དེ་ལྟར་བྱེད་མི་རིགས་པའི་དོན་ནོ། །འོན་ཏེ་བྱང་ཆུབ་སྒྲུབ་པར་དམ་བཅས་ཀྱི་རྙེད་བཀུར་ སོགས་གཞན་སྒྲུབ་པར་དམ་མ་བཅས་སོ་སྙམ་ན། ད་ལྟ་གནས་སྐབས་ཀྱི་རྙེད་པ་དང་རྙེད་བཀུར་ངན་ངོན་ཙམ་རྙེད་པ་དེ་ཡང་ཅི་སྟེ་འགྲོ་བ་ལ་ཐོབ་པར་མི་འདོད་ཅིང་མི་བཟོད་ན་སེམས་ཅན་དེ་དག་རྣམས་ལ་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་སྒྲུབ་པར་འདོད་
Page: 589 ༄༅། །པ་ནི་རྒྱུ་མཚན་གང་ཞིག་ཡིན་ཏེ་དེ་མི་སྲིད་པས་རྒྱུ་མཚན་མེད་པར་མ་ཟད་དེ་འདྲ་ནི་ཤིན་ཏུ་མི་རིགས་ཤིང་འགལ་བ་སྟེ། སྔར། བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་ཞེས་སོགས་ཀྱི་སྒོ་ནས་མཐར་ཐུག་གི་བྱང་ཆུབ་ཏུ་མ་ཟད་ གནས་སྐབས་ཀྱི་བདེ་བ་སྒྲུབ་པར་ཁས་བླངས་པ་དང་འགལ་བས་སོ། །འཕྲལ་གྱི་རྙེད་བཀུར་ཅུང་ཟད་བྱུང་བ་མི་འདོད་པ་དང་མཐར་བྱང་ཆུབ་ཆེན་པོ་སྒྲུབ་པར་འདོད་པ་ཤིན་ཏུ་འགལ་བའི་རྒྱུ་མཚན་ཡང་། གང་ཟག་གང་ཞིག་གཞན་ལ་འབྱོར་བ་ཅུང་ཟད་ཙམ་རེ་ ཡོད་པ་དེ་ལའང་མི་དགའ་ཞིང་མི་བཟོད་པར་ཁྲོ་བར་བྱེད་ལ་རྒུད་ན་དགའ་བར་བྱེད་པའི་གང་ཟག་དེ་ལ་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་སེམས་ཅན་ཐམས་ཅད་རྫོགས་བྱང་ལ་འགོད་འདོད་ཀྱི་བློ་ཁྱད་པར་ཅན་དེ་ལྟ་བུ་ནི་ག་ལ་ཡོད་དེ་མེད་ངེས་པ་དེའི་ ཕྱིར་རོ། །དེ་ལྟར་རྙེད་བཀུར་ལ་ཆགས་ནས་དེ་ལ་དགའ་གདུང་ཁོ་ན་བྱེད་པ་དང་གཞན་གྱི་རྙེད་བཀུར་སོགས་ཕུན་སུམ་ཚོགས་པའི་འབྱོར་བ་ལ་སྡང་ཞུགས་དང་ཕྲག་དོག་གིས་ཡིད་གདུང་བར་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བ་དང་གནས་པ་སོགས་ཀྱི་གེགས་ བྱེད་མཐར་ཐུག་པ་དང་རང་རྒྱུད་ཀྱི་བསོད་ནམས་འཇོམས་བྱེད་དེ། །དཔའ་བོས། གང་ཞིག་ཟང་ཟིང་ནོར་ལ་ཆགས་བྱེད་པ། །དེ་ལ་བྱང་ཆུབ་སེམས་མཆོག་སྐྱེ་བ་མེད། །སེམས་མཆོག་དེ་ནི་སྐྱོན་དང་མི་འགྲོགས་ཏེ། །རྒྱ་མཚོ་ཆེན་པོར་རོ་དང་མི་འགྲོགས་ བཞིན། །དེ་བས་རྟག་ཏུ་སྐྱོན་རྣམས་ཀུན་སྤངས་ཏེ། །བྱང་ཆུབ་ཚོལ་ལ་རྟག་ཏུ་ཐམས་ཅད་སྦྱིན། །འཇིག་རྟེན་ཐམས་ཅད་གཅིག་པུས་སྐྱོབ་པ་ཡི། །སེམས་དང་སྤྱོད་པ་ཞུམ་པའི་ཚུལ་མི་མཐུན། །ཞེས་དང་། གཞན་ཡང་། གཞན་གྱི་འབྱོར་བ་དམ་
Page: 590 པ་མཐོང་ནས་ནི། །གང་ཞིག་སེམས་འཁྲུགས་པ་ནི་སྐྱེ་འགྱུར་བས། །དོན་དེ་ཅུང་ཟད་རྙེད་པར་མི་འགྱུར་གྱི། །འགྲོ་དེ་རང་གི་བསོད་ནམས་འཇོམས་པར་བྱེད། །ཅེས་སོ། །དེས་ན་གཞན་ལ་རྙེད་བཀུར་བྱུང་བ་ལ་མི་བཟོད་པར་ཁྲོ་ཞིང་ཕྲག་དོག་བྱེད་པ་བྱང་ཆུབ་ སེམས་ཀྱི་འགལ་ཟླར་ཤེས་པར་བྱས་ནས་དེ་ལྟའི་བློ་ངན་མི་སྐྱེད་པར་གཞན་གྱིས་འབྱོར་བའི་ཁྱད་པར་ཅི་འདྲ་ཞིག་ཐོབ་པ་ལའང་སྙིང་ཐག་པ་ནས་དགའ་བ་སྐྱེད་པ་དང་། དེར་མ་ཟད་རང་གི་བདེ་འབྱོར་ཐམས་ཅད་ཀྱང་གཞན་ལ་གཏོང་འདོད་ཀྱི་བློ་སྐྱེད་དགོས་ཀྱི་དེ་ལྟར་ མ་ཡིན་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་སེམས་ཅན་ལ་ཕན་བདེ་སྒྲུབ་པར་དམ་བཅས་པ་དགུ་ཚིག་ཙམ་དུ་ཟད་པར་འགྱུར་བས་སོ། །དེས་ན་དཔལ་ཕྲེང་གི་སེང་གེའི་སྒྱུར། བཅོམ་ལྡན་འདས་ད་སླན་ཆད་བདག་གིས་གཞན་གྱི་དཔལ་དང་ཕུན་སུམ་ཚོགས་པ་ དག་ལ་ཕྲག་དོག་གི་སེམས་བསྐྱེད་པར་མི་བགྱི་སྟེ་ཞེས་དམ་བཅའ་མཛད་པ་ལྟར་བསླབ་པར་བྱ་དགོས་སོ། །དེ་ལ་ཕྲག་དོག་ནི། ཀུན་བཏུས་སུ། ཕྲག་དོག་གང་ཞེ་ན། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས་གཞན་པའི་ཕུན་སུམ་ཚོགས་པའི་ཁྱད་ པར་མི་བཟོད་པར་གྱུར་པ་སེམས་ཁོང་ནས་འཁྲུགས་པ་ཞེ་སྡང་གི་ཆར་གཏོགས་པ་སྟེ་ཡིད་མི་བདེ་བ་དང་རེག་པར་མི་གནས་པའི་ལས་ཅན་ནོ། །ཞེས་པ་ལྟར། རྙེད་བཀུར་ལ་ཆགས་ནས་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པར་སེམས་ཁོང་ནས་འཁྲུགས་ པའོ། །བྱེད་ལས་ཚེ་འདིར་ཡིད་མི་བདེ་བ་དང་ཕྱི་མར་ངན་སོང་དུ་འཕངས་ནས་རྣམ་སྨིན་ཡིད་དུ་མི་འོང་བ་སྐྱེད་པས་ཚེ་འདི་ཕྱི་གཉིས་ཀར་གནོད་པ་བྱེད་པས་ཉེས་དམིགས་ཆེ་ལ་འབྱུང་ཡང་ཉེ་བའོ། །བྱམས་པའི་སེང་གེའི་སྒྲར། གཞན་གྱི་རྙེད་བཀུར་ལ་ཕྲག་དོག་གི་
Page: 591 ༄༅། །ཆོས་དང་ལྡན་པ་སོགས་བཞིས་ནི་མདའ་འཕངས་པ་བཞིན་དུ་དམྱལ་བར་འགྲོ་བར་གསུངས། དེས་ན་འདོད་ཡོན་ལ་ཆགས་ནས་དེའི་ཕྱིར་གཞན་ལ་ཕྲག་དོག་བྱེད་པའི་ཉེས་པར་བྱས་ནས་སྤང་དགོས་ལ། སྤངས་ནས་ཕན་ ཡོན་འབྱུང་ཚུལ་ནི། སྒོ་མཐའ་ཡས་པར། ཤེས་ཀྱི་ཁེ་དང་རྙེད་དང་གྲགས་པའི་ཕྱིར། །ཕ་རོལ་དག་ལ་ཕྲག་དོག་མི་བྱ་སྟེ། །དགའ་བའི་མིག་གིས་སེམས་ཅན་བལྟས་བྱས་ན། །མཐུ་ཆེ་བ་དང་གཟུགས་ཀྱང་མཛེས་པར་འགྱུར། །ཞེས་དང་། སེང་གེས་ཞུས་ པ་ལས་ཀྱང་། གང་དང་གང་དུ་སྐྱེ་བ་དེར། །ཕྲག་དོག་མེད་པས་དབང་ཆེར་གྲགས། །ཞེས་སོ། །རང་ལ་གནོད་པ་མི་སྐྱེད་པས་ཁྲོ་མི་རིགས་པ་ནི། གལ་ཏེ་མི་བཟོད་པ་སྐྱེ་ཡུལ་གྱི་རང་གི་དགྲ་བོ་དེས་སྦྱིན་བདག་དད་འབྱོར་ལྡན་པ་དེ་ཉིད་ལས་ཟས་གོས་སོགས་ཀྱི་ ཡོ་བྱད་བཟང་པོ་ཐོབ་ཅིང་རྙེད་དམ་འོ་ཏེ་རང་གི་མི་མཛའ་བ་དེས་རྙེད་པར་མ་གྱུར་པར་ཟས་གོས་སོགས་ཀྱི་ཡོ་བྱད་དེ་སྦྱིན་བདག་ཁོ་རང་གི་ཁྱིམ་ནའམ་ཁྱིམ་དུ་གནས་པར་གྱུར་པ་ཡིན་ཀྱང་རུང་སྟེ་རྣམ་པ་ཀུན་ཏུའང་དངོས་པོ་དེ་དག་ཁྱོད་རང་ལ་མེད་པར་མཚུངས་ནས་ སྦྱིན་བདག་དེས་ཡོ་བྱད་དེ་དག་དགྲ་ཕ་རོལ་པོ་དེ་ལ་སྦྱིན་རུང་མ་སྦྱིན་རུང་ཞེས་སམ་བྱིན་ནམ་མ་བྱིན་ཀྱང་རུང་སྟེ་ཡོ་བྱད་དེས་ཅི་བྱ་ཞེས་སམ་ཕྲག་དོག་བྱེད་པ་དེས་ཁྱོད་ལ་ཅི་ཞིག་བྱ་སྟེ་ཕན་གནོད་གང་ཡང་མེད་པས་བཏང་སྙོམས་སུ་གནས་པར་བྱ་རིགས་ཀྱི་བྱིན་པས་ མི་དགའ་བ་དང་མ་བྱིན་པས་དགའ་བར་བྱེད་མི་རིགས་སོ། །རྙེད་པའི་རྒྱུ་དོར་བས་རང་ལ་ཁྲོ་རིགས་པ་ནི། དགྲའི་རྙེད་པ་ལ་མི་དགའ་ཞིང་རང་ལ་ཅི་ནས་ཀྱང་རྙེད་པ་ལྷག་པར་ཐོབ་པར་འདོད་ན་རྙེད་བཀུར་འབྱུང་བའི་ཐབས་སུ་བསོད་ནམས་གསོག་པ་དང་ནི་སྦྱིན་
