Jump to content

སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོའི་སྡེ།

From Wikisource

1 ༄༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པའི་ཊཱིཀྐ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོའི་སྡེ་ཞེས་བྱ་བ་བཞུགས་སོ། །

2 ཚོགས་གཉིས་ལྷུན་པོའི་དཔལ་ལས་གྲུབ་པ་རྡོ་རྗེའི་སྐུ། །ཚངས་དབྱངས་ལྟ་བུར་ཡན་ལག་དྲུག་ཅུའི་སྒྲ་སྒྲོགས་གསུང༌། །ཟབ་ཅིང་རྒྱ་ཆེ་གཏིང་དཔག་དཀའ་བ་རྒྱལ་བའི་ ཐུགས། །མངའ་ཞིང་མཆོག་གྱུར་ཐུབ་ཆེན་སེང་གེ་དེ་ཞབས་འདུད། །རྒྱལ་བའི་དགོངས་པ་ཟབ་ཡངས་ནམ་མཁའ་ཡི། །སྡེ་སྣོད་རྒྱ་མཚོའི་ཆུ་གཏེར་ཐམས་ཅད་ལས། །རྨད་བྱུང་ཤེས་རབ་ཕ་རོལ་ ཕྱིན་པའི་མཆོག །དོན་རྟོགས་བརྒྱུད་པའི་བླ་མ་རྣམས་ལ་འདུད། །དུས་གསུམ་བདེ་བར་གཤེགས་ཀུན་བགྲོད་པའི་ལམ། །ཐེག་མཆོག་དམ་ཆོས་བརྒྱད་ཁྲི་བཞི་སྟོང་ལས། །རིན་ཆེན་ལྟ་བུའི་ ཤེས་རབ་ཕ་རོལ་ཕྱིན། །སྙིང་པོ་འདི་ལ་སྔོན་ཆད་མཁས་འདོད་ཀྱིས། །མ་ཤེས་ཐེག་མཆོག་དོན་འདི་མ་རྙེད་དེ། །དེ་ལྟར་རྙེད་དཀའི་དོན་མཆོག་འདི་ཉིད་ལ། །བདག་འདྲའི་སེམས་དཔའ་རང་

3 ༄༅། །བྱུང་རྡོ་རྗེ་ཡིས། །དོན་མཆོག་ཚིག་འདི་མ་ནོར་འབྲི་བར་བྱ། །དེ་ལ་མདོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ། བཤད་ལུགས་གཉིས་ཡོད་པ་ལས། འདི་ནི་རྣལ་འབྱོར་པ་ཀུ་སུ་ལུ་ པའི་བཤད་ལུགས་ཀྱིས། ཉམས་སུ་མྱོང་བ་ལ་བརྟེན་ཏེ་དོན་ཡང་དག་པར་སྟོན་པ་ཡིན་ནོ། །དེ་ལ་ཡོན་ཏན་རིན་པོ་ཆེ་བསྡུད་པ་ལས། སྔོན་དུ་འགྲོ་བ་སྤྱི་དང་རང་གི་མཚན་ཉིད་མདོར་བསྡུས་པ་ ཅིག་བསྟན་ཏེ་དེ་ལ། དང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས། བར་དུ་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་ཤིང༌། མཐར་མངོན་པར་ རྫོགས་པར་སངས་རྒྱས་ཏེ། འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བསམ་གྱི་མི་ཁྱབ་ཅིང༌། ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པར་མཛད་པའོ། །སྟོན་པའི་དམ་ཆོས་དེའི་ཞལ་ནས་

4 གསུངས་པའི་ཆོས་ཐམས་ཅད་བསྡུ་ན་དུར་འདུ་ཞེ་ན། ལུང་གི་ཆོས་དང༌། རྟོགས་པའི་ཆོས་གཉིས་སུ་འདུས་ཏེ། དེ་ལྟར་ཡང་མངོན་པ་མཛོད་ལས། །སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་ བདག་ཉིད་ཅན། །ཞེས་བཤད་དོ། །ལུང་གི་ཆོས་ལ་ཡང་གཉིས་ཏེ། བཀའ་དང་བསྟན་བཅོས་གཉིས་སུ་འདུས། དེ་ལྟར་ཡང་དགོངས་པ་ངེས་པར་འགྲེལ་པ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་ བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེའི་དགོངས་འགྲེལ་དང༌། །ཞེས་གསུངས་སོ། །དེ་ཡང་འདིར་བཀའི་དབང་དུ་བྱས་ན། དོན་རྣམ་པ་གསུམ་གྱིས་ཤེས་པར་བྱ་སྟེ། བཀའ་ཡི་མཚོན་བྱ་དང༌། བཀའ་ཡི་མཚན་ཉིད་དང༌། བཀའ་ཡི་མཚན་གཞིའི་རབ་ཏུ་དབྱེ་བའོ། །དང་པོ་ལ་གསུམ་ལས། ཉོན་ཅིག་ཅེས་པ་ལ་སོགས་པའི་བཀའ་བསྩལ་ཏོ། །ཞེས་པས་བཀའ་ཡང་འདོད། ཡང་ན་གཉིས་པ་ནི་ངག་གང་ ཞིག་དངོས་སུ་སངས་རྒྱས་ཉིད་ཀྱིས་བདག་གི་རྐྱེན་ལས་ཆོས་ཀྱི་སྡེ་སྣོད་བསམ་གྱིས་མི་ཁྱབ་པ་གསུངས་ཞེས་པ་ལའང་འཇུག་པའོ། །གསུམ་པ་ལ་དབྱེ་སྒོ་དུ་མ་ཞིག་ཡོད་པ་ལས། དེ་དག་ཀྱང་གང་ཞེ་ན། དུས་ ཀྱི་སྒོ་ནས་དབྱེ་བ། བདག་རྐྱེན་གྱི་སྒོ་ནས་དབྱེ་བ། བརྗོད་བྱའི་སྒོ་ནས་དབྱེ་བ། རྗོད་བྱེད་ཀྱི་སྒོ་ནས་དབྱེ་བ། མཆོག་དམན་གྱི་སྒོ་ནས་དབྱེ་བ། གཉེན་པོའི་སྒོ་ནས་དབྱེ་བ། རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་བ་སྟེ།

5 ༄༅། །དུས་ཀྱི་སྒོ་ནས་དབྱེ་བ་ལ་རྣམ་པ་གསུམ་སྟེ། དང་པོར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་དང༌བར་པ་དང༌། ཐ་མས་བསྐོར་བའི་ཚུལ་དང་རྣམ་པ་གསུམ་མོ། །དེ་ལ་ཡང་ཆོས་ཀྱི་འཁོར་ལོ་ བསྐོར་བའི་ཚུལ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང༌། བཀའ་དང་པོ་ནི་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་ཏེ། དམ་པའི་ཆོས་འདུལ་བའི་སྡེ་སྣོད་རྣམས་སོ། །བཀའ་བར་པ་ནི་མཚན་ཉིད་མེད་པའི་ ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། སྡེ་སྣོད་ལས། དམ་པའི་ཆོས་མདོ་སྡེའི་སྡེ་སྣོད་དེ། བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་འཁོར་ལོ་བསྐོར་བ་སྟེ་དམ་པའི་ཆོས་མངོན་པའི་སྡེ་སྣོད་དོ། །བདག་རྐྱེན་གྱི་སྒོ་ ནས་དབྱེ་བ་ལ་གསུམ་སྟེ། དེ་ལ་ཡང་བཀའ་ཡིན་པས། ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་སྟེ་གསུམ་མོ། །དེ་ལ་དང་པོ་ནི་བཅོམ་ལྡན་འདས་ཐུབ་པའི་ དབང་པོ་དེ་ཉིད་ཀྱི་ཞལ་ནས་གསུངས་པ་དེ་ལ་བཀའ་ཞེས་བྱའོ། །གཉིས་པ་ནི། བཅོམ་ལྡན་འདས་ཉིད་ཀྱི་བྱིན་གྱིས་བརླབས་ཀྱིས་ཤིང་བུའམ་རྡེའུ་ལ་སོགས་པ་ལ་སྒྲ་གྲག་ཀྱང་བཀའ་ཞེས་བྱའོ། །གསུམ་པ་ ནི། དེ་བཞིན་གཤེགས་པ་ཉིད་ཀྱི་འཁོར་ཉན་ཐོས་ཆེན་པོ་མཆོག་བརྒྱད་ལ་སོགས་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་ཤོད་ཅིག་ཅེས་གནང་བ་བྱིན་ཏེ། དེ་

6 དག་གི་གསུངས་པ་དེ་ཡང་བཀར་འགྲོ་བའོ། །བཀའ་ལ་ཡང༌། བརྗོད་བྱའི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། དྲང་བའི་དོན་གྱི་བཀའ་དང༌། ངེས་པའི་དོན་གྱི་བཀའོ། །དང་པོ་ལ་ནི་འདུལ་བ་ལ་སོགས་པ་ནི་དྲང་དོན་ གྱི་བཀའ་ཞེས་བྱའོ། །འབུམ་ལ་སོགས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནི་ངེས་པ་དོན་གྱི་བཀའ་ཞེས་བྱ་བའོ། །རྗོད་བྱེད་ཀྱི་སྒོ་ནས་དབྱེ་ན་མདོ་སྡེ་ལ་སོགས་ཏེ་གསུང་རབ་ཡན་ལག་བཅུ་གཉིས་ རྣམས་སོ། །མཆོག་དམན་གྱི་སྒོ་ནས་དབྱེ་བ་ནི་གཉིས་ཏེ། མཆོག་ཐེག་པ་ཆེན་པོའི་བཀའ་དང༌། དམན་པ་ཐེག་པ་ཆུང་ངུའི་བཀའོ། །གཉེན་པོའི་སྒོ་ནས་དབྱེ་ན་སྡེ་སྣོད་གསུམ་གསུངས་ཏེ། འདོད་ཆགས་ཀྱི་ གཉེན་པོར་འདུལ་བའི་སྡེ་སྣོད། ཞེ་སྡང་གི་གཉེན་པོར་མདོ་སྡེའི་སྡེ་སྣོད། གཏི་མུག་གི་གཉེན་པོར་མངོན་པའི་སྡེ་སྣོད། དེ་ལས་བྱུང་བའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་ གཉེན་པོར་གསུངས་པ་རྣམས་སོ། །རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་ན་གཉིས་ཏེ། རྒྱུ་ལམ་དུ་བྱ་བ་མདོ་སྡེའི་བཀའ་དང༌། འབྲས་བུ་ལམ་དུ་བྱེད་པ་རྒྱུད་སྡེའི་བཀའོ། །རྒྱུ་ལམ་དུ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་དག་ ལ་བསྟེན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚོལ་བའི་འདོད་ལུགས་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་དེ་བཞིན་བརྩོན་འགྲུས་དང༌། །བསམ་གཏན་

7 ༄༅། །ཤེས་རབ་བྱང་ཆུབ་ཡོངས་སུ་བསྔོ་བར་གྱིས། །ཞེས་གསུངས་སོ། །འབྲས་བུ་ལམ་དུ་བྱེད་པའི་འདོད་ལུགས་ནི། ཤེས་རབ་ཉིད་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་ལྔ་དག་གྲུབ་པར་འདོད་དོ། ། དེ་རྣམས་ཀྱིས་སྤྱིའི་མཚན་ཉིད་རྣམ་པར་བཞག་པ་ཙམ་བསྟན་ནས། རང་གི་དབྱེ་བ་ནི་གང་ཞེ་ན། འདི་བཀའ་རྣམ་པ་གསུམ་ལས། ཞལ་ནས་གསུངས་པའི་བཀའ་སྟེ། དབུགས་ཐོག་གཅིག་ལས་གསུངས་སོ། ། བརྗོད་བྱའི་དབང་དུ་བྱས་ན་ངེས་པའི་དོན་ནོ། །རྗོད་བྱེད་ཀྱི་དབང་དུ་བྱས་ན་ཚིགས་སུ་བཅད་པའི་སྡེའོ། །མཆོག་དང་དམན་པ་གཉིས་ཀྱི་ནང་ནས་མཆོག་གོ །གཉེན་པོ་གསུམ་ལས་མདོ་སྡེའོ། །རྒྱུ་འབྲས་ གཉིས་ལ། རྒྱུའི་དུས་རྣམ་པ་གསུམ་ལས། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། རང་གི་མཚན་ཉིད་མདོར་བསྡུས་པའོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པ་ ལས། དང་པོ་ནི་རྒྱ་གར་སྐད་དུ་ཞེས་པ་ནས། ཕྱག་འཚལ་ལོ་ཞེས་པའི་བར་གྱིས་ནི། ཀླད་ཀྱི་དོན་མཚན་ཕུན་སུམ་ཚོགས་ཏེ། རྒྱ་གར་སྐད་ལ་དབྱེ་ན། སྐད་རིགས་བཞི་སྟེ། བཞིའི་ནང་ནས་ཁྱད་པར་དུ་ འཕགས་པ་སམ་ཏྲི་ཏ་ལྷའི་སྐད་ཡིན་ཏེ། དེ་ལ་ཡང་འདིའི་དབང་དུ་བྱས་ན། རྒྱ་ཞེས་བྱ་བ་ནི་ཉོན་མོངས་པ་དུག་རྣམ་པ་ལྔའི་རྒྱའོ། །གར་ཞེས་བྱ་བ་ནི། དེ་དག་ལས་གར་བའི་ཕྱིར་ན། གར་ཞེས་བྱ་བ་ཡིན་ལ།

8 སྐད་དུ་ནི་གཞན་དག་སྐད་རིགས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པས་སཾསྐྲྀ་ཏ་ལྷའི་སྐད་ཡིན་པས་ན་སྐད་དུ་ཞེས་ཞེས་བྱའོ། །དེ་ལ་ཡང་སཾསྐྲྀ་ཏ་ལྷའི་སྐད་གང་ཡིན་ཞེ་ན། ཨརྱ་པྲ་ཛྙཱ་པ་ར་མི་ཏ་པན་ཙ་ ཡ་ག་ཐཱ་ཞེས་པ་སྟེ། དེ་ཡང་འདི་སྨོས་པ་ལ་དགོས་ཆེད་ཅི་ཡོད་ཞེ་ན། རྒྱ་གར་སྐད་ཀླད་དུ་སྨོས་པའི་དགོས་ཆེད་དང༌། རྒྱ་གར་སྐད་ཁུངས་བཙུན་པའི་དགོས་ཆེད་དང༌། སཾསྐྲྀ་ཏ་ལྷའི་སྐད་ལ་བག་ཆགས་འཇོག་ པའི་དགོས་ཆེད་དོ། །དེ་ལ་བོད་སྐད་ཞེས་པ་ནི། སཾསྐྲྀ་ཏ་ལྷའི་སྐད་དེ་ཉིད་ལས་བསྒྱུར་ཏེ་བཤད་པར་བྱེད་དོ། །ཇི་ལྟར་དུ་བསྒྱུར་ཞེ་ན། མཚན་གྱི་དོན་ནས་བཟུང་སྟེ། ཡོངས་སུ་རྫོགས་པའི་བར་གྱིས་སོ། ། མཚན་ཉིད་བསྒྱུར་ན་ཨརྱ་ཞེས་པ་ནི་འཕགས་པ། པྲ་ཛྙ་ཞེས་པ་ཤེས་རབ། པ་ར་མི་ཏ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་པཉྩ་ཞེས་པ་ནི་སྡུད་པ། ཡ་ག་ཐཱ་ཞེས་པ་ནི་ཚིགས་སུ་བཅད་པའོ། །དེ་རྣམས་བསྡུས་ན་ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ཞེས་བྱའོ། །དེ་ལ་ཡང་མཚན་འདོགས་པའི་ཚུལ་གྱིས་དབྱེ་བ་དང༌། བྱེ་བྲག་ཏུ་བཏགས་པ་ངོས་བཟུང་བའོ། །སྤྱིར་མཚན་འདོགས་པའི་རྒྱུ་ མཚན་ནི། དཔེ་ལ་མཚན་དུ་བཏགས་པ་ས་ལུ་ལྗང་པའི་མདོ་ལྟ་བུ། ཤོ་ལོ་ཀ་ལ་མཚན་དུ་བཏགས་པ་འབུམ་དང་ཉི་ཁྲི་ལྟ་བུ། ལེའུ་ལ་མཚན་དུ་བཏགས་པ་ཡང་ལེའུ་བརྒྱད་པ་ལྟ་བུ། བམ་པོ་ལ་བཏགས་པ་

9 ༄༅། །བམ་པོའམ་ལམ་ལྟ་བུ། གནས་ལ་བཏགས་པ་ལང་ཀར་གཤེགས་པ་ལྟ་བུ། རྩོམ་པ་པོ་ལ་མཚན་དུ་བཏགས་པ་ཚད་མ་ཆོས་མཆོག་ལྟ་བུ། ཞུ་བ་པོ་ལ་མཚན་དུ་བཏགས་པ་བགྲེས་མོས་ཞུས་ པའམ། རབ་ཀྱི་རྩལ་གྱི་རྣམ་པར་གནོན་པ་ཞུས་པ་ལྟ་བུའོ། །དེ་ལས་འདི་ནི་དོན་ལ་མཚན་དུ་བཏགས་པའོ། །ད་ནི་འདི་ཉིད་ཀྱི་མཚན་གྱི་དོན་བཤད་དེ། འཕགས་པ་ཞེས་བྱ་བ་ནི་དུག་རྣམ་པ་ལྔ་ལ་སོགས་ པའི་སྐྱོན་རྣམས་སྤངས་ཏེ། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་ན་འཕགས་པའོ། །ཤེས་རབ་ཞེས་བྱ་བ་ནི་གཞན་དག་ལས་ཁྱད་པར་འཕགས་ཏེ། ཀུན་རྫོབ་སྒྱུ་མ་ལྟ་བུ་དང༌། དོན་དམ་ལྟ་བུར་ཤེས་པ་ནི་ ཤེས་རབ་བོ། །ཕ་རོལ་ཏུ་ཕྱིན་པ་ནི། འདུ་ཤེས་ཚུལ་རོལ་འཁོར་བའི་མཐའ་དང་བྲལ་ནས་ཕ་རོལ་ཏུ་ཕྱིན་པའོ། །བསྡུད་པ་ནི་ཡོན་ཏན་རིན་པོ་ཆེ་མཐའ་དག་བསྡུད་པ་སྟེ། རྡོ་ཁབ་ལེན་ལྟ་བུའོ། །ཚིགས་སུ་ བཅད་པ་ནི་ལྷུག་པ་མ་ཡིན་པ་དབང་པོ་རྡོ་རྗེའི་ཚིགས་སུ་བཅད་པ་སྟེ། ཚེག་བར་བཅུ་གཅིག་པའོ། །འདི་ལ་ཡང་གཞན་དག་གིས་མཚན་གྱི་དོན་ལ་ངེས་པ་མེད། ཞེས་ཟེར་ན་ངེས་པ་ཡོད་དེ། འདི་ཉིད་ལས། མིང་ནི་ཡོན་ཏན་རིན་ཆེན་བསྡུད་པ་བྱང་ཆུབ་ལམ། །ལམ་འདི་སེམས་ཅན་ཀུན་གྱིས་ཐོབ་པར་བྱ་ཕྱིར་བཤད། །ཅེས་སོ། །འོ་ན་དེ་ལྟར་དུ་རྒྱ་གར་གྱི་སྐད་དང༌། བོད་སྐད་མཚན་དོན་ལ་སོགས་པ་རྣམས་སྨོས་

10 ན་དགོས་ཆེད་ཅི་ཡོད་ཞེ་ན། ལོ་ཙཱ་བའི་དྲིན་དྲན་པའི་དགོས་ཆེད་དང༌། སྒྲ་གདངས་ཀློག་ཤེས་པའི་དགོས་ཆེད་དང༌། རྒྱ་གར་སྐད་ཀླད་དུ་སྨོས་པ་དེ་ལྟ་བུ་མང་པོ་བསགས་པར་གྱུར་ན་ལོ་ཙཱ་ཤེས་པའི་དགོས་ ཆེད་ཀྱང་ཡོད་དོ། །དེ་ཡན་ཆོད་ནི་མཚན་གྱི་དོན་བསྡུས་པའོ། །འདི་ལས་འགའ་ཞིག་གིས་ལོ་ཙཱ་བ་རྣམས་ཀྱི་ལྷད་ཡིན་ཞེས་སྨོས་ན་ཡང༌། གོང་མ་འགའ་ཞིག་གིས་སྨོས་པའི་རྗེས་སུ་བརྗོད་པ་ཡིན་ནོ། ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི། བརྗོད་བྱ་དང་མཐུན་པའི་ལོ་པཎ་རྣམས་ཀྱི་ཡི་དམ་ཡིན་པའི་ཕྱིར་ཕྱག་འཚལ་བ་ཡིན་ནོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ།

[edit]

ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ སྟོན་པར་བྱེད་པ་ལ་རྣམ་པ་གསུམ་སྟེ། མདོ་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་དང༌། གསུངས་པའི་མདོ་རང་བཞིན་ཕུན་སུམ་ཚོགས་པ་དང༌། རང་བཞིན་ཅན་གྱི་མཚན་ཕུན་སུམ་ཚོགས་པའོ། །དེ་ ནས་ཞེས་པ་ནས། བཀའ་སྩལ་ཏོ་ཞེས་པའི་བར་གྱིས། དེ་ནས་ཞེས་པ་ནི་འབུམ་དང་བརྒྱད་སྟོང་པ་ལ་སོགས་པ་གསུངས་པའི་རྗེས་ནས་སོ། །བཅོམ་པ་ནི་བདུད་རྣམ་པ་བཞི་དང༌། ཉོན་མོངས་པ་མཐའ་ དག་གོ །དེ་ཡང་ལྷའི་བུའི་བདུད་དང༌། ཉོན་མོངས་པའི་བདུད། འཆི་བདག་གི་བདུད། ཕུང་པོའི་བདུད་ལ་སོགས་པ་བཅོམ་ཞིང༌། ལྡན་པ་ནི་དབང་ཕྱུག་ལ་སོགས་པ་དྲུག་དང་ལྡན་པ་ཡིན་ནོ། །དེ་ཡང༌།

11 ༄༅། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །དབང་ཕྱུག་དང་ནི་གཟུགས་བཟང་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །ཞེས་པས་བཅོམ་ལྡན་འདས་ཀྱི་ དབང་ཕྱུག་ལ་སོགས་པ་ནི་དེ་བཞིན་རྣམ་པར་དག་པ་རྟོག་པའི་བག་ཆགས་མ་ལུས་པས་དབེན་པའི་བདག་ཉིད་ཅན་ཡིན་ཏེ། རང་གཞན་གྱི་དོན་བདེ་བླག་ཏུ་རྩོལ་བའི་ཕྱིར། ཡེ་ཤེས་རྣམ་པ་ལྔ་དང་ལྡན་ཞེས་ ཀྱང་བརྗོད་དོ། །གྲགས་པ་དང་དཔལ་ཕུན་སུམ་ཚོགས་པ་གང་ཡིན་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཡང་འགྲོ་བ་མཐའ་དག་གི་དཔལ་དུ་གྱུར་པ་དང་ལྡན་པའི་ཕྱིར་རོ། །དབང་ཕྱུག་དང༌། གཟུགས་ བཟང་ཕུན་སུམ་ཚོགས་པ་དག་ནི་དེ་ལས་གཞན་པའི་ཡེ་ཤེས་འབྱུང་གནས་ཉིད་ཡིན་པའི་ཕྱིར། མེ་ལོང་ལྟ་བུར་སྦྱར་ལ། གང་ཡེ་ཤེས་ནི་སོ་སོར་རྟོགས་པ་ཡིན་པ་དང༌། བརྩོན་འགྲུས་ནི་ཕ་རོལ་ཏུ་ཕྱིན་པ་ཉིད་ ཀྱིས་བྱ་བ་གྲུབ་པའི་ཡེ་ཤེས་སུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དང༌། ལྡན་པ་དང༌། གཞན་དག་ཀྱང་ལྡན་པ་ཡིན་ལ། འདས་པ་ནི་ཚུ་རོལ་ཏུ་འཁོར་བའམ། དེས་མཚོན་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཀུན་ ལས་འདས་པའོ། །དེ་ལྟ་བུ་ཉིད་ཀྱིས། ཡུལ་ཇི་ལྟ་བུ་ལ་བསྟེན་ཅེ་ན། ལྷ་དང་མི་དང་ལྷ་མ་ཡིན་དང༌། དགེ་བསྙེན་ཕ་མ་དང༌། དགེ་སློང་ཕ་མ་ལ་སོགས་ཏེ་འཁོར་བཞི་པོ་དེ་དག་ཤིན་ཏུ་དགའ་བར་བྱ་བའི་ཕྱིར་

12 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་སྟོན་པའི་དུས་དེའི་ཚེ། དབང་པོ་རྡོ་རྗེའི་ཚིགས་སུ་བཅད་པ་སུམ་བརྒྱ་པོ་འདི་དག་བཀའ་བསྩལ་ཅིང་བསྟན་ཏེ། མདོའི་རང་ བཞིན་ལ་ལྔ་ལས། ཆོས་ལ་འཁོར་གྱི་གཙོ་བོ་ཉན་པར་བསྐུལ་བ་དང༌། དགའ་དང་ཞེས་པ་ནས། དེ་ནི་མཉན་པར་གྱིས་ཞེས་པའི་བར་རོ། །དང་པོར་ནི། བཅོམ་ལྡན་འདས་ཉིད་ཀྱིས་འཁོར་བཞི་པོ་དག་ལ་འདི་ ལྟ་བུར་ཆོས་ལ་ཉན་པའི་སེམས་ཀྱིས་ཆོས་དང་སྟོན་པ་ལ་དགའ་བ་དང་གུས་པ་ཆེན་པོ་དང༌། ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དད་པའི་མཆོག་ཉེ་བར་བཞག་སྟེ། འགལ་རྐྱེན་དང་གཡེང་བ་སྤངས་ཏེ། དེ་བཞིན་ དུ་གཉིད་དང་རྨུགས་པ་དང༌། རྒོད་པ་དང་འགྱོད་པ་དང་གནོད་སེམས་ཏེ། བདུན་བསལ་ཞིང་དེ་ལས་ཀྱང༌། སྒྲིབ་པ་བསལ་ནས་ཉོན་མོངས་པ་འདོད་ཆགས་དང༌། ཁོང་ཁྲོ་དང༌ང་རྒྱལ་དང༌མ་རིག་པ་དང༌ལྟ་ བ་དང༌ཐེ་ཚོམ་སྟེ་དྲུག་པོ་དེ་དག་གི་དྲི་མ་ལས་འདས་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ལ་མངོན་པར་ཞུགས་པ་རྣམས་ཞེས་བོས་ནས། ངེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འདི་ཉིད། གང་ལ་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གང་ཡིན་པ་དེ་ཡང་ཕ་རོལ་ཏུ་ཕྱིན་པ་འདི་ཡིན་པས་ཉན་པར་གྱིས་ཤིག་ཅེས་འཁོར་བཞི་པོ་དེ་དག་ལ་བསྐུལ་བའོ། །གཉིས་པ་དཔེ་དང་དོན་གྱི་སྒོ་ནས་ཆོས་སྟོན་པ་ལ་

13 ༄༅། །སྟོན་པ་སངས་རྒྱས་ཉིད་དུ་བསྒྲུབ་པ་ནི་གཉིས་ལས། དཔེ་ནི། འཛམ་བུའི་གླིང་ཞེས་པ་ལ་སོགས་སྨོས་པ་ཡིན་ཏེ། འཛམ་བུའི་གླིང་འདི་ཆུ་བོ་གངྒ་དང༌། དཔག་ཤུ་དང༌། སིན་དྷུ་དང༌། སི་ཏ་ དང་ཆུ་བཞི་གཡོག་ལྔ་བརྒྱ་དང་བཅས་ཏེ་འགྲོ་བ་དང༌། གཞན་ཡང་དེ་ལ་སོགས་པའི་ཆུ་ཀླུང་ཇི་སྙེད་པ་བསམ་གྱིས་མི་ཁྱབ་པ་འབབ་ཅིང་དེའི་དབང་གིས་མེ་ཏོག་འབྲས་བུ་དང་སྨན་དང༌། ནགས་ཚལ་ལ་ སོགས་པ་ཇི་སྙེད་ཅིག་བསྐྱེད་པར་བྱེད་པ་དེ་དག་ཐམས་ཅད་མཚོ་མ་དྲོས་པ་ན་གནས་པའི་ཀླུའི་རྒྱལ་པོ་དེ་ལ་བསྟེན་ནས་གནས་ཏེ་དེས་ན་དེའི་ཕྱིར་ན་ཀླུའི་བདག་པོ་དེའི་མཐུ་དང་དཔལ་དང་བསོད་ནམས་ ལས་བྱུང་བའོ། །དཔེ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉིད་ཀྱིས་རབ་འབྱོར་ལ་སོགས་པའི་ཉན་ཐོས་ཇི་སྙེད་ཡོད་པ་དེ་དག་ཆོས་ཇི་སྙེད་བསྟན་པ་དང་རྒྱས་པར་འཆད་པ་དང་འཐད་པའི་ རིགས་པས་སེམས་ཅན་གཞན་དག་ལ་སྙན་པའི་ཚིག་དང་ལྡན་པར་བརྗོད་པ་དང༌། དེ་བཞིན་དུ་འཁོར་བ་ལ་མཆོག་ཏུ་ཁྱད་པར་དུ་འཕགས་ཤིང་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པའི་བདེ་བ་ཐོབ་པ་ དང༌། དེའི་འབྲས་བུ་ཐོབ་པ་དང༌། རྒྱུན་དུ་ཞུགས་པ་ཐོབ་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་པ་དང༌། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དེ་དག་ཀུན་ཀྱང༌། དེ་བཞིན་གཤེགས་པ་སྐྱེས་བུ་དེའི་

14 མཐུ་ལས་བྱུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་བས་བདག་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་གང་བསྟན་པ་དེ་ལ། མིའི་མཆོག་སངས་རྒྱས་ཀྱི་སློབ་མར་གྱུར་པ་ཉན་ཐོས་ཆེན་པོ་མཆོག་བརྒྱད་ ལ་སོགས་པ་རྣམས་ཀྱིས་མངོན་སུམ་པར་བསླབས་ཤིང་ལམ་དང་འབྲས་བུ་མངོན་སུམ་དུ་བྱས་ནས་རང་གིས་བསླབས་པ་དེ་བཞིན་དུ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བྱས་པ་སྟེ། སུའི་མཐུ་ ལས་བྱུང་བ་ཡིན་སྙམ་ན། སྟོན་པ་སངས་རྒྱས་ཉིད་ཀྱིས་བྱིན་བརླབས་ཀྱི་མཐུ་ལས་འབྱུང་བ་ཡིན་ཏེ། ཉན་ཐོས་ལ་སོགས་པ་དེ་དག་གི་མཐུ་ལས་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་བས་ནི་ བདག་མེད་པའི་ཤེས་རབ་ཡོངས་སུ་རྟོགས་ཤིང༌། མཐར་ཕྱིན་པ་ཉིད་ཀྱི་ཕྱིར་དེ་ལས་བྱུང་བའོ། །དེ་ནི་གསུམ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཇི་ལྟར་བསླབ་པའི་ཚུལ་སྟོན་པ་ལ་གཉིས། དང་པོ་ནི། ཉམས་སུ་བླང་ བར་བྱ་བའི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་ལ་བརྟེན་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་དག་བསྡུས་པ་ཅིག་སྟོན་པ་ལ། གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང༌། །ཞེས་པ་ལ་སོགས་པ་འདི་ རྣམས་ཀྱི་དོན་གྱི་དབང་དུ་བྱས་ན་གསུམ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་དང༌། ཉམས་སུ་བླང་བའི་རིམ་པ་དང༌། ཉམས་སུ་བླངས་པའི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་

15 ༄༅། །སོ་སོའི་ངོ་བོ་དང༌། གྲངས་ངེས་པ་དང༌། གོ་རིམ་ངེས་པའོ། །དང་པོ་ལའང་གསུམ་ལས། མཚོན་བྱའི་དབང་དུ་བྱས་ནས། ད་ན་པ་ར་མི་ཏ་ཞེས་པ་ལ་དབུལ་བ་སེལ་བར་བྱེད་པས་ན་སྦྱིན་པ་ ཞེས་བྱའོ། །མཚན་ཉིད་ནི། མ་ཆགས་པའི་སེམས་པའོ། །མཚན་གཞི་རབ་ཏུ་དབྱེ་བ་ནི་ཟང་ཟིང་གི་དང༌། ཆོས་ཀྱི་དང༌། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའོ། །གཉིས་པའི་མཚོན་བྱ་ནི་ཤི་བ་ལ་པ་ར་མི་ཏ་ཞེས་ པ་སྟེ། ཉོན་མོངས་པའི་གདུང་པ་ལས་བསིལ་བ་ཐོབ་པའི་དོན་གྱིས་ན་ཚུལ་ཁྲིམས་སོ། །མཚན་ཉིད་ནི་ཉེས་སྤྱོད་ལས་བཟློག་པའི་སེམས་དཔའ་ས་བོན་དང་བཅས་པའོ། །མཚན་གཞི་རབ་ཏུ་དབྱེ་བ་ནི། སྡོམ་ པ་ཡི་དང༌། དགེ་བ་ཆོས་སྡུད་པའི་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །གསུམ་པའི་མཚོན་བྱ་ནི་ཀྵ་མ་ཀྵན་ཏི་པ་ར་མི་ཏ་ཞེས་པ་སྟེ། ཁྲོ་བ་བཟོད་པའི་དོན་གྱིས་ན་བཟོད་པའོ། མཚན་ཉིད་ནི་སྲན་ཐུབ་ པའོ། མཚན་གཞིའི་རབ་ཏུ་དབྱེ་བ་ནི། སྡུག་བསྔལ་དང་དུ་ལེན་པའི་དང༌། གནོད་པ་ལ་ཇི་མི་སྙམ་པའི་དང༌། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །བཞི་པའི་མཚོན་བྱ་ནི་བིརྱ་པ་ར་མི་ཏ་ཞེས་པ་སྟེ། ཡོན་ཏན་མཆོག་ལ་སྦྱོར་བའི་བརྩོན་འགྲུས་སོ། །མཚན་ཉིད་ནི་དགེ་བ་ལ་མངོན་པར་སྤྲོ་བའོ། །མཚན་གཞིའི་རབ་ཏུ་དབྱེ་བ་ནི་གོ་ཆ་དང༌། འཇུག་པ་དང༌། ཆོག་པར་མི་འཛིན་པའོ། །ལྔ་པའི་མཚོན་བྱ་ནི་ས་