Page: 592 བདག་དད་པ་ཐོབ་པའི་རྒྱུ་སྤྱོད་པ་རྣམ་པར་དག་པའམ་ཚུལ་ཁྲིམས་དང་ཐོས་བསམ་ལ་སོགས་པ་རྙེད་པ་ཐོབ་བྱེད་ཀྱི་རྒྱུར་གྱུར་པའི་རང་གི་ཡོན་ཏན་རྣམས་ཅིའི་ཕྱིར་འདོར་བར་བྱེད་དེ་བྱེད་མི་རིགས་སོ། །དེ་ལྟར་རྙེད་བཀུར་འདོད་ན་དེ་འཐོབ་པར་འགྱུར་བའི་རྒྱུ་ཡོན་ ཏན་གྱི་ཆོས་རྣམས་རང་གི་རྒྱུད་ལ་འཛིན་རིགས་པ་ལ་དེ་དག་མི་འཛིན་པར་འདོར་བར་བྱེད་པ་པོ་རང་ཉིད་ལ་རྒྱུ་མཚན་གང་གིས་ཁྲོ་བར་མི་བྱེད་པ་སྒྲོས་ཤིག་སྟེ་རང་ལ་རྙེད་སོགས་མི་འབྱུང་བའི་རྒྱུས་ཁྲོ་བར་རིགས་ཀྱི་གཞན་ལ་རྙེད་སོགས་བྱུང་བའི་རྒྱུས་ཁྲོ་བར་མི་རིགས་སོ་ ཞེས་པའོ། །རང་ལ་རྙེད་བཀུར་མ་བྱུང་ཕྱིན་ཆད་གཞན་ལའང་མེད་ན་དགའ་ཞིང་ལེགས་སོ་ཞེ་ན། ཁྱོད་ནི་རང་གིས་རྙེད་བཀུར་མི་འཐོབ་པའི་རྒྱུ་སྔོན་སྐུ་འཕྲོག་བྱས་པ་དང་གཞན་གྱི་རྙེད་པའི་གེགས་བྱས་པ་དང་གཞན་གྱི་རྙེད་པ་ལ་ཕྲག་དོག་བྱས་པ་སོགས་ལས་ངན་ པའི་སྡིག་པ་བྱས་པ་ལ་༌་ངན་མེད་པར་མ་ཟད་ཀྱི་སླར་ཡང་ཕྲག་དོག་གི་དབང་གིས་རྙེད་བཀུར་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུར་གྱུར་པའི་བསོད་ནམས་ཆེན་པོ་བྱས་ཤིང་བསགས་པའི་གང་ཟག་གཞན་དག་དང་ལྷན་ཅིག་འགྲན་པར་བྱེད་འདོད་དམ་སྟེ་འགྲན་པར་བྱེད་ མི་རིགས་ལ། ཅིས་ཀྱང་འགྲན་ན་བསོད་ནམས་དགེ་བའི་ལས་གསོག་པ་ལ་འགྲན་པར་བྱ་རིགས་སོ། །ཡང་གཞན་ལ་རྙེད་བཀུར་བྱུང་བ་ལ་ཁྲོས་པས་རང་གི་བསོད་ནམས་སོགས་གསུམ་པོ་དོར་ནས་རྙེད་པ་འབྱུང་བའི་རྒྱུ་མི་འཛིན་པ་རང་ལ་ཁྲོ་བར་རིགས་སོ་ཞེས་ ཀྱང་བཤད་དེ་བསོད་ནམས་དང་ནི་དད་པ་སོགས་ལ་འཆད་ཚུལ་མི་འདྲ་བ་འགའ་འདུག་གོ ། དེ་དག་ནི་དགྲ་ལ་བསྟོད་གྲགས་བདེ་སྐྱིད་རྙེད་བཀུར་ལྟ་བུ་བྱུང་བའམ་དེ་དག་སྒྲུབ་པ་སོགས་ཀྱི་སྒོ་ནས་དེ་ལ་ལེགས་པ་བྱེད་པ་ལ་ཡིད་མི་བདེ་བ་དང་མི་བཟོད་པ་སྤངས་ནས་
Page: 593 ༄༅། །ཡིད་བདེ་དང་བཟོད་པ་སྒོམ་དགོས་པར་བསྟན་པའོ། །དེ་ལྟར་རང་དང་རང་གི་མཛའ་བཤེས་ཀྱི་ཕྱོགས་ལ་མི་འདོད་པ་བྱེད་པ་དང་དགུའི་ཕྱོགས་ལ་ལེགས་པ་བྱེད་པ་སོགས་ལ་མཐའ་གཅིག་ཏུ་མི་འདོད་པའི་རྣམ་པར་བལྟས་ན་དེ་ལ་བརྟེན་ནས་ ཡིད་མི་བདེ་སྐྱེ་ལ་དེའི་རྒྱུན་འཕེལ་བ་ལས་ཁོང་ཁྲོ་སྐྱེ་ཞིང་། དེ་དག་ལ་མི་འདོད་ཅིང་མི་དགའ་བའི་རྣམ་པར་མ་བལྟས་ན་ཡིད་མི་བདེ་མི་སྐྱེ་ལ་དེ་མ་སྐྱེས་ན་ཁོང་ཁྲོ་སྐྱེ་མི་སྲིད་པས་ན། བཤད་མ་ཐག་པའི་རིགས་པ་རྣམས་ལ་བརྟེན་ནས་རང་དང་རང་གི་ཕྱོགས་ལ་མི་ འདོད་པ་བྱེད་པ་དང་དགྲའི་ཕུན་སུམ་ཚོགས་པ་སོགས་ལ་མཐའ་གཅིག་ཏུ་མི་འདོད་པའི་རྣམ་པར་བལྟ་བ་བཟློག་ཅིང་ཐབས་སྣ་ཚོགས་པའི་སྒོ་ནས་ཁོང་ཁྲོ་དགག་པར་བྱ་དགོས་སོ། །དེ་འགོག་ཐབས་ཀྱི་གདམས་ངག་གི་གཙོ་བོའང་འདིའི་གོང་འོག་ཏུ་བསྟན་པ་ལྟ་ བུའི་རྒྱལ་སྲས་རྣམས་ཀྱི་རིགས་པ་རང་རྒྱུད་ཀྱི་ཉོན་མོངས་པའི་ཕྱོགས་དང་བརྒལ་ལན་བྱས་ཏེ་ཁ་ནང་དུ་ཕྱོགས་ཏེ་རང་རྒྱུད་ཀྱི་དགྲུ་མ་རུངས་པ་ཁོང་ཁྲོ་སོགས་ཀྱི་ཉོན་མོངས་རྣམས་འཇོམས་པར་བྱེད་པའི་ཚུལ་འདི་རྣམས་ཡིན་པས་དེ་ལྟ་བུའི་སོ་སོར་རྟོག་པའི་ཤེས་རབ་ ཀྱིས་རྣམ་པར་དཔྱད་ནས་རིགས་པའི་སྒོ་སྣ་ཚོགས་ནས་བཀག་ན་ཁོང་ཁྲོའི་ནང་ཚན་གྱི་རིགས་དུ་མ་ལྡོག་ཅིང་གཉེན་པོ་བཟོད་པའང་སྒོ་དུ་མ་ནས་སྐྱེ་བར་གསུངས་པས་ན། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དག་པའི་ལུང་དོན་ལ་དཔྱད་ནས་དྲི་མ་མེད་པའི་ རིགས་པའི་ལམ་ནས་དྲངས་པའི་ངེས་ཤེས་མ་སྐྱེས་ཀྱི་བར་དུ་འབད་པ་གལ་ཆེའོ། །( བམ་པོ་གཉིས་པ། འདི་ནས་བརྩམས་ཏེ་འཆད། )གཉིས་པ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ་ལ་གཉིས། དགྲ་བོའི་མི་འདོད་པའི་གེགས་བྱེད་པ་ལ་བཟོད་པ་
Page: 594 སྒོམ་པ། བདག་དང་བདག་གི་བཤེས་ལ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པའོ། །དང་པོ་ནི། གལ་ཏེ་དགྲ་ཞིག་སོགས་ཏེ། དེ་ལ། དགྲ་མི་དགའ་བས་རང་ལ་མི་ཕན་ཞིང་མི་དགའ་བ་བྱུང་ན་སྙམ་པས་དེ་ལ་མི་གནོད་པ་ནི། དགྲ་ལ་སྡུག་བསྔལ་ སོགས་མི་འདོད་པ་བཞི་བྱུང་ན་དགའ་བ་ལ་དེའི་གེགས་བྱེད་པ་ལ་ཁྲོའོ་ཞེ་ན། གལ་ཏེ་རང་ལ་གནོད་བྱེད་ཀྱི་དགྲ་ཞིག་ལ་སྡུག་བསྔལ་སོགས་མི་འདོད་པ་བྱུང་བས་དེ་མི་དགའ་ཞིང་སྡུག་བསྔལ་བར་གྱུར་ནའང་དེ་ལ་ཁྱོད་ཡིད་དགའ་ཞིང་བདེ་བར་བྱ་བའི་རྒྱུ་ནི་ཅི་ཞིག་ ཡོད་དེ། དེས་ཁྱོད་ལ་ཕན་པ་ཅི་ཡང་མེད་ལ་དེ་ལྟ་བུ་ནི་རྗེས་སུ་ཡི་རང་གོ་ལོག་ཡིན་པར་བཤད་པས་སོ། སྔོན་གྱི་ལས་མེད་ན་ཁྱོད་ཀྱིས་དགྲ་ལ་གནོད་པ་དང་སྡུག་བསྔལ་འབྱུང་བར་གྱུར་ཅིག་སྙམ་དུ་ཡིད་ལ་སྨོན་པ་ཙམ་གྱིས་ནི་དགྲ་དེ་ལ་གནོད་པའི་རྒྱུར་ཅུང་ཟད་ ཀྱང་མི་འགྱུར་ལ། ཁྱོད་ཀྱིས་འདོད་པའི་དོན་དེ་འགྲུབ་པ་ལའང་དེ་ལྟར་བསམ་པས་ཅུང་ཟད་ཀྱང་མི་ཕན་པས་ན་དེ་ལྟར་སྨོན་པ་ལ་དགོས་པའི་དོན་མེད་པར་མ་ཟད་རང་ལ་དེ་ཙམ་དུ་གནོད་པའི་རྒྱུར་འགྱུར་རོ། །གནོད་པ་ནི་སྔོན་ལས་ལས་བྱུང་བ་ཡིན་ལ་ཙམ་ཞེས་པའི་ སྒྲས་ཏེ་ཉིད་བསལ་བའོ། །་དགྲ་ལ་གནོད་སེམས་བསྐྱེད་པས་རང་ལ་གནོད་པ་ནི། དགྲ་ལ་གནོད་པ་དང་སྡུག་བསྔལ་བྱུང་ན་རྒུད་ཅིང་བརླག་པར་གྱུར་ན་སྙམ་དུ་ཁྱོད་ཀྱི་འདོད་པའམ་དེ་ལྟར་སྨོན་པ་ཁོ་ནས་དགྲ་ཕ་རོལ་པོ་དེ་ལ་གནོད་པ་དང་སྡུག་བསྔལ་སོགས་དེ་དག་ གྲུབ་པར་གྱུར་ནའང་དེ་ལ་ཁྱོད་ཡིད་དགའ་ཞིང་བདེ་བར་བྱ་བའི་རྒྱུ་ནི་ཅི་ཞིག་ཡོད་དེ་ཅུང་ཟད་ཀྱང་མེད་དེ་རང་ལ་ཕན་པ་མེད་ཅིང་གནོད་པའི་རྒྱུར་འགྱུར་བས་སོ། །གལ་ཏེ་དགྲ་ལ་སྡུག་བསྔལ་སོགས་མི་འདོད་པ་བྱུང་ན་དེ་ཁོ་ནས་བདག་གིས་ཡིད་སྨོན་དེ་ཉིད་གྲུབ་པ་