16 མ་ཏི་མར་མི་ཏ་ཞེས་པ་སྟེ། ཡིད་འཛིན་པར་བྱེད་པའི་དོན་གྱིས་ན་བསམ་གཏན་ནོ། །མཚན་ཉིད་ནི་དམིགས་པ་རྩེ་གཅིག་པའོ། །མཚན་གཞིའི་རབ་ཏུ་དབྱེ་བ་ནི། བདེ་བར་གནས་པ་ཡི་དང༌། ཡོན་ཏན་མངོན་ པར་བསྒྲུབ་པ་དང༌། བསམ་གཏན་གྱི་དོན་ལ་མངོན་པར་སྦྱོར་བས་ན་བསམ་གཏན་ནོ། །དྲུག་པའི་མཚོན་བྱ་ནི། པྲ་ཛྙ་པ་ར་མི་ཏ་ཞེས་པ་སྟེ་དོན་དམ་པའི་བདེན་པ་ཤེས་པའི་དོན་གྱིས་ནི་ཤེས་རབ་བོ། མཚན་ཉིད་ ནི་དོན་དམ་པའི་བློ་རབ་ཀྱི་མུ་མཐར་ཕྱིན་པའོ། །མཚན་གཞིའི་རབ་ཏུ་དབྱེ་བ་ནི། བདག་རྐྱེན་གྱི་དབང་གིས་དབྱེ་བ་སྟེ། ཐོས་པ་ཡིད་དང༌། བསམ་པ་ཡིད་དང་སྒོམ་པའི་ཤེས་རབ་བོ། །གཉིས་པ་གྲངས་ངེས་ པ་ལ་དགོས་པ་བསྒྲུབ་པ་ལ་ལྟོས་པའི་གྲངས་ངེས་པ་སྟེ། དང་པོ་གསུམ་གྱིས་མངོན་མཐོ་གྲུབ་ལ། ཕྱི་མ་གསུམ་གྱིས་ངེས་ལེགས་བསྒྲུབ་པ་དང༌། ཡང་བསླབ་པ་གསུམ་ལས་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཐ་ མ་གཉིས་ཀྱིས་སེམས་དང་ཤེས་རབ་ཀྱི་བསླབ་པ་དང༌། བརྩོན་འགྲུས་ཀྱི་གཉིས་ཆར་གྱིས་གྲོགས་བྱེད་དོ། །ཡང་རང་གཞན་དོན་བྱེད་པ་ལ་བལྟོས་ནས་ཀྱང་སྟེ། དང་པོ་གསུམ་གྱིས་རང་དོན་དང༌། ཐ་མ་ གཉིས་ཀྱིས་གཞན་དོན་དང༌། བརྩོན་འགྲུས་ཀྱིས་གཉིས་ཀའི་གྲོགས་བྱེད་པས་ན་དྲུག་ཏུ་གྲངས་ངེས་སོ། །གསུམ་པ་གོ་རིམ་ངེས་པ་ལ་ཚུལ་གསུམ་ལས་རྒྱུ་འབྲས་དོན་གྱི་གོ་རིམ་གྱི་དབང་དུ་བྱས་ན་སྦྱིན་པས་

17 ༄༅། །ལོངས་སྤྱོད་བསྡུས་པས་འདོད་པ་ལ་དབེན་པའི་ཚུལ་ཁྲིམས་འབྱུང་ལ་དེས་གནོད་པ་ལས་ལོག་ནས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ལ་གནས་པས་བཟོད་པ་འབྱུང་ལ། དེ་ལྟར་བཟོད་པ་དང་ ལྡན་པས་དགེ་བ་ལ་མངོན་པར་བསྒྲུབ་པའི་བརྩོན་འགྲུས་འབྱུང་ལ། བརྩོན་པ་དང་ལྡན་པས་དམིགས་པ་ལ་སེམས་རྩེ་གཅིག་ཏུ་འཇོག་པའི་བསམ་གཏན་འབྱུང་ལ། དེ་ལྟར་སེམས་ཀུན་ཏུ་གནས་པ་ལས་ལྷག་ མཐོང་བདག་མེད་རྟོགས་པའི་ཤེས་རབ་འབྱུང་ངོ༌། །ཡང་སྦྱིན་པ་བས་ཚུལ་ཁྲིམས་མཆོག་ཅེས་ཀྱིས་དམན་པ་དང༌། མཆོག་གི་རིམ་པའོ། །ཡང་སྦྱིན་པ་བས་ཚུལ་ཁྲིམས་ཕྲ་བ་ལ་སོགས་པས་ཕྲ་བ་དང་རགས་ པའི་རིམ་པས་དེ་ལྟར་དུ་ངེས་པའོ། །ད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་སྟོན་པའི་ཚུལ་དེ་ཉིད་དོ། །འདི་རྗེས་སུ་སོ་སོའི་གནས་སྐབས་སུ་ཡང་སྦྱར་རོ། །བཞི་པ་ཆོས་ཀྱི་རང་བཞིན་ལ་གཉིས་ཏེ། ཐེག་པ་ཆེན་ པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཇི་ལྟར་བསླབ་པ་དང༌། དེ་ལྟར་བསླབས་པའི་འབྲས་བུ་བསྟན་པའོ། །དང་པོ་ལ་གསུམ་ལས། མདོར་བསྟན་དང༌། འབྲིང་དུ་བསྟན་པ། རྒྱས་པར་བཤད་པའོ། །མདོར་བསྟན་པ་ ལ་གསུམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གང་ཟག་ངོས་བཟུང་ནི། ཚུལ་འདི་དག་གིས་བསྟན་པ་སྟེ། གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང༌། ཞེས་བྱ་བ་ལ་སོགས་པ་འདི་དག་གི་

18 དབང་དུ་བྱས་ན་མགོན་པོ་བྱམས་པས་བཀའ་བརྒྱད་དུ་བསྡུས་ཏེ། དེ་ལས་ཡང་ཉམས་སུ་ལེན་པའི་དབང་དུ་བྱས་ན། གཞི་དང་ལམ་དང་འབྲས་བུའི་ཚུལ་དུ་གཞི་ཤེས་པ་དང༌། ལམ་ཤེས་པ་དང༌། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང༌། ཉམས་སུ་བླང་བ་དང༌། གང་ཟག་གི་ཁྱད་པར་ལ་སོགས་པ་ཇི་སྙེད་པ་བསྟན་ཏོ། །ལམ་དུ་སྦྱོར་བ་རྣམ་པ་བཞི་ལས། རྣམ་པ་ ཀུན་མངོན་རྫོགས་དང༌།རྩེ་མོ་དང༌། མཐར་གྱིས་པ་དང༌། སྐད་ཅིག་མ་ལ་མངོན་པར་བྱང་ཆུབ་པའི་སྐབས་ཀྱིས་ཉམས་སུ་བླང་བྱའི་ཆོས་ཇི་སྙེད་པ་བསྟན་པ་ལ། མཐར་ཐུག་ཏུ་ཆོས་ཀྱི་སྐུའི་སྐབས་སུ་འབྲས་ བུ་རུ་བསྟན་པ་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། མངོན་པར་རྟོགས་པའི་རྒྱན་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོས་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །ཅེས་བྱ་བ་ཡིན་ནོ། །དེ་ལ་ཤེས་ རབ་བསྒྲུབ་པའི་དགོས་པ་མཐར་ཐུག་པ་ནི། སེམས་བསྐྱེད་པ་ལ་སོགས་པ། རྒྱུ་དང་འབྲས་བུའི་རྣམ་པ་མཐའ་དག །ཡོངས་སུ་གཅོད་པའི་ངོ་བོ་ཡིན་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །ཞེས་པ་

19 ༄༅། །བཤད་པ་ལྟར། སྐབས་འཕྲན་དུ་ཕྱེ་བ་འདི་དག་གིས་ཀྱང་བསྟན་ཏེ།སེམས་བསྐྱེད་པ་དང་གདམ་ངག་དང༌། །ངེས་འབྱེད་ཡན་ལག་རྣམ་བཞི་དང༌། །སྒྲུབ་པ་ཡི་ནི་བརྟེན་གྱུར་པ། །ཆོས་ཀྱི་ དབྱིངས་ཀྱི་རང་བཞིན་དང༌། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང༌། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པས་རྣམ་ཀུན་མཁྱེན་པ་ཉིད། །ཞེས་པ་འདི་དག་གི་དོན་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྒྱས་པར་བཤད་མོད་ཀྱི། འདིར་ནི། བཅོམ་ལྡན་འདས་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་པར་རྟོགས་པ་དག་བསྡུས་ནས་བསྟན་པའི་ཕྱིར། འདི་དག་ཞོར་ལ་ཚང་ ངོ་ཞེས་གསུངས་ལ། སོ་སོར་དབྱེ་སྟེ་རྒྱས་པར་བཤད་པ་ནི་མ་ཡིན་ནོ། །དེ་ལ་གང་ལ་ཤེས་རབ་ཞེས་པ་ལ་སོགས་པ་སྨོས་ནས། བྱང་ཆུབ་སེམས་དཔའ་གང་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མཆོག་སྣང་བ་དང་བདེན་པ་གཉིས་སུ་མི་དམིགས་ཤིང༌། དེ་ལ་སོགས་ཏེ་སྤྱོད་པ་པོ་བྱང་ཆུབ་སེམས་དཔའ་ཉིད་ཀྱང་མི་དམིགས་ཤིང༌། དེས་མཚོན་པའི་བྱང་ཆུབ་ཀྱི་སེམས་ཉིད་ཀྱང་མི་དམིགས་སོ། །ཞེས་ བཤད་པ་པོ་ལ་ཉན་པ་པོས། དེས་སྐད་ཐོས་ན་དེའི་དོན་མི་གོ་བའི་དམིགས་པ་མེད་ཅིང་ཐ་དད་མི་དམིགས་པ་ལ་མི་སྐྲག་པའི་བློ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་འདི་ནི། དུས་གསུམ་གྱི་བདེ་བར་

20 གཤེགས་པ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །བར་པ་ལ་གསུམ་ལས། མི་དམིགས་པས་བྱང་ཆུབ་ཐོབ་པ། སྐྱེ་མེད་རྟོགས་པས་ལུང་བསྟན་ཐོབ་པ། ཤེས་བྱའི་ལུས་ཤེས་པས་ལམ་ལ་སྤྱོད་ པ་ཐོབ་པ། །ཐོག་མ་གཉིས་ལས། ཡུལ་མི་དམིགས་པས་ཐོབ་པ་ནི། གཟུགས་མེད་ཞེས་པ་ནས། ཤེས་རབ་གནས་ཞེས་པའི་བར། འདི་ཡང་དག་པར་ན་ཕུང་པོ་ལྔ་པོ་སྣང་བདེན་གྱི་ཁ་དོག་དང་དབྱིབས་ཀྱི་ གཟུགས་སུ་གྲུབ་པ་མེད་ཅིང༌དེ་བཞིན་དུ་ཚོར་བ་ཡང་མེད་ཅིང་ཉམས་སུ་མྱོང་བ་དང་མཚན་མར་འཛིན་པའི་འདུ་ཤེས་དང༌། མངོན་པར་འདུ་བྱེད་པའི་སེམས་པ་མེད་པའི་ཤེས་རབ་ལས་སྤྱོད་པའི་བྱང་ཆུབ་ སེམས་དཔའ་དེ་ལ། རྣམ་པར་ཤེས་པ་བདེན་པའི་གནས་ནི་རྡུལ་ཕྲ་རབ་ཙམ་ཡང་ཡོད་པ་མ་ཡིན་ཞིང༌། དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་དང༌། རྣམ་བྱང་མྱ་ངན་ལས་འདས་པའི་ཆོས་དེ་ ཀུན་ལ་མི་གནས་པས། དོན་དམ་པ་ལ་གནས་པ་མེད་པར་སྤྱོད་པ་ལ་དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མེད་པའི་ཏིང་ངེ་འཛིན་ལ་སྤྱོད་པའི་ས་བདེ་བར་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཐོབ་པའོ། ། དཔེར་ན་ཚུལ་ཇི་ལྟར་སྔར་བྱུང་བའི་དུས་སུ་ཀུན་ཏུ་རྒྱུ་བ་བཟོ་སྦྱངས་ཤེས་པ་ཡིས། སྔར་འདོད་པའི་འདོད་ཆགས་དང་བྲལ་ཡང༌། དྲི་བཅས་ཀྱི་ཐར་པ་མ་ཐོབ་པ་ལ་སྟོང་ཉིད་བཤད་པའི་བློས། དམིགས་མེད་

21 ༄༅། །ཕུང་པོ་ཤེས་པའི་ཤེས་རབ་ཀྱི་ཡུལ་རྣམ་པར་འཇིག་པ་ཅིར་ཡང་མི་མཐོང་བ་འབྱུང་བ་ལྟར་དུ། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་ཀུན་ཏུ་རྒྱུ་བ་ཞིག་དེ་ལྟར་ཉོན་མོངས་ཀྱི་ཆོས་མི་ དམིགས་པར་ཤེས་པ་ཡང་ཡིན་ལ། ཉན་ཐོས་ལྟར་ན་མྱ་ངན་ལས་འདས་པ་ཡང་ཡིན་ལ། དེ་ལ་མི་རེག་པ་དེ་ནི་ཤེས་རབ་ལ་གནས་པའོ། །གཉིས་པ་ཡུལ་ཅན་མི་དམིགས་པས་ཐོབ་པ་ནི།ཡང་འདི་ཤེས་རབ་ འདི་ནི་ཤེས་པ་ནས། བྱང་ཆུབ་ཉེ་བ་ཡིན་ཞེས་པའི་བར་ལ། ཡང་འདི་བྱང་ཆུབ་སེམས་དཔའ་སྤྱད་བྱའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སུའི་ཡིན་ངོ་བོ་ནི་གང་ཡིན། གང་ཟག་སུ་ཡིན། ཡུལ་གང་ལས་ བྱུང་བ་ཡིན་ཞེས་རིག་པས་ཉོན་མོངས་པ་འཁོར་བ་པའི་ཆོས་དང༌། རྣམ་པར་བྱང་བ་མྱ་ངན་འདས་ཀྱི་ཆོས་འདི་དག་ཐམས་ཅད་སྟོང་པར་རྟོགས་ལ། དེ་ལྟར་ཉེ་བར་བརྟགས་ནས་ཐེག་པ་ཆེན་པོའི་ཆོས་ཉན་པ་ དང་བསྒོམས་པ་ལ་སོགས་པ་ལ་ཞུམ་པ་མེད་ཅིང་འཇིགས་ཤིང་སྐྲག་པ་ཡང་མེད་པའི་བྱང་ཆུབ་སེམས་དཔས་དེ་ནི་བླ་ན་མེད་པའི་བྱང་ཆུབ་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བ་ཡིན་ནོ། །ཡང་གཉིས་ པ་ལུང་བསྟན་ཐོབ་པ་ལ་ཡང་གཉིས་ལས། བཟློག་པ་ནི་གལ་ཏེ་མི་ཤེས་བཞིན་དུ་ཞེས་པ་ནས། དད་མ་ཡིན་ཞེས་པའི་བར་གྱིས། གལ་ཏེ་ཡང་ཆོས་རྣམས་ཀྱི་ཆོས་ཉིད་ཇི་ལྟ་བ་དེ་མི་ཤེས་བཞིན་དུ་གཟུགས་

22 སུ་བདེན་པར་འདུ་ཤེས་ཤིང༌། དེ་བཞིན་དུ་ཚོར་བ་དང་སེམས་དཔའ་དང་རྣམ་པར་ཤེས་པ་སྟེ་ཕུང་པོ་ལྔ་པོར་སྤྱོད་པར་བྱེད་ན། ཡང་མཚན་མ་ལ་སྤྱོད་པ་སྟེ། སྐྱེ་བ་མེད་པའི་གནས་ལ་དད་མ་ཡིན། དེ་བཞིན་ དུ་ཕུང་པོ་ལྔ་པོ་འདི་དག་བཀག་པའི་སྟོང་པ་རང་དངོས་སུ་གྱུར་པར་འདོད་པའི་བྱང་ཆུབ་སེམས་དཔའ་དེ་ནི། དགག་བྱ་དང་དགག་ཆོས་ཀྱི་མཚན་མ་ལ་སྤྱོད་པ་ཡིན་གྱིས། རང་བཞིན་སྐྱེ་བ་མེད་པའི་གནས་ལ་ དད་པ་མ་ཡིན་ནོ། །གཉིས་པ་ཡང་དག་པ་ནི་གང་ཟག་གི་གཟུགས་མིན་ཞེས་པ་ནས། ལུང་བསྟན་ཡིན་ཞེས་བྱ་བའི་བར་འདི་ལ། འོན་ཀྱང༌། གང་ཞིག་དོན་དམ་པར་གཟུགས་སྣང་བདེན་དུ་སྤྱོད་པ་མིན་ ཞིང༌། དེ་བཞིན་དུ་ཚོར་བ་ཡང་མིན། འདུ་ཤེས་ལ་ཡང་མ་ཡིན་སེམས་དཔའང་མིན། རྣམ་པར་ཤེས་པ་ལ་སྣང་བདེན་དུ་མི་སྤྱོད་པར། ཅི་ལ་ཡང་གནས་པ་མེད་པར་སྤྱོད་པ་དེ་ནི་བདག་སྤྱོད་ཞེས་བྱ་བ་དང༌། མི་སྤྱོད་ཅེས་བྱ་བར་མི་གནས་པར་ཤེས་པའི་ཤེས་རབ་བརྟན་པོའི་ཕྱིར་རོ། །དེས་ནི་སྐྱེ་བ་མེད་པའི་དོན་མཆོག་ཀྱང་ཐོབ་ལ། བློ་དང་ལྡན་པས་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་ཡང་ཐོབ་པར་ འགྱུར་ཞིང༌། ཞི་བའི་མཆོག་ལ་རེག་པས་དོན་དམ་པར་ཤེས་རབ་ལ་རྣམ་པར་སྤྱོད་དོ། །དེ་ལྟར་དུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་འདིར་བདག་ཏིང་ངེ་འཛིན་དུ་འཛིན་པ་ཞི་བར་གནས་པ།

23 ༄༅། །དེ་ལ་ནི་སྔོན་གྱི་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ། །གསུམ་པ་ཤེས་བྱའི་ལུས་ཤེས་པ་ལ་གཉིས། དོན་དམ་གཉིས་མེད་དུ་ ཤེས་པ་དང༌། བདག་ནི་ཞེས་པ་ནས། ངེས་པར་འབྱུང་ཞེས་པའི་བར་གྱི་དོན་འདི་ལ། བདག་ནི་ཆོས་ཉིད་ལ་མཉམ་པར་བཞག་པ་ཡིན་ནོ། །ཅེས་པའང་ད་ནི་དེ་ལས་ལངས་སོ་ཞེས་རློམ་སེམས་མེད་དོ། །དེ་ ཅིའི་ཕྱིར་ཞེ་ན། དེས་ཉོན་མོངས་པ་འཁོར་བའི་ཆོས་དང༌། རྣམ་བྱང་མྱ་ངན་ལས་འདས་པའི་ཆོས་གཉིས་ཀྱང་འདི་ནི་འཁོར་བ་འདི་ནི་མྱ་ངན་ལས་འདས་པ་ཞེས་བརྗོད་དུ་མེད་ཅིང་བསྒོམ་བྱ་བསྒོམ་བྱེད་ལ་ སོགས་པའི་ཆོས་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཡོངས་སུ་ཤེས་པའི་ཕྱིར། དམན་པ་དང་རློམ་སེམས་མེད་པའི་ཚུལ་དེ་ལྟར་སྤྱོད་ན་བདེ་བར་གཤེགས་པ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ ནོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། ཅི་ལ་ཡང་སྤྱོད་པ་མེད་པ་དེ་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་པར་རབ་ཏུ་ཤེས་པའི་ཕྱིར། ཆོས་གང་ལ་སྤྱོད་པའི་ཆོས་དེ་ཡང༌། སྣང་བདེན་དམིགས་ པ་ཅན་དུ་མི་འགྱུར་ཏེ། དམིགས་པ་མེད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གི་དོན་ལ་སྤྱོད་པ་ཡིན་ནོ། །སྤྱིར་ནི་ཉོན་མོངས་དང༌། རྣམ་བྱང་གི་ཆོས་གང་ཞིག་ཡང་དག་པར་ཡོད་པ་མ་ཡིན་པ་དེ་ནི།

24 ཐ་སྙད་དུ་མེད་ཅེས་བྱ་བ་ལ་ཡང་འཇུག་པ་དེ་ལྟར། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དེ་ལ་རྟོག་པས་བརྟགས་ནས་ཡོད་པ་དང་མེད་པར་ཕྱེ་ཞིང༌། ཞན་པར་བྱེད་པ་ལ་ཡང་དག་པར་ན་ཡོད་པ་དང་མེད་པར་ བརྟགས་པ་འདི་གཉིས་ཀ་ཡེ་ཤེས་མེད་པའི་ཆོས་ཉིད་ཡིན་ཏེ། ཡིན་པ་ལ་ཡང་ཡིན་པའི་ལུགས་ལྟར་དུ་བྱང་ཆུབ་སེམས་དཔའ་གང་ཞིག་གིས་ཡང་དག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། ཡོད་པའི་ མཐའ་དང༌། མེད་པའི་མཐའ་གཉིས་ཀ་ལས་འདས་པའི་ཆོས་འདི་བདག་གིས་ཤེས་པ་འདི་འཁོར་བ་ལས་ངེས་པར་འབྱུང་བར་འགྱུར་རོ། །གཉིས་པ་ཀུན་རྫོབ་སྒྱུ་མར་ཤེས་པ་ནི། གང་འདིར་ང་པོ་ལྔ་དག་ ཞེས་པ་ནས། སྤྱོད་པ་ཡིན་ཞེས་པའི་བར་ལ། ཡང་གང་ཞིག་ཀུན་རྫོབ་འདིར་ཕུང་པོ་ལྔ་པོ་འདི་དག་ཀྱང་སྒྱུ་མའི་སྐྱེས་བུ་དང་སྨིག་སྒྱུ་ཆུ་བུར་ལ་སོགས་ཏེ་སྒྱུ་མའི་དཔེ་བཅུ་གཉིས་དང་འདྲ་བར་ཤེས་ཤིང༌། སྒྱུ་ མའི་སྐྱེས་བུ་ནི་གཞན་རྫུན་པ་དང༌། ཉེར་ལེན་གྱི་ཕུང་པོ་ནི་བདེན་ནོ་ཞེས་གཞན་དུ་ཐ་དད་པར་ནི་མི་བྱེད་ལ། དེ་བཞིན་དུ་ཡོད་མེད་དང་རྟག་ཆད་ལ་སོགས་པ་སྣ་ཚོགས་པ་སྣང་བ་དང་བདེན་པར་འཛིན་པའི་ འདུ་ཤེས་དང་བྲལ་ཞིང༌། ཉེ་བར་ཞི་བའི་དོན་ལ་སྤྱོད་པ་འདི་ནི། དོན་གནས་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་འདི་ཉིད་ལ་སྤྱོད་པ་ཡིན་ནོ། །གང་ཟག་དང་ཆོས་ཀྱི་དབྱེ་བ་ལའང་་གསུམ། ལས་

25 ༄༅། །དང་པོ་གང་ཟག་གི་དབྱེ་བ་ལའང་གསུམ། གང་ཟག་དེ་ཡོངས་སུ་འཛིན་པ་ལ་ལྟོས་པ་དང༌། དགེ་བའི་བཤེས་དང་ལྡན་ཞིང་ཞེས་པ་ནས། ཆུས་རེག་ཞིག་པར་བཞིན་ཞེས་པའི་བར་ལ། དེ་ཅི་སྟེ་ ཞེ་ན། ཡུན་རིང་དུ་གྲོགས་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་བསྟེན་པ་དང་ལྡན་ཞིང༌། རང་གི་ལྷག་མཐོང་དང་ལྡན་པར་གྱུར་པ། དེ་ལྟར་ཤེས་པའི་བྱང་ཆུབ་སེམས་དཔའ་དེ་ནི་རྒྱལ་བ་རྣམས་ཀྱི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡོངས་སུ་ཐོས་ནས་སྐྲག་པ་ཡོངས་སུ་མེད་པར་གྱུར་ཏེ། ཡང་གང་ལ་ལ་རྒྱུ་དེ་གཉིས་དང་བྲལ་བ་ཞིག་སྡིག་པའི་གྲོགས་པོ་དང་ལྡན་པ་དང༌། རང་གི་བློ་ཞན་པས་འདྲེན་པ་གཞན་གྱི་ དྲིང་ལ་འཇོག་པ་དེ་ཉམས་སླ་བས། དཔེར་ན་དེ་ཉིད་སྣོད་སོ་མ་བཏང་པ་ལ་ཆུས་རེག་མ་ཐག་ཏུ་ཞིག་པ་བཞིན་དུ་མྱུར་དུ་ཉམས་པར་འགྱུར་རོ། །གཉིས་པ་ལ་གསུམ་ལས། དང་པོ་བྱང་ཆུབ་སེམས་དཔའ་ནི་ ཅི་ཕྱིར་འདི་ནི་ཞེས་པ་ནས། མིང་འདི་ཐོབ་བོ་ཞེས་པའི་བར་ལ། རྒྱུ་མཚན་ཅིའི་ཕྱིར་ཆོས་གཉིས་དང་ལྡན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། རང་གི་ཞེན་པ་དང་ཆགས་པ་རྣམ་པར་གཅོད་པར་བྱེད་ ཅིང༌། ཕྱི་ནང་གི་དངོས་པོ་ཀུན་ལ་ཆགས་པ་ཟད་པར་འདོད་པ་དེ་དགོས་པ་ཅི་སྟེ་ཞེ་ན། རྒྱལ་བ་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཆོས་ཀྱི་སྐུ་དེ་ཆགས་པ་དང་ཞེན་པ་མེད་པར་གྱུར་པ་ལ་རེག་ཅིང་ཐོབ་པའི་ཕྱིར་

26 རོ། །དེས་ན་འདི་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་འཐོབ་པའོ། །གཉིས་པ་སེམས་དཔའ་ཆེན་པོ་ནི། ཅི་ཕྱིར་དེ་ནི་ཞེས་པ་ནས་བཟུང་སྟེ། རབ་ཏུ་བརྗོད་ཞེས་པའི་བར་ལ། ཡང་རྒྱུ་མཚན་ཅིའི་ཕྱིར་ ན་གཉིས་ལྡན་གྱི་གང་ཟག་དེ་ནི་སེམས་དཔའ་ཆེན་པོ་ཞེས་བྱ་བ་ཡིན་ཏེ། སེམས་ཅན་གྱི་སྡེ་ཆེན་པོ་དང་ཁམས་དང་སྐྱེ་མཆེད་ཅན་ལ་སོགས་པ་རྣམས་མང་པོའི་མཆོག་ཏུ་གྱུར་པ་སེམས་བསྐྱེད་རྣམ་པ་གཉིས་ དང་ལྡན་པ་དང༌། སེམས་ཅན་གྱི་ཁམས་ཀྱི་ལྟ་བའི་རྣམ་པ་ཆེན་པོ་བདག་དང་བདག་གི་བར་ཞེན་པ་དེ་གཅོད་པ་སྟེ། རྒྱུ་མཚན་དེའི་ཕྱིར་གང་ཟག་དེ་ལ་སེམས་དཔའ་ཆེན་པོ་ཞེས་པ་ནི་རབ་ཏུ་བརྗོད་དོ། །ཡང་ རང་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚོགས་རྫོགས་པ་ནི་སྦྱིན་པ་གཏོང་བ་ཆེ་བ་དང་བློ་ཆེ་བ་དང༌། ཤེས་རབ་དང་ལྡན་པ་དང༌། མཐུ་ཆེ་བ་ནི་འཆལ་པ་དང༌ཁོང་ཁྲོ་བ་དང༌ལེ་ལོ་དང༌གཡེང་བའི་དཔུང་འཇོམས་པ་ ལ་དཔའ་བས་ན་ཚུལ་ཁྲིམས་ལ་སོགས་པ་བཞི་དང་ལྡན་པ་དང༌། ཡང་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་ལམ་ཐེག་པ་ཆེན་པོ་མཆོག་ཤེས་རབ་སྙིང་རྗེ་དང་ཐབས་དང་ལྡན་པ་ལ་ཞུགས་པ་དང༌། གོ་ཆ་ཆེན་པོ་ བགོས་ཤིང་བདུད་ཀྱི་བར་དུ་གཅོད་པའི་རྒྱུ་འདུལ་བ་དང་ལྡན་པ་སྟེ། དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བར་རབ་ཏུ་བརྗོད་དོ། །གསུམ་པ་གོ་ཆ་བགོས་ནི། དཔེར་ན་སྒྱུ་མ་མཁན་གྱིས་ཞེས་པ་

27 ༄༅། །ནས། གོ་ཆ་མཆོག་ཞེས་པའི་བར་ལ། ཡང་བསྒྲལ་བྱ་སེམས་ཅན་གྱི་ཉེས་སྤྱོད་ཀྱིས་མི་འཇིགས་པའི་དཔེ་ནི། དཔེར་ན་སྒྱུ་མ་མཁན་གྱིས་ལམ་པོ་ཆེའི་བཞི་མདོར་སྐྱེ་བོའི་ཚོགས་ཆེན་པོ་སྤྲུལ་ པར་བྱས་ཏེ། སྒྱུ་མས་སྤྲུལ་པའི་སྐྱེ་བོ་ཕལ་མོ་ཆེ་གཅིག་གིས་ཅིག་མགོ་མང་པོ་བརྒྱ་འམ་སྟོང་ངམ་བྱེ་བ་ལ་སོགས་པ་ཇི་སྙེད་ཅིག་གཅོད་པར་བྱེད་པའི་ཚོགས་རྣམ་པར་སྤྲུལ་ཀྱང༌། སྒྱུ་མའི་སྐྱེས་བུ་དེ་དག་ བསད་བྱ་དང་གསོད་བྱེད་དེ་དག་ལ་བསད་བྱའི་རྣམ་པར་རྟོག་པ་དང༌། སྡིག་པ་མེད་པ་ཅི་འདྲ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང༌། འགྲོ་བ་ཀུན་སྒྱུ་མ་ལས་སྤྲུལ་པ་དང་འདྲ་བར་ཤེས་པས་དོན་བྱེད་པ་ དེ་ལ་འཇིགས་ཤིང་སྐྲག་པ་མེད་དོ། །དེ་ལྟར་སེམས་ཅན་སྒྱུ་མ་འདྲ་ན་བཅིང་པ་དགྲོལ་བ་མི་འཐོབ་ཞེ་ན། ཡང་དག་པར་བཅིང་གྲོལ་མེད་པ་ཁོ་ན་སྟེ། གཟུགས་དང་དེ་བཞིན་དུ་འདུ་ཤེས་དང༌། ཚོར་བ་དང་ སེམས་དཔའ་དང༌། རྣམ་པར་ཤེས་པ་ལ་རང་བཞིན་མེད་པས་མ་བཅིངས་པ་ཡིན་པ་ལ། དེ་ལ་གྲོལ་རྒྱུ་མེད་པས་མ་གྲོལ་བ་སྟེ། ཡེ་ནས་ཡོད་པ་མ་ཡིན་ཏེ་ཁྱད་པར་གྱི་གཞི་གང་ཡང་མ་གྲུབ་པ་ལ་ཁྱད་པར་གྱི་ ཆོས་མ་གྲུབ་པའི་ཕྱིར། དོན་དམ་པར་དེ་ལྟར་རྟོགས་ནས་ཐ་སྙད་དུ་བྱང་ཆུབ་བསྒྲུབ་པ་ལ་འཇུག་པ་ལྟར་སྣང་བ་ཞུམ་པའི་སེམས་མེད་ན་འདི་ནི་ཐེག་པ་ཆེན་པོའི་གང་ཟག་དམ་པ་རྣམས་ཀྱི་གོ་ཆ་མཆོག་བགོས་