Page: 595 ༄༅། །ཡིན་པས་བདག་ཉིད་འཚེངས་པའམ་ཡིད་ཚིམ་པར་འགྱུར་རོ་ཞེ་ན། དེ་ལྟ་བུའི་བསམ་ངན་དྲག་པོ་སྐྱེས་པ་དེ་ལས་ཆེས་ཆེར་རང་ཕུང་པའི་རྒྱུ་གཞན་པའང་ཅི་ཞིག་ཡོད་དེ་ཅུང་ཟད་མེད་པས་དེ་ནི་འཚེངས་པའི་རྒྱུ་མ་ཡིན་གྱི་འདི་ཕྱི་ཀུན་ཏུ་རང་ ཉིད་ལ་ཕུང་ཀྲོལ་ཆེན་པོ་སྐྱེད་པའི་རྒྱུ་ཡིན་ནོ། །དེས་ན་དེ་ལྟ་བུའི་བསམ་པ་ངན་པ་དེ་ནི་ངན་འགྲོར་འཕེན་པའི་རྒྱུའི་གཙོ་བོ་སྟེ། དཔེར་ན། ཉ་པ་རྣམས་ཀྱིས་སྐུད་པའི་སྣེ་ལ་ལྕགས་ཀྱུ་ཤ་དང་བཅས་པ་བཏགས་ནས་ཆུར་འཕངས་པ་ན་དེས་ཉ་མང་པོ་བཟུང་ནས་ཕྲུ་ བའི་ནང་དུ་འཚེད་པ་ལྟར་ཞེ་སྡང་ལ་སོགས་པའི་ཉོན་མོངས་པའི་ཉ་པ་མ་རུངས་པས་བཏབ་པ་ཡི་དགྲ་མ་རུངས་པར་གྱུར་ན་ཕུང་བར་གྱུར་ན་སྙམ་པའི་གནོད་སེམས་ཀྱི་མཚིལ་བའམ་ལྕགས་ཀྱུ་འདི་ནི་མི་བཟད་པ་སྟེ་གཞན་ལ་གནོད་པ་སྐྱེད་ངེས་པ་ས་དང་གཟེ་ བ་སྟེ་ཟིན་ངེས་པའི་རྣོ་བ་ཡིན་ལ། དེའི་ཕྱིར་དེས་ངེས་པར་བཟུང་ནས་སེམས་ཅན་དམྱལ་བའི་ལྕགས་བསྲེས་ཀྱི་བུམ་པར་རོམ་ཕྲུ་བ་ཆེན་པོའི་ནང་དུ་ཡང་དམྱལ་བའི་སྲུང་མའམ་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་བདག་ཉིད་བཅུག་ནས་ཡུན་རིང་པོར་འཚེད་པའི་ སྡུག་བསྔལ་མྱོང་བར་ངེས་སོ། །ཞེས་པ་སྟེ་ཉོན་མོངས་པ་རྣམས་ཉ་པ་བཞིན་དུ་སྤྱོད་པ་ཡིན་པར་བསྟན་པའོ། །དེས་བཟུང་ཞེས་དང་ངེས་བཟུང་ཞེས་མི་འདྲ་བ་བྱུང་ངོ༌། །དེ་ལྟར་དྲན་པ་ཉེར་གཞག་ལས། སེམས་ཅན་དམྱལ་བར་སྐྱེ་བ་ཡི། །རྒྱུ་ནི་མི་བཟང་ གནོད་སེམས་ཡིན། །ཞེས་དང་། གནོད་སེམས་ཀྱིས་ནི་དྲངས་པ་དག ། སེམས་ཅན་དམྱལ་བ་དྲག་པོར་འོངས། །ལས་ཟད་ནས་ནི་ཐར་འགྱུར་ཞིང་། །དམྱལ་བར་འགྲོ་ལྡོག་མི་བྱེད་དོ། །ཞེས་སོགས་གསུངས། ཡང་འདི་ལྟར་དམྱལ་བའི་སྲུང་མས་
Page: 596 ཁྱོད་དམྱལ་བ་པ་བཞིན་དུ་ཉོན་མོངས་པའི་མཆིལ་བས་བདེ་འགྲོའི་ཆུ་བོ་ལས་བྱུང་ནས་སྲིད་པ་བར་དོའི་སྐམ་སར་འཁྲིད་དོ། །སེམས་དམྱལ་བུམ་པ་ཡང་སྟེ་ཏིལ་མར་གྱིས་བཀང་བའི་ཟངས་ཆེན་ཤིན་ཏུ་ཁོལ་བའི་ནང་དུ་དམྱལ་བའི་སྲུང་མས་བདག་འཚེད་ པར་ངེས་ཞེས་དགེ་ལྟ་འཆད་དོ། །དེས་ན་དགྲ་རྒྱུད་པར་འདོད་པ་དང་བརླག་ན་སྙམ་པའི་བསམ་ངན་དེ་ཙམ་གྱིས་དགྲ་ལ་ཅི་ཡང་མི་གནོད་པར་རང་ལ་དེ་ལྟར་གནོད་པ་མི་བཟད་པའི་རྒྱུར་འགྱུར་བ་དང་རང་གིས་འདོད་པ་དེ་ལྟར་དུ་དགྲ་ལ་གནོད་པ་བྱུང་ནའང་རང་ཉིད་ ཕུང་ཞིང་བརླག་པར་འགྱུར་བ་སོགས་ཀྱི་ཉེས་དམིགས་བསམ་ནས་དེ་ལྟ་བུའི་བསམ་པ་ངན་པ་དེ་ཅི་ནས་ཀྱང་དགག་པ་ལ་འབད་པར་བྱའོ། །དེ་དག་ནི་དགྲ་ལ་སྡུག་བསྔལ་སོགས་འབྱུང་བའི་གེགས་བྱེད་པ་ལ་ཡིད་མི་བདེ་དང་མི་བཟོད་པ་སྤངས་ནས་ཡིད་བདེ་དང་ བཟོད་བསྒོམ་དགོས་པར་བསྟན་པའོ། །གཉིས་པ་བདག་དང་བདག་གི་བཤེས་ལ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ་ནི། བསྟོད་དང་གྲགས་པ་ལ་སོགས་ཏེ། དེ་ཡང་འཇིག་རྟེན་པའི་ཆོས་བསྟོད་གྲགས་སོགས་ཀྱི་གེགས་བྱས་པ་ལ་ཁྲོ་མི་རིགས་ པ་ལ། བསྟོད་གྲགས་ལ་ཡོན་ཏན་མེད་ཅིང་ཡིད་བདེ་ཙམ་འདོད་མི་རིགས་པ་ནི། རང་དང་རང་གི་ཕྱོགས་ལ་བསྟོད་གྲགས་སོགས་འབྱུང་བའི་གེགས་བྱེད་པ་ལ་ཁྲོའོ་ཞེ་ན། གཞན་གྱིས་རང་གི་ཡོན་ཏན་བརྗོད་ནས་དངོས་སུ་བསྟོད་པ་དང་ལྐོག་ཏུ་སྙན་པའི་ ཚིག་བསྒྲགས་པའི་གྲགས་པའི་རིམ་གྲོས་ནི་སྐྱེས་བུ་གང་དག་གིས་འདོད་ཅིང་དོན་དུ་གཉེར་བྱའི་དངོས་པོ་ལྔ་ལས་ཕྱི་མའི་དུས་སུ་ཕན་པ་བསོད་ནམས་དགེ་བའི་ལས་སུ་མི་འགྱུར་ཞིང་ཚེ་འདིར་ཕན་པའི་ཐབས་ལ་ཚེ་རིང་བའི་རྒྱུ་ཡང་མི་འགྱུར་ལ། དེ་བཞིན་དུ་བདག་གི་
Page: 597 ༄༅། །ལུས་སྟོབས་འཕེལ་བ་དང་རྒྱུས་པའི་རྒྱུར་ཡང་མི་འགྱུར་ཞིང་ལུས་ལ་ནད་མེད་པའི་གྱུར་འགྱུར་བའང་མིན་ལ་ལུས་ལ་བདེ་བ་སྐྱེ་བའི་རྒྱུར་ཡང་མི་འགྱུར་རོ། །དེས་ན་བདག་ནི་རང་དོན་ཁོ་ན་གཉེར་ན་དེ་ཉིད་སྒྲུབ་པ་ལ་ཞུགས་པར་གྱུར་པས་རང་དོན་དུ་ འགྱུར་མི་འགྱུར་དཔྱོད་ཤེས་པའི་བློ་གྲོས་དང་ལྡན་པར་གྱུར་པ་ཡིན་དགོས་ན་བསྟོད་དང་གྲགས་པའི་རིམ་གྲོ་དེ་ལ་ནི་རང་གི་འདོད་པའི་དོན་དེ་དག་འགྲུབ་པའི་དགོས་པ་ཅི་ཞིག་ཡོད་ཅུང་ཟད་ཀྱང་མེད་དེ་བསྟོད་གྲགས་ཙམ་ནི་བསོད་ནམས་འཕེལ་བ་ཚེ་རིང་བ་སོགས་རྣམ་པ་ ལྔ་པོ་གང་ཡང་སྒྲུབ་བྱེད་ཀྱི་ཐབས་མ་ཡིན་པའི་ཕྱིར་དོན་མེད་པ་ཁོ་ནའོ། །དེ་ལྟར་བསོད་ནམས་དང་ཚེ་འཕེལ་བྱེད་སོགས་སུ་མི་འགྱུར་ཡང་འཕྲལ་དུ་ཡིད་བདེ་སྐྱེད་པས་དོན་མེད་པ་མིན་ནོ་ཞེ་ན། ཡིད་བདེ་ཙམ་འབའ་ཞིག་འདོད་ནས་དེ་དོན་དུ་གཉེར་བར་བྱ་བ་ཡིན་ ན་ནི་རྒྱུན་པོ་འགྱེད་པའམ་ཆོ་ལོ་རྩེ་དང་གླུ་གར་རོལ་མོ་སོགས་བྱེད་པ་དང་སྨད་འཚོང་མ་དང་གཞན་གྱི་བུད་མེད་ལྟ་བུ་བསྟེན་པ་དང་མྱོས་འགྱུར་ཆང་གི་བཏུང་བ་ཡང་བསྟེན་པར་བྱ་དགོས་པ་སོགས་སུའང་ཐལ་ཏེ། དེ་དག་ཀྱང་འཕྲལ་དུ་ཡིད་བདེ་ཙམ་སྐྱེད་བྱེད་ཡིན་ པས་སོ། །སངས་རྒྱས་མཐོང་བ་ཆོས་ཐོས་པ་སོགས་ལས་ཀྱང་ཡིད་བདེ་སྐྱེ་བ་ཡོད་མོད་ཀྱི་དེ་ནི་བསོད་ནམས་ཀྱི་ནང་དུ་འདུ་བས་ཉེས་པ་མེད་པར་གསུངས་སོ། །དེ་ལྟར་རྒྱུན་པོ་འགྱེད་པ་སོགས་ནི་རྣམ་པ་ཀུན་ཏུ་དང་དུ་བླངས་མི་རིགས་ཤིང་ཁྱད་པར་རབ་ཏུ་བྱུང་ བས་དེ་དག་བྱ་མི་རུང་བའི་རྒྱུ་མཚན་གྱིས་དེ་དག་ཀྱང་བསྟེན་རིགས་པར་འགྱུར་ཞེས་ཧ་ཅང་ཐལ་བའི་སྐྱོན་བརྗོད་པར་མཛད་དོ། །དེ་དག་ནི་བསྟེན་བྱ་མིན་གྱི་སྤང་བར་བྱ་བ་ཁོ་ན་སྟེ། རིན་ཆེན་ཕྲེང་བར། རྒྱན་པོ་ཆང་དང་མི་དགའ་དང་། །ཞེ་སྡང་གཡོ་སྒྱུ་རྒོད་པའི་