28 པ་ཡིན་ནོ། །ཆོས་ཀྱི་དབྱེ་བ་ལ་གཉིས་ལས། ཐེག་པ་ཆེན་པོའི་སྒྲ་དོན་དང༌ཤེས་རབ་ཀྱི་སྒྲ་དོན་ནོ། །དང་པོ་ལ་གཉིས་ལས་ཐ་སྙད་དུ་ཡོད་པའི་ཚུལ་ལོ། ཅི་ཕྱིར་འདི་ནི་ཞེས་པ་ནས། ཐེག་པའི་མཆོག་ཤེས་ པའི་བར་ལ་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་ཐེག་པ་ཆེན་པོ་ཞེས་བྱ་ཞེ་ན། སྣང་བདེན་དུ་མི་དམིགས་པ་དེ་ལ་བྱང་ཆུབ་སེམས་དཔའ་གང་ཞིག་ཞོན་ ནས། སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདའ་བའི་ཕྱིར་ཡང་ཐེག་པ་ཆེན་པོ་འདི་ནི་ཀུན་ལ་ཁྱབ་ཅིང་ངོས་གཟུང་མེད་པས་ནམ་མཁའ་དང་འདྲ་ལ། འདིར་ཞུགས་པས་ཉམས་དགའ་བས་ ལྷའི་གཞལ་མེད་ཁང་ཆེན་དང་འདྲ་བ་སྟེ། ལམ་ཟག་པ་མེད་པས་དགའ་བ་འདུས་མ་བྱས་པ། སྐྱིད་པ་ཆོས་སྐུ་ཐོབ་པར་བྱེད་པ། བདེ་བ་མངོན་པར་ཐོབ་པར་བྱེད་པས་ན་འདིར་ཐེག་པའི་ནང་ནས་མཆོག་ཡིན་ ནོ། །གཉིས་པ་དོན་དམ་པར་མེད་པའི་ཚུལ་ནི་གང་ཞིག་ཞོན་ནས་ཞེས་བྱ་བ་ནས། སྤྱོད་པ་ཡིན་ཞེས་བྱ་བའི་བར་ལ། ཡང་འདི་ལ་བརྟེན་ནས་མྱ་ངན་ལས་འདས་པར་འགྲོ་ཞེས་བྱས་ཀྱང་ཡང་དག་པའི་ལམ་ གང་ཞིག་ལ་ཞོན་ནས་འགྲོ་བས་འབྲས་བུའི་ཕྱོགས་སུ་འགྲོ་བ་དང་འགྲོ་བྱེད་དམིགས་སུ་མེད་པ་ལྟ་བུར། མྱ་ངན་ལས་འདས་པར་འགྲོ་ཞེས་བྱ་བར་གསུངས་པ་ཙམ་ཡིན་གྱིས། ཡང་དག་པར་འགྲོ་བ་མི་

29 ༄༅། །དམིགས་པའོ། །དཔེར་ན་འགྲོ་ས་མེད་ལ་འགྲོ་བའི་བརྡ་བྱས་པ་དེ་མི་ཤི་ནས་སོང་ཞེས་བྱས་ཀྱང་དེའི་འགྲོ་རྒྱུ་མེད་པ་བཞིན་དུ་དེས་མཚོན་དེ་གང་ཟག་དེ་ནི་མྱ་ངན་ལས་འདས་ནས་སོང་ཞེས་ བརྡ་རབ་ཏུ་བརྗོད་པ་ཙམ་ཡིན་ནོ། །གཞན་ཡང་འགྲོ་བ་པོ་བྱང་ཆུབ་སེམས་དཔའ་དེ་ལ་སྔོན་གྱི་མཐའ་སྟེ། འདས་པ་དང༌། ཕྱི་མའི་མཐའ་མ་འོངས་པ་དང༌། ད་ལྟར་བྱུང་བར་ཀྱང་སྣང་བདེན་གཉིས་སུ་མི་ དམིགས་པས་དུས་གསུམ་གྱིས་དག་པ་སྟེ་གང་དག་དུས་གསུམ་གྱི་སྟོང་པར་རྟོགས་པ་དེ་ནི། འདུས་མ་བྱས་ཡིན་པ་ལ་ནི་དོན་གྱི་སྤྲོས་པ་མེད་པ་སྤྱོད་དོ། །མི་དམིགས་པར་སྤྱོད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །གཉིས་པ་ཤེས་རབ་ཀྱི་སྒྲ་དོན་ལ་གསུམ། གྲོགས་སྙིང་རྗེས་ཟིན་པ་ནི། བྱང་ཆུབ་སེམས་མཁས་ཞེས་པ་ནས། སྤྱོད་པ་ཡིན་ཞེས་པའི་བར་ལ། ཡང་སྤྱོད་པ་པོ་བྱང་ཆུབ་སེམས་ དཔའ་སྦྱངས་པའི་ལས་འཕྲོ་དང་ལྡན་པས་མཁས་པར་རིག་པས་མཉམ་བཞག་གང་གི་དུས་ཀྱི་ཚེ་ན་ཡུལ་ཅིར་ཡང་མ་གྲུབ་པ་ལ། བློས་ཀྱང་ཅིར་ཡང་ཡིད་ལ་མི་བྱེད་པའི་ཚུལ་གྱིས་སྐྱེ་མེད་རྣམ་པར་བསམས་ ཏེ། འདི་ཁོ་ན་ལྟར་སྤྱོད་པར་བྱེད་ཅིང་རྗེས་ཐོབ་ཏུ་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་དམིགས་ཡུལ་དུ་སྣང་བའི་སེམས་བདེན་པ་ཅན་གྱི་འདུ་ཤེས་མེད་པ་

30 དེའི་ཚེ་བྱང་ཆུབ་སེམས་དཔའ་འདི་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་དེ་ལས་བཟློག་ཏེ་དོན་བྱ་བའི་ཡུལ་སེམས་ཅན་བདེན་པའི་འདུ་ཤེས་ཤིང༌། དོན་བྱ་དགོས་པའི་རྒྱུ་ མཚན་སྡུག་བསྔལ་བདེན་པའི་འདུ་ཤེས་བསྐྱེད་དེ་འགྲོ་བ་སེམས་ཅན་འདི་རྣམས་ཀྱི་དོན་བྱ་དགོས་སྙམ་པ་དང༌། སྡུག་བསྔལ་འདི་དག་སྤང་བར་བྱའོ་སྙམ་ཞིང་བདག་གིས་དོན་བྱས་དགོས་སྙམ་པ་སྟེ། དེ་ལྟར་ བྱེད་པ་པོ་བདག་དང་ཤེས་བྱའི་ཡུལ་སེམས་ཅན་དང་ངོ་བོའི་སྡུག་བསྔལ་ལ་སོགས་པ་འཁོར་གསུམ་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ མ་ཡིན་ནོ། །གཉིས་པ་ཡུལ་མཉམ་ཉིད་དུ་ཤེས་པ་ནི། བདག་ཅི་འདྲ་ཞེས་པ་ནས། སྤྱོད་པ་ཡིན་ཞེས་པའི་བར་ལ། འོན་ཏེ་བདག་ཅི་འདྲ་བར་དེ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་བདག་ཀྱང་མེད་པར་ ཤེས་ལ། སེམས་ཅན་ཐམས་ཅད་ཀྱི་བདག་ཅི་འདྲ་དེ་ལྟར་གཟུགས་ལ་སོགས་པ་རྣམས་ཀྱི་ཆོས་ཀུན་ཀྱང་དེ་འདྲར་ཤེས་ནས། བཀག་ཆོས་འདུས་བྱས་པ་སྐྱེ་བ་མེད་པ་དང༌། སྐྱེ་བའི་ཆོས་གཉིས་ཀ་སྣང་བ་དང་ བདེན་པར་མི་རྟོགས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །གསུམ་པ་འབྲས་བུ་དམ་པ་ཐོབ་པ་ནི། འཇིག་རྟེན་དག་ན་ཞེས་པ་ནས། ཕ་རོལ་ཕྱིན་ཅེས་བྱ་བའི་བར་གྱིས་

31 ༄༅། །འཇིག་རྟེན་དག་ན་ཉོན་མོངས་འཁོར་བའི་ཆོས་དང༌། རྣམ་བྱང་མྱ་ངན་ལས་འདས་པ་དང་གཉིས་ལ་སོགས་པའི་ཆོས་ཀྱི་མིང་ཇི་སྙེད་ཅིག་ཡོངས་སུ་བརྗོད་པ་ཀུན་ལ་འདུས་བྱས་སྐྱེ་བ་དང་ནི་ ཡང་དག་པར་འདས་པ་སྟེ། དགག་པ་སྤངས་ནས་རང་བྱུང་གི་ཡེ་ཤེས་སྐྱེ་ཤི་མེད་པའི་དམ་པ་དེ་ལས་ལྷག་བཅས་གཞལ་དུ་མེད་པ་དེ་ཐོབ་པ་དེའི་ཕྱིར་དབྱིངས་དང་ཡེ་ཤེས་ལ་འགག་པ་མེད་པ་འདི་ནི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཅེས་བྱའོ། །གསུམ་པ་གང་ཟག་དང་ཆོས་ཀྱི་དོན་བསྡུས་པ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། ཕྱིན་མཆོག་སྤྱོད་པ་ཡིན་ཞེས་པའི་བར་ལ། བྱང་ཆུབ་སེམས་དཔའ་གང་ཞིག་ཟབ་མོའི་དོན་ ལ་རྨོངས་པ་དང༌། དེས་བསྐྱེད་པའི་དགོས་པ་སྟེ་ཐེ་ཚོམ་མེད་པ་ཇི་ལྟར་གནས་པ་ལྟར། དེ་ལྟར་སྤྱོད་པའི་བློ་ཤེས་རབ་དང་ལྡན་པ་དེ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་དོན་ལ་བློ་གནས་པར་བྱ་བ་གང་དུ་ ཡང་མཉམ་ཞེ་ན། ཉོན་མོངས་པ་དང་རྣམ་བྱང་གི་ཆོས་རྣམས་སྣང་བདེན་གྱི་རང་བཞིན་མེད་པར་ཡོངས་སུ་ཤེས་པར་གྱུར་པ་འདི་ནི། གནས་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། ། འདི་ཡན་ཆད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཉིད་དམ་པ་སྐྱེ་བ་མེད་པར་བཤད་པ་རྣམ་པ་ཐམས་ཅད་ཆོས་ཉིད་མི་དམིགས་པའི་ཆ་ནས་བསྟན་ལ། འབྲིང་དུ་སྟོན་པའི་དོན་སྐབས་འོག་མ་གཉིས་སུ་ཁྱད་

32 པར་གྱི་ལམ་དང་གཞི་ཆོས་ཉིད་མི་དམིགས་པར་རྟོགས་པའི་ཆ་ནས། སྒྱུ་མ་ལྟ་བུ་ལ་སོགས་པ་ཇི་སྙེད་པ་ཅིག་གིས་བསྟན་ཏེ། དེ་དག་ཀྱང་གཞིའི་མཚམས་སུ་བསྡུ་བར་བྱའོ། །གཉིས་པ་འབྲིང་དུ་བསྟན་པ་ལ་ བཞི་ལས། ཐམས་ཅད་མཁྱེན་པ་ཉིད་ལ་ཇི་ལྟར་བསླབ་པའི་ཚུལ་དང༌། བསླབ་བྱ་ཤེས་རབ་ངོས་བཟུང་བ་དང༌། དེ་ལ་བརྟེན་པའི་བསོད་ནམས་བསྒྲུབ་པ། དེའི་རང་བཞིན་རྒྱུད་ལ་སྐྱེ་བའོ། །ཐོག་མ་ལ་གསུམ་ ལས། དོན་དམ་པར་མི་གནས་པ་ལ་ཡང་གཉིས་ཏེ། ཡུམ་གྱི་དོན་ཆོས་རྣམས་ལ་མི་གནས་པར་བྱ་བ་དང༌། ཡུམ་བྱང་ཆུབ་གསུམ་ཀའི་ལམ་དུ་བསྟེན་པའོ། དང་པོ་ལ་གཉིས་ལས། དོན་ནི་གང་ཞིག་གཟུགས་ ལ་མི་གནས་ཚོར་བ་ལ་མི་གནས་ཤིང༌། །ཞེས་བྱ་བ་ལ་སོགས་པས་འདི་དག་གི་དབང་དུ་བྱས་ནས། རྒྱུ་ནི་ལམ་རྣམ་པར་ཤེས་པ་ཉིད་ཡིན་ལ། དེ་ཡང་དྲོ་བ་ལ་སོགས་པ་གནས་སྐབས་ཀྱི་བྱེ་བྲག་གིས་ཅི་རིགས་ པར་བདག་དང་གཞན་སྤོང་བར་བྱེད་པ་ཡིན་ནོ། །དེ་སྐད་དུ་ཡང༌། །སློབ་མ་བསེ་རུའི་ལམ་གང་དང༌། །འདི་དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང༌། ། བསྟོད་དང་བསྐུར་དང་བསྔགས་པ་དང༌། །བསྔོ་དང་རྗེས་སུ་ཡིད་རང་བ། །ཡིད་ལ་བྱེད་པ་བླ་མེད་དག །བསྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་

33 ༄༅། །རྣམས་ཀྱིས། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་པའི་སྐབས་ཕྲན་འདི་དག་ཀྱང་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་པ་སྟོན་པར་བྱེད་པའི་ཆོས་རྣམས་མི་དམིགས་པའི་ཆ་ནས་ཤེས་ རབ་རྟོགས་བྱེད་ཀྱི་མངོན་རྟོགས་ཡིན་པས་དེའི་ཆ་ནས་བསྟན་ཏེ། གང་ཞིག་གཟུགས་ལ་ཞེས་པ་ནས། སར་མི་གནས་ཞེས་པའི་བར་ལ། ཡང་བྱང་ཆུབ་སེམས་དཔའ་གང་ཞིག །གཟུགས་ལ་སྣང་བདེན་དུ་ ཞེན་པའི་ཚུལ་གྱིས་མི་གནས། ཚོར་བ་ལ་ཡང་མི་གནས་ཤིང༌། གང་ཞིག་འདུ་ཤེས་སུ་ཡང་མི་གནས་ཏེ་འདུ་བྱེད་པའི་སེམས་དཔར་ཡང་མི་གནས་ལ། རྣམ་པར་ཤེས་པ་གང་ལ་ཡང་སྣང་བདེན་དུ་ཞེན་པའི་ཚུལ་ གྱི་མི་གནས་པ་དེ། མཚན་མ་མེད་པའི་ཆོས་ཉིད་ལ་གནས་པ་སྟེ། ཞེན་པ་མེད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཁྱད་པར་རྟག་པ་དང་མི་རྟག་པ་དང༌། བདེ་བ་ དང་སྡུག་བསྔལ་བ་དང༌། ཡིད་སྡུག་པ་དང་མི་སྡུག་པ་དང༌། བདག་དང་དེ་བཀག་པའི་བདག་མེད་པའི་དེ་བཞིན་ཉིད་དང་དེ་བཞིན་ཉིད་སྟོང་ཞེས་བྱ་བར་ཡང་མི་གནས། རྒྱུན་དུ་ཞུགས་པ་ལ་སོགས་པའི་ འབྲས་བུ་ཐོབ་པ་དང༌། དགྲ་བཅོམ་པའི་ས་དང་རྟགས་ལ་སོགས་པར་མི་གནས་ཤིང་རང་རྒྱལ་བའི་ས་དང་དེ་བཞིན་རྫོགས་པའི་སངས་རྒྱས་ཀྱི་སར་ཡང་མི་གནས་སོ། །གཉིས་པ་དཔེ་བསྟན་པ་ནི། ཇི་ལྟར་

34 འདྲེན་པ་ཞེས་བྱ་བ་ནས། གནས་པར་གསུངས་ཞེས་པའི་བར་ལ། འོ་ན་ཇི་ལྟར་གནས་ཞེས་ན་འདྲེན་པའི་ཐུགས་འདུས་མ་བྱས་ཀྱི་ཁམས་ལ་ཡང་མི་གནས་ཤིང༌། དེ་བཞིན་དུ་འདུས་བྱས་ཀྱི་ཁམས་ལ་མི་ གནས་ཞིང་ཅི་ལ་ཡང་གནས་པ་མེད་པར་སྤྱོད་པའོ། །ཚུལ་དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་གནས་པར་བྱ་བའི་ཡུལ་ཅི་ཡང་གནས་པ་མེད་པའི་ཚུལ་གྱིས་གནས་ལ། དེ་ལྟར་ཅི་ལ་གནས་པ་མེད་པ་འདི་ཀ་བྱང་ ཆུབ་སེམས་དཔའི་གནས་པ་ཡིན་ནོ། །ཞེས་འདི་ནི་རྒྱལ་བས་ཐེག་པ་ཆེན་པོའི་གནས་པ་ཡིན་པར་གསུངས་སོ། ཡུམ་བྱང་ཆུབ་གསུམ་ཀའི་ལམ་དུ་བསྟན་པ ནི། གང་དག་བདེ་གཤེགས་ཞེས་པ་ནས། མི་ མཐོང་བཞིན་ཞེས་པའི་བར་ལ། གང་ཟག་དབང་པོ་ཐ་མ་པ་གང་དག་བདེ་གཤེགས་ཀྱི་ཉན་ཐོས་སུ་འགྱུར་བར་བྱ་སྙམ་པ་དང༌། དེ་བཞིན་དུ་དབང་པོ་འབྲིང་པོ་རྣམས་རང་སངས་རྒྱས་ཀྱི་ས་ཐོབ་པར་འདོད་པ་ དང་དེ་བཞིན་དུ་དབང་པོ་རབ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་སུ་འགྱུར་བར་འདོད་པས་ཀྱང་གནས་མེད་དུ་བསྟན་པའི་ཤེས་རབ་དེ་ལ་མི་སྐྲག་པའི་བཟོད་པ་འདི་ལ་མ་བརྟེན་པར་དེ་དག་ཐོབ་པར་མི་ནུས་ཏེ་དེ་ རྣམས་ལ་སྒྲིབ་པའི་དྲི་མ་སྤོང་བའི་ཕྱིར་རོ། །དཔེར་ན་ཆུའི་ཚུར་རོལ་དང་ཕ་རོལ་གྱི་ཕྱོགས་སུ་འགྲོ་བ་ལ་གྲུ་ལ་མི་བརྟེན་པར་ཆུའི་ངོགས་ཏེ་འགྲོ་བར་མི་མཐོང་བ་བཞིན་ནོ། །ཀུན་རྫོབ་སྒྱུ་མ་ལྟ་བུར་བསླབ་པ་ལའང་

35 ༄༅། །གཉིས་ལས། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྟན་པ་ནི། ཆོས་འཆད་པ་དང་ཞེས་པ་ནས། དེ་བཞིན་གཤེགས་པས་བསྟན་ཞེས་པའི་བར་ལ། ཡང་ཀུན་རྫོབ་ཏུ་ཆོས་འཆད་པའི་སློབ་དཔོན་ དང༌། ཉན་པ་པོ་སློབ་མ་དང་བཤད་བྱའི་ཆོས་གང་ཡིན་པ་དང༌། དེ་དག་གིས་ཐོས་པའི་འབྲས་བུ་སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་ཐོབ་པ་དང་རྟེན་འབྲེལ་ཤེས་པའི་རང་རྒྱལ་བ་དང་དེ་བཞིན་དུ་ འཇིག་རྟེན་མགོན་པོའི་གཟུགས་སྐུར་སྣང་བའི་སྐུ་དང༌། སྔར་སྦྱངས་པ་ཡོད་པས་མཁས་པ་དང་ཤེས་རབ་གསལ་བས་ཐོབ་ཅིང༌། རྟོགས་པའི་ཆོས་གློ་བུར་གྱི་མྱ་ངན་ལས་འདས་པའི་ཆོས་སྐུ་གང་ཡིན་པ་བློ་ ལས་སྣང་བ་དེ་ཀུན་སྣང་ལ་རང་བཞིན་མེད་པ་དཔེ་སྒྱུ་མས་སྤྲུལ་པའི་རྟ་གླང་ལྟ་བུར་དེ་བཞིན་གཤེགས་པས་སྔར་རྒྱས་འབྲིང་དུ་བསྟན། ཅི་སྐད་དུ་བསྟན་ཅེ་ན། སངས་རྒྱས་ཀྱི་རབ་འབྱོར་བྱིན་གྱིས་བརླབས་ ཏེ། རབ་འབྱོར་གྱིས་གསོལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྨི་ལམ་ལྟ་བུ་ལགས་སམ། བཀའ་བསྩལ་པ། མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་ལགས་ལ། དེ་བས་ལྷག་པའི་ཆོས་གཞན་ཞིག་ཡོད་ ན་ཡང་སྒྱུ་མ་ལྟ་བུའོ། །ཞེས་གསུངས་སོ། །གཉིས་པ་དེ་ལ་མི་སྐྲག་པའི་གང་ཟག་ངོས་བཟུང་བ་ནི། གང་ཟག་བཞི་པོ་འདི་དག་ཞེས་པ་ནས། ཡོངས་སུ་ཟིན་པའོ་ཞེས་པའི་བར་ལ། དེ་ལྟར་བསྟན་པ་ལ་མི་

36 སྐྲག་ཅིང་མོས་པ་གང་ཞེ་ན། འོག་ནས་འབྱུང་བའི་གང་ཟག་བཞི་པོ་འདི་དག་སྒྱུ་མ་ལྟ་བུ་འདི་ལ་མི་སྐྲག་ཅིང༌། རྒྱལ་སྲས་བྱང་ཆུབ་སེམས་དཔའ་བདེན་པ་ལ་མཁས་པས་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང༌། དེ་མ་མཐོང་ཡང་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་ས་ཐོབ་པ་དང༌། ཉན་ཐོས་དགྲ་བཅོམ་པ་སྒོམ་སྤངས་ཀྱི་དྲི་མ་རྩལ་ཞིག་མཐོང་སྤངས་ཀྱི་སོམ་ཉིད་སྤངས་པ་གཉིས་ཀའི་ཆ་ལས་གྲོལ་བ་དང༌། བཞི་པ་དེ་ རྣམས་མ་ཡིན་པ་ཡང་གྲོགས་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་གྱིས་ཚེ་རབས་ཐམས་ཅད་དུ་ཡོངས་སུ་ཟིན་པའོ། །དེ་ལྟར་ཟུང་འཇུག་སློབ་པ་ལ་བསྔགས་པའི་གང་ཟག་ལ་གསུམ། ཡུལ་ཐེག་པ་དམན་ པ་ལ་མི་བསླབ་པ་དང༌། བྱང་ཆུབ་སེམས་དཔའ་ཞེས་པ་ནས། དེ་སློབ་ཡིན་ཞེས་པའི་བར་ལ། ཡང་སློབ་པའི་བྱང་ཆུབ་སེམས་དཔའ་སྔར་གྱི་སྦྱངས་པའི་འཕྲོ་ཡོད་པས་མཁས་ཤིང་རིགས་པ་དེ་ལྟར་སྤྱོད་པ་ཡིན་ ཞིང་ཀུན་རྫོབ་ཏུ་ཉན་ཐོས་དགྲ་བཅོམ་པའི་ས་ལ་མི་སློབ། དེ་བཞིན་རྐྱེན་རྟེན་འབྲེལ་ལ་མི་སློབ། དེ་བཞིན་དུ་རང་རྒྱལ་གྱི་ས་ལ་མིན། འོ་ན་གང་ལ་སློབ་ཅེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སློབ་པར་བྱ་ བའི་ཆེད་དུ་སངས་རྒྱས་རྣམས་ཀྱིས་རྟོགས་ནས། གསུངས་པའི་ཆོས་དེའི་རྗེས་སུ་སློབ་པའོ། །ཡང་གང་ཞིག་སློབ་པ་དང་མི་སློབ་པའི་ས་ལ་མི་སློབ་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ལ་སློབ་པ་ཡིན་ནོ། །

37 ༄༅། །གཉིས་པ་དགོས་པ་འཕེལ་འགྲིབ་ཀྱི་ཕྱིར་མི་སློབ་པ་ནི། གཟུགས་འཕེལ་ཞེས་པ་ནས། མི་སློབ་པར་སློབ་ཅིང་ཞེས་པའི་བར་ལ། དོན་དམ་པར་གཟུགས་སོགས་ཀྱི་ཆོས་རྣམས་མང་དུ་འཕེལ་ བ་དང་ཉུང་ངུ་ཡོངས་སུ་ཉམས་པའི་ཕྱིར་དང༌། གང་གི་ངོ་བོ་ཡོངས་སུ་བཟུང་བའི་ཕྱིར་སློབ་པ་མིན་ཞིང༌། དེ་བཞིན་དུ་ཚོར་བ་ལ་སོགས་པའི་ཆོས་རྣམས་ཐམས་ཅད་ཀྱང་ཡོངས་སུ་བཟུང་བ་དང་ཉམས་པའི་ ཕྱིར་མི་སློབ་པར། མི་དམིགས་པའི་ཚུལ་གྱིས་སློབ་པའོ། །གསུམ་པ་དེས་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ནི། ཐམས་ཅད་མཁྱེན་པ་ཉིད་ཞེས་པ་ནས། དགའ་བའི་སློབ་ཞེས་པའི་བར་ལ། འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དང་ཡོངས་སུ་འཛིན་ལ། དེའི་དབང་གི་ཉོན་མོངས་སྡུག་བསྔལ་ལས་ངེས་པར་འབྱུང་བ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ས་ཡོངས་སུ་ཐོབ་པར་དགའ་བའི་བྱང་ཆུབ་ སེམས་པའི་སློབ་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་སྤྱིར་དོན་གཉིས་པ་ཐམས་ཅད་མཁྱེན་པ་ཉིད་འདོད་པ་ཇི་ལྟར་བསླབ་པར་བྱ་བའི་ཚུལ་སོང་ནས། གཉིས་པ་བསླབ་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོས་བཟུང་བ་ལ་ བཞི་ལས་ཡུལ་ཅི་ལ་ཡང་མི་གནས་པ་ཡིན་པ་དང༌། གཟུགས་ནི་ཞེས་པ་ནས། མཚུངས་ཏེ་ཐ་དད་མེད་ཞེས་པའི་བར་ལ། གཟུགས་སུ་སྣང་ཚོད་ཀྱི་བཟློག་པ་དེ་ནི་ཤེས་རབ་སྟོང་པའི་བཟློག་པ་མ་ཡིན་ཞིང་གཟུགས་

38 ཀྱིས་བཟློག་པ་ལ་ཤེས་རབ་ངོ་བོ་ཐ་དད་པའི་ཚུལ་གྱིས་ལྡན་པར་ཀྱང་མེད་དོ། །དེ་བཞིན་དུ་རྣམ་ཤེས་དང་འདུ་ཤེས་དང་ཚོར་བ་དང་སེམས་པ་སྟེ་ལྔ་པོ་འདི་དག་ཏུ་སྣང་ཚོད་དེ་ནི་སྟོང་པར་ཤེས་རབ་ཀྱི་བཟློག་ པ་མ་ཡིན་པ་བཞི་འདི་དག་ལ་ཡང་ཤེས་རབ་ངོ་བོ་ཐ་དད་པའི་ཚུལ་དུ་ལྡན་པར་ཡང་མེད་དོ། །འོ་ན་ཇི་ལྟར་ཡོད་ཅེ་ན། ཆོས་ཅན་ཕུང་པོ་ལྔ་དང་ཆོས་ཉིད་སྟོང་པ་གཉིས་པོ་འདི་ནི་ནམ་མཁའི་ཁམས་ལ་ཤར་ ཕྱོགས་ལ་སོགས་པའི་བརྡ་ཐ་དད་དུ་བཏགས་ཀྱང་དོན་དམ་པར་ཐ་དད་མེད་པ་དང་མཚུངས་ཏེ་ཕུང་པོ་དང་སྟོང་པ་ལའང་ངོ་བོ་ཐ་དད་མེད་དོ། །གཉིས་པ་ངོ་བོ་མཐའ་ཡས་པ་ནི། དམིགས་པ་རྣམས་ཀྱིས་ རང་བཞིན་ཞེས་པ་ལ་སོགས་པའི་རྐང་པ་བཞི་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོའི་རང་བཞིན་གཟུང་དུ་མེད་པར་བསྟན་ཏོ། །གསུམ་པ་འདུ་ཤེས་ཀྱི་མཚན་མ་འཇིགས་པ་ནི། འདུ་ཤེས་ཚུ་རོལ་ཞེས་ པ་ནས། བཀའ་ལ་གནས་ཞེས་པའི་བར་ལ། བདག་གཞན་ནམ་འཁོར་འདས་གཉིས་སུ་བདེན་པར་འདུ་ཤེས་པ་དེ་ནི་ཚུལ་རོལ་འཁོར་བ་ཡིན་ཞེས་འདྲེན་པ་སངས་རྒྱས་ཀྱིས་ཡོངས་སུ་བསྒྲགས་ལ། དེ་ལས་ བཟློག་པ་ལུང་དང་རིག་པའི་སྒོ་ནས་ནི་འདུ་ཤེས་པར་བཤིག་ནས་བདེན་འཛིན་སྤོང་བའི་བྱང་ཆུབ་སེམས་དཔའ་དེ་ཕ་རོལ་མྱ་ངན་ལས་འདས་པར་འགྲོ་ཞིང༌། གང་དག་སྣང་བདེན་གྱི་འདུ་ཤེས་དང་བྲལ་བ་

39 ༄༅། །འདི་ནི་རྗེས་རྟོགས་པ་ཐོབ་པ་གང་ཡིན་པ་དེ་ཀ་ལམ་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྟོན་པའི་ངེས་དོན་གྱི་བཀའ་ལ་གནས་སོ། །བཞི་པ་དེ་དག་གི་འཐད་པ་བསྟན་པ་ནི། གལ་ཏེ་སྟོན་པས་ཞེས་པ་ ནས། སྤྱོད་པ་ཡིན་ཡོངས་སུ་ཞེས་པའི་བར་ལ། གལ་ཏེ་སྟོན་པ་སངས་རྒྱས་ཀྱིས་ཀྱང་ཡུན་གྱི་གང་གའི་འགྲམ་གྱི་བྱེ་མའི་གྲངས་ཇི་སྙེད་ཀྱི་སྐལ་པར་བཞུགས་ཏེ་སེམས་ཅན་རྣམས་ལ་ཆོས་ཀྱི་སྒྲ་སྒྲོགས་ཀྱང༌། སེམས་ཅན་ཡེ་གདོད་མ་ནས་དག་ཅིང་མ་གྲུབ་པའི་སེམས་ཅན་སྐྱེ་ཞིང་འབྱུང་བར་ག་ལ་འགྱུར་ཏེ། དེས་ན་ཐ་དད་ཀྱི་འདུ་ཤེས་དང་བྲལ་བ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ལ་སྤྱོད་པ་ཡིན་ནོ། ། དེས་བསླབ་པ་ཤེས་རབ་ངོས་བཟུང་བ་སོང་ནས། སྤྱི་དོན་གསུམ་པ་དེ་ལ་བརྟེན་པའི་བསོད་ནམས་བསྒྲུབ་པ་ལ་བཞི། ཐོག་མར་ཡུམ་གྱི་གཞུང་དོན་འཛིན་པའི་ཕན་ཡོན་ལ་གཉིས་ལས། དོན་འཛིན་པས་ལུང་ བསྟན་ཐོབ་པ་ནི། གང་ཚེ་ང་ནི་ཞེས་པ་ནས། རྒྱལ་བས་དེ་སྐད་གསུངས་ཞེས་པའི་བར་ལ། སྔོན་འབྱུང་གི་དུས་ཐུབ་པ་ང་ནི་བྲམ་ཟེའི་ཁྱེའུ་གཞོན་ནུ་སྤྲིན་དུ་སྐྱེས་པའི་དུས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ མཆོག་གི་དོན་འདི་སྤྱོད་ཅིང༌། རྒྱལ་པོའི་ཕོ་བྲང་མར་མེ་ཅན་ཞེས་བྱ་བ་ན་འདུག་པ་ན་སྐྱེས་མཆོག་མར་མེ་མཛད་ཀྱིས་ལུང་བསྟན་ཏོ། །གཉིས་པ་གཞུང་འཛིན་པས་གནོད་པ་སྤོང་བ་ནི། ཤེས་རབ་ཕ་རོལ་

40 ཏུ་ཕྱིན་པ་ཞེས་པ་ནས། གླགས་ཀྱང་སྙེད་མི་འགྱུར་ཞེས་པའི་བར་ལ། ཕ་རོལ་ཏུ་ཕྱིན་པ་འཛིན་པའི་ཡོན་ཏན་བསྟན་ཏོ། །གཉིས་པ་ཡུམ་མཆོད་པའི་ཕན་ཡོན་ལ་གསུམ་ལས། མཆོད་རྟེན་མཆོད་པ་བས་ཡུམ་མཆོད་པ་ བསོད་ནམས་ཆེ་བ་ལ་ཡང་གསུམ། ཐོག་མར་དོན་དགོད་པ་ནི། ལ་ལས་བདེ་གཤེགས་ཞེས་བྱ་བ་ནས། ཆར་མི་ཕོད་ཞེས་པའི་བར་ལ། གང་ཟག་གང་ལ་ལས་བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་ འདས་པའི་མཆོད་རྟེན་ཁྱད་པར་གསུམ་དང་ལྡན་པ་ལས་རྒྱུའི་ཁྱད་པར་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་དེ་ལ་མཆོད་པར་བྱེད་ལ། གྲངས་ཀྱི་ཁྱད་པར་བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་ཆུ་བོ་གང་ གའི་འགྲམ་གྱི་བྱེ་མའི་གྲངས་སྙེད་ཀྱིས་བྱེ་བ་ཕྲག་སྟོང་དང་མཉམ་པའི་ཞིང་ཁམས་ཐམས་ཅད་བཀང་སྟེ། མཆོད་པའི་ཁྱད་པར་ལས་མཆོད་བྱེད་ཡོངས་སུ་བརྟག་པའི་ཐབས་བཟུང་ན། སྔར་གྱི་ཞིང་ཁམས་བྱེ་ བ་མཐའ་ཡས་ན་སེམས་ཅན་གྱི་གྲངས་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས་མཆོད་པ་ལས་གཞན་པའི་ལས་མི་བྱེད་པར་མཆོད་པའི་རྫས་ལྷའི་མེ་ཏོག་དང་སྤོས་རབ་དང་ཙན་དན་ལ་སོགས་པའི་བྱུག་པས་ དུས་སྔ་དྲོ་གུང་ཕྱི་དྲོ་གསུམ་དུ་ཡུན་རིང་བ་བསྐལ་པའམ། དེ་བས་ཀྱང་ལྷག་པར་མཆོད་པར་བྱེད་ལ། གང་ཟག་གང་ལ་ལ་ཞིག་གིས་ཆོས་གང་ཉམས་སུ་བླངས་པ་ལས་རྣམ་པར་འདྲེན་པ་སངས་རྒྱས་ཀྱི་སྟོབས་

41 ༄༅། །བཅུ་འབྱུང་བར་འགྱུར་ལ། བདེ་བར་གཤེགས་པ་བསྐྱེད་པའི་ཡུམ་འདི་གླེགས་བམ་ལ་ཡིག་གེར་བྲིས་ཏེ། ལག་ཏུ་འཆང་ཞིང་མཆོད་པའི་ཁྱད་པར་མེ་ཏོག་དང་བྱུག་པ་སྟི་སྟང་སྟེ་མཆོད་པ་བྱེད་ པར་གྱུར་ལ། སྔར་གྱི་མཆོད་རྟེན་བྱས་ནས་དེ་མཆོད་པའི་བསོད་ནམས་ཅི་ཡོད་པ་དེ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་ལ་བྲིས་ཏེ་མཆོད་ན་བསོད་ནམས་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་མི་འགྲོ། དེ་བཞིན་དུ་བརྒྱ་སྟོང་གི་ཆ་དང། བྱེ་བའི་ཆ་དང༌། བྱེ་བ་བརྒྱའི་ཆ་དང༌། བྱེ་བ་བརྒྱ་སྟོང་ཁྲག་ཁྲིག་གི་ཚད་ཡང་མི་ཕོད་ལ། གྲངས་དང་དཔེ་དང་རྒྱུའི་བར་དུ་ཡང་མི་ཕོད་དོ། །གཉིས་ པ་བསྟན་པ་ནི། རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་རིགས་སྔགས་ཆེ། ཞེས་པའི་དོན་དེ་ལ། དེ་ལྟར་བསོད་ནམས་ཆེ་བའི་རྒྱུ་མཚན་ཅིས་ཆེ་ན། རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་པ་འདི་ཡིས། སེམས་ཅན་ སྡུག་བསྔལ་བའི་རང་བཞིན་ཅན། ཐམས་ཅད་བདེ་བའི་གནས་སུ་འདྲེན་པ་དང༌། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པའི་ཕྱིར་རིགས་སྔགས་ཆེན་པོའོ། །དེ་ལྟར་ཡང་ཤེར་ སྙིང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཞེས་

42 བཤད་དོ། །གསུམ་པ་བཤད་པས་དོན་དེ་བསྒྲུབ་པ་ནི། ཡང་རིགས་སྔགས་ཆེ་བའི་རྒྱུ་མཚན་སྟོན་ཏེ། གཞུང་ལས། སེམས་ཅན་ཁམས་མང་ཞེས་པ་ནས། ཆོས་ཀུན་འགྲོ་བར་འགྱུར་ཞེས་པའི་བར་གྱིས།ཚུལ་ གང་ཞེ་ན་སེམས་ཅན་གྱི་ཁམས་མང་པོའི་སེམས་ཀྱི་མྱ་ངན་དང་ན་ཚ་ལ་སོགས་པའི་སྡུག་བསྔལ་གྱི་ཆོས་ཞི་བར་བྱེད་པ་དང༌། སངས་རྒྱས་གང་དག་སྔར་འདས་པ་རྣམས་དང༌། གང་དག་ད་ལྟར་ཕྱོགས་བཅུ་ན་ བཞུགས་པའི་འཇིག་རྟེན་མགོན་པོ་རྣམས་རིགས་སྔགས་ཆེན་པོ་འདི་ལ་བསླབས་པས་བདག་གཞན་གྱི་ཉོན་མོངས་ཀྱི་སྡུག་བསྔལ་མཐའ་དག་སེལ་བའི་སྨན་པའི་རྒྱལ་པོ་བླ་ན་མེད་པར་འགྱུར་ལ། མ་འོངས་ པའི་སངས་རྒྱས་གང་དག་སེམས་ཅན་ལ་ཕན་པ་དང་སྙིང་རྗེ་དང་བཅས་པར་སྤྱད་པ་སྤྱོད་པ་དེ་དག་ཀྱང༌། རིགས་སྔགས་ཆེན་མོ་འདི་ལ་ཐོས་བསམ་བསྒོམ་གསུམ་གྱིས་སམ་ཆོས་སྤྱོད་བཅུས་བསླབས་ནས་ མཁས་པར་གྱུར་པས་བྱང་ཆུབ་ལ་རེག་པར་གྱུར་བ་ཡིན་ནོ། །འདུས་བྱས་འཁོར་བའི་བདེ་བ་དང༌། འདུས་མ་བྱས་མྱ་ངན་ལས་འདས་པའི་བདེ་བ་གང་ཡིན་པའི་བདེ་བ་དེ་ཀུན། རིགས་སྔགས་ཆེན་མོ་འདི་ ལས་བྱུང་བར་རིག་པར་བྱའོ། །དཔེར་ན་རྒྱུ་ས་བོན་བཏབ་ནས་ས་གཞི་ལ་གནས་ཏེ། འབྲས་བུ་མྱུ་གུ་འབྱུང་བར་འགྱུར་བ་སྟེ། རྒྱུ་རྐྱེན་གྱི་ཚོགས་པ་ཚང་བར་སྙེད་ནས་མྱུ་གུ་རྣམས་མང་གི་གཟུགས་དག་རྣམ་

43 ༄༅། །པར་སྐྱེ་བ་ལྟར་དུ། རྒྱུའི་དུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་དང་འབྲས་བུའི་དུས་ན་བྱང་ཆུབ་གསུམ་གྱི་ཡོན་ཏན་ཇི་སྙེད་ཡོད་པ། དེ་དག་ཀུན་ཀྱང་འཁོར་གསུམ་དུ་མི་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལས་སྐྱེ་བར་འགྱུར་རོ། །ཡང་དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལམ་གང་དང་གང་ནས་རྟག་ཏུ་འགྲོ་བའི་ལམ་དེ་དང་དེ་ཉིད་ལས་ནི་འཁོར་ལོ་ལ་སོགས་པའི་རིན་ཆེན་སྣ་བདུན་པོ་དང༌། རྟ་ དང་རྐང་ཐང་དང༌། དམག་མི་དང་དཔུང་བུ་ཆུང་གི་ཚོགས་ཏེ། དཔུང་གི་ཚོགས་བཞི་པོ་ཀུན་འགྲོ་བ་དེ་བཞིན་དང༌། ལམ་གང་ནས་རྒྱལ་བ་རྣམས་ཀྱིས་རྟོགས་ནས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདི་འགྲོ་བ་དེ་ཉིད་ནས་ནི་སྤངས་པ་དང་རྟོགས་པའི་ཡོན་ཏན་གྱི་ཆོས་ཀུན་ཀྱང་འགྲོ་བར་འགྱུར་རོ། །རྒྱུ་མཚན་བསྟན་པ་ལ་གསུམ་ལས། མདོར་བསྟན་པ་ནི། རྒྱལ་བས་བརྒྱ་བྱིན་ཞེས་པ་ནས། དེ་ཉིད་ལེན་ ཞེས་པའི་བར་ལ། རྒྱལ་བ་སངས་རྒྱས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་དྲིས་པ་ཁྱོད་དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འདི་དང༌། དེ་བཞིན་གཤེགས་པའི་སྐུ་གདུང་རིང་ བསྲེལ་གཉིས་བཞག་ན། དེ་གཉིས་ཁྱོད་ཆ་གང་ལེན་ཞེས་ཡོངས་སུ་དྲིས་པའི་ལན། རྒྱ་བྱིན་གྱི་གསོལ་བ། གལ་ཏེ་བདག་ལ་གླེགས་བམ་བཞག་པའི་ཆ་དེ་དང་རིང་སྲེལ་གང་གྷའི་རླུང་གི་བྱེ་མ་སྙེད་ཅིག་རྣམས་

44 སངས་རྒྱས་ཀྱི་ཞིང་དུ་འགྱུར་ལ། དེ་དག་ཀུན་གྱི་ནང་ནས་རྒྱལ་བའི་རིང་བསྲེལ་གྱིས་བྱུར་བུར་བལྟམས་ཏེ་བཀང་བར་འགྱུར་བ་ཅིག་དང་ལྷན་ཅིག་ཏུ་བཞག་ཀྱང་། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ གླེགས་བམ་འདི་ཉིད་ལེན་ཏོ། །གཉིས་པ་འཐད་པ་བཤད་པ་ནི། ཅིས་སླད་ཅེས་ན་ཞེས་པ་ནས། མཆོད་པས་མཉེས་ཞེས་པའི་བར་ལ། བརྒྱ་བྱིན་བཅོམ་ལྡན་འདས་ལ་ཞུས་ཏེ། རིང་བསྲེལ་ལ་མི་དད་པ་ཡང་ མ་ལགས་མོད་ཀྱི། ཤེས་རབ་སྟོབས་ཆེ་བས་མཆོག་ཏུ་མཆོད་པ་བགྱིད་ལ། དེ་ལ་བརྟེན་པའི་སྐུ་གདུང་ལ་ཡང་མཆོད་པར་འོས་སོ་ཞེས་པ་རྣམས་རྒྱལ་པོ་ལ་བརྟེན་པའི་དཔེ་དང༌། ནོར་བུ་རིན་པོ་ཆེའི་དཔེ་ བསྟན་ཏོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་གང་ཞིག་ཞེས་པ་ནས། ཤར་པ་ལགས་ཞེས་བྱ་བའི་བར་ལ། ཤེས་རབ་ཉིད་མཆོད་ཅིང་ཉམས་སུ་བླངས་པས། མཐར་ཐུག་དེ་ཐོབ་པར་འགྱུར་ཞེས་བསྟན་ཏོ། ཤེས་རབ་ཉིད་སྔགས་པའི་རྒྱུལ་གསུམ་ལས། ལྔ་པའི་སྔོན་དུ་འགྲོ་བ་ནི། སྦྱིན་པ་སྦྱིན་པས་ཞེས་པའི་ནས། འཛིན་པ་ཡིན་ཞེས་པའི་བར། སྦྱིན་པ་ཞེས་ཟང་ཟིང་དང་། ཆོས་དང་། མི་འཇིགས་པ་སྐྱབས་ཏེ། སྦྱིན་པ་གསུམ་ཡང༌། བདག་མེད་ཀྱི་ཤེས་རབ་ཀྱི་བྱིན་ན། ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། དྲུག་ལྡན་དུ་ཉམས་སུ་བླང་ངོ་། །དེ་ཡང་འགྲོ་བ་ལ་མ་ཆགས་པར་སྦྱིན་པའི་མ་དག་པས་ཡོངས་སུ་མ་གོས་པའི་ཚུལ་

45 ༄༅། །ཁྲིམས། ཁོང་ཁྲོ་བ་མེད་པའི་བཟོད་པ། མྱུར་དུ་བསྒྲུབ་པའི་བརྩོན་འགྲུས། རྩེ་ཅིག་ཏུ་བསམ་པའི་བསམ་གཏན། དམིགས་པ་མེད་པའི་རང་བཞིན་དུ་བསྔོ་བའི་ཤེས་རབ་སྟེ། འདི་ལ་བྱང་ཆུབ་ སེམས་དཔའ་གང་ཞིག་གིས། དམིགས་ཡུལ་སེམས་ཅན་ཡང་བདེན་མེད་དུ་ཤེས་ལ། སྦྱིན་པ་དངོས་བྱིན་པའི་བསོད་ནམས་ཀྱི་ངོ་བོ་དམིགས་སུ་མེད་པ་ཡིན་ཀྱང༌། བློ་དམན་པའི་སྐྱེས་བུ་དག་གིས་སྦྱིན་པའི་ དངོས་པོ་ལ་ཆགས་པ་མེད་པར་ཡུལ་ནམ་མཁའི་མཐའ་དང་མཉམ་པ་ནས་བློས་བླངས་ལ་བསླབ་བོ། །ཅིའི་ཕྱིར་ཞེ་ན། དམིགས་མེད་ཀྱི་ཆར་གྱུར་ཏེ། དམིགས་ཙམ་ཡོད་ཀྱི་དམན་པའི་ཕྱིར་མ་ཡིན་ནོ། །དེ་ བཞིན་དུ་ཚུལ་ཁྲིམས་དང་བཟོད་པ་དང༌། བརྩོན་འགྲུས་དང་བསམ་གཏན་ཀྱང་ཕ་རོལ་ཏུ་ཕྱིན་པར་བྱེད་པ་ལ་དེ་ལྟ་བུའི་དམིགས་མེད་དེ་སྔོན་དུ་འགྲོ་བ་ཡིན་ནོ། །དེ་སྔོན་དུ་འགྲོ་བས་ཅི་བྱེད་ཞེ་ན། བསོད་ ནམས་དགེ་བའི་ཆོས་མི་དམིགས་པར་བསྔོས་པས་ཆུད་མི་གསོན་པའི་ཕྱིར་ཡོངས་སུ་འཛིན་པ་ཡིན་ནོ། །གཉིས་པ་ལྔའི་མིང་སྦྱིན་པ་ནི། འདི་ནི་ཆོས་རྣམས་ཞེས་པ་ནས། མིང་ཉིད་ཐོབ་པར་འགྱུར་ཞེས་པའི་ བར་གྱིས་དམིགས་མེད་ཀྱི་རྒྱས་བཏབ་ན། དམན་པ་ལྔ་ཡང་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་ཞེས་སྦྱར་རོ། །གསུམ་པ་ལྔའི་ནུས་པ་བསྒྱུར་བ་ཡང་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནས། རོ་ཅིག་

46 འགྱུར་ཞེས་པའི་བར་ལ། རྒྱུ་སྦྱིན་སོགས་དེ་དག་འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར། མི་དམིགས་པར་ཡོངས་སུ་བསྔོ་བ་བྱས་ན། དེ་དག་གི་ནུས་པ་བྱང་ཆུབ་ཞེས་བྱ་བ་དྲུག་པོ་འདི་ཀུན་ ཆོས་ཀྱི་དབྱིངས་སུ་རོ་ཅིག་ཏུ་འགྱུར་རོ། །དེ་རྣམས་ཀྱིས་ཡུམ་མཆོད་པའི་ཕན་ཡོན་སོང་ནས། ཡུམ་སྦྱིན་པའི་ཕན་ཡོན་ལ་གཉིས་ལས། ཡུམ་བཅོས་མ་བསྟན་པའི་ཉེས་དམིགས་བསྟན་པ་ནི། བྱང་ཆུབ་སེམས་ དཔའ་ཞེས་པ་ནས། མི་བྱེད་དོ་ཞེས་པའི་བར་གྱིས། ཡང་བཟློག་པ་བྱང་ཆུབ་སེམས་དཔའ་བློ་ཆུང་བ་འགའ་ཞིག་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཅི་ལྟ་བ་བཞིན་དུ་སྟོན་པ་དང༌། དེ་བཞིན་དུ་ གཟུགས་དང༌། འདུ་ཤེས། ཚོར་བ་དང་སེམས་དཔའ་དང༌། རྣམ་པར་ཤེས་པ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང་བདག་མེད་པར་འཛིན་ཅིང༌། གཞན་ལ་ཡང་དེ་ལྟར་ཡོངས་སུ་སྟོན་པ་ནི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅོས་མ་སྤྱོད་པ་སྟེ། དེ་ཅི་ནས་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཤེས་པའི་མཁས་པ་རྣམས་ནི། དུས་ནམ་དུ་ཡང་ཆོས་རྣམས་འཇིག་པར་མི་བྱེད་དེ་དེ་རང་བཞིན་སྐྱེ་ མེད་དུ་ཤེས་པའི་ཕྱིར་རོ། །གཉིས་པ་ཡང་དག་པའི་ཡུམ་བསྟན་པའི་ཕན་ཡོན་ལའང་གཉིས་ལས། དོན་དགོད་པ་ནི། གང་ལ་གཟུགས་མིན་ཞེས་པ་ནས། ཕྱིན་མཆོག་སྤྱོད་པ་ཡིན་ཞེས་པའི་བར་གྱིས། ཡང་

46 ༄༅། །དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་སྤྱོད་པ་ནི། གཟུགས་རྟག་ཅེས་བྱའམ། མི་རྟག་གོ་ཞེས་བྱ་བ་ལ་སོགས་པར་དམིགས་པ་དེ་མ་ཡིན། དེ་བཞིན་དུ་ཚོར་བ་ལ་མ་ཡིན། འདུ་ཤེས་ སུ་མི་དམིགས་ཤིང༌། རྣམ་པར་ཤེས་པ་ལ་དམིགས་པ་མ་ཡིན་སེམས་དཔའ་མི་དམིགས་ལ། ཉོན་མོངས་འཁོར་བའི་ཆོས་དང་རྣམ་བྱང་མྱ་ངན་ལས་འདས་པའི་ཆོས་ཀུན་གདོད་མ་ནས་སྐྱེ་མེད་སྟོང་པའི་ཚུལ་ དུ་རབ་ཏུ་ཤེས་པ་ལྟར། གཞན་ཡང་སྟོན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །དེ་བསྒྲུབ་པ་ནི་གཉིས་ལས་རྗེས་སུ་འགྲོ་བ་ནི། ལ་ལས་ཞེས་པ་ནས། བྱང་ཆུབ་རེག་ཞེས་པའི་ བ། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བྲིས་ནས། འཆང་ཞིང་དགེ་བའི་བཤེས་གཉེན་ལ་བྱིན་པ་དང༌། འགའ་ཞིག་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ ཁམས་ན་གནས་པའི་སེམས་ཅན་དག་དགྲ་བཅོམ་པར་བརྟུལ་བ་དང་གཉིས་སྔ་མ་བསོད་ནམས་ཆེ་བར་བསྟན་ཏོ། །གཉིས་པ་ལྡོག་པ་ནི། མྱུ་གུ་མེད་པར་ཞེས་པ་ནས། མེད་པར་འགྱུར་ཞེས་པའི་བར། བྱང་ ཆུབ་སེམས་དཔའ་ཤེས་རབ་ཀྱི་དོན་བསྒོམ་པ་མེད་ནས། རྣམ་པར་འདྲེན་པ་སངས་རྒྱས་ནས། ཇི་སྲིད་ཉན་ཐོས་ལ་སོགས་པ་མེད་པར་འགྱུར་ཞེས་པ་མྱུ་གུ་དང༌། ཉི་མ་དང་མ་དྲོས་པའི་དཔེ་དག་གིས་བསྟན་

48 ཏོ༑ ༑ཡིད་རང་བ་དང་བསྔོ་བའི་ཕན་ཡོན་ལ་གཉིས་ཏེ། ཐོག་མར་རྗེས་སུ་ཡིད་རང་བ་བསྟན་པ་ལ་ཡང་གཉིས་ལས། ཡུམ་གྱི་ཡིད་རང་བ་བསོད་ནམས་ཆེ་བ་དཔེས་བསྟན་པ་ནི། འཇིག་རྟེན་ཞེས་པ་ནས། ཆར་མི་ཕོད་ཞེས་པའི་བར། ཉི་མའི་དཀྱིལ་འཁོར་གྱི་དཔེས་ཤེས་རབ་མཆོག་ཏུ་བསྟན་ལ། དཔེ་དང་སྦྱར་ཏེ་སྲིན་བུ་མེ་ཁྱེར་ལྟ་བུའི་ཉན་ཐོས་རྣམས་ཀྱིས་འབད་པ་ཅི་སྙེད་པའང་བྱང་ཆུབ་སེམས་དཔའི་རྗེས་སུ་ ཡིད་རང་བའི་ཆར་མི་ཕོད་དོ། །ཞེས་པས་བསྟན་ཏོ། །གཉིས་པ་དམིགས་པ་རྣམས་ཀྱི་ཁྱད་པར་བསྟན་པ་ནི། འདས་དུས་སྔོན་གྱི་ཞེས་པ་ནས། ཡིད་རང་ཞིང་ཞེས་པའི་བར་ལ། གང་ཞིག་སེམས་བསྐྱེད་པ་ ནས་བཟུང་ནས། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་ཉམས་སུ་བླངས་ཏེ། སངས་རྒྱས་པའི་བར་ལ་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དག །བདག་མེད་ཀྱི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་ དཔའི་རྗེས་སུ་ཡིད་རང་བས་ཐོབ་བོ། །གཉིས་པ་བསྔོ་བ་བསྟན་པ་ལ་ལྔ་ལས། ཇི་ལྟར་བསྔོ་བའི་དོན་ནི་འགྲོ་བའི་དོན་དུ་བྱང་ཆུབ་ཕྱིར་ནི་ཐམས་ཅད་བསྔོ། ཞེས་པས། འགྲོ་བ་ཐམས་ཅད་སྡུག་བསྔལ་ལས་ གྲོལ་བར་བྱ་བའི་དོན་དུ་མི་དམིགས་པར་བསྔོ་བ་ཡིན་ནོ། །གཉིས་པ་ཡང་དག་པའི་བསྔོ་བ་ནི། ཡོངས་བསྔོ་གལ་ཏེ་ཞེས་པ་ནས། བསྔོ་བར་ཆུད་མ་ཡིན་ཞེས་པའི་བར། གོང་ལྟར་དམིགས་མེད་དུ་བསྔོ་བ་དེ་

49 ༄༅། །ལས་བཟློག་ནས། ཡོངས་སུ་བསྔོ་བའི་དུས་ན་བདེན་པའི་འདུ་ཤེས་ཅན་དུ་ཤེས་པ་འབྱུང་ཞིང་དམིགས་པ་དང་བཅས་ནས་འཁོར་གསུམ་ཡོངས་སུ་རྟོགས་པའི་འདུ་ཤེས་ཅན་འདི་དག་ནི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་རྟོགས་ཤིང༌། ལྟ་བའི་གནས་སེམས་ནི་འཁོར་གསུམ་ལ་ཆགས་ཤིང་ཞེན་པ་དང་བཅས་པའོ། །དམིགས་པ་ཡོད་པས་བསྔོ་བའི་ཆོ་ག་བྱས་ཀྱང་དོན་ཡོངས་སུ་བསྔོ་བར་ཆུང་བ་མ་ ཡིན་ཏེ་དམིགས་པ་དང་བཅས་པའི་ཕྱིར་རོ། །གསུམ་པ་ཡང་དག་པའི་བསྔོ་བ་ངོས་བཟུང་བ་ནི། གལ་ཏེ་འདི་ལྟར་ཞེས་པ་ནས། རྒྱལ་བས་གསུངས་ཞེས་པའི་བར་ལ། དེ་ལས་བཟློག་སྟེ་གནས་ཏེ། འདི་ལྟར་ བསྔོ་བྱ་བསྔོ་བྱེད་ཀྱི་ཆོས་འདི་རྣམས་སྐད་ཅིག་མ་ཡིན་པས་དུས་གསུམ་དུ་མི་སྡོད་པར་འགག་ཤིང་ཟད་དེ་མེད་པ་དང༌། བསྔོ་བ་གང་དུ་ཡོངས་སུ་བསྔོ་བའི་བྱང་ཆུབ་དེ་ཡང་ཟད་ཅིང་འགགས་པ་དང༌། བསྔོ་བྱ་ དགེ་བའི་ཆོས་ཀྱིས་ཡང་དག་པར་ན་བསྔོ་བྱེད་ཀྱི་ཆོས་ལ་དུས་ནམ་ཡང་བསྔོ་རྒྱུ་མེད་པས་མི་བསྔོ་བར་ཡོངས་སུ་ཤེས་པར་གྱུར་ནས། དེ་ལྟར་རབ་ཏུ་ཤེས་པས་དེ་ལ་དམིགས་པ་མེད་པར་ཡང་དག་པར་ཡོངས་ སུ་བསྔོས་པ་ཡིན་ནོ། །དེ་ལས་བཟློག་པ་གལ་ཏེ། བསྔོ་བྱ་བསྔོ་བྱེད་དུ་དངོས་པོ་དང༌། མཚན་མར་བྱེད་ན་དགེ་བ་དེ་ནི་བསྔོ་བ་བྱས་པ་མ་ཡིན་ཏེ། ཅི་སྟེ་དེ་བདག་ཏུ་འཛིན་པའི་མཚན་མ་མེད་ན་བྱང་ཆུབ་ཏུ་

50 བསྔོ་བ་བྱས་པ་ཡིན་ནོ། །ཇི་ལྟར་དམིགས་པ་དང་བཅས་པས་བསྔོ་ན། དཔེར་ན་དུག་དང་འདྲེས་པའི་ཁ་ཟས་བཟང་པོ་ཟ་བ་དེ་རྒྱུའི་དུས་ན་རོ་ཞིམ་ཡང༌། ཞུ་བའི་དུས་ན་སྡུག་བསྔལ་སྐྱེད་པ་བཞིན་དུ། དཀར་ པོའི་ཆོས་ལ་དམིགས་ལ་ཁ་ཟས་དུག་ཅན་ཟ་བ་དེ་དང་འདྲ་སྟེ་རྒྱུའི་དུས་ན་དགའ་བ་ཡིན་ཡང་དམིགས་པ་དང་བཅས་པས་འཁོར་བའི་དུ་ཁ་བསྐྱེད་པར་རྒྱལ་བས་གསུངས་སོ། །བཞི་པ་ཡང་དག་པའི་དོན་ལ་ གདམས་པ་ནི། དེ་ལྟ་འདི་ལྟ་ཞེས་པ་ནས། དེ་ལྟར་ཡོངས་སུ་བསྔོ་ཞེས་པའི་བར་ལ། དེ་ལྟ་བས་ན་ཚུལ་དེ་ལྟར་ཡོངས་སུ་བསྔོ་བ་ལ་བསླབ་པར་བྱ་སྟེ། དཔེ་སྔར་ཇི་ལྟར་དུས་གསུམ་གྱི་རྒྱལ་བ་དེ་དག་གིས་ བསྔོ་རྒྱུའི་དགེ་བ་དེའི་རང་བཞིན་མཁྱེན་པའི་རྣམ་པ་སྟེ། ངོ་བོ་གང་ཡིན་པ་དང༌། འབྱུང་གང་སྟེ་རྒྱུའི་ཆོས་དང་མཚན་ཉིད་དེ་མཚོན་པ་དེ་ཡིན་ལ། ཡང་ན་རིམ་པ་ལྟར་ངོ་བོ་རང་བཞིན་མཚན་ཉིད་གསུམ་གྱི་ བསྡུས་པ་དེ་ལ་རྗེས་སུ་ཡིད་རང་བའི་ཚུལ་དེ་ལྟ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། ལྔ་པ་དེའི་ཕན་ཡོན་བསྟན་པ་ནི། དེ་ལྟར་བསོད་ནམས་ཞེས་པ་ནས། ཐམས་ཅད་ཟིལ་གྱིས་གནོན་ཞེས་པའི་བར་ལ། དམིགས་པ་མེད་པའི་ཚུལ་དེ་ལྟར་རྗེས་སུ་ཡིད་རང་བའི་བསོད་ནམས་དེ་དག་བྱང་ཆུབ་ཏུ་མི་དམིགས་པར་ཡོངས་སུ་བསྔོ་བར་བྱེད་ན། དམིགས་པའི་དུག་མེད་དེ་བཀའ་བཞིན་དུ་བསྒྲུབས་པས་སངས་རྒྱས་མི་

51 ༄༅། །སྤོང་བ་དང༌། གཞན་ལ་ཡང་རྒྱལ་བས་གསུངས་པ་ལྟར་སྨྲས་པ་ཡིན་ལ། ཚུལ་དེ་ལྟར་ཡོངས་སུ་བསྔོ་བའི་དཔའ་བོ་དེ་ནི་འཇིག་རྟེན་ན་གང་ཡང་རུང་བ་དམིགས་པ་ཅན་གྱི། བྱང་ཆུབ་སེམས་ པའི་དགེ་བ་ཇི་སྙེད་བསགས་པ་དེ་དག་ཐམས་ཅད་དམིགས་མེད་ཀྱིས་ཟིལ་གྱི་གནོན་པ་ཡིན་ནོ། །དེ་ཡན་ཆོད་ཀྱིས་བསླབ་བྱ་ཤེས་རབ་ངོས་བཟུང་བ་བསྟན་ནས། སྤྱི་དོན་བཞི་པ་དེའི་རང་བཞིན་དུ་རྒྱུ་ལ་ བསྐྱེད་པ་ལ་གསུམ་ལས། གང་གིས་རྟོགས་པའི་རྒྱུ་ལ་ཡང་གསུམ་སྟེ། དངོས་པོ་ཡུམ་ཉིད་ཆོས་ཀྱི་མིག་ཡིན་པ་ནི། དམུ་ལོངས་དམིགས་བུ་མེད་ཞེས་པ་ནས། རྔན་པ་མི་ཐོབ་བཞིན་ཞེས་པའི་བར་ལ། དམུ་ ལོང་གི་དཔེ་བཞིན་དུ་དངོས་གཞི་མི་དམིགས་པའི་ཤེས་རབ་མེད་ན་སངས་རྒྱས་ཀྱི་སར་འགྲོ་བའི་མིག་མེད་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ལ། རྗེས་སུ་འཁྲིད་པའི་དམིགས་བུ་ ཤེས་རབ་མེད་པ་འབྲས་བུ་བྱང་ཆུབ་ལ་རེག་པར་ནུས་པ་མ་ཡིན་ནོ། །གང་ཚེ་དངོས་གཞི་མི་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི། རབ་ཏུ་ཟིན་པར་འགྱུར་བ་དེའི་ཚེ་མིག་སྙེད་པར་འགྱུར་ཞིང་ཕ་ རོལ་ཏུ་ཕྱིན་པའི་མིང་ཡང་ཐོབ་བོ། །དགེ་བ་གཞན་ཚང་ཡང་ཤེས་རབ་ཀྱི་མིག་མེད་ན་འབྲས་བུ་མི་ཐོབ་པའི་དཔེ་ནི། དཔེར་ན་རི་མོའི་ལས་ནི་ཡོངས་སུ་ཟིན་ཀྱང་མིག་འབྲས་མེད་པ་དཔེ་ནི། ཇི་སྲིད་དུ་མིག་

52 འབྲས་མ་ཐོབ་ཀྱི་བར་དུ་ལྷ་བཟོ་བས་རྔན་པ་མི་ཐོབ་པ་བཞིན་ནོ། །གཉིས་པ་རྣམ་དཔྱོད་ཀྱི་རིག་པ་ཡིན་པར་བསྟན་པ་ནི། གང་ཚེ་འདུ་བྱས་ཞེས་པ་ནས། སྤྱོད་པ་ཡིན་ཞེས་པའི་བར་ལ། འོ་ན་ཤེས་རབ་དེའི་ རང་བཞིན་གང་ཞེ་ན་གང་ཚེ་འདུ་བྱས་འཁོར་བ་དང་འདུས་མ་བྱས་མྱ་ངན་ལས་འདས་པ་དང༌། དཀར་པོ་དགེ་བ་དང་ནག་པོ་མི་དགེ་བའི་ཆོས་ཐམས་ཅད་མཐར་ཐུག་དཔྱོད་པའི་བློ་ཤེས་རབ་ཀྱིས་རྣམ་པར་ བཤིག་ནས་བཙལ་ན་རྡུལ་ཕྲ་རབ་ཙམ་མི་དམིགས་པ་དེའི་ཚེ། དོན་དམ་ཅི་ཡང་མ་གྲུབ་པར་རྟོགས་པས་འཇིག་རྟེན་དག་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ལྟར་བློ་ཡུལ་ཅི་ལ་ ཡང་མི་གནས་པའི་དཔེ་ནམ་མཁའ་གང་ལ་ཡང་མི་གནས་པར་ཅུང་ཟད་དེ་དང་འདྲའོ། །གལ་ཏེ། དེ་ལས་གཞན་དུ་ན་བདག་ནི་རྒྱལ་བ་རྣམས་ཀྱིས་རྟོགས་ནས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱད་པར་བྱ་ཞིང་། སེམས་ཅན་སྡུག་བསྔལ་ལ་རེག་ཅིང་ཉམས་ཐག་པ་བྱེ་བ་ཁྲག་ཁྲིག་མང་པོ་གྲོལ་བར་སེམས་དཔའ་དེ་བདག་དང་སེམས་ཅན་ཐ་དད་དུའདུ་ཤེས་ཤིང་བདེན་པར་ཡོངས་སུ་རྟོག་པའི་བྱང་ ཆུབ་སེམས་དཔས་ཏེ། འདི་ནི་དམིགས་པ་དང་བཅས་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་མ་ཡིན་ནོ། །གསུམ་པ་སྦྱངས་པའི་དད་པ་ཡིན་པ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། གྱུར་