Page: 598 གནས། །བརྫུན་དང་ཀྱལ་པ་ཚིག་རྩུབ་ཏུ། །དེ་བས་རྟག་ཏུ་སྤང་བར་མཛོད། །ཅེས་དང་། ཆང་གིས་འཇིག་རྟེན་བརྙས་འགྱུར་ཞིང་། །དོན་ཉམས་ནོར་ཡང་ཟད་པར་འགྱུར། །རྨོངས་པས་བྱ་བ་མ་ཡིན་བྱེད། །དེ་བས་ཆང་ནི་རྣམ་པར་སྤངས། །ཞེས་སོགས་ཉེས་དམིགས་ཤིན་ཏུ་མང་ལ། གཞན་བུད་མེད་བསྟེན་པ་སོགས་ལའང་ཉེས་པ་ཤིན་ཏུ་མང་སྟེ་ཅུང་ཟད་རེ་འོག་ཏུ་འཆད་དོ། །དེས་ན་ཡིད་བདེ་ཙམ་སྐྱེད་བྱེད་ཀྱི་རྒྱུར་གྱུར་པའི་བསྟོད་གྲོགས་སོགས་ནི་བྱིས་པ་རྣམས་དགའ་བ་སྐྱེད་བྱེད་དང་འདྲིད་བྱེད་ཙམ་ཡིན་གྱི་མཁས་པ་རྣམས་ཀྱིས་དང་དུ་བླང་བར་བྱ་བའི་ཆོས་མ་ཡིན་ ནོ། །བསྟོད་གྲགས་ཙམ་ལ་ཞེན་པ་བྱིས་པའི་སྤྱོད་པར་བསྟན་པ་ནི། རྨོངས་པ་ཁ་ཅིག་རང་ལ་ཡོན་ཏན་མེད་ཀྱང་སྙན་པ་དང་གྲགས་པ་འབྱུང་དུ་རེ་ནས་སློང་མོ་བ་ལྟ་བུས་ཁྱོད་ནི་ལྷའི་དབང་པོ་དང་རྣམ་མང་ཐོས་པའི་སྲས་སོགས་ལྟར་གཏོང་ཕོད་པའོ་ཞེས་ངོ་བསྟོད་ཀྱི་གཅམ་བུའི་ ཚིག་བརྗོད་པ་ན་དགའ་བའི་༌་བཞིན་བསྟན་ནས་གཏོང་ཕོད་པར་གྲགས་པའི་དོན་དུ་རྟ་དང་གླང་པོ་དང་རིན་པོ་ཆེ་ལ་སོགས་པའི་ནོར་བཟང་པོ་རིན་ཐང་ཆེ་བ་རྣམས་ཀྱང་ལྷུག་པར་གཏོང་ཞིང་། གྲོང་འཇོམས་ལྟར་གཡུལ་ལས་རྒྱལ་བའོ་དཔའ་ཞིང་བརྟུལ་ཕོད་པའོ་ཞེས་པའི་གྲགས་ པ་ཙམ་དོན་དུ་གཉེར་ནས་དགྲའི་གཡུལ་ངོར་ནན་གྱིས་༌་ཞུགས་ཏེ་བདག་ཉིད་ཀྱང་ནི་གསོད་པར་བྱེད་དུ་འཇུག་ནུས་པ་ཡིན་ན། འདི་ནི་གཏོང་ཕོད་པའི་དཔའ་བརྟུལ་ཆེ་བའོ་ཞེས་པ་ཙམ་གྱི་དོན་མེད་པའི་ཚིག་འབྲུ་སྐམ་པོ་རྣམས་ཀྱིས་ཅི་ཞིག་བྱ་དེ་ལ་ཚེ་འདིར་བོཟར་རུང་བའི་ ཟས་བཏུང་དུ་རུང་བའི་སྐོམ་བགོར་རུང་བའི་གོས་ལྟ་བུའི་དོན་ནམ་དགོས་པ་ཅུང་ཟད་ཀྱང་མེད་ལ་རང་ཉིད་ཤི་བར་གྱུར་པའི་ཚེ་ན་སྙན་པ་དང་གྲགས་པ་ཐོབ་པ་ལས་བྱུང་བའི་བདེ་བ་དེས་ཀོ་གང་ཟག་སུ་ལ་བདེ་ཞེས་སམ་ལུས་སེམས་སུ་ལ་བདེ་སྟེ་སུ་གང་ལའང་ཕན་པ་མེད་པའི་ཕྱིར་
Page: 599 ༄༅། །རོ། དེས་ན་བསྟོད་གྲགས་ལ་ཞེན་པ་དང་དེ་ཉམས་པ་ལ་མི་དགའ་བ་ནི། དཔེར་ན། བྱིས་པ་ཁ་ཅིག་རྩེད་མོའི་དོན་དུ་གནས་ཁང་གི་དགོས་པ་གང་ཡང་མི་འགྲུབ་པའི་བྱེ་མ་ལས་བྱས་པའི་ཁང་བུ་ལ་དགའ་ཞིང་ཆགས་ནས་རྩེ་བ་ན་སུས་གནོད་པ་མ་བྱས་པར་ རང་ཉིད་ཇིབ་པར་གྱུར་པའམ་མི་འགས་དེ་བཤིག་ན་ངའི་ཁང་བ་རྡིབ་བོ་ཁང་པ་བཤིག་གོ་ཞེས་ཟེར་ནས་བྱིས་པ་བླུན་པོ་རྣམས་ནི་ག་ཆད་དུ་དུ་བའམ་མཆོག་ཏུ་ཉམ་ཐག་པར་དུ་ཞིང་རྨོ་ངེས་འདེབས་པ་དེ་བཞིན་དུ་བསྟོད་པ་དང་གྲགས་པ་ཉམས་པར་གྱུར་ན་རང་གི་སེམས་ནི་བྱིས་ པ་བླུན་པོ་བཞིན་དུ་མྱ་ངན་གྱིས་གདུངས་ཤིང་མི་དགའ་བ་སྐྱེད་པར་བྱེད་ནའང་བརྟགས་ཤིང་དཔྱད་ན་གང་ཡང་མ་ཉམས་མ་གོད་པས་མྱ་ངན་བྱ་བའི་དོན་ཅི་ཡང་མེད་དོ། །དེ་དག་གིས་ནི་བསྟོད་གྲགས་ལ་ཞིན་པ་དང་དེ་ཉམས་པ་ལ་མྱ་ངན་མེད་པ་གཉིས་ཀ་བྱིས་པའི་སྤྱོད་པར་བསྟན་ ཏོ། །བརྟགས་ན་སྙིང་པོ་མེད་པས་དགའ་བར་བྱ་མི་རིགས་པ་ནི། རང་ལ་བསྟོད་པ་དང་གྲགས་པ་བྱུང་བས་སེམས་དགའ་བ་ཡིན་ན་རེ་ཞིག་གམ་ཐོག་མར་བརྟགས་ཤིང་དཔྱད་ན་རང་གི་ཡོན་ཏན་བརྗོད་པའི་ཚིག་དང་སྒྲ་ལ་ནི་རྣམ་པར་རྟོག་པའི་སེམས་མེད་པའི་ཕྱི་དོན་བེམ་ པོ་ཡིན་པའི་ཕྱིར་ན་བདག་ལ་བསྔགས་ཤིང་བསྟོད་པར་བྱའོ་སྙམ་པའི་ཀུན་སློང་གི་སེམས་ཡོང་ཡེ་མི་སྲིད་པའམ་ཡོད་མི་སྲིད་པས་དེ་ལ་དགའ་བར་བྱ་མི་རིགས་ཤིང་། འོན་ཏེ་བདག་ལ་བསྟོད་པའི་ཚེ་བསྟོད་པ་བྱེད་མཁན་གྱི་གང་ཟག་གཞན་དེ་དག་བདག་ལ་དགའོ་ཞེས་ གྲགས་པའི་བསྟོད་པ་བྱེད་པ་པོ་གཞན་གྱི་རྒྱུད་ཀྱི་དགའ་ཞིང་དད་པ་དེ་ནི་བདག་མ་ཉིད་དགའ་བའི་རྒྱུ་ཡིན་གླེང་ནའམ་སྙམ་ན་ཞེས་ཏེ་བརྟགས་ཤིང་དཔྱད་པ་ན་དེ་ལྟར་བཏགས་པ་དེ་ཙམ་མིན་པ་དགའ་བའི་རྒྱུ་གཞན་ཅི་ཡང་མི་རྙེད་པའོ། །དེ་ལ་ནི་འབྲེལ་ཅི་ཡང་མེད་ཕྱིར་བྱིས་པའི་
Page: 600 སྤྱོད་པ་ཁོ་ནར་ཟད་པས་ན་དེ་རང་ཉིད་དགའ་བའི་རྒྱུ་ཡིན་པ་ནི་མི་རིགས་ཏེ་གཞན་ནམ་སྟེ་གང་ཟག་གཞན་རང་གི་དགྲ་ལྟ་བུ་ལ་དགའ་ནས་བསྟོད་པའམ་དེར་མ་ཟད་ཡང་ན་བདག་རང་ཉིད་ལ་དགའ་ནས་བསྟོད་པ་ལའང་རུང་སྟེ་བསྟོད་པ་བྱེད་མཁན་གྱི་གང་ཟག་གཞན་རྒྱུད་
ཀྱི་དགའ་བ་དེས་བདག་ལ་ཅི་ཞིག་ཕན་ཏེ་ཅུང་ཟད་ཀྱང་མི་ཕན་པས་རང་དགའ་བའི་རྒྱུར་མི་རུང་ལ། བསྟོད་པ་བྱེད་པ་པོ་གཞན་གྱི་རྒྱུད་ལ་ཡོད་པའི་དགའ་བདེ་ནི་གང་ཟག་དེ་ཉིད་ཀྱི་སེམས་ཀྱིས་མྱོང་བྱ་ཡིན་གྱི་བདག་གི་མིན་ལ་དེ་ནི་གཟུགས་ཅན་གྱི་དངོས་པོ་མ་ཡིན་པས་
སོ་སོར་བགོར་ཡང་མི་བཏུབ་པས་བདག་གིས་དེ་ལས་ཆ་ཤས་ཅུང་ཟད་ཙམ་ཡང་མི་འཐོབ་པའི་ཕྱིར་རོ། །གལ་ཏེ་བྱང་སེམས་ནི་གཞན་བདེ་བས་བདག་ཀྱང་བདེ་བར་འགྱུར་བའི་ཕྱིར་བསྟོད་པ་བྱེད་པ་པོ་དེ་ཉིད་ལ་དགའ་ཞིང་བདེ་བ་སྐྱེས་པར་གྱུར་པ་ཡིས་བདག་ཀྱང་
བདེ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་སྐྱེ་བོ་མ་ལུས་པ་ཀུན་དགའ་ཞིང་བདེ་བར་གྱུར་པ་ལའང་དེ་བཞིན་དུ་བདག་ཉིད་དགའ་ཞིང་བདེ་བར་བྱ་དགོས་ཤིང་རིགས་ན་ཇི་ལྟར་ཞེས་སམ་ཅི་ཕྱིར་དགྲ་བོ་ལྟ་བུ་གཞན་ལ་གང་ཟག་གཞན་དགའ་བར་གྱུར་པ་ཡིས་བསྟོད་པ་བྱེད་པའི་ཚེ་བསྟོད་
མཁན་དེ་བདེ་ཞིང་དགའ་བར་གྱུར་པའམ་ཡང་ན་བསྟོད་ཡུལ་གྱི་དགྲ་དེ་ཡིད་བདེ་ཞིང་དགའ་བར་གྱུར་ན་ཕྲག་དོག་གི་དབང་གིས་བདག་ཇི་ལྟར་ཡིད་མི་བདེ་བར་བྱེད་དེ་ཡིད་མི་བདེ་བར་བྱེད་པ་འདི་ཤིན་ཏུ་མི་རིགས་ཤིང་འགལ་བས་དེ་ལའང་དགའ་བར་བྱ་རིགས་སོ། །
དེ་དག་གི་དོན་བསྡུ་བ་ནི། གོང་དུ་བཤད་པ་དེ་ལྟར་ཚིག་འབྲུ་སྐམ་པོ་ཙམ་ལས་དགོས་པའི་དོན་གཞན་མེད་པ་དེ་བས་ན་ཞེས་སམ། ཡང་ན་བསྟོད་པའི་སྒྲ་ལ་བསྟོད་སེམས་མེད་པ་དང་བསྟོད་པ་པོའི་རྒྱུད་ཀྱི་བདེ་བ་ཆ་ཤས་ཙམ་ཡང་བདག་གིས་ཐོབ་པ་མེད་པ་དེ་ལྟ་བས་ན་
སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། སྨད་ཆ། ->
སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། བར་ཆ། ->
སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། སྨད་ཆ། ->