53 ༄༅། །ན་མི་རུང་ངོ་ཞེས་པའི་བར་གྱིས། རྒྱུ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་སྔོན་ཆད་བྱང་ཆུབ་ཀྱི་སེམས་སྤྱད་པར་སྤྱོད་པའི་ཚེ་ན། ལམ་ཕ་རོལ་ཏུ་སྤྱད་པ་སྤྱོད་པ་ལ་མཁས་ཤིང་རྟོགས་པ་ལ་ སོམ་ཉི་མེད་པ་ལ། ཚེ་འདིར་ཡང་ཕ་རོལ་ཏུ་ཕྱིན་པ་ཐོས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་དེ་ནི་བདག་གི་སྟོན་པ་ཡིན་ནོ་སྙམ་པའི་འདུ་ཤེས་བསྐྱེད་ལ། འབྲས་བུ་དེས་ནི་བྱང་ཆུབ་ཞི་བར་མྱུར་དུ་རྟོགས་པར་ འགྱུར་རོ། །དེ་ལས་བཟློག་པ་སྔོན་སྤྱད་པ་སྤྱོད་པའི་ཚེ་ན། སངས་རྒྱས་བྱེད་བ་ཁྲག་ཁྲིག་ལ་བསྙེན་བཀུར་གྱི་དགེ་བ་བྱས་ཀྱང༌། ངོ་བོ་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་དད་པས་མ་ཉན་ན། ཚེ་འདིར་འཆད་པ་ལ་ཉན་པས་ཐོས་ནས་བློ་ཆུང་དེ་ཡིས་མ་དད་པ་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ། །ཞེས་སྤོང་བར་བྱེད་དེ། སྤངས་ནས་གཉེན་པོ་གཞན་གྱི་སྐབས་མེད་པར་གྱུར་པ་དེ་ནི་འབྲས་བུ་ མནར་མེད་པའི་དམྱལ་བར་འགྲོའོ། །དོན་བསྡུ་བ་དེ་ལྟར་བས་ན་གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་མཆོག་ལ་རེག་ཅིང་ཐོབ་པར་འདོད་ན་རྒྱལ་བའི་ཡུམ་འདིར་དད་པར་གྱིས་ཤིག །འདི་ལ་དད་པར་མ་བྱས་ན་ དཔེ་ཅི་དང་འདྲ་ན། དཔེར་ན་ཚོང་པ་རིན་ཆེན་གླིང་དུ་སོང་ནས་ནོར་བུ་མ་རྙེད་པར་སླར་ལོག་པ་ལྟ་བུའོ། །གང་རྟོགས་པར་བྱ་བའི་རང་བཞིན་ལ་གཉིས་ལས། རྟོགས་བྱ་ཡུམ་གྱི་རང་བཞིན་ནི། གཟུགས་ཀྱི་

54 དག་པ་ཞེས་པ་ནས། དབྱེར་མེད་སྤྱད་དུ་མེད་ཞེས་བར་ལ། ཤེས་རབ་ཀྱི་ཡུལ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་སྟེ། ཡུལ་ནི་གཟུགས་ཀྱི་དག་པ་སྐྱེས་བུ་ཟུང་བཞི་འབྲས་བུ་དག་དང་རིག་པར་བྱའོ། །དེ་ ལྟར་འབྲས་བུ་བཞི་དག་དཔེ་དང་ཆོས་ཅན་གཟུགས་དག་པ་དང༌། ཐེག་ཆེན་གྱི་འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་དག་ཉེད་དག་པར་གསུངས་ལ། དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་དག་པ་དང༌། འབྲས་བུ་བཞི་དག་ པ་དང་ཆོས་ཅན་གཟུགས་དག་པ་གསུམ་པོ་ལ་ཐ་དད་མེད་པའི་དཔེ། ནམ་མཁའི་ཁམས་དང་མཚུངས་ཏེ་དངོས་པོ་ལ་དབྱེར་མེད་ཅིང་བློས་ཀྱང་ཐ་དད་དུ་སྤྱད་དུ་མེད་དོ། །དེ་ཡན་ཆོད་ཀྱི་ལམ་ཤེས་བཤད་ ནས༑ སྐབས་གསུམ་པ་ཀུན་ཤེས་པའི་གཞི་ཞེས་པའི་ངོ་བོ་ནི། གཞི་ལམ་དུ་བརྟེན་དུ་གྱུར་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་རྣམས་མི་དམིགས་པར་རྟོགས་པ་ཡིན་ཏེ། སྒྲོ་འདོགས་སྐྱེ་བའི་གཞི་དང༌། སྒྲོ་འདོགས་གཅད་པའི་གཞི་ཡིན་པས་གཞི་ཞེས་བྱ། དེ་བདག་མེད་གཉིས་ཅི་རིགས་པར་རྟོགས་པས་གཞི་རྩ་ཆོད་པའི་ཕྱིར་གཞི་ཤེས་ཡིན་ནོ། །འདི་ལ་གཉིས་ལས་གོལ་ས་མི་མཐུན་ཕྱོགས་ཉན་རང་གི་གཞི་ ཤེས་ཡིན་ལ། དེ་གཉེན་པོ་ཐེག་ཆེན་གྱི་གཞི་ཤེས་ཡིས་མཚོན་ནས་བསྟན་པས་ཐེག་དམན་གྱི་གོལ་ས་བཅད་པའི་ཚུལ་གྱིས་ཉམས་སུ་ལེན་པའོ། །འདི་ལ་མཚོན་བྱེད་ཀྱི་ཆོས་དགུ་ཡོད་དེ། དེ་ཡང༌། །ཤེས་པ་

55 ༄༅། །སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །མི་མཐུན་གཉེན་པོ་ཕྱོགས་དག་དང༌། །སྦྱོར་དང་དེའི་མཉམ་ཉིད་དང༌། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ ཉིད་དུ་འདོད། །ཞེས་པས་སྐབས་ཕྲན་གྱིས་ཕྱེད་བ་འདི་དག་ཀྱང་ཞོར་ལ་ཚང་བ་ཡིན་ཏེ། རྒྱས་པར་གཞན་དུ་ཤེས་སོ། །གཉིས་པ་རྟོགས་བྱའི་དེའི་བློའི་རང་བཞིན་ལ་ཡང་གཉིས་ལས། སྲིད་ཞིའི་མཐའ་ལ་མི་ གནས་པ་ནི། དཔའ་བོ་གར་སྤྱོད་པ་ནས། རྣམ་པར་རྒྱུ་ཞེས་པའི་བར་གྱིས། དེ་ཡང་དཔའ་བོ་བྱང་ཆུབ་སེམས་དཔའ་གར་ལྟར་ཐབས་སྣ་ཚོགས་ཀྱིས་སྤྱོད་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐུ་ཡིས། ཁམས་གསུམ་གྱི་རྒྱུ་ཉོན་མོངས་པ་གཉིས་ལས་ཡང་དག་པར་འདས་ལ་ཉན་ཐོས་ཞི་བ་ཕྱོགས་ཅིག་པ་ལྟར་དུ་རྣམ་པར་གྲོལ་བའང་མིན། མ་རིག་པ་དང་ལྟ་བའི་ཉོན་མོངས་པ་བཙལ་བར་གྱུར་ཀྱང་འདོད་པ་ དང་སྲེད་པའི་ཟག་པ་ཙམ་ཡང་མ་སྤངས་པར་ཐབས་མཁས་ཀྱི་སྐྱེ་བ་ལྟར་སྟོན་པར་བྱེད་ཅིང༌། དཔེ་དེ་བཞིན་དུ་རྒས་པ་དང་ན་བ་དང་འཆི་བ་མེད་ཀྱང་གདུལ་བྱའི་བློ་ངོར་འཆི་འཕོ་ལ་སོགས་ཡོད་པ་ལྟར་སྟོན། དེ་ལྟ་བུའི་ཤེས་རབ་མེད་པའི་འགྲོ་བ་འདི་དག་མིང་གཞིའི་ཕུང་པོ་སྟེ། ཚོར་བ་དང་འདུ་ཤེས་འདུ་བྱེད་རྣམ་ཤེས་བཞི་དང་གཟུགས་ཀྱི་ཕུང་པོ་སྟེ། ཕུང་པོ་ལྔའི་འདམ་ལྟར་ཐོན་དཀའ་བ་དེ་དག་ལ་ཆགས་ཤིང་།

56 དཔེ་རླུང་གིས་བསྐྱོད་པའི་ཟོ་ཆུ་ཁྱུད་མོའི་འཁོར་ལོ་ལྟ་བུའི་དོན་འཁོར་བའི་འཁོར་ལོ་ཁམས་གསུམ་དང་རིགས་དྲུག་ཏུ་ཡང་དང་ཡང་དུ་འཁྱམ། འགྲོ་བ་ལམ་ལ་འཁྲུལ་པ་རྣམས་དཔེ་རི་དྭགས་རྒྱར་ཆུད་པ་དེ་ མི་ཐར་བ་དེ་དང་འདྲ་བར་ཆུ་བོ་བཞིའི་རྒྱར་ཆུད་པས་འཁོར་བ་ལས་མི་ཐར་བར་ཤེས་ནས། མི་དམིགས་པར་ཤེས་པའི་ཤེས་རབ་དང་ལྡན་པ་དེ་ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ་གང་ལ་ཡང་མ་ཞེན་ཅིང་ མི་བརྟེན་པར་རྣམ་པར་རྒྱུས་སོ། །གཉིས་པ་གནས་པའི་མཐའ་འགག་པ་ནི། སྤྱོད་པ་ཡོངས་དག་ཞེས་པ་ནས། ཆགས་པ་མེད་པར་གྲོལ་ཞེས་པའི་བར་ལ། བྱང་ཆུབ་སེམས་དཔའ་སྤྱོད་པ་ཡོངས་སུ་དག་པ་ གང་ལ་ལ་ཞིག་ཡུལ་གཟུགས་ལ་ཞེན་པས་མི་སྤྱོད་ཅིང༌། དེ་བཞིན་དུ་རྣམ་ཤེས་དང་འདུ་ཤེས་ཚོར་བ་དང༌། སེམས་པ་ལ་ཞེན་པའི་སྒོ་ནས་མི་སྤྱོད་ན། མ་ཞེན་པ་དེ་ལྟར་སྤྱོད་པ་དེ་ཆགས་པ་དང་སྡང་བ་ཐམས་ ཅད་ཡོངས་སུ་སྤོང་ཞིང༌། ཆགས་ཤིང་ཞེན་པ་ལས་བློ་རྣམ་པར་གྲོལ་བ་དེ་བདེ་བར་གཤེགས་པ་རྣམས་ཀྱིས་ཤེས་རབ་ལ་སྤྱོད་པ་ཡིན་ལ། དེ་ལྟར་ཕུང་པོ་ལྔ་ལ་སྣང་བདེན་དུ་མ་ཞེན་པའི་སྒོ་ནས་སྤྱོད་པའི་བྱང་ ཆུབ་སེམས་དཔའ་དེ་སྦྱངས་འཕྲོ་ཡོད་པས་མཁས། དོན་རྟོགས་པས་གསལ་བ་དེ་རང་རྒྱུད་ཀྱིས་ཆགས་ཤིང་ཞེན་པ་བཅད་ནས་འགྲོ་བ་ཁམས་གསུམ་ལའང་ཆགས་ཤིང་ཞེན་པ་མེད་པར་སངས་རྒྱས་ཀྱི་སར་

57 ༄༅། །འགྲོ་བའོ། །ཇི་ལྟར་རྟོགས་པའི་རྣམ་པ་ནི། ཉི་མ་སྒྲ་གཅན་གཟའ་བྲལ་ཞེས་པ་ནས། ཕྱིན་མཆོག་སྤྱོད་པ་ཡིན་ཞེས་པའི་བར་ལ། མ་རིག་པའི་མུན་པ་སེལ་ཞིང་དངོས་འཛིན་བསྲེགས་པའི་དཔེ་ ནི༑ དཔེར་ན་ཉི་མ་སྒྲ་གཅན་འཛིན་གྱི་གཟའ་དང་བྲལ་བ་དེ་མུན་པ་ལྟས་ནས་འོད་ལྷ་ངེ་འདུག་པ་དང་། མེ་བཏང་བས་བསྲེག་པའི་དངོས་པོ་རྩ་དང་ཤིང་དང་ནགས་ཚལ་ལ་སོགས་པ་བསྲེགས་པ་བཞིན་དུ། ཀུན་ནས་ཉོན་མོངས་པ་དང་གཉེན་པོ་རྣམ་བྱང་གི་ཆོས་རྣམས་ཐམས་ཅད་རང་བཞིན་གྱིས་དག་ཀྱང་བློས་ཀྱང་ཡོངས་སུ་དག་པར་བྱང་ཆུབ་སེམས་དཔའ་དེས་ལམ་མི་དམིགས་པར་ཤེས་པའི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བལྟས་པས་བྱེད་པ་ལ་བྱང་ཆུབ་སེམས་དཔའ་མི་དམིགས་ལ་ལྟ་བྱ་དང་ལྟ་ཚུལ་གྱི་ཆོས་ཀུན་ཀྱང་མི་དམིགས་ཏེ། དེ་ལྟར་འཁོར་གསུམ་མི་དམིགས་པར་ཤེས་པ་འདི་ནི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་ལྟ་བའི་དོན་མཁྱེན་པ་གསུམ་པོ་འབྲིང་དུ་བསྟན་པ་སོང་ནས། ད་རྒྱས་པར་བཤད་པ་ལ་རྣམ་གྲངས་ལྔ་ལས། སྦྱོར་བ་འཇུག་པ་ནས་གཟུང་ ནས་བསླབ་པའི་རིམ་པ་ལ་ཡང་ལྔ་ལས། དྲི་བ་སྔོན་དུ་འགྲོ་བས་ཤེས་རབ་ལ་སྦྱོར་བ་ནི། མཁྱེན་པ་གསུམ་གྱི་དོན་ཉམས་སུ་ལེན་པའི་ཐབས་ལ་བསྒོམ་པའི་དོན་མཉམ་བཞག་གཙོ་ཆེར་སྟོན་པའི་རྣམ་ཀུན་རྩེ་

58 མོ་གཉིས་ལས། སྐབས་བཞི་པའི་དོན་རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བའི་ངོ་བོ་ནི། ཆོས་སྐུའི་རྒྱུ་བཞི་ལམ་རྣམ་གསུམ་དམིགས་པར་བསྡུས་ནས་བསྒོམས་པས་མཁྱེན་གསུམ་གྱི་རྟོགས་པ་འབད་རྩོལ་གྱི་ དབང་དུ་བྱེད་པའོ། །སྦྱོར་བཞི་རང་གི་ངོ་བོའི་སྒོ་ནས་བསྟན་པས་མཚོན་ནས་བསྟན་མི་དགོས། འདི་ལ་དབྱེ་བ་བཅུ་གཅིག་གིས་བསྟན་ལ། གཞན་ཡང་སྐབས་ཕྲན་འདི་དག་གིས་ཀྱང་བསྟན་ཏེ། རྣམ་པ་སྦྱོར་ བར་བཅས་རྣམས་དང༌། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང༌། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང༌། །ཞིང་དག་བླ་ན་མེད་པ་དང༌། །རྣམ་ ཀུན་མངོན་རྫོགས་རྟོགས་པ་དང༌། །འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས་པས་མཚམས་ཕྱེ་བ་མེད་ཀྱང་ཤུགས་ཀྱི་ཚང་ངོ་། །དེ་ལ་རྒྱལ་བ་ལ་ནི་ཞེས་པ་ནས། སེམས་དཔའ་བརྩོན་ཞེས་པའི་བར་ལ། རྒྱལ་བ་ཤཱཀྱ་ཐུབ་པ་ལ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞུས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་འདོད་པ་དེས་ཇི་ལྟར་བརྩོན། མི་ སྦྱོར་བའི་སྦྱོར་གཞི་ཇི་ལྟར་བསླབ་པར་བགྱི། ཞེས་ཞུས་པས་དེའི་ལན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་གང་ལ་ཡང་རྡུལ་ཙམ་ཡང་བརྩོན་པར་མི་བྱེད་ཅིང༌། ཕུང་པོ་ལ་སོགས་པ་མི་

59 ༄༅། །བརྩོན་པར་དེ་ནི་བྱང་ཆུབ་སེམས་པའི་བརྩོན་པ་ཡིན་ནོ། །གཉིས་པ་སྦྱོར་བ་ལ་ལེགས་པར་གནས་པའི་ཡོན་ཏན་ལ་གསུམ་ལས། སྦྱོར་བ་དེའི་སྔོན་དུ་འགྲོ་བའི་རྒྱུ་ཡོན་ཏན་ནི། གང་ཞིག་ཆོས་ འདི་ཞེས་པ་ནས། ལྷག་བཅས་ཡིན་ཞེས་པའི་བར་ལ། གང་ཟག་གང་ལ་ལ་ཞིག་ཉོན་མོངས་འཁོར་བའི་ཆོས་དང་རྣམ་བྱང་མྱ་ངན་ལས་འདས་པའི་ཆོས་འདི་རྣམས་ཐམས་ཅད་སྤྲུལ་པ་དང་སྒྱུ་མ་འདྲ་བར་སྣང་ ཡང་བདེན་པ་མེད་པར་ཤེས་ཤིང༌། དེ་ལ་དེ་ལྟར་མ་ཡིན་ཞིང་བསླབ་མི་དགོས་སྙམ་པའི་སོམ་ཉི་མེད་ཅིང་དེ་ལྟར་སློབ་པ་ལ་ཕྱིར་ཞིང་སྦྱོར་བར་བྱེད་པ་སེམས་ཅན་དེ་ནི་སྔོན་འབྱུང་གི་དུས་རིང་མོ་ཞིག་ནས་ ཐེག་ཆེན་གྱི་ལམ་འདི་ལ་ཞུགས་ཟིན་པར་རིག་པར་བྱ་ཞིང་། སྔོན་ཡང་ཡུལ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་རྣམས་ལ་ལྷག་པར་བསྙེན་བཀུར་བྱས་པ་ཡིན་ནོ། །འབྲས་བུ་བྱང་ ཆུབ་ལ་ཉེ་བའི་ཡོན་ཏན་ལ་བཞི་ལས། གནག་རྫིའི་དཔེ་བསྟན་པ་ནི། དགོན་པའི་ལམ་ནི་ཞེས་པ་ནས། ས་ལ་མིན་ཞེས་པའི་བར་ལ། གནག་རྫིའི་དཔེ་དེ་བཞིན་དུ་བྱང་ཆུབ་ཡོངས་སུ་ཚོལ་བ་ལ་ཞུགས་པའི་ ཚེ་རྒྱལ་བ་རྣམས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པ་ལ་སོགས་པ་གང་ཐོབ་པ་དེ་ནི་ངན་འགྲོའི་འཇིགས་པ་ལས་དབུགས་ཕྱིན་པ་ཐོབ་པར་གྱུར་ཅིང་ཉན་རང་དུ་ལྷུང་གིས་དོགས་པའི་འཇིགས་པ་

60 མེད་དོ། །ཉན་ཐོས་དགྲ་བཅོམ་པའི་ས་ལ་སློབ་པ་མ་ཡིན་ཞིང་རྐྱེན་རྟོགས་རང་སངས་རྒྱས་ཀྱི་ས་ལ་སློབ་པ་མ་ཡིན་ནོ། །གཉིས་པ་རྒྱ་མཚོའི་དཔེ་བསྟན་པ་ནི། མི་ཞིག་རྒྱ་མཚོ་ཞེས་པ་ནས། བདག་རེག་འགྱུར་ ཞེས་པའི་བར་ལ། རྒྱ་མཚོའི་དཔེ་དེ་ལྟར་བྱང་ཆུབ་དམ་པར་བསྒྲུབ་པའི་ལམ་ལ་རབ་ཏུ་ཞུགས་ཏེ་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འདི་ཉིད་ཡིན་པར་རིག་པར་བྱས་ལ། དེ་ནི་རྣམ་ པར་འདྲེན་པས་བྱང་ཆུབ་ཏུ་ལུང་བསྟན་པར་མ་གྱུར་ཀྱང༌། འདི་ནས་བཤད་པ་དང་བདག་གི་བློ་འཐུན་པར་འདུག་པས། དེ་ཡང་སངས་རྒྱས་ཀྱི་བྱང་ཆུབ་དེ་དུས་རིང་པོ་མི་ཐོགས་པར་བདག་གིས་རེག་ཅིང་ ཐོབ་པར་འགྱུར་རོ་སྙམ་དུ་བལྟའོ། །གསུམ་པ་སྟོང་པའི་དཔེ་ནི། དཔྱིད་དུས་བཟང་ལ་ཞེས་པ་ནས། བྱང་ཆུབ་འཐོབ་པའི་བར་ལ། སྡོང་པོའི་དཔེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འདི་གང་ ཟག་སུའི་ལག་ཏུ་ཐོབ་ཅིང་ཐོས་པ་ལ་སོགས་བྱས་པས་དུས་རིང་པོར་མི་ཐོགས་པར་འདྲེན་པ་རྣམས་ཀྱིས་བྱང་ཆུབ་འཐོབ་བོ། །བཞི་པ་སྦྲུམ་མའི་དཔེ་བསྟན་པ་ནི། དཔེར་ན་བུད་མེད་ཞེས་པ་ནས། བྱང་ཆུབ་ རེག་ཞེས་པའི་བར་ལ། སྦྲུམ་མའི་དཔེ་དེ་བཞིན་དུ་བྱང་ཆུབ་སེམས་པ་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་འདི་ཉན་ཅིང་ཐོས་པས་ཆོས་ལ་དགའ་བ་དང་འབྲས་བུ་ལ་འདུན་པ་བསྐྱེད་པས་མྱུར་དུ་བྱང་

61 ༄༅། །ཆུབ་ལ་རེག་པར་འགྱུར་རོ། །ངོ་བོའི་ཕན་ཡོན་ལ་གསུམ་ལས། འཕེལ་འགྲིབ་མེད་པར་བསྟན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས། འགྲིབ་མི་མཐོང་ཞེས་པའི་བར་ལ། ཡུམ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པའི་ཚེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་རྣལ་འབྱོར་པ་དེས་ཡུལ་གཟུགས་ཀྱི་དེ་བཞིན་ཉིད་ལ་མང་དུ་འཕེལ་བ་དང་ནི་ཉུང་ངུ་ཡོངས་སུ་འགྲིབ་པ་ མི་མཐོང་སྟེ་ངོ་བོ་དང་ཡོངས་སུ་བྲལ་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་མི་མཐོང་བར་བསྟན་པ་ནི། གང་ཞིག་ཞེས་པ་ནས། ཤེས་རབ་གནས་པའི་བར་ལ། སྔར་གང་ཞིག་ཆོས་ཡིན་པ་དང༌། ཆོས་མིན་པ་དང་ ཆོས་དེ་དག་གི་དབྱིངས་སྟོང་པ་ཉིད་མི་མཐོང་ཞིང༌། རྟོགས་ཀྱང་མྱ་ངན་ལས་འདས་ལ་མི་རེག་པ་བྱང་ཆུབ་སེམས་དཔའ་དེ་ནི་བློ་ཤེས་རབ་ལའང་གནས་པ་ཡིན་ནོ། །གསུམ་པ་རྣམ་པར་མི་རྟོག་པ་བསྟན་པ་ ནི༑ གང་ཞིག་འདིར་སྤྱོད་ཞེས་པ་ནས། ཕྱིན་མཆོག་སྤྱོད་པ་ཡིན་ཞེས་པའི་བར་ལ། བྱང་ཆུབ་སེམས་དཔའ་ཡུམ་འདིར་སྤྱོད་པ་དེ་ལ་སྤྱད་པས་སངས་རྒྱས་ཀྱི་ཆོས་རྣམས་ལ་བླང་བྱར་འཛིན་པའི་ཚུལ་གྱིས་མི་ རྟོག་སྟེ། ཆོས་གང་ཞེ་ན་སྟོབས་བཅུ་དང་རྫུ་འཕྲུལ་གྱི་རྐང་པ་བཞི་དང་འབྲས་བུ་བྱང་ཆུབ་ཞི་བ་ཆོས་སྐུར་མི་རྟོག །ངོ་བོ་ཉིད་དུ་མི་རྟོག་ཁྱད་པར་དུ་རྟོག་བྲལ་ཉིད་དུ་སངས་རྒྱས་ཀྱིས་བྱིན་གྱི་བརླབས་ཀྱིས་

62 སྤྱོད་པ། འདི་ནི་ཡུམ་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། སྦྱོར་བ་ལ་བར་དུ་གཅོད་པའི་སྐྱོན་ལ་གསུམ་ལས། དང་པོར་དྲི་བའི་སྒོ་ནས་མདོར་བསྟན་པ་ནི། སྨྲ་བའི་ཟླ་བ་ཞེས་པ་ནས། ཡོངས་སུ་བརྗོད་ཞེས་པའི་བར་ལ། སྨྲ་བའི་ཟླ་བ་རྣམས་ཀྱི་ནང་ནས་ཟླ་བ་སངས་རྒྱས་ལ་ནི་གནས་བརྟན་རབ་འབྱོར་གྱིས་ཞུས་པ། རབ་འབྱོར་གྱི་གསོལ་པ་བཅོམ་ལྡན་འདས་ཡོན་ཏན་གྱི་རང་བཞིན་གྱི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགའ་བ་རྣམས་དེ་ལ་ཉམས་སུ་ལེན་པར་བྱེད་པ་ལ་སྐྱོན་བདུད་ཀྱི་ལས་ཀྱི་བར་དུ་གཅོད་པ་གང་ལགས་ཞེས་ཞུས་པའི་ལན། སྟོན་པ་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་ལན་ བཀའ་བསྩལ་པ། སྤྱིར་བར་དུ་གཅོད་པ་འགྱུར་བ་མང་སྟེ། འོན་ཀྱང་དེ་ལས་སྐབས་འདིར་རེ་ཤིག་ཅུང་ཟད་ཙམ་ཞིག་བརྗོད་པར་བྱའོ། །གཉིས་པ་རྣམ་པའི་དབྱེ་བ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ ཡུལ་གྱི་སྦྱོར་བ་ལས་ཉམས་པ་ནི། རྒྱལ་བའི་ཤེས་རབ་ཞེས་པ་ནས། བདུད་ཀྱི་ལས་ཞེས་པའི་བར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། སྦྱོར་བའི་གཞི་ཉམས་པར་འགྱུར་རོ་ཞེས་སྦྱར་རོ། །གཉིས་པ་ ཐམས་ཅད་མཁྱེན་པའི་ལམ་གཞན་འཚོལ་བ་ནི། དེ་ལྟར་མི་ཤེས་པ་ནས། ཚོལ་བྱེད་དེ་བཞིན་ནོ་ཞེས་པའི་བར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་བོར་ཏེ། ལམ་གོལ་བ་ཚོལ་བ་ནི། གླང་པོ་ཆེ་དང་

63 ༄༅། །ཟས་མཆོག་དམན་གྱི་དཔེ་དང་སྦྱར་ཏེ་ཤེས་པར་བྱའོ། །གསུམ་པ་བསྙེན་བཀུར་གྱི་རོ་མྱང་བ་ནི། སྟི་སྟང་འདོད་པར་ཞེས་པ་ནས། བདུད་ཀྱི་ལས་ཞེས་པའི་བར་གྱིས། གང་ཟག་འགའ་ཞིག་ བཟའ་བཏུང་ལ་སོགས་པ་དོན་དུ་གཉེར་བས་བདུད་ཀྱི་ལས་སུ་འགྱུར་བར་བསྟན་ཏོ། །བཞི་པ་འཆད་ཉན་གྱི་གེགས་སུ་འགྱུར་བ་ནི། གང་དག་དེའི་ཚེ་ན་ཞེས་པ་ནས། འབྱུང་བར་འགྱུར་ཞེས་པའི་བར་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དཀོན་པར་བསྟན་ཏོ། །བར་ཆད་མང་བའི་རྒྱུ་བསྟན་པ་ནི། དེ་ཚེ་གང་དག་གིས་ནི་ཞེས་པ་ནས། སྤྲོ་བར་འགྱུར་ཞེས་པའི་བར་གྱིས། དགེ་སློང་དག་རྒྱུད་མ་རུངས་པར་ བྱས་པ་ལ་བརྟེན་ནས་ཆོས་སྤོང་བར་འགྱུར་ཞེས་བསྟན་ཏོ། །བར་ཆད་བྱུང་ཡང་མི་ཚུགས་པའི་རྒྱུ་བསྟན་པ་ལ་གཉིས་ལས། ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྲུང་བ་ནི་ཕྱོགས་བཅུའི་སངས་རྒྱས་དེ་དག་ཡོངས་ སུ་འཛིན་ལ་སྦྱོར་ཞེས་པ་ནི། ཡང་གནོད་པ་དེ་ལས་གོ་བཟློག་པ་ནི་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དེ་དག་གང་ཟག་དེ་ལམ་ཡོངས་སུ་འཛིན་པ་ལ་སྦྱོར་བའི། འབུམ་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཉམས་སུ་ལེན་པ་དེ་ལ་བདུད་ཀྱིས་གླགས་བལྟས་ཀྱང་གླགས་རྙེད་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་དེ་ལ་བསྲུང་བ་དང་བསྐྱོབ་པ་དང་སྦ་བར་མཛད་པའི་ཕྱིར་

64 རོ་ཞེས་གསུངས་སོ། །གཉིས་པ་དེ་བསྲུང་བའི་རྒྱུ་མཚན་བསྟན་པ་ལ་གསུམ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སངས་རྒྱས་ཀུན་གྱི་ཡུམ་ཡིན་པ་ལ་ཡང་ལྔ་ལས་དོན་དགོད་པ་ནི། མ་ཞིག་ན་བར་གྱུར་ན་ཞེས་ པ་ནས། དགོངས་པ་མཛད་ཞེས་པའི་བར་ལ། བསྲུང་བའི་འཐད་པ་དཔེས་བསྟན་པ་ནི། དཔེར་ན་མ་ཞིག་ན་བར་གྱུར་པ་ན། བུ་ནི་མང་པོ་ཡོད་པ་ལ། བུ་དེ་ཀུན་མ་ན་བར་གྱུར་པ་ན་བདག་ཅག་གི་མ་འདི་ དྲིན་ཆེ་བས་ཡིད་མི་བདེ་ཞིང་ཅི་ནས་ཀྱང་ཉེས་པར་མི་འགྱུར་བར་བྱ་བའི་ཕྱིར་མ་དེ་ལ་རིམ་གྲོ་བྱེད་ལ། དཔེ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རྣམས་ཀྱང༌། རང་གི་ཡུམ་དུ་གྱུར་ པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དམ་པ་འདི་ལ་དགོངས་པ་མཛད་པས། དེ་ཉམས་སུ་ལེན་པ་དེ་ལ་བསྲུང་བ་དང་བསྐྱོབ་པ་མཛད་དོ། །གཉིས་པ་དུས་གསུམ་གྱི་རྒྱལ་བ་བསྐྱེད་པ་ནི། གང་དག་འདས་དང་ ཞེས་པ་ནས། འདི་ལ་འབྱུང་ཞེས་པའི་བར་ལ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་ཞེས་ན་སངས་རྒྱས་གང་དག་སྔར་འདས་པ་དང་ད་ལྟར་ཕྱོགས་བཅུན་བཞུགས་པའི་འཇིག་རྟེན་གྱི་མགོན་པོ་གང་ དག་དང༌། གང་དག་མ་འོངས་པའི་དུས་ན་འབྱུར་བར་འགྱུར་བའི་སངས་རྒྱས་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉམས་སུ་བླངས་བ་ལས་འབྱུང་བའི་ཕྱིར་རོ། །གསུམ་པ་དེ་ལ་འཇིག་རྟེན་

65 ༄༅། །པ་ནི། འཇིག་རྟེན་སྟོན་པ་ཞེས་པ་ནས། གཤེགས་པ་མཁྱེན་ཤེས་པའི་བར་ལ། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས། འཇིག་རྟེན་གྱི་རང་བཞིན་ཇི་ལྟར་སྟོན་པ་སངས་རྒྱས་པས་ན་རྒྱལ་ བ་རྣམས་ཞེས་བྱའོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱི་བག་ལ་ཉལ་དང་སེམས་ཅན་ཉིད་ཀྱི་སྤྱོད་པ་ཡང་སྟོན་པར་བྱེད་དོ། །ཆོས་ཉིད་ཇི་ལྟར་བ་སྟོན་པ་ནི་འཇིག་རྟེན་རྣམས་ཀྱི་དེ་བཞིན་ཉིད་དང་འཕགས་པ་ དགྲ་བཅོམ་པའི་དེ་བཞིན་ཉིད་དང༌། རང་རྒྱལ་བའི་དེ་བཞིན་ཉིད་དང་རྒྱལ་སྲས་བྱང་ཆུབ་སེམས་པའི་དེ་བཞིན་ཉིད་དོ། །དེ་ཐམས་ཅད་རང་བཞིན་ཅིག་པ་ཉིད་དེ། གང་དུ་ཅིག་ན་དངོས་པོ་དང་བྲལ་ལ་ གཞན་མིན་པའི་དེ་བཞིན་ཉིད་ལ་སོགས་པའི་ཟབ་མོ་བརྒྱད་པོ་དེ་དག་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པ་དེ་བཞིན་གཤེགས་པ་ཇི་ལྟར་ཡིན་པ་ལྟར་མཁྱེན་ཏོ། །བཞི་པ་དེའི་མཚན་འདོག་པ་ནི། མཁས་པ་འཇིག་རྟེན་ཞེས་པ་ནས། མཚན་གསོལ་ཏོ་ཞེས་པའི་བར་ལ། ཡང་མཁས་པ་སངས་རྒྱས་རྣམས་འཇིག་རྟེན་ན་གནས་སམ་འོན་ཏེ་མྱ་ངན་ལས་འདས་ཀྱང་རུང་སྟེ། ཆོས་ཉིད་ལ་ཡང་སྐྱོན་མེད་པ་ཆོས་ རྣམས་ཀྱི་རང་བཞིན་སྟོང་པ་ཉིད་འདི་ཡེ་ནས་གནས་ཏེ། མདོ་ཆེན་མོ་ལས་སངས་རྒྱས་འཇིག་རྟེན་དུ་བྱོན་ཡང་རུང་མ་བྱོན་ཡང་རུང་སྟེ། ཆོས་རྣམས་ཀྱི་མཚན་ཉིད་ནི་དེ་བཞིན་དུ་གནས་སོ་ཞེས་གསུངས་པའི་

66 ཕྱིར་རོ། །གནས་ལུགས་དེ་ལྟར་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟེན་ནས་དེ་བཞིན་ཉིད་འདི་རྗེས་སུ་རྟོགས་པ་དེའི་ཕྱིར་རྟོགས་པ་པོ་ལ་ཡང་དེ་བཞིན་གཤེགས་པ་ཞེས་བྱ་བའི་ སངས་རྒྱས་ཀྱི་མཚན་རྣམ་གྲངས་འདི་གསོལ་ཏོ། །ལྔ་པ་སྤྱོད་པ་སྦྱོར་བ་གཉིས་ལས། དང་པོ་མདོར་བསྟན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས། ཡིན་ཏེ་ཞེས་པའི་བར་ལ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ལྷའི་དབང་པོའི་དགའ་བའི་ཚལ་ལྟ་བུ་ལ་བརྟན་པའི། ཕྱོགས་བཅུ་དང་ལྡན་པའི་རྣམ་པར་འདྲེན་པ་རྣམས་ཀྱི་མི་དམིགས་པའི་ཐུགས་རྗེ་བྱམས་པའི་སྤྱོད་ཡུལ་འདི་ཡིན་ནོ། །གཉིས་པ་རྒྱས་པར་ བཤད་པ་ནི། སེམས་ཅན་སྡུག་བསྔལ་ཞེས་པ་ནས་ཆོས་ཀྱང་རབ་ཏུ་སྟོན་ཞེས་པའི་བར་ལ། སྤྱིར་ཀུན་རྫོབ་ཏུ་སེམས་ཅན་སྡུག་བསྔལ་ལས་གྲོལ་བ་དང་བྱེ་བྲག་ཏུ་ཡང་ངན་སོང་གསུམ་ལས་ཡོངས་སུ་འདོན་ ཀྱང་༑ རྣམ་པར་འདྲེན་པ་དེ་དོན་དམ་པར་ནམ་ཡང་སེམས་ཅན་ཇི་སྙེད་ཅིག་གི་དོན་བྱས་སོ་སྙམ་པ་ལ་སོགས་པའི་འདུ་ཤེས་འགྱུར་བ་མེད་ལ། ལོགས་རྟོགས་ཚར་གཅོད་པའི་དཔེ། མིའི་སེང་གེ་ལྟར། མིའི་ སེང་གེ་སངས་རྒྱས་ཀྱང་རི་སུལ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་མུ་སྟེགས་ཅན་ལམ་ལོག་པར་འཛིན་པ་མང་པོ་སྐྲག་པར་བྱེད་ཅིང༌། འཇིག་རྟེན་སྟོང་པ་ཉིད་ཀྱི་སྒྲ་ཡང་སྒྲོགས་སོ། །མ་

67 ༄༅། །རྟོགས་པ་གཞན་རྗེས་སུ་འཛིན་པ་ཉི་མའི་དཔེ་དེ་བཞིན་ཆོས་ཀྱི་རྒྱལ་པོ་ཡང་ནམ་མཁའ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སྲིད་པའི་ས་བོན་སྤེལ་བ་ལུས་དང་ལོངས་ སྤྱོད་ཀྱི་ཆུ་རླུང་སྐེམས་ཤིང་ཐར་ལམ་གྱི་ཆོས་ཀྱང་རབ་ཏུ་སྟོན་ཏོ། །ཡུམ་གྱི་བྱ་བ་དང་ལྡན་པ་ལ་གསུམ། ཡང་དག་པའི་མཐའ་བསྟན་པས་བྱ་བ་ཟབ་མོ་དང་ལྡན་པ་ལ་གཉིས་ལས་བསྟན་པ་ནི། གཟུགས་ རྣམས་མི་མཐོང་ངོ་ཞེས་པ་ནས། གཤེགས་པས་བསྟན་ཞེས་པའི་བར་ལ། ཡང་རྣམ་པར་སྤྱོད་པའི་བློས་བཙལ་ན་གཟུགས་རྣམས་སྣང་ཙམ་དུ་མི་མཐོང་ཞིང༌། ཚོར་བ་དག་ཀྱང་མི་མཐོང་ཞིང༌། དེ་བཞིན་འདུ་ ཤེས་ཀྱང་མཐོང་བ་མེད་ལ་སེམས་པ་ཡང་མི་མཐོང་ཞིང༌། དོན་གྱི་ངོ་བོ་ལ་གང་ལ་བསགས་པ་ནས། རྣམ་པར་ཤེས་པ་དང་བསམས་པས་ན་སེམས་ཤེས་པའི་རྟེན་བྱེད་པ་ཡིན་ཏེ། དེ་རྣམས་མཐོང་བ་མེད་པས་ དེ་རྣམས་ལས་བཟློག་པའི་འདུས་མ་བྱས་ཀྱང་མཐོང་བ་མེད་པས་ཏེ། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་མཐོང་བ་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན་པ་དང༌། ཆོས་ཡང་དག་པར་བསྡུད་པའི་མདོ་ལས་ཀྱང་ འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་ཞེས་བསྟན་ཏོ། །གཉིས་པ་བཤད་པ་ནི། ནམ་མཁའ་མཐོང་ཞེས་པ་ནས། ཆོས་ཀུན་མཐོང་ཞེས་པའི་བར་གྱིས། འོ་ན་ཇི་ལྟར་མཐོང་ཞེ་ན་དཔེ་ནམ་མཁའ་

68 མཐོང་ངོ་ཞེས་སེམས་ཅན་ཁ་ཅིག་གིས་ཚིག་གིས་རབ་ཏུ་བརྗོད་པ་དེ་དག་གི་དོན། ནམ་མཁའ་ཇི་ལྟར་མཐོང་སྟེ་མཐོང་བའི་དོན་འདི་བརྟག་པར་གྱིས། དེ་ལྟར་བལྟས་ན་གང་དུ་ཡང་མཐོང་བ་མེད་པ། དེ་ལྟར་ ཆོས་རྣམས་ཀྱི་ཆོས་ཉིད་མཐོང་བ་ཡང་ནམ་མཁའ་ལྟ་བུར་དེ་བཞིན་གཤེགས་པས་བསྟན་ཏོ། །ཆོས་ཉིད་མཐོང་བའི་དཔེ་ནམ་མཁའ་ལས་གཞན་གྱིས་ཀྱང་ནི་བསྙད་ཅིང་བསྟན་པར་ནུས་པ་ཡིན་ནོ། །བྱང་ཆུབ་ སེམས་དཔའ་གང་གིས་ནམ་མཁའ་མཐོང་མེད་ཀྱི་ཚུལ་དེ་ལྟར་མཐོང་བ་དེ་ཡིས་ཆོས་ཀུན་ཀྱང་མཐོང་ངོ་། །བློན་པོའི་དཔེས་བྱ་བ་རྒྱ་ཆེན་པོ་དང་ལྡན་པ་ནི། རྒྱལ་པོ་བཏང་སྙོམས་ཞེས་པ་ནས། ཕྱིན་པ་བྱེད་ དཔེར་ན་རྒྱལ་པོ་ཆེན་པོ་སྟེ་བཏང་སྙོམས་སུ་འདུག་ཅིང་ལས་བྱེད་དུ་བཅུག་པའི་བློན་པོས་རྒྱལ་སྲིད་ཀྱི་བྱ་བ་ཀུན་བྱེད་པ་ལྟར། བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་མཛད་པ་དང་ཉན་ ཐོས་ཀྱི་སྤང་རྟོགས་ཀྱི་ཆོས་རྣམས་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་བློན་པོ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱེད་དོ། །རྒྱལ་པོའི་དཔེས་བྱ་བ་རྨད་དུ་བྱུང་བ་དང་ལྡན་པ་ནི། རྒྱལ་པོ་གྲོང་དུ་ཞེས་པ་ ནས༑ ཐམས་ཅད་བསྡུད་ཞེས་པའི་བར་ལ། ཡང་དཔེར་ན་རྒྱལ་པོ་ཆེན་པོ་བཅའ་བསྡུད་པ་ལའང་གྲོང་དུ་ཡང་མི་འགྲོ་ལ་ཡུལ་འཁོར་དུ་ཡང་མི་འགྲོ་བར། རང་གི་ཡུལ་དུ་འདུག་ནས་བཅའ་ལ་སོགས་པའི་

69 ༄༅། །འདུ་བ་ཐམས་ཅད་བློན་པོས་བསྡུད་པ་ལྟར་དུ། བྱང་ཆུབ་སེམས་དཔའ་མཉམ་བཞག་གི་དུས་ན་ཆོས་ཉིད་གང་དུ་ཡང་མི་འགྲོ་ལ། རྗེས་ཐོབ་ཀྱི་དུས་ན་སངས་རྒྱས་ཀྱི་སའི་ཡོན་ཏན་སྟོབས་དང་ མི་འཇིགས་པ་ལ་སོགས་པའི་གང་ཡིན་པ་ཐམས་ཅད་བསྡད་པའོ། །ཡུམ་བྱང་ཆུབ་ཀྱི་ངེས་བཟུང་གི་ལམ་དུ་བསྟན་པ་ལ་གཉིས་ལས། མདོར་བསྟན་པ་ནི། གང་ལ་བདེ་གཤེགས་ཞེས་པ་ནས། མྱུར་དུ་འཐོབ་ ཞེས་པའི་བར་ལ། བྱང་ཆུབ་སེམས་པ་གང་ལ་ལ་ཞིག་བདེ་བར་གཤེགས་པས་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་དང་དད་པ་བརྟན་པོ་ཡོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་ བསམས་པ་དང་སྦྱོར་བ་ཡོད་པས་ཐབས་ཤེས་རབ་ཟུང་དུ་ཆུད་པའོ། །དེ་ལྟར་བས་ན་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་གཉིས་ལས་ཤིན་ཏུ་འདས་པར་བྱས་ནས་སྒྲིབ་པ་ཐམས་ཅད་ཀྱིས་རྒྱུད་ཟིལ་ གྱིས་མི་གནོན་པར། རྒྱལ་བའི་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། རྒྱ་མཚོའི་གྲུ་ཞིག་པ་འཛིན་པ་དང་མི་འཛིན་པའི་དཔེ་ནི། དཔེར་ན་རྒྱ་མཚོར་འཇུག་ ཞེས་པ་ནས། མྱུར་དུ་རེག་ཞེས་པའི་བར་ལ། ཆགས་པ་འཛིན་པ་དང༌། མི་འཛིན་པའི་དཔེ་དེ་ལྟར་བྱང་ཆུབ་སེམས་དཔའ་རྒྱུ་ལ་དད་པ་དང་ལྡན་ཞིང་འབྲས་བུ་ལ་དད་པའི་དད་པ་ཐོབ་པ་གང་ལ་ལ་ཞིག་ནི།

70 ཐབས་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་གྱི་རྗེས་སུ་མི་འབྱུང་ན་བྱང་ཆུབ་ཐོབ་པ་མིན་ལ། དད་པ་དང་ལྡན་པ་དེ་དག་སེམས་ཅན་གྱི་དོན་འདོད་པའི་ཐབས་ཀྱི་ཡོན་ཏན་དང་ལྡན་པ་དེ་ཉིད་ དུ་ཤེས་རབ་ཀྱིས་ཡོངས་སུ་ཟིན་ན། ཡོན་ཏན་མཆོག་ཏུ་རྨད་དུ་བྱུང་བའི་བདེར་གཤེགས་ཀྱི་བྱང་ཆུབ་ལ་མྱུར་དུ་རེག་པར་འགྱུར་རོ། །གཉིས་པ་བུམ་པ་སོ་བཏང་བ་དང་མ་བཏང་པའི་དཔེ་ནི། དཔེར་ན་ལ་ལ་ ཞེས་པ་ནས། མཆོག་ཐོབ་གྱུར་ཞེས་པའི་བར་ལ། རྫ་སོ་བཏང་བ་དང་མ་བཏང་བའི་དཔེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྒྱུ་འབྲས་ལ་ཡིད་ཆེས་པ་ལ་སོགས་པ་དད་པ་མང་པོ་ཡོད༌པར༌གྱུར༌ཀྱང༌། མི་ དམིགས་པར་ཤེས་པའི་ཤེས་རབ་རྣམ་པར་ཉམས་ན་འཁོར་བར་ལྟུང་བས་ཐར་ལམ་ལས་མྱུར་དུ་མ་རུངས་པར་གྱུར་ལ། དད་པས་དེ་ཉིད་མི་དམིགས་པའི་ཤེས་རབ་དེས་ནི་ཡོངས་སུ་ཟིན་པར་གྱུར་ན། ཉན་ ཐོས་ཀྱི་ས་དང་རང་རྒྱལ་བའི་ས་གཉིས་ལས་ཤིན་ཏུ་འདས་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །གསུམ་པ་ཆུ་རྒལ་བའི་གྲུ་མ་བཅོས་པ་དང་བཅོས་པའི་དཔེ་ནི། དཔེར་ན་བཅོས་ལེགས་ཞེས་པ་ ནས༑ རེག་པར་འགྱུར་ཞེས་པའི་བར་ལ། རྒྱ་མཚོར་འཇུག་པའི་གྲུ་བཅོས་པ་དང་མ་བཅོས་པའི་དཔེ་དེ་ལྟར་དོན་ནི་བྱང་ཆུབ་སེམས་པའི་རྒྱུད་ལ་དད་པས་ཡོངས་སུ་བགོས་ཀྱང༌། རང་བཞིན་པའི་ཤེས་རབ་

71 ༄༅། །མེད་ན་རྫོགས་པའི་བྱང་ཆུབ་ཐོབ་པ་ལས་ནི་མྱུར་དུ་ཉམས་པར་འགྱུར་ལ། དད་པ་ཅན་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་རྟོགས་པ་དང་ལྡན་པ། ཡང་དམན་པས་ཉོན་མོངས་ཀྱི་ སྒྲིབ་པས་མ་སྨས། རློམ་སེམས་ཀྱིས་ཤེས་བྱའི་སྒྲིབ་པས་མ་ཉམས་པར་རྒྱལ་བའི་བྱང་ཆུབ་རེག་ཅིང་ཐོབ་པར་འགྱུར་རོ། །བཞི་པ་རྒད་པོ་འདོད་པ་བརྟན་མི་ཡོད་པ་དང་མེད་པའི་དཔེ་ནི། ལོ་བརྒྱ་ཉི་ཤུ་ལོན་ ཏེ་ཞེས་པ་ནས། རེག་པར་འགྱུར་ཞེས་པའི་བར་ལ། རྒད་པོའི་དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བློ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་སྟོབས་ཆུང་བ་འབའ་ཞིག་དང་པོ་དད་པས་རབ་ཏུ་ཞུགས་པར་ གྱུར་ཀྱང་བར་སྐབས་སུ་མྱུར་དུ་ཉམས་པར་འགྱུར་བ་ལ། དད་ལྡན་དེ་ཉིད་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་མཆོག་མི་དམིགས་པར་ཤེས་ཏེ། གཉིས་པོ་དག་གི་ཡོངས་སུ་ཟིན་ན། བར་མ་དོར་རྐྱེན་གྱི་མི་ ཉམས་པར་དེ་བཞིན་གཤེགས་ཀྱི་བྱང་ཆུབ་ལ་རེག་པར་འགྱུར་རོ། །བར་ཆད་མེད་པར་བྱ་བ་ལ་གསུམ་ལས། ཡོན་ཏན་ཐམས་ཅད་ཀྱི་གཞི་དགེ་བའི་བཤེས་གཉེན་བརྟེན་པ་ལ་གསུམ་ལས། བསྟེན་པ་པོ་སློབ་ མའི་མཚན་ཉིད་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། དེ་དག་གིས་ཞེས་པའི་བར་ལ། བྱང་ཆུབ་སེམས་དཔའ་དག་གནས་སྐབས་ཀྱི་ཁྱད་པར་དང་པོའི་ལས་ཀྱི་སར་གནས་པ་གང་ལ་ལ་ཞིག །གཞན་དོན་

72 དུ་བྱང་ཆུབ་འདོད་པའི་ལྷག་པའི་བསམ་པས་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ཏུ་ཞུགས་པ་ལས། ངོ་བོའི་ཁྱད་པར་སློབ་མ་བཟང་པོ་རྟག་ཏུ་ངུ་ལྟ་བུ་དང་ནོར་བཟང་ལྟ་བུའི། བླ་མ་ལ་གུས་པ་དང་ལྡན་པ་དེ་དག་ གི་ལམ་ཡང་དག་པ་ཐོབ་པར་འགྱུར་རོ། །གཉིས་པ་བསྟེན་བྱ་བླ་མའི་མཚན་ཉིད་ནི། བླ་མ་རིག་པའི་གནས་ལྔ་ལ་མཁས་ཤིང་ཡང་དག་པའི་དོན་རྟོགས་ཤིང་སྟོན་པ་རྣམས་ལ་དུས་རྟག་ཏུ་བསམ་སྦྱོར་གུས་ པས་བརྟེན་པར་བྱའོ། །གསུམ་པ་དེས་དེ་བརྟེན་དགོས་པའི་རྒྱུ་མཚན་ནི། ཅི་ཕྱིར་ཞེ་ན་ཞེས་པ་ནས། དེ་སྐད་གསུངས་ཞེས་པའི་བར་ལ། དེ་ཅིའི་ཕྱིར་ཞེ་ན་བླ་མ་མཁས་པའི་ཡོན་ཏན་སློབ་མ་བརྟེན་པས་དེ་ ལས་བྱུང་བར་གྱུར་ལ། མཁས་པས་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་སྟོན་པ་པོས། དེ་བས་ན་སངས་རྒྱས་ཀྱི་ལམ་དང་འབྲས་བུ་ཆོས་རྣམས་ཡང་དག་པའི་དགེ་བའི་བཤེས་གཉེན་ལ་བརྟེན་ཏོ་ ཞེས་ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་ཀུན་གྱི་དེ་སྐད་གསུངས་པའི་ཕྱིར་རོ། །དེ་ཉེ་བར་སྟོན་པའི་དོན་ནི། སྦིན་དང་ཚུལ་ཁྲིམས་ཞེས་པ་ནས། བསྟན་པར་བྱ་ཞེས་པའི་བར་ལ། མཁྱེན་གསུམ་གྱི་སྐབས་ སུ་ཤེས་རབ་མངོན་དུ་འགྲོ་བ་སྟོན་ཀྱང༌། དང་པོའི་ལས་ཅན་དེ་ལ་སྦྱིན་པ་ནས་བརྩམས་ཏེ་བསྟན་ཏོ། །ཇི་ལྟར་སྦྱིན་པ་ནི་རྣམ་པ་གསུམ་ལས། གང་ཡང་རུང་བ་ཞིག་སྦྱིན་པར་བཏང་ནས་དེས་བྱང་ཆུབ་ཏུ་

73 ༄༅། །ཡོངས་སུ་བསྔོ་བར་བྱ་སྟེ། བྱང་ཆུབ་ཀྱི་མཆོག་ནི་གང་ཡོངས་སུ་བསྔོ་བ་དེ་ཡང་ཟད་ཅིང་བསྔོ་ཡུལ་ཡང་མི་དམིགས་ལ། བསྔོ་བྱ་བསྔོ་བྱེད་ཀུན་ཀྱང་བདེན་པ་མེད་པའི་རང་བཞིན་ཤེས་རབ་ རྒྱས་གདབ་ཅིང་བསྔོ་བར་བྱའོ། །དྲུག་ལྡན་ནི་གོང་དུ་བཤད་དོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་བརྩོན་འགྲུས་དང་། བསམ་གཏན་ཤེས་རབ་ལས་བྱང་ཆུབ་པའི་དགེ་བའི་རྩ་བ་ཐམས་ཅད་བྱང་ ཆུབ་ཏུ་བསྔོ་བར་གྱིས་ལ། དོན་དམ་པ་ཐོབ་པར་བྱ་བའི་བྱང་ཆུབ་དེ་ཡང་ཕུང་པོ་ལ་སོགས་པའི་དངོས་པོར་ཞེན་པའི་མཆོག་ཏུ་འཛིན་པར་མ་བྱེད་ཅིག་ཅེས་དང་པོ་ཡི་ལས་ཅན་དེ་ལ་དེ་སྐད་དུ་བསྟན་པར་ བྱའོ༑ ༑དོན་དེ་རྗེས་སུ་བསྒྲུབ་པ་ལ་གཉིས་ལས། ཐོག་མ་སྤྱོད་པ་པོ་གང་ཟག་གི་ཆེ་བ་ལ་ཡང་གསུམ་ལས། འགྲོ་བ་ལ་བྱེད་པ་དུ་མའི་སྦྱོར་བ་དང་ལྡན་པ་ནི། མི་འཁྲུགས་ཡིན་ཞེས་པའི་བར་ལ། དེ་ལྟར་སྤྱོད་ པ་གསལ་ཞིང་བསིལ་བས་ལེགས་པའི་མཚོ་དང་འདྲ་བ་རྣམས་སྨྲ་བ་རྣམས་ཀྱི་ནང་ན་ཟླ་བ་ལྟར་ཡོངས་སུ་གང་བ་རྣམས་ནི། འགྲོ་བའི་སྡུག་བསྔལ་ལས་བསྐྱོབ་པ་དང་བདེ་བ་ལ་འགོད་པས་དཔུང་གཉེན་དང་ སྡུག་བསྔལ་གྱི་རྒྱུ་སེལ་བས་གནས་ཡིན་ཏེ། བྱང་ཆུབ་ཏུ་འགྲོ་བས་རྟེན་དང་དེ་རྟོགས་པའི་མིག་ཏུ་གྱུར་པས་བློ་དང་གླིང་དང་གཞན་གྱི་དོན་བྱེད་པས་ཡོངས་སུ་འདྲེན་པའི་དོན་བྱེད་འདོད་པ་དང༌། བདག་མེད་

74 པས་གསལ་བར་བྱེད་པ་དང་མ་རིག་པ་སེལ་བས་སྒྲོན་མེ་དང༌། ཆོས་ཀྱི་ཐེག་པ་ཐམས་ཅད་ལ་འཇུག་པས་མཆོག་དང་སྨྲ་བ་ལ་ཡིད་མི་འཁྲུགས་པ་ཡིན་ནོ། །གཉིས་པ་རང་ཉིད་བྱ་བ་ཆེན་པོའི་ཆོ་ག་དང་ལྡན་ པ་ནི། གྲགས་ཆེན་ལྡན་རྣམས་ཞེས་པ་ནས། ཆོས་ཅན་ཡིན་ཞེས་པའི་བར་ལ། དེ་ལྟར་སྐབས་ལ་སོགས་པ་བྱེད་པས་དོན་དམ་པར་སེམས་ཅན་མ་གྲུབ་ཀྱང་གྲགས་ཆེན་ལྡན་རྣམས་འགྲོ་བ་རྣམས་མྱ་ངན་ལས་ འདས་པར་འདོད་པས་བྱ་དཀའ་བའི་སེམས་བསྐྱེད་ཀྱི་གོ་ཆ་གོན་པར་བྱེད་དེ། དེ་ཡང་ཉོན་མོངས་པ་འཁོར་བའི་གོ་ཆ་དང་རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་གོ་ཆ་གཉིས་དང་བྲལ་བ་ལས་ཉོན་མོངས་པ་ ལ་དོར་བྱར་ཞེན་པ་མེད་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཀྱི་གོ་ཆ་མིན་ལ། རྣམ་བྱང་མྱ་ངན་ལས་འདས་པ་ལ་བླང་བྱར་ཞེན་པ་མེད་པས་ཐེག་པས་ཐེག་པ་གསུམ་གྱི་འདུ་ཤེས་དང་ བྲལ་ཞིང་ཆོས་གང་ལ་ཡང་ཡོངས་སུ་བཟུང་བ་མེད་དེ། ཡོན་ཏན་གྱི་ཆོས་ཁྱད་པར་ཅན་དང་ལྡན་པས་ཕྱིར་མི་ལྡོག་ཅིང་ལམ་བསྒྲུབ་པ་ལ་བསམ་པ་གཡོ་བ་མེད་ཅིང་ལས་དང་ཉོན་མོངས་ཀྱིས་རྒྱུད་མི་འཁྲུགས་ པའི་ཆོས་ཅན་ཡིན་ནོ། །གསུམ་པ་ཆོས་ཟབ་མོ་ངེས་པ་ནི་དེ་དག་འདི་འདྲའི་ཞེས་པ་ནས། རིག་པར་བྱ་ཞེས་པའི་བར་ལ། བྱང་ཆུབ་སེམས་དཔའ་དེ་དག་འདི་མཚན་མར་མི་ལྡོག་པ་འདི་འདྲའི་ཆོས་དང་ལྡན་

75 ༄༅། །ཞིང་བློ་དོན་གྱི་སྤྲོས་པ་མེད་ལ། འདི་ལྟར་དེ་ཁོ་ན་ཉིད་ཀྱི་དོན་ལ་ཐེ་ཚོམ་སོམ་ཉི་ཡིད་གཉིས་དང་བྲལ་ཞིང་གནས་ལུགས་ཀྱི་དོན་དང་ལྡན་པ་དེ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ནས་ ངེས་ཤེས་སྐྱེས་པས་ཡིད་མི་ནུར་བ་སྟེ། གང་ཟག་གཞན་གྱི་དྲིང་ལ་མི་འཇོག་ཅིང་བྱང་ཆུབ་སེམས་དཔའ་ཆེན་པོ་ལས་ཕྱིར་མི་ལྡོག་པར་རིག་པར་བྱའོ། །སྤྱད་བྱ་ཆོས་ཀྱི་དབྱེ་བ་ལ་གཉིས་ལས། རྟོགས་པར་ དཀའ་བ་ནི། འདྲེན་པ་རྣམས་ཀྱི་ཞེས་པ་ནས། ཆུང་བར་མཛད་ཞེས་པའི་བར་ལ། འདྲེན་པ་སངས་རྒྱས་ཀྱིས་ཐུགས་སུ་ཆུད་པའི་ཆོས་འདི་རང་བཞིན་གྱིས་ཟབ་ཏེ། མཐོང་ཞིང་རྟོགས་པར་དཀའ་བའི་ཕྱིར་ རོ༑ ༑སྔར་སུས་རྒྱུའི་དུས་ན་རྟོགས་པ་མེད་ཅིང་འབྲས་བུའི་དུས་ན་ཐོབ་པར་འགྱུར་བ་མེད་པ། དེའི་ཚེ་སེམས་ཅན་རྣམས་ལ་ཡུན་དུ་ཕན་པར་མཛད་ཅིང་འཕྲལ་དུ་སྙིང་བརྩེར་ལྡན་པའི་རྒྱལ་བ་རང་གིས་བྱང་ ཆུབ་བརྙེས་ནས་ངས་བརྙེས་པ་འདི་གཞན་ལ་བསྟན་ཀྱང་སེམས་ཅན་གྱི་ཚོགས་སུ་འདུ་ཤེས་སྙམ་ནས་ཇི་སྐད་དུ། ཟབ་ཅིང་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩིའི་ལྟ་བུའི་ཆོས་ཅིག་བདག་གིས་ རྟོགས༑ ༑སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་གསུངས་ནས་ཐུགས་ཁྲལ་ཆུང་བར་མཛད་དོ། །གཉིས་པ་འཇིག་རྟེན་པ་དང་མི་མཐུན་པ་ནི། སེམས་

76 ཅན་རྣམས་ཞེས་པ་ནས། འབྱུང་བ་ཡིན་ཞེས་པའི་བར་ལ། སེམས་ཅན་བདག་ཏུ་ལྟ་བ་རྣམས་ནི་གནས་ཀུན་གཞི་ལ་བདག་གོ་ཞེས་དགའ་ཞིག་གཟུགས་སོགས་ཀྱི་ཡུལ་དྲུག་པོ་རྣམས་ལ་འདུག་གོ་ཞེས་འདོད་ཅིང་༑ ཡུལ་ཅན་འཛིན་པ་མིག་སོགས་ལ་གནས་པ་དེ་མི་མཁས་ཤིང་བླུན་ཞིང་རྨོངས་པ་ཡིན་དཔེར་ན་མུན་པ་བཞིན་དུ་འདུག་ལ། རྟོགས་པ་དང་ཐོབ་པར་བྱ་བའི་ཆོས་སྟོང་པ་ཉིད་ལ་ནི་གནས་ཀུན་གཞི་མེད་ ཡུལ་གཟུགས་དང་ཡུལ་ཅན་འཛིན་པ་མེད་དེ། དེ་ནས་འཇིག་རྟེན་པ་དག་ཆོས་གཉིས་ཀྱི་མི་མཐུན་པས་ན་རྩོད་པ་འབྱུང་བ་ཡིན་ནོ། །དེ་རྣམས་ཀྱིས་སྦྱོར་བ་འཇུག་པ་ནས་བཟུང་ནས། བསླབ་པའི་རིམ་པ་སོང་ ནས༑ སྤྱི་དོན་གཉིས་པ་འབྲས་བུ་སྨོན་ནས་བཟུང་ནས་བསླབ་པའི་རིམ་པ་ལ་ལྔ་ལས། དོན་དམ་པ་དང་ཀུན་རྫོབ་ཀྱི་སེམས་བསྐྱེད་པའི་དམིགས་པ་དང་རྣམ་པ་ངོས་བཟུང་བ་ལ་གཉིས་ལས། དངོས་ནི་ནམ་ མཁའི་ཁམས་ནི་ཞེས་པ་ནས། བྱེ་བྲག་མེད་ཞེས་པའི་བར་ལ། ཆོས་ལ་དེ་དག་མེད་པའི་ཚུལ་དེ་ལྟར་ཞེ་ན། ནམ་མཁའི་ཁམས་ནི་ཤར་གྱི་ཕྱོགས་དང་ལྷོའི་ཕྱོགས་དང༌། དེ་བཞིན་ནུབ་ཀྱི་ཕྱོགས་དང་བྱང་གི་ ཕྱོགས་ཕ་རོལ་གྱི་མཐའ་ཡས་སོ། །སྟེང་གི་ཕྱོགས་དང་འོག་གི་ཕྱོགས་དང་ཕྱོགས་བཅུའི་ཇི་སྙེད་རྣམས་ནའང་ཡོད་ཀྱང༌། འདི་དག་ལ་རྣམ་པ་ཐ་དད་དུ་གྱུར་པ་མེད་ཅིང་མཚན་ཉིད་བྱེ་བྲག་ཏུ་འགྱུར་བ་མེད་

77 ༄༅། །དོ། །དཔེ་དེ་བཞིན་དུ་འདས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལྟ་བུ་མ་བྱོན་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་དེ་བཞིན་ཉིད་ལ། ད་ལྟར་གྱི་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་ ཡིན་ཞིང་། ད་ལྟར་གྱི་དེ་བཞིན་གང་ཡིན་པ་དེ། དགྲ་བཅོམ་པའི་ཡང་དེ་བཞིན་ཉིད་ཉོན་མོངས་པ་འཁོར་བའི་ཆོས་དང་རྣམ་པར་བྱང་བ་མྱ་ངན་འདས་པའི་ཆོས་ཀུན་གྱི་ཡང་དེ་བཞིན་ཉིད་ཡིན་ལ། ཀུན་གྱི་དེ་ བཞིན་ཉིད་གང་ཡིན་པ་དེ་རྒྱལ་བའི་དེ་བཞིན་ཉིད་ཡིན་པས་ཆོས་རྣམས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་ལ་བཟང་ངན་ལ་སོགས་པའི་བྱེ་བྲག་མེད་དོ། །གཉིས་པ་ཤུགས་ནི། བདེ་གཤེགས་བྱང་ཆུབ་ཐ་དད་ ཆོས་དང་བྲལ་གྱུར་པ། འདི་ནི་ཞེས་པ་ནི། དེ་བཞིན་ཉིད་འདི་རྟོགས་པས་བདེ་གཤེགས་ཀྱི་བྱང་ཆུབ་ཀྱི་དབྱིངས་དང་ཡེ་ཤེས་ཐ་དད་ཀྱི་ཆོས་དང་བྲལ་བར་གྱུར་པ་ནམ་མཁའི་མཚན་ཉིད་ཅན་འདི་ནི་ཞེས་ པའོ༑ ༑གཉིས་པ་དེ་ཐོབ་པའི་བསྟན་པ་ལ་ཡང་གཉིས་ལས། ངོ་བོ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། ཕ་རོལ་ཕྱིན་ལ་སྦྱོར་ཞེས་པའི་བར་ལ། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་བདག་གི་རྒྱུད་ལ་ ཐོབ་པར་འདོད་པ་དེས། ཐབས་སྙིང་རྗེ་ཆེན་པོ་དང་ལྡན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་གྱིས་ཤིག །གཉིས་པ་དེས་བཟློག་པ་ནི། འདྲེན་པའི་ཤེས་རབ་ཞེས་པ་ནས། ཉན་ཐོས་ཉིད་དུ་ལྷུང་

78 ཞེས་པའི་བར་ལ། གལ་ཏེ་སྙིང་རྗེ་ཡོད་ཀྱང་འདྲེན་པའི་མི་དམིགས་པར་ཤེས་པའི་ཤེས་རབ་མེད་ན་བྱང་ཆུབ་ཐོབ་པར་འགྱུར་བ་མ་ཡིན་ནོ། །རྟག་མཐའ་བཟུང་བར་བྱ་བའི་དཔེ་དེ་བཞིན་དུ་རྒྱལ་བ་རྣམས་ཀྱི་ ལམ་སྦྱིན་པ་ལ་སོགས་གྱི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་ཡང་། དུས་རིང་བ་བསྐལ་བ་ཁྲག་ཁྲིག་མང་པོར་བྲལ་བར་རྟག་ཏུ་བསྒྲུབ་པ་བྱས་ཤིང་། སྤེལ་བར་བྱེད་པ་ལ་སྨོན་ལམ་མཐའ་ཡས་རྒྱ་ཆེན་པོ་བཏབ་ཅིང་ འཇིག་རྟེན་དུ་ལམ་རྟག་ཏུ་བརྟེན་ཀྱང༌། ཐབས་སྙིང་རྗེ་ཆེན་པོ་ཡང་མེད་ལ། ཤེས་རབ་མི་དམིགས་པར་ཤེས་དང་མ་བྲལ་ཞིང་དེ་ཉིད་ཉན་ཐོས་ཉིད་དུ་ལྟུང་ངོ༌། །ལམ་དེ་ལ་འཇུག་པའི་ཚུལ་ནི། སངས་རྒྱས་ ཐེག་པ་ཞེས་པ་ནས། སྨྲ་བར་བྱ་ཞེས་པའི་བར་ལ། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཐེག་པ་འདི་ལ་བརྟེན་ནས། སྲིད་ཞིའི་མཐའ་ལས་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ། འགྲོ་བ་ཀུན་ལ་ཉེ་རིང་མེད་ པར་སེམས་སྙོམས་པར་ཕ་མ་ལྟ་བུ་ལ་སོགས་པའི་འདུ་ཤེས་དང་། དེ་སེམས་ཅན་རྣམས་ལ་ཡུན་དུ་ཕན་པའི་སེམས་དང་འཕྲལ་དུ་ཡང་བདེ་བ་བྱམས་པའི་སེམས་ཀྱིས་བརྟུལ་བར་བྱ་ཞིང་། གནོད་སེམས་ཀྱི་ཐ་ བ་མེད་ཅིང་གཡོ་སྒྱུ་དང་བྲལ་བས་དྲང་ལ་རྣ་བར་སྙན་ཅིང་ཡིད་དུ་འཇེབས་པའི་ཚིག་འཇམ་པར་སྨྲ་བར་བྱའོ། །དྲི་བ་དང་ལན་གྱི་ཞུགས་པའི་ཕྱིར་མི་ལྡོག་པའི་རྟགས་ནི། འཇིག་རྟེན་མགོན་པོ་ལས་ཞེས་པ་

79 ༄༅། །ནས། ལུང་བསྟན་གསོལ་ཞེས་པའི་བར་ལ། འཇིག་རྟེན་གྱི་མགོན་པོ་སངས་རྒྱས་ལ་འཕགས་པ་གནས་བརྟན་རབ་འབྱོར་གྱིས་སྦྱོར་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ཡོངས་སུ་ཞུས་ པ༑ ཡོན་ཏན་རྒྱ་མཚོ་དང་འདྲ་སྟེ། ཟད་མི་ཤེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པ་མ་མཆིས་པའི་ཐེག་པ་དམན་པར་མི་ལྡོག་པའི་རྟགས་བསྟན་དུ་གསོལ། གཞན་དོན་བྱེད་པ་ལ་མཐུ་ཆེ་བ་དང་ བདེན་པ་དག་ཚུལ་ཇི་ལྟར་ཐེག་པ་ཆེན་པོའི་སེམས་ལས་སླར་ལྡོག་པར་མི་འགྱུར་བ། དེ་ལྟར་ཡོན་ཏན་སོགས་འགའ་ཙམ་ཞིག་རྒྱལ་བས་ལུང་བསྟན་དུ་གསོལ། ལན་བཀའ་བསྩལ་པ་དང༌། འཁོར་འདས་ཐ་ དད་དུ་བདེན་པའི་འདུ་ཤེས་དང་བྲལ་ཞིང་རིགས་དང་ལྡན་པའི་བདེན་པའི་ཚིག་སྨྲ་བ་དང་། ཕྱི་རོལ་པའི་དགེ་སྦྱོང་དག་དང་བྲལ་ཟེ་གཞན་ལ་སྐྱབས་གནས་སུ་བརྟེན་པ་མི་བྱེད། རྒྱུ་འབྲས་ལ་མཁས་པས་དུས་ རྣམས་རྟག་ཏུ་རྒྱུ་མི་དགེ་བ་སྤངས་པས་འབྲས་བུ་ངན་སོང་གསུམ་པོ་ཡང་སྤངས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ཉམས་སུ་ལེན་པ་ལ་མངོན་པར་བརྩོན་ཞིང་ཟང་ཟིང་དང་བསྙེན་ ་བཀུར་སྙན་གྲགས་ལ་བལྟ་བའི་སེམས་མེད་པར་འགྲོ་བ་ལ་ཆོས་ནི་རྗེས་སུ་སྟོན་པ་དང༌། སྤྱི་དང་ཁྱད་པར་དུ་ཐེག་ཆེན་ཆོས་ལས་ཅིག་ཏུ་དགའ་ཞིང་ཐེ་ཚོམ་མེད་པ་དང༌། དུས་རྟག་ཏུ་ཚིག་འཇམ་པ་དང༌།

80 དེས་པ་དང་ལྡན་ཞིང་། འགྲོ་བ་དང་། འཆག་པ་དང༌། ཉལ་བ་དང༌། འདུག་པ་སྟེ་སྤྱོད་ལམ་རྣམ་པ་བཞིར་ཤེས་བཞིན་དང་རབ་ཏུ་ལྡན་ན་དེ་དབང་གི་འགྲོ་ན་མིག་གཉའ་ཤིང་ཙམ་དུ་དྲང་པོར་བལྟ་ཞིང་འགྲོ་ བ་ལ་སྤྱོད་ལམ་ཐ་དད་ཀྱི་སེམས་འཁྲུལ་པ་མེད་པ་དང༌། རྒྱུད་ལ་སྒྲིབ་པ་ལྔའི་དྲི་མ་མེད་པས་གཙང་བར་བྱས་ཤིང་གཙང་མའི་གོས་སྣམ་སྦྱར་བླ་གོས་ཐང་གོས་གསུམ་འཆང་ཞིང་གསུམ་པོ་ལ་ཤིག་སྲོའམ་ཁ་ན་ མ་ཐོ་བས་དབེན་ཞིང་དག་པ་དང༌། སྦྱངས་པའི་ཡོན་ཏན་ལ་བསྟེན་པས་རྙེད་པ་འདོད་པ་མ་ཡིན་ཞིང་མིའི་ཁྱུ་མཆོག་ཏུ་གྱུར་པས་དུས་རྟག་ཏུ་ཐེག་ཆེན་གྱི་ཆོས་འདོད་པ་དང༌། དམན་པ་དང་རློམ་པའི་བདུད་ཀྱི་ ཡུལ་ལས་འདས་ཤིང་འདྲེན་པ་གཞན་གྱི་དྲིང་ལ་མི་འཇོག་པ་སྟེ་བཅུ་དྲུག་པོ་སྦྱོར་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ཡིན་ནོ། །མཐོང་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ནི། བསམ་གཏན་ བཞི་ལ་སེམས་གནས་ཀྱང་བསམ་གཏན་དེར་དྲོད་མྱང་བའི་ཚུལ་གྱིས་མི་གནས་པ་དང༌། སྒྲ་ཐམས་ཅད་བྲག་ཆར་རྟོགས་པས་སྙན་པ་དང་གྲགས་པ་འདོད་པ་མ་ཡིན་ཞིང༌། རྒྱུད་ཁོང་ཁྲོ་བས་སེམས་ལ་བཀྲིས་ ཤིང་བཅིངས་པ་མེད་པ་དང༌། བྱང་ཆུབ་སེམས་དཔའ་གཞན་དོན་དུ་ཁྱིམ་པར་འགྱུར་ནའང་། དུས་རྟག་ཏུ་འདོད་ཡོན་བསྟེན་ཀྱང་འདོད་ཡོན་གྱི་དངོས་པོ་ཀུན་ལ་ཞེན་པས་མ་ཆགས་པ་དང༌། སྲོག་འཚོ་བའི་

81 ༄༅། །ཕྱིར་ནི་རྐུ་བ་དང་བསོད་པ་ལ་སོགས་པ་སྤང་བ་དང་བཅས་པས་ལོངས་སྤྱོད་འཚོ་བར་མི་བྱེད་པ་དང༌། བརྡེག་རྩོག་ལ་སོགས་པ་དྲག་ཤུལ་སྤྱོད་པ་དང༌། གནོད་འགྱུར་གྱི་སྔགས་བཟླས་པར་མི་ བྱེད་པ་དང༌། བུད་མེད་དབང་བསྡུད་སྦྱོར་སྔགས་བྱེད་པ་མིན་པ་དང༌། བསྙེན་བཀུར་འདོད་པའི་ལས་ཅན་བུ་བཙའ་བ་དང་བུ་མོ་བཙའ་བར་འགྱུར་རོ། །ཞེས་ཕོ་མོར་གྱུར་ཞེས་ལུང་སྟོན་པར་མི་བྱེད་དེ། ཤ་ རིའི་བུས་ཁྱིམ་བདག་ལུང་བསྟན་པ་ལྟ་བུའོ། །ཕུང་པོ་ལ་སོགས་པའི་གཏམ་གྱི་སྦྱོར་བ་རྗེས་སུ་སྦྱོར་བས་རབ་ཏུ་དབེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་བརྩོན་པ་དང༌། ལུས་ཀྱི་སྒོ་ནས་འཐབ་པ་ དང༌ངག་གི་སྒོ་ནས་རྩོད་པ་དང་བྲལ་ཞིང་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པའི་སེམས་ཀྱང་བསྟན་པ་དང༌། དུས་ཐམས་ཅད་དུ་ཀུན་མཁྱེན་ཐོབ་པར་འདོད་ཅིང་བསྟན་པ་བསླབ་པ་གསུམ་ལ་རྟག་ཏུ་ གཞོལ་བའི་སེམས་དང་ལྡན་པ་དང༌། སྐྱེ་བ་ལ་དབང་ཐོབ་པས་ཡུལ་མཐའ་འཁོབ་དང༌མི་ཀླ་ཀློ་སྐྱེ་བོའི་ཡུལ་གྱི་མཐའ་སྐྱེ་བ་རྣམ་པར་སྤངས་པ་དང༌། ཕྱིར་མི་ལྡོག་པའི་རྟགས་མཐོང་བས་རང་གི་ས་ལ་དོགས་ པ་མེད་པའི་རྟོགས་པ་བསྟན་པོས་རྟག་ཏུ་རི་རབ་དང་འདྲ་བ་དང༌། ཆོས་འཚོལ་བ་ལ་ངོམས་པ་མེད་པའི་ཕྱིར་སྲོག་ཀྱང་འདོར་ཕོད་པའི་ནུས་པ་དང་ལྡན་ཞིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་

82 པའི་རྣལ་འབྱོར་པ་ལ་རབ་ཏུ་བརྩོན་པས་ཏེ་བཅུ་དྲུག་པོ་དེ། མཐོང་ལམ་ནས་ཕྱིར་མི་ལྡོག་པའི་རྟགས་ནི་འདི་དག་ཡིན་པར་ཤེས་པར་བྱའོ། དེ་སྤྱོད་པའི་ཁྱད་པར་ལ་གསུམ་ལས། དོན་དམ་པའི་ཡུལ་ཅན་ ཟབ་མོ་སྤྱོད་པ་ལ་ཡང་གསུམ་ལས། སྤྱད་བྱ་ཟབ་མོ་ཉིད་ཀྱི་དོན་ནི། གཟུགས་དང་ཞེས་པ་ནས། གཏིང་མི་རྙེད་ཞེས་པའི་བར་ལ། ཡང་བསྒོམ་ལམ་ན་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ནི། གཟུགས་དང་ ཚོར་བ་དང་འདུ་ཤེས་དང་སེམས་པ་དང་རྣམ་པར་ཤེས་པ་རྣམས་རྟོགས་དཀའ་བས། ཟབ་སྟེ་རང་བཞིན་གྱིས་མཚན་མ་མེད་པས་སྟོང་པ་དང་སྨོན་པ་མེད་པས་རབ་ཏུ་ཞི་བའི་ཕྱིར་རོ། །དཔེར་ན་མདའ་ འཕངས་པ་ཡིས་རྒྱ་མཚོའི་གཏིང་ཐུག་ཚོལ་བ་དེས། བཙལ་ཡང་མི་རྙེད་པ་ལྟར། མཐར་ཐུག་སྤྱོད་པའི་ཤེས་རབ་གྱིས་ནི་བརྟགས་ན་ཕུང་པོ་ལྔའི་གཏིང་མི་རྙེད་དོ། །གཉིས་པ་ཟབ་མོ་སྤྱོད་པའི་བསོད་ནམས་ ལ་གཉིས། སྤྱོད་པའི་བསོད་ནམས་ཉིད་ལ་ཡང་བཞི་ལས་དེ་རྟོགས་པའི་བསོད་ནམས་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནས། ཐོབ་པར་འགྱུར་ཞེས་པའི་བར་ལ། ཡང་བྱང་ཆུབ་སེམས་དཔའ་རྟོགས་པའི་ བསོད་ནམས་གང་ལ་ལ་ཞིག་ཚུལ་དེ་ལྟར་ཟབ་པར་གྱུར་ཅིང༌། རྒྱུ་ལམ་གྱི་ཐེག་པ་དོན་དམ་ཆགས་མེད་སྟོང་ཉིད་གང་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཀྱི་ཡང་ཡོད་པ་མིན་པའི་ཆོས་

83 ༄༅། །འདི་རྟོགས་པ་དེ་ཡིས། ཉིན་ཅིག་ཙམ་གྱི་བསོད་ནམས་ཡང་དག་གྲུབ་པ་དེ་ལས་ཆེ་བ་གཞན་ཅི་ཞིག་ཡོད་དེ་མེད་དོ། དེས་བསོད་ནམས་ཅི་ཙམ་ཞིག་ཐོབ་ཅེ་ན། དཔེར་ན་འདོད་ཆགས་ཀྱི་ཆོས་ ལ་སྤྱོད་པའི་སྐྱེས་བུ་འཕྱོ་མ་ཞིག་གིས། བུད་མེད་འགའ་ཞིག་ལ་དུས་བཏབ་པ་གཞན་གྱིས་ཁྱེར་ནས་དེ་དང་མ་ཕྲད་པ་དེའི་ཚེ་ན། ཉི་མ་གཅིག་གིས་སེམས་ཀྱི་རྣམ་རྟོག་དཔྱོད་པའི་སྐད་ཅིག་མའི་གྲངས་ཇི་སྙེད་ པ་དེ་སྙེད་ཀྱི་བསྐལ་པར་གྲངས་སུ་དམིགས་པས་བསྒྲུབ་པའི་བསོད་ནམས་ཅི་ཡོད་པ་དེ་བྱང་ཆུབ་སེམས་དཔའ་ཐོབ་པར་འགྱུར་རོ། །གཉིས་པ་དེ་བརྗོད་པའི་བསོད་ནམས་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ ནས༑ ཆར་མི་ཕོད་ཞེས་པའི་བར་ལ། ཡང་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་དུས་བསྐལ་པ་མང་པོ་བྱེ་བ་སྟོང་གི་བར་དུ། ཡུལ་འཕགས་པ་དགྲ་བཅོམ་པ་དང་རང་སངས་རྒྱས་ལ་སྦྱིན་པ་གྱ་ནོམ་པ་ གཏོང་བར་བྱེད་ཅིང་རང་ཚུལ་ཁྲིམས་ཀྱང་དེ་ཉིད་དུ་བསྲུང་བར་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་བརྗོད་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ལྡན་པའི་ཆོས། གཞན་ལ་ཉིན་ཅིག་ཙམ་ བརྗོད་པའི་ལེགས་པའི་ཡོན་ཏན་གྱི་ཆེ་བ་ལ་སྔར་གྱི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་བརྒྱའི་ཆར་ནས་རྒྱུའི་བར་གྱི་ཆར་ཡང་མི་ཕོད་དོ། །གསུམ་པ་དེ་བསྒོམས་པའི་བསོད་ནམས་ནི། བྱང་ཆུབ་སེམས་དཔའ་ཞེས་པ་

84 ནས༑ གསུམ་ན་མེད་ཞེས་པའི་བར་ལ། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་སྔར་བསྟན་པའི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཆོག་དེ་མཉམ་བཞག་ཏུ་བསྒོམས་ཏེ། རྗེས་མཉམ་བཞག་དེ་ ལས་ལངས་ནས་དམིགས་པ་དང་རྣམ་རྟོག་དང་ཆགས་སྡང་གསུམ་གྱི་སྐྱོན་གྱིས་གོས་པ་མེད་པའི་ཆོས་གཞན་ལ་བརྗོད་ཅིང་། བརྗོད་པའི་བསོད་ནམས་དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་ཀྱི་རྒྱུར་བསྔོས་ན། དགེ་བ་དེ་ལས་ལྷག་པ་ཅི་སྨོས་ཏེ་དེ་ཡང་མཉམ་པའང་ས་བླ་ས་འོག་ས་སྟེངས་ཀྱི་འཇིག་རྟེན་གསུམ་ན་མེད་དོ། །བཞི་པ་བསོད་ནམས་ཀྱི་རང་བཞིན་ཤེས་པའི་ཕན་ཡོན་ནི། བསོད་ནམས་དེ་ཡང་ཞེས་པ་ནས། ཡོངས་སུ་འཛིན་ཞེས་པའི་བར་ལ། ཡང་བསོད་ནམས་དེ་ཡང་བདེན་པའི་སྙིང་པོ་མེད་པས་གསོག་དང་འདྲ་ལ། དེ་བཞིན་དུ་ངོ་བོ་མེད་པས་སྟོང་པ་དང༌། གཟུགས་བརྙན་ཡིན་པས་གསོབ་དང་འདྲ་ལ་བཅོས་ མ་ཡིན་པས་ཡ་མ་རླ་དང་འབྲས་བུ་བདེན་པ་མེད་པས་སྙིང་པོ་མེད་པར་ཤེས་པར་བྱ། དེ་ལྟར་བདེར་གཤེགས་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། སྤྱོད་ཚེའང་བསོད་ནམས་ཀྱི་གྲངས་དཔག་ཏུ་ མེད་པ་ཡོངས་སུ་འཛིན་ཏོ། །བསོད་ནམས་ལ་ཀླན་ཀ་སྤང་བ་ལ་གཉིས་ལས། དང་པོ་ལམ་གྱི་རང་བཞིན་མེད་ཀྱི་ཆོས་ཉིད་ཀྱི་འཕེལ་བ་ནི། སངས་རྒྱས་ཀྱིས་བཤད་ཞེས་པ་ནས། མཆོག་རེག་འགྱུར་ཞེས་

85 ༄༅། །པའི་བར་ལ། འདི་ལྟར་གལ་ཏེ་ཆོས་ཉིད་ལ་འཕེལ་འགྲིབ་མེད་ན་བསྒོམས་པས་བསོད་ནམས་འཕེལ་བ་མི་འཐད་དོ་ཞེ་ན། རང་བཞིན་གྱིས་དག་པ་ལ་གློ་བུར་བས་དག་པས་བྱང་ཆུབ་འཐོབ་ པ་སངས་རྒྱས་ཀྱི་མདོ་ཙམ་དུ་བཤད་རྒྱས་པར་བར་དུ་གཅོད་ཅིང་སྒྲུབ་བྱེད་ཀྱིས་ཀྱང་རབ་ཏུ་བསྟན་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་ཐམས་ཅད་བརྗོད་པ་ཙམ་དང་ཐ་སྙད་ཙམ་དུ་ཟད་ཀྱི་ངོ་བོ་མེད་པར་ ཤེས་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་བསགས་སྦྱང་བྱས་ཤིང་འཕེལ་འགྲིབ་དུ་མར་བརྗོད་པར་བྱས་ཀྱང་། ཆོས་ཀྱི་དབྱིངས་ལ་སྐྱོན་ཡེ་ནས་མེད་པས་འཕྲལ་དུ་ཟད་པ་མེད་ཅིང༌། ཡོན་ཏན་ཡེ་ནས་ རྫོགས་པས་འཕྲལ་དུ་འཕེལ་བའང་མེད་ཀྱི། རྒྱལ་བ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅེས་བྱ་བ་དྲུག་པོ་གང་ཡིན་པའི་ཆོས་དེ་རྣམས་ཀྱང་མིང་ཙམ་བརྡ་ཙམ་དུ་ནི་ཡོངས་སུ་བསྒྲགས་པར་ཤེས་ནས། མིང་ཙམ་དུ་ དགེ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་བདེན་ཞེན་གྱི་རློམ་སེམས་མེད་པའི་བྱང་ཆུབ་སེམས་དཔའ་དེ་ནི། ཆོས་ཉིད་ལ་ཉམས་པ་མེད་ཅིང་འབྲས་བུ་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ལ་རེག་པར་འགྱུར་རོ། ། གཉིས་པ་ལམ་སྔ་ཕྱིའི་ཚོགས་ཀྱང་འབྲས་བུ་ཐོབ་པ་ནི། འབྲུ་མར་སྙིང་པོ་ཞེས་པ་ནས། སངས་རྒྱས་འགྱུར་ཞེས་པའི་བར་ལ། དེ་ལྟར་ནའམ། ཀུན་རྫོབ་ཏུ་སེམས་བསྐྱེད་པ་དང་པོ་དང་ཐ་མ་འཚོགས་པ་མེད་

86 པས་བྱང་ཆུབ་ཐོབ་པར་མི་འཐད་དོ་ཞེ་ན། མ་འཚོགས་ཀྱང་ཐོབ་པའི་དཔེ་ནི། འབྲུ་མར་དང་སྡོང་བུ་ཡིས་བསྟན་ཏེ། དེ་བཞིན་དུ་ལས་དང་པོ་པའི་དུས་ན་འདུན་པ་དང་ལྡན་པའི་སེམས་ཀྱི་བྱང་ཆུབ་ཀྱི་མཆོག་ ལ་རེག་པར་ནུས་པ་མ་ཡིན་ལ། དེ་མེད་པར་ཡང་བྱང་ཆུབ་དེ་ལ་རེག་པར་ནུས་པ་མ་ཡིན་ལ། ཡང་ཐ་མ་རྡོ་རྗེ་ལྟ་བུའི་སེམས་ཀྱིས་ཀྱང་བྱང་ཆུབ་ཞི་བ་ཐོབ་མིན་ལ། དེ་མེད་པར་ཡང་བྱང་ཆུབ་དེ་ཐོབ་པར་ནུས་ པ་མ་ཡིན་ནོ། །ཡང་དེ་ལ་འབྲས་བུ་འབྱིན་པའི་ཚེ་ན་སྔར་གྱི་རྒྱུ་ས་བོན་བཏབ་པ་ལས་ནི་འབྲས་བུ་མྱུ་གུ་དང་མེ་ཏོག་དང་འབྲས་བུ་འབྱུང་བར་འགྱུར་ལ། དེ་ཡང་ས་བོན་ལ་སོགས་རིམ་གྱིས་འགག་ཀྱང་ནུས་ པ་ཡར་ལྡན་དུ་དགོས་པས་ཤིང་ཡང་མེད་པ་དེ་མིན་པ་ལྟར། དཔེ་དེ་བཞིན་དུ་དང་པོ་འདུན་པ་དང་ལྡན་པའི་སེམས་ཀྱང་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ། དེའི་ངོ་བོ་འགགས་ཀྱང་ནུས་པར་ལྡན་དུ་རྡོ་རྗེ་ལྟ་བུའི་བར་དུ་ བསྒོམས་པས་བྱང་ཆུབ་མེད་པ་དེ་མ་ཡིན་ནོ། །ཡང་བྱང་ཆུབ་ལ་སྦྱོར་བ་ལས་བཅུའི་གྲངས་དང་གོ་རིམ་ལ་ལྟོས་པའི་དཔེ་ནི་དཔེར་ན་ཆུའི་ཐིགས་པ་དང་པོ་དང་ཐ་མའི་བར་དུ་རིམ་གྱིས་ཉུང་ངུ་ཉུང་ངུ་བླུགས་ པས་བུམ་པ་ཡོངས་སུ་འགེངས་པ་ལྟར་དུ། དཔེ་དེ་བཞིན་དུ་དང་པོ་འདུན་པ་དང་ལྡན་པའི་སེམས་ཀྱང་བྱང་ཆུབ་མཆོག་གི་རྒྱུ་ཡིན་ཏེ། ཐ་མའི་སེམས་ཀྱང་བྱང་ཆུབ་ཀྱི་རྒྱུ་ཡིན་པས། རིམ་གྱིས་རིམ་གྱིས་དཀར་

87 ༄༅། །པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཟབ་མོ་སྤྱོད་པའི་ཆེ་བ་ལ་གཉིས་ལས། ལམ་མཐའ་གཉིས་དང་བྲལ་བ་ནི། སྟོང་པ་མཚན་མེད་ཞེས་པ་ནས། གནས་པ་མེད་པ་བཞིན་ ཞེས་པའི་བར་ལ། ཡང་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་དང་ལྡན་པ་ནི་ཉོན་མོངས་པ་འཁོར་བ་པའི་ཆོས་དང་རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་ངོ་བོས་སྟོང་པའི་སྟོང་པ་རྒྱུས་སྟོང་པའི་ མཚན་མ་མེད་པ་དང་འབྲས་བུས་སྟོང་པའི་སྨོན་པ་མེད་པར་ཆོས་ལ་སྤྱོད་ཅིང༌། མྱ་ངན་ལས་འདས་པའི་སྟོང་པ་ཉིད་རྐྱང་པ་ལའང་མི་རེག་པ་འཇིག་རྟེན་པ་ལྟ་བུ་མཚན་མར་ཡང་མི་སྤྱོད་པས་སྲིད་ཞིའི་མཐའ་ ལ་མི་གནས་པ་དཔེར་ན་གཉན་པའི་དཔེ་བཞིན་ནོ། །གཉིས་པ་འབྲས་བུ་རློམ་འཇིག་མེད་པ་ནི། དེ་ལྟར་སྤྱོད་པའི་ཞེས་པ་ནས། ཤེས་རབ་སྤྱོད་པ་ཡིན་ཞེས་པའི་བར་ལ། ཡང་དེ་ལྟར་སྤྱོད་པའི་བྱང་ཆུབ་ སེམས་དཔའ་དེ་འདི་སྙམ་དུ་བདག །ཉན་ཐོས་ལྟར་དུ་སྟོབས་བཅུ་དང་ལྡན་པའི་སངས་རྒྱས་ཀྱིས་ལུང་བསྟན་ཀྱང་བྱང་ཆུབ་ལ་རེག་པར་འགྱུར་རོ་སྙམ་དུ་རློམ་སེམས་མེད་ཅིང༌། བྱང་ཆུབ་ཆོས་སྐུ་འདི་ལ་ཐོབ་ པར་རྒྱུ་ཅི་ཡང་མེད་ཅེས་བྱང་ཆུབ་ལ་སྐྲག་པ་མེད་ན། དེ་ལྟར་སྤྱོད་པ་བདེ་གཤེགས་རྣམས་ཀྱི་ཤེས་རབ་ལ་སྤྱོད་པ་ཡིན་ནོ། །ཀུན་རྫོབ་ཀྱི་ཡུལ་ཅན་རྒྱ་ཆེ་བའི་སྤྱོད་པ་ནི། འཇིག་རྟེན་མགོན་པོའི་ཞེས་པ་ནས།

88 བསྐྱེད་མི་བྱེད་ཞེས་པའི་བར་ལ། བྱང་ཆུབ་སེམས་དཔའ་དེ་ནི་འཇིག་རྟེན་ན་ཆུ་ཤིང་ལ་སོགས་པའི་དགོན་པའི་ལམ་དང་བཅུད་ཀྱི་སེམས་ཅན་མུ་གེ་དང་ནད་དང་བཅས་པར་མཐོང་ནས་དེ་དག་སྐྲག་པ་མེད་ ཅིང་དེ་ནས་སླར་སེམས་ཅན་གྱི་དོན་དུ་གོ་བཀོན་ཏེ། བདག་སངས་རྒྱས་པའི་ཞིང་དེར་འདི་ལྟ་བུར་མི་འབྱུང་བར་གྱུར་ཅིག་ཅེས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་ཞིང་སྒྱུ་ མ་ལྟ་བུར་རབ་ཏུ་ཤེས་ནས། བྱ་བས་ཡོངས་སུ་སྐྱོ་བའི་ཡི་ནི་རྡུལ་ཙམ་ཡང་བསྐྱེད་པར་མི་བྱེད་དོ། །ཟུང་འཇུག་ཐབས་ལ་མཁས་པའི་སྤྱོད་པ་ལ་གསུམ་ལས། རྒྱུའི་སྒོ་ནས་མདོར་བསྟན་པ་ནི། བྱང་ཆུབ་ སེམས་དཔའ་ཞེས་པ་ནས། ཡོངས་མི་ཉམས་ཞེས་པའི་བར་ལ། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་ཅིང་། མཉམ་བཞག་ཏུ་ཕུང་པོ་ལྔ་པོ་འདི་ དག་ཡེ་གདོད་མ་ནས་སྣང་བས་ཀྱང་སྟོང་ཞིང་སྐྱེ་མེད་དུ་ཤེས་ཤིང་རྟོགས་ནས་མཉམ་པར་མ་བཞག་པའི་རྗེས་ཀྱི་དུས་ན་སེམས་ཅན་གྱི་ཁམས་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་འཇུག་ཅིང༌། མཉམ་པར་ མ་བཞག་པའི་བར་སྐབས་དེར་ཡང་སངས་རྒྱས་ཀྱི་གནས་ལུགས་དང་མཐུན་པའི་ཁམས་ཀྱིས་ཆོས་ལས་མི་ཉམས་སོ། །གཉིས་པ་རྣམ་གྲངས་དུ་མའི་སྒོ་ནས་རྒྱས་པར་བཤད་པ་ལ་བརྒྱད་ལས། སྒྱུ་མ་ཤེས་

89 ༄༅། །པའི་དཔེས་སེམས་ཅན་མི་འདོར་བ་ནི། དཔེར་ན་སྐྱེས་བུ་ཞེས་པ་ནས་རེག་མི་བྱེད་ཞེས་པའི་བར་གྱིས། སྒྱུ་མ་སྤྲུལ་ཤེས་པའི་དཔེ་དེ་བཞིན་དུ་ཐབས་ཤེས་རབ་དང༌། འབྲེལ་པར་བྱེད་པ་དེའི་ ཚེ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དང་ལྡན་པ་ཡང༌། ཚེ་འདིར་ཡང་སེམས་ཅན་གྱི་ཁམས་རྣམས་ལ་ཀུན་ཏུ་སྙིང་རྗེ་བསྐྱེད་ཅིང༌། རང་གི་ཕུང་པོ་ལ་སོགས་པ་བདུད་བཞི་དག་དང་ཉན་ཐོས་དང་རང་ སངས་རྒྱས་ཀྱི་ས་གཉིས་སུ་ལྷུང་བའི་འཇིགས་པ་ལས་ཀྱང་རབ་ཏུ་འདས་ཤིང༌། རྣམ་ཐར་སྒོ་གསུམ་ཡི་ཏིང་ངེ་འཛིན་མཆོག་ལ་གནས་ཤིང༌། ཉན་ཐོས་ལྟར་བྱང་ཆུབ་ཞི་བ་ལ་རེག་པར་མི་བྱེད་ལ། ཐེག་ཆེན་ ལྟར་འགྲོ་བའི་དོན་ལ་བརྩོན་ཞིང་བྱང་ཆུབ་པར་འགྱུར་རོ། །གཉིས་པ་འཇིག་རྟེན་ལ་སོགས་པའི་དཔེས་སྨོན་པ་མི་འདོར་བ་ནི། མཁའ་ལ་རླུང་རྟེན་ཞེས་པ་ནས། ཞི་ལ་རབ་ཞི་སྤྱོད་ཞེས་པའི་བར་ལ། ཡང་ ལས་ཀྱིས་འཇིག་རྟེན་ཆགས་པའི་དཔེ་དེ་བཞིན་དུ་ནམ་མཁའ་ལྟ་བུའི་ཆོས་ཉིད་སྟོང་པ་ཉིད་ལ་བློ་གནས་པ་དེ། འགྲོ་བ་ལ་སེམས་ཅན་གྱི་རང་བཞིན་ཤེས་ན་ཀུན་རྫོབ་ཏུ་སྨིན་པར་འདོད་པའི་སྨོན་ལམ་གྱི་རྟེན་ ཅན་གྱི། ཕན་བདེའི་བྱ་བ་མང་པོ་སྣ་ཚོགས་སྟོན་པར་བྱེད་ཅིང་། མྱ་ངན་ལས་འདས་པ་ལ་མི་རེག་ཅིང་སྟོང་པར་བརྟེན་པའི་ཚུལ་གྱིས་བློ་གནས་པ་མེད་དེ། དུས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སྦྱངས་འཕྲོ་

90 ཡོད་པས་མཁས་ཤིང་དོན་རྟོགས་པས་གསལ་བ། ཆོས་ཉིད་སྟོང་པ་ཞི་བའི་ཏིང་ངེ་འཛིན་དམ་པ་འདི་ལ་སྤྱོད་པ་སྟེ། བར་སྐབས་དེར་ནི་མཚན་མ་དང་དམིགས་པ་རབ་ཏུ་བསྒོམ་པར་མི་བྱེད་དོ། །རྒྱུས་སྟོང་ པའི་མཚན་མ་མེད་པར་གནས་ཤིང་འབྲས་བུ་སྟོང་པའི་སྨོན་པ་མེད་པས་ཞི་བ་ལ་རབ་ཞི་སྤྱོད་དོ། །གསུམ་པ་བྱའི་དཔེས་གནས་མེད་ཀྱང་མི་ལྷུང་བ་ནི། བར་སྣང་འཕུར་བའི་ཞེས་པ་ནས། སྤྱོད་མ་ཡིན་ཞེས་ པའི་བར་གྱིས། བར་སྣང་ལ་འཕུར་བའི་བྱ་ས་ལ་མི་ལྟུང་བའི་དཔེ་དེ་བཞིན་དུ། བྱ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་ནམ་མཁའ་ལྟ་བུའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སྤྱོད་པ་དེ་ཡང་ཐབས་སྙིང་རྗེ་ཆེན་ པོ་དང་ལྡན་པས་མྱ་ངན་ལས་འདས་པ་ཡང་མི་རེག་ལ་ངོ་བོ་ཉིད་མེད་པར་རྟོགས་པས་མཚན་མར་སྤྱོད་པའང་མ་ཡིན་ནོ། །བཞི་པ་མདའི་དཔེ་དགེ་བ་མ་རྫོགས་པའི་བར་དུ་སྟོང་ཉིད་མངོན་གསུམ་དུ་མི་བྱེད་པ་ ནི༑ དཔེར་ན་འཕོང་བསླབས་སྐྱེས་བུས་ཞེས་པ་ནས། དམ་པ་དེ་ནི་ཐོབ་མི་བྱེད་ཞེས་པའི་བར་ལ། མདའི་དཔེ་ལྟར་བྱང་ཆུབ་སེམས་དཔའ་ཕྱིར་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་བྱེད་པའི་ ཁྱད་པར་ཤེས་རབ་དང་ཐབས་དང་སྟོབས་དང་རྫུ་འཕྲུལ་གྱིས་ནི་ངོ་བོ་མེད་པར་རྣམ་པར་སྤྱོད་པ་དེ་དག་ཇི་སྲིད་དུ་སངས་རྒྱས་རུང་གི་དགེ་བའི་རྩ་བ་ཇི་སྲིད་མ་རྫོགས་པ་དེ་སྲིད་དུ་ཁྱབ་པའི་སྟོང་ཉིད་སྙིང་རྗེ་

91 ༄༅། །དང་འབྲེལ་བའི་དམ་པ་དེ་ནི་ཐོབ་པར་མི་བྱེད་དོ། །ལྔ་པ་རྫུ་འཕྲུལ་གྱི་དཔེས་འཁོར་བར་གནས་ཀྱང་མི་སྐྱེ་བ་ནི། དཔེར་ན་དགེ་སློང་ཞེས་པ་ནས། དུབ་པ་མེད་ཞེས་པའི་བར་ལ། དགེ་སློང་གི་ དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཁས་པ་ནམ་མཁའ་ལྟ་བུའི་ཆོས་ཉིད་སྟོང་པ་ཉིད་ལ་གནས་ཤིང་། ཡེ་ཤེས་ཀྱི་རྫུ་འཕྲུལ་ཕ་རོལ་ཏུ་སོན་པ་དམིགས་རྟེན་གྱི་རྣམ་པ་མེད་པ་བཞིན་དུ། འགྲོ་བ་དག་ལ་ དོན་བྱེད་པའི་ཐབས་ཀྱི་བྱ་བ་རྣམ་པ་མཐའ་ཡས་པ་སྟོན་ཀྱང་དུས་རིང་བ་བསྐལ་པ་བྱེ་བར་འཁོར་བར་གནས་ཀྱང་སེམས་ལ་སྐྱོ་བ་མེད་ཅིང་ལུས་ལ་དུབ་པའང་མེད་དོ། །དྲུག་པ་གདུགས་ཀྱི་དཔེས་ལམ་ མཐའ་གཉིས་སུ་མི་ལྟུང་བ་ནི། དཔེར་ན་མི་འགའ་ཞེས་པ་ནས། ཆོས་ཀྱང་མཐོང་ཞེས་པའི་བར་ལ། སྐྱེས་བུས་གདུགས་བཟུང་བའི་དཔེས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དང་ལྡན་པས་མཁས་པ་སྙིང་རྗེ་ གནས་པ་དེ་ཡང་། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་མི་དམིགས་པར་ཤེས་པ་གཉིས་ཀྱིས་གདུགས་གཉིས་ཡོངས་སུ་བཟུང་སྟེ་གང་ཞེ་ན། ཤེས་རབ་ཀྱིས་ཉོན་མོངས་འཁོར་བའི་ཆོས་དང་རྣམ་བྱང་གི་ཆོས་ རྣམས་རང་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་དུ་རྒྱུ་སྟོང་པའི་མཚན་མ་མེད་པ་དང་འབྲས་བུས་སྟོང་པའི་སྨོན་པ་མེད་པ་ལ་རྟོག་ཅིང༌། ཐབས་སྙིང་རྗེ་ཆེན་པོ་མྱ་ངན་ལས་འདས་པ་ལ་རེག་པ་མེད་ལ། ཆོས་

92 རྣམས་ཀྱི་དེ་བཞིན་ཉིད་ཀྱང་མཐོང་ངོ༌། །བདུན་པ་དད་དཔོན་གྱི་དཔེས་རང་བདེ་བ་མི་བསྒྲུབ་པ་ནི། དཔེར་ན་རིན་ཆེན་འདོད་པ་ཞེས་པ་ནས། འཇོག་པར་འགྱུར་མ་ཡིན་ཞེས་པའི་བར་ལ། དད་དཔོན་གྱི་ དཔེ་དེ་བཞིན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱིས་སྟོང་པ་ཉིད་ཀྱི་རིན་ཆེན་གྱི་གླིང་དུ་སོང་སྟེ་དེ་མངོན་སུམ་དུ་བྱས་ནས་བསམ་གཏན་བཞི་དང༌། དབང་པོ་ལྔ་དང་སྟོབས་ལྔ་ཐོབ་པ་ཡང་། མྱ་ངན་ ལས་འདས་པ་ལས་རེག་པའི་བྱང་ཆུབ་སེམས་ཁོ་རང་འབའ་ཞིག་བསམ་གཏན་དང་ཟག་མེད་ཀྱི་བདེ་བས་མངོན་པར་དགའ་ཞིང༌། སེམས་ཅན་གྱི་ཚོགས་དེ་མེད་པས་སྡུག་བསྔལ་བའི་ཡིད་ཅན་དུ་འཇོག་པར་ འགྱུར་བ་མ་ཡིན་ཏེ། བརྩེ་བས་སྟོང་ཉིད་རིན་ཆེན་དེ་གཞན་ལ་ཡང་འགྱེད་དོ། །བརྒྱད་པ་ཚོང་པའི་དཔེས་ལམ་མཐའ་གཉིས་ལ་འདྲིས་པ་ནི། དཔེར་ན་དོན་གཉེར་ཞེས་པ་ནས། ཚུལ་ཤེས་ཡིན་ཞེས་པའི་བར་ ལ༑ ཚོང་པའི་དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་ཤེས་རབ་གསལ་བ་དེ་བར་གྱི་གྲོང་ལྟ་བུའི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྟོགས་པའི་ཤེས་རབ་དང་སྤངས་པའི་རྣམ་གྲོལ་ཀུན་ལ་ མཁས་པ་བྱེད་ཅིང༌། དེ་ལའང་རོ་མྱང་བའི་ཚུལ་གྱིས་མི་གནས་པ་ལ། རིན་པོ་ཆེའི་གླིང་ལྟ་བུའི་སངས་རྒྱས་ཀྱི་ཡེ་ཤེས་ལའང་གནས་པ་མ་ཡིན་ལ། རང་གི་ཁྱིམ་ལྟ་བུའི་མཚན་ཉིད་འདུས་མ་བྱས་ལ་མིང་མི་

93 ༄༅། །གནས་ལ་འོན་ཀྱང་རང་རང་དང་མཐུན་པའི་ལམ་གྱི་ཚུལ་ཤེས་པར་བྱེད་པ་ཡིན་ནོ། །གསུམ་པ་རྒྱུ་འབྲས་གཉིས་ཀའི་སྒོ་ནས་འཇུག་བསྡུ་བ་ནི། གང་ཚེ་འགྲོ་ལ་བྱམས་ཞེས་པ་ནས། ནུས་མ་ ཡིན་ཞེས་པའི་བར་ལ། གང་ཞིག་གི་ཚེ་བྱང་ཆུབ་སེམས་དཔའ་འགྲོ་བ་ལ་བྱམས་པ་ཆེན་པོས་རྒྱུན་དུ་རྗེས་སུ་འབྲེལ་བར་བྱས་ནས་ཏིང་ངེ་འཛིན་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སྤྱོད་པ་ དེ་ནི་མཐའ་གཉིས་དང་བྲལ་བས་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །ཞིའམ་སྲིད་པ་འདུས་མ་བྱས་ལ་གནས་པ་ཡིན་ནོ། །ཞེས་བྱ་བར་གདམས་པར་ནུས་པ་དེ་ནི་གནས་དང་སྐབས་མེད་དོ། ། ཡང་དེ་དག་གི་བརྡ་ཙམ་གདགས་པར་ནུས་པ་ནི། དཔེར་ན་སྒྱུ་མས་སྤྲུལ་པའི་མི་ལུས་ལ་དངོས་པོ་མེད་ཀྱང་མི་སྣང་བ་མ་ཡིན་ཞིང༌། དེ་ལ་ནི་སྐྱེས་པ་དང་བུད་མེད་ཀྱི་མིང་གིས་ཀྱང་ནི་གདགས་པར་ནུས་པ་ ལྟར་དུ། དཔེ་དེ་བཞིན་བྱང་ཆུབ་སེམས་དཔའི་བློས་རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་པ། དེ་ལ་སྲིད་ཞིའི་མིང་གིས་ཀྱང་མི་གདགས་པར་ནུས་པ་ཡིན་ནོ། །དེ་རྣམས་ཀྱི་འབྲས་བུ་སྨོན་པ་ནས་བཟུང་ནས་ བསླབ་པའི་རིམ་པ་སོང་ནས། སྤྱི་དོན་གསུམ་པ་ལ་བརྟེན་གྱི་གང་ཟག་ངོས་བཟུང་བའི་སྒོ་ནས་བསླབ་པའི་རིམ་པ་ལ་ཡང་ལྔ་ལས། ཕྱིར་མི་ལྡོག་པའི་གང་ཟག་ངོས་བཟུང་བ་ལ་ཡང་གཉིས་ལས། ལུང་མ་

94 བསྟན་པ་ནི། གལ་ཏེ་སྤྱོད་པ་དང་ནི་ཞེས་པ་ནས། ཡིན་རིག་བྱ་ཞེས་པའི་བར་ལ། གལ་ཏེ་གཞན་དག་གིས་ཕྱིར་མི་ལྡོག་པ་ལ་སྤྱོད་པ་དང་ནི་དབང་པོ་དང༌། རྟགས་ཇི་ལྟ་བུ་འོང་པ་ལགས་ཞེས་ཡོངས་སུ་དྲིས་ པ་ལ། བྱང་ཆུབ་སེམས་དཔའ་དེ་རང་གི་མྱོང་བ་དང་སྟོང་པའི་སྟོང་པ་དང་མཚན་མ་མེད་པའི་ཆོས་ཀྱང་ཡོངས་སུ་མི་སྟོན་པ་ལ་ཕྱིར་ལྡོག་པའི་རྟགས་ཀྱི་ཆོས་དྲིས་ཀྱང་མི་འཆད་པ་དེ་ནི་སྔར་སངས་རྒྱས་ཀྱིས་ ལུང་མ་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ཡན་ཆད་ཀྱིས་རྣམ་ཀུན་མངོན་རྫོགས་བཤད་ཟིན་ཏོ། །སྐབས་ལྔ་པའི་རྩེ་མོ་མངོན་པར་རྟོགས་པའི་ངོ་བོ་ནི་ཆོས་སྐུའི་རྒྱུ་ལམ་རྣམ་གསུམ་མི་དམིགས་པ་གང་ ཞིག་འབད་རྩོལ་མེད་པར་རྟོགས་པ་ལྷུན་གྲུབ་ཀྱི་བློ་ཐོབ་པའོ། །དེ་ཡང༌། དེ་ཡི་རྟགས་དང་རྣམ་འཕེལ་དང༌། །བརྟན་དང་སེམས་ཀུན་གནས་པ་དང༌། །མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་ སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དག་དང་། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་བསྒྲུབ་དང་བཅས་པ་ནི། ཡང་དག་བྱང་ཆུབ་འབྲས་འབྱུང་པའི། །རྩེ་མོའི་མངོན་ རྟོགས་ཡིན་པར་གསུངས། །ཞེས་པས། འདི་ལ་ཡོན་ཏན་རྒྱུད་ལ་བསྐྱེད་པའི་ཆ་ནས་དབྱེ་བ་བརྒྱད་ཀྱིས་བསྟན་ཏོ། །གཉིས་པ་ལུང་བསྟན་ཐོབ་པ་ནི། དགྲ་བཅོམ་པ་དང་ཞེས་པ་ནས། རིག་པར་བྱ་ཞེས་པའི་

95 ༄༅། །བར་ལ། ཐེག་པ་དམན་པ་དགྲ་བཅོམ་པའི་ས་དང་རྐྱེན་གྱི་སངས་རྒྱས་ཀྱི་ཡེ་ཤེས་དང་། ཁམས་གསུམ་གྱི་དཔལ་འབྱོར་དག་ན་རྨི་ལམ་ན་ཡང་མི་འདོད་ཅིང་། སངས་རྒྱས་རྣམས་མཐོང་སྟེ་ཁྲི་ ལ་བཞུགས་ནས་འགྲོ་བ་ལ་ཆོས་ཀྱང་སྟོན་པར་བྱེད་པ་རྨི་ལམ་དུ་མཐོང་བ་དེ་ནི་སྔར་ནས་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་པར་རིག་པར་བྱའོ། །ཡང་རྨི་ལམ་ན་ནི་སེམས་ཅན་འགའ་ཞིག་ངན་སོང་གསུམ་ ན་གནས་པ་མཐོང་བའི་སྐད་ཅིག་མ་དེ་ཉིད་ལ་ངན་སོང་གསུམ་པོ་དེ་དག་རྒྱུན་བཅད་པར་བྱའོ། །ཞེས་སྨོན་ལམ་འདེབས་པ་དང༌། ཡང་རྨི་ལམ་ནའམ་སད་པ་ན་གྲོང་ཁྱེར་ཚིག་པ་མཐོང་བ་ན་ཆོས་ཉིད་ཀྱི་ བདེན་པའི་བྱིན་གྱིས་བརླབས་ཀྱིས་མེའི་ཕུང་པོ་འདི་དག་ཞི་བར་གྱུར་ཅིག་ཅེས་བརྗོད་པས་ཞི་བར་གྱུར་ན། བྱང་ཆུབ་སེམས་དཔའ་དེ་ནི་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་པར་རིག་པར་བྱའོ། །ཡང་མིའི་ འཇིག་རྟེན་འགའ་ཞིག་ལ་ལྷ་དང་ཀླུ་དང་འབྱུང་པོའི་གདོན་ལ་སོགས་པ་རིམས་ནད་མང་བའི་མིའམ་འགྲོ་མལ། བྱང་ཆུབ་སེམས་དཔའ་དེ་ཕན་པ་དང་སྙིང་བརྩེ་བ་དང་ལྡན་པས་བདེན་པའི་བྱིན་བརླབས་ བརྗོད་པས་དེ་དག་རབ་ཏུ་ཞི་བ་ལ། དེ་ལ་འོན་ཀྱང་ང་ནི་བྱིན་བརླབས་དང་ལྡན་པའོ་སྙམ་པའི་རློམ་སེམས་མེད་ཅིང་ང་རྒྱལ་སྐྱེ་བ་མེད་པའི་གང་ཟག་བྱང་ཆུབ་སེམས་དཔའ་དེ་ནི་ཕྱིར་མི་ལྡོག་པར་ལུང་བསྟན་

96 པ་ཡིན་པར་རིག་པར་བྱའོ། །གཉིས་པ་ལུང་མ་བསྟན་པ་ནི། ལས་བྱུང་བའི་བདུད་ཀྱི་ལས་ལ་བཞི་ལས། བྱིན་བརླབས་ཀྱི་གཞི་ནི། ཅི་སྟེ་དེ་ནི་ཞེས་པ་ནས། ཤེས་པར་བྱ་ཞེས་པའི་བར་ལ། ཅི་སྟེ་བྱང་ཆུབ་ སེམས་དཔའ་དེ་ནི་བདུད་ཀྱི་ལས་བྱེ་བྲག་ལ་བདེན་པའི་བྱིན་བརླབས་སྣ་ཚོགས་པ་དག །འབྱོར་ཅིང་གྲུབ་པས་སངས་རྒྱས་ཀྱིས་ལུང་བསྟན་པ་ཡིན་ནོ་སྙམ་དུ་རློམ་སེམས་འབྱུང་བའམ། ཡང་གལ་ཏེ་བྱང་ཆུབ་ སེམས་དཔའ་གང་ཟག་གཞན་གྱི་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་བསྟན་པ་ལ་རློམ་སེམས་བྱེད་ན། རློམ་སེམས་གནས་པ་དེ་ནི་བློ་ཆུང་ཞིང་ཤེས་རབ་དང་མི་ལྡན་པར་ཤེས་པར་བྱའོ། །གཉིས་པ་མིང་གི་ གཞི་ནི། མིང་གི་གཞི་ལས་ཞེས་པ་ནས། མིང་འདི་ཡིན་ཞེས་པའི་བར་ལ། བདུད་ཀྱིས་ལུང་སྟོན་པའི་ཚུལ་ནི། མིང་གི་གཞི་ལས་གླགས་ལྟ་བའི་ཕྱིར་བདུད་ནི་བྱང་ཆུབ་སེམས་དཔའ་དེའི་དྲུང་དུ་ཉེ་བར་འོངས་ ནས༑ འདི་སྐད་སྨྲས་ཏེ་འདི་བཞིན་དུ་འདི་ན་ཁྱོད་ཀྱི་ཕ་དང་མ་དང༌། ཁྱོད་ཀྱི་བུད་མེད་རྒྱུད་ཀྱི་བར་གྱི་མིང་ཡིན་ཞིང༌། ཁོ་རང་གིས་བསམས་པ་ལྟར་དུ་གང་གི་ཚེ་ནམ་ཞིག་ན་ཁྱོད་ནི་སངས་རྒྱས་སུ་འགྱུར་ བའི་མིང་ཟླ་འོད་ཅེས་བྱ་བ་འདི་ཡིན་ནོ་སྙམ་ནས་རློམ་སེམས་བྱེད་པའི་གང་ཟག་དེ་བློ་ཆུང་བ་ཡིན་ནོ། །གསུམ་པ་སྦྱངས་པའི་ཡོན་ཏན་གྱི་གཞི་ནི། སྦྱངས་སྟོབས་རྣལ་འབྱོར་ཞེས་པ་ནས། རིག་པར་བྱ་ཞེས་

97 ༄༅། །པའི་བར་ལ། ཡང་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་སྡོམ་པ་སྟེ། དགོན་པ་དང༌། བསོད་སྙོམས་པ་དང༌། ཟས་ཕྱིས་མི་ལེན་པ་དང་། སྟན་ཅིག་པ་དང༌། གཞི་ཇི་བཞིན་པ་དང༌། ཆོས་གོས་ གསུམ་པ། དུར་ཁྲོད་པ། ཤིང་དྲུང་བ། ཙོག་པུ་བ། འདོད་པ་ཉུང་ཞིང་ཆོག་ཤེས་པ། རབ་ཏུ་དབེན་པ། རྐང་པ་སྐུད་པ་དང་བྲལ་བར། འཇམ་པོར་སྨྲ་ཞིང་ཚིག་ཉུང་བ་དང་ལྡན་ཞིང་བསྒོམ་པའི་རྣལ་འབྱོར་དང་ ལྡན་པ་དང་བལྟ་བ་ཅི་འདྲ་བ་འབྱུང་བར་འགྱུར་བ་དེ་ལ། ཁྱོད་ནི་ད་ལྟར་མ་ཟད་ཀྱི་སྔོན་ཡང་ཡོན་ཏན་བཅུ་གཉིས་ཀྱི་ཚུལ་ཡང་ད་ལྟར་འདི་དང་འདྲའོ། །ཞེས་བརྗོད་དེ། བརྗོད་པ་དེས་སྐད་ཐོས་ནས་གང་ཐོབ་ པ་ལ་ཡིད་ཆེས་ནས་ཁེངས་ཞིང་རློམ་སེམས་བྱེད་པའི་བྱང་ཆུབ་སེམས་དཔའ་ནི། བདུད་ཀྱི་སེམས་ཡོངས་སུ་བླང་ཞིང་གང་ཟག་བློ་ཆུང་བར་རིག་པར་བྱའོ། །བཞི་པ་དབེན་པའི་གཞི་ནི་གསུམ་ལ་བསྟན་པ་ནི་། རབ་ཏུ་དབེན་པའི་གྲོང་ཞེས་པ་ནས། བློ་ཆུང་རིག་པར་བྱ་ཞེས་པའི་བར་ལ། ཡང་སྐྱེ་བོས་རབ་ཏུ་དབེན་པའི་གྲོང་སྟོང་པ་དང་གྲོང་ཁྱེར་སྟོང་པ་དང༌། རིའི་སུལ་དང་ནགས་ཁྲོད་རབ་ཏུ་བརྟེན་པར་བྱེད་ཅིང༌། དངོས་སམ་ཡིད་ཀྱིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་བདུད་ཀྱི་ཡོངས་སུ་བསླང་ཞིང་བློ་ཆུང་བ་ཡིན་པར་རིག་པར་བྱའོ། །གཉིས་པ་བཤད་པ་ནི། རྟག་ཏུ་གྲོང་དག་ཞེས་

98 པ་ནས། དབེན་པར་གསུངས་ཞེས་པའི་བར་ལ། ཐེག་ཆེན་གྱི་དབེན་པ་གང་ཞེ་ན། གནས་རྟག་ཏུ་གྲོང་དང་ཡུལ་འཁོར་ཆེན་པོ་དང་གྲོང་བརྡལ་ཆེན་པོར་གནས་པར་བྱེད་ཅིང༌། ལས་སུ་བྱ་བ་སེམས་ཅན་སྨོན་ པར་བྱེད་པ་དང་རང་བྱང་ཆུབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པ་ལ་བརྩོན་པ་མ་གཏོགས་པ། དེ་ནི་དགྲ་བཅོམ་པ་དང་རང་རྒྱལ་བ་དང་འདོད་ཡོན་ལ་སོགས་ས་པའི་འདོད་པ་ གཞན་མི་སྐྱེད་པ་འདི་ནི་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཐེག་ཆེན་རྣམས་ཀྱི་དབེན་པ་ཡིན་པར་གསུངས་སོ། །ཡང་བློ་ཆུང་བ་གང་ལ་ལ་ཞིག་ལུས་དབེན་པའི་ཁྱད་པར་གྲོང་ནས་གཞན་པའི་དཔག་ཚད་ལྔ་ བརྒྱ་ཡོད་པའི་རི་སུལ་སྡིག་པ་དང༌། སྦྲུལ་དང༌། བྱ་དང༌། གཅན་གཟན་གྱིས་གང་བའི་སར་ལོ་མང་པོ་བྱེ་བའི་བར་དུ་གནས་པར་བྱེད་ཀྱང༌། སེམས་ལ་སྲིད་ཞིའི་རྟོགས་པས་དབེན་པ་འདི་ནི། དབེན་པར་མི་ ཤེས་པའི་བྱང་ཆུབ་སེམས་དཔའ་བློ་ཆུང་བ་དེ་ལུས་དབེན་པ་ཙམ་གྱིས་ལྷག་པའི་ང་རྒྱལ་རྙེད་ནས་སྤང་བྱ་དེ་འདྲ་བར་གནས་ཡིན་ལ། བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་བྱེད་པ་ལ་བརྩོན་ཞིང་བསམ་གཏན་ བཞི་དང༌། སྟོབས་ལྔ་དང་དབང་པོ་ལྔ་དང་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་ཐོབ་པ་དེ་ལ། བྱང་ཆུབ་སེམས་དཔའ་འདི་ནི་དགོན་པ་དབེན་པ་ལ་སྤྱོད་པ་ཡིན་ནོ་སྙམ་ནས་བརྙས་པ་བྱེད་པའི་གང་

99 ༄༅། །ཟག་བློ་ཆུང་བ། དེ་ནི་བདུད་ཀྱི་སྤྱོད་ཡུལ་ཡིན་ནོ་ཞེས་རྒྱལ་བས་གསུངས་སོ། །གསུམ་པ་བསྡུ་བ་ནི་གང་ཞིག་གྲོང་ངམ་ཞེས་པ་ནས། བདག་ཉིད་ཉམས་ཞེས་པའི་བར་ལ། བྱང་ཆུབ་སེམས་ དཔའ་གང་ལ་ལ་ཞིག་ལུས་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང༌། ཐོས་བསམ་ཉན་རང་གི་ཐེག་པ་གཉིས་ཀྱི་སེམས་དང་བྲལ་ཞིང་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་ན། འདི་ནི་འགྲོ་དོན་བྱེད་པ་ལ་ ཞུགས་པ་རྣམས་ཀྱི་དབེན་པ་མ་ནོར་བ་སྟེ། བྱང་ཆུབ་སེམས་དཔའ་གཞན་གྱི་དྲོ་ཚད་མི་རིག་པར་དྲོད་ཉོན་མོངས་པ་དེ་ནི་བདག་ཉིད་ཉམས་པར་འགྱུར་རོ། །གསུམ་པ་བདུད་ལས་སྤང་པའི་ཕྱིར་དགེ་བའི་ བཤེས་གཉེན་བསྟེན་པ་ལ་གཉིས་ལས། བསྟན་པའི་ཚུལ་ནི། དེ་ལྟ་བས་ན་ཞེས་པ་ནས། བསྟེན་པར་བྱ་ཞེས་པའི་བར་ལ། ཚུལ་དེ་ལྟ་བས་ན་དབེན་པ་དེ་ལྟ་བུ་ཡིས་བྱང་ཆུབ་དམ་པ་ཚོལ་བའི་ཕྱིར་བསམ་པ་ འདུན་པ་དྲག་པོ་དང་ལྡན་པའི་ཐབས་མཁས་པས་ཆོས་རྒྱུད་ལ་སྐྱེ་བའི་གེགས་ང་རྒྱལ་ངེས་པར་བཅོམ་སྟེ། དཔེར་ན་ནད་པའི་ཚོགས་ཀྱིས་རང་གི་ནད་གསོ་བའི་ཕྱིར་སྨན་པ་མཁས་པ་གཅེས་པར་བསྟེན་པ་ལྟ་ བུ༑ དོན་བསམ་སྦྱོར་ལ་སོགས་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་འདི་བསྒྲུབ་པའི་ས་ཇི་ལྟར་ཡིན་ཞེ་ན་གཡེལ་བ་མེད་པར་བླ་མ་དགེ་བའི་བཤེས་གཉེན་གུས་པས་རྒྱུན་དུ་བསྟེན་པར་བྱའོ། །གཉིས་པ་བརྟེན་བྱ་

100 ངོས་བཟུང་ལ་གཉིས་ལས། བསྟན་པ་ནི་སངས་རྒྱས་བྱང་ཆུབ་ཞེས་པས་ནས། མྱུར་དུ་རྟོགས་ཞེས་པའི་བར་ལ། འོ་ན་བསྟེན་བྱ་བླ་མ་དེ་ཇི་ལྟ་བུ་བསྟན་ཞེ་ན། བསྟོན་བྱེད་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ཏུ་ ཞུགས་པའི་བྱང་ཆུབ་སེམས་དཔའ་དག་དང༌། བསྟེན་བྱ་ཐབས་ཕ་རོལ་ཏུ་ཕྱིན་པ་དང་བཅས་ཏེ་ཡོངས་འཛིན་དང་ཐབས་མཁས་ཀྱི་དགེ་བའི་བཤེས་སུ་བསྟན་ལ། འོ་ན་དེ་དག་དགེ་བའི་བཤེས་སུ་འགྱུར་ཚུལ་ ཇི་ལྟར་འགྱུར་ཞེ་ན་གང་ཟག་གི་ཆོས་དེ་རྗེས་སུ་སྟོན་པར་བྱེད་པ་པོ་ཡིན་ལ། ཆོས་འདི་ནི་བསྒྲུབ་པར་བྱ་བའི་ས་ཡིན་སྟེ། དེ་ལྟར་རྒྱུ་མཚན་རྣམ་པ་གཉིས་ཀྱིས་བསྟན་ནས་བསྒྲུབས་ན་སངས་རྒྱས་ཀྱི་བྱང་ཆུབ་ མྱུར་དུ་རྟོགས་པར་འགྱུར་རོ། །གཉིས་པ་བཤད་པ་ནི། རྒྱལ་བ་འདས་དང་ཞེས་པ་ནས། ཡིན་ཞེས་བཤད་ཞེས་པའི་བར་ལ། རྒྱལ་བས་སྔར་འདས་པ་རྣམས་དང་ཕྱིས་མ་བྱོན་པ་རྣམས་དང་ད་ལྟར་ཕྱོགས་ན་ གང་བཞུགས་པ་ཀུན་གཤེགས་པའི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཡིན་ཞིང་གཞན་མིན་པའི་ཕྱིར་རོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཐེག་ཆེན་གྱི་བྱང་ཆུབ་མཆོག་ལ་བཞུགས་པ་རྣམས་ཀྱི་འབྲས་ བུ་སྟེར་བས་གསལ་བ་དང་ལམ་སྟོན་པ་སྒྲོན་མེ་དང་བཞིས་རྟོགས་པས་སྣང་བ་དང་ལམ་སྨན་པ་ལས་སྐྱོབ་པས་སྟོན་པ་མཆོག་ཡིན་ནོ་ཞེས་རྒྱལ་བས་བཤད་དོ། །བཞི་པ་བསྟན་པ་ཆོས་ཀྱི་རང་བཞིན་ལས། ཕ་

101 ༄༅། །རོལ་ཏུ་ཕྱིན་པའི་མཚན་ཉིད་ནི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་སྟོང་ཞེས་པ་ནི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་སྟོང་པ་ཉིད་ཡིན་ལ་ཡང་ན་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ནི་མཚན་མཚོན་གྱིས་སྟོང་སྟེ། མཚན་བཞིས་སྟོང་པས་སོ། །དེ་ལྟར་ཀྱང་འབུམ་ལས་མཚན་ཉིད་ནི་མཚན་ཉིད་ཀྱི་ངོ་བོ་ཉིད་དང་བྲལ་བའོ་ཞེས་སོ། །གཉིས་པ་དེ་ཆོས་རྣམས་ཀྱི་རང་བཞིན་དུ་ བསྟན་པ་ནི། ཆོས་འདི་ཐམས་ཅད་ཞེས་པ་ནས། སྤྱོད་པ་ཡིན་ཞེས་པའི་བར་ལ། དེ་བཞིན་དུ་ཉོན་མོངས་འཁོར་བ་དང་རྣམ་བྱང་མྱ་ངན་ལས་འདས་པ་བསྡུས་པའི་ཆོས་འདི་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའི་མཚན་ཉིད་དེ་དང་འདྲ་བར་སྟོང་པར་ཤེས་ནས། འདི་ལྟར་ཆོས་རྣམས་ངོ་བོས་སྟོང་ཞིང་། རྒྱུས་སྟོང་པ་མཚན་མ་མེད་པ་དང་འབྲས་བུས་སྟོང་པ་སྨོན་པ་མེད་པར་རབ་ཏུ་ཤེས་ན། དེ་ལྟར་ རྟོགས་ནས་སྤྱོད་པ་དེ་བདེ་བར་གཤེགས་པ་རྣམས་ཀྱི་ཤེས་རབ་ལ་སྤྱོད་པ་ཡིན་ནོ། །གསུམ་པ་དེ་ལས་ཀུན་ཉོན་མོངས་པ་ནི། སེམས་ཅན་ཡོངས་སུ་ཞེས་པ་ནས། ཉོན་མོངས་བསྟན་ཞེས་པའི་བར་ལ། འོ་ན་ ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་ཉོན་མོངས་པ་འཁོར་བ་རྣམས་དང་རྣམ་བྱང་མྱ་ངན་ལས་འདས་པ་གཉིས་སུ་ཇི་ལྟར་འགྱུར་ཞེ་ན། སེམས་ཅན་རྣམས་བདག་ཏུ་འཛིན་ཡོངས་སུ་རྟོགས་པས་འདོད་ཡོན་གྱི་

102 ཟས་ལ་འདོད་པར་བྱེད་ཅིང༌། འཁོར་བའི་རྒྱུ་བདག་དང་བདག་གི་བར་ཆགས་པའི་ཡིད་དང་ལྡན་པ་རྣམས་བདག་དེས་ཉོན་མོངས་པས་ཀུན་ནས་བསླང་ཞིང་དེ་ལས་བསགས་པས་དུས་རྟག་ཏུ་འཁོར་བ་སྟེ། འོན་ཀྱང་གང་ལ་ཆགས་པའི་བདག་དང་བདག་གི་ཆོས་གཉིས་པོ་དེ་ཡང་དག་པར་ཡོད་པ་མིན་ཞིང་སྟོང་པ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་བདག་ཉིད་ཀྱི་ནི་མེད་པ་ལ་ཡོད་པར་འཛིན་པ་དཔེར་ན་མཁའ་ལ་མདུད་པ་ བོར་བ་དང་འདྲའོ། །དེ་ལྟར་ཡང་དཔེར་ན་དོགས་པའི་འདུ་ཤེས་ཀྱིས་དུག་བླངས་པ་ན། དུག་དེ་དངོས་པོ་ལ་ཁོང་དུ་སོང་བ་མེད་ཀྱང་རྒྱལ་བར་འགྱུར་རོ། །དཔེ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་བདག་དང་ བདག་གིར་ཁས་ལེན་པ་རྣམས་ཀྱང་བདག་དེར་འདུ་ཤེས་པས་ཡང་དག་པའི་ཀུན་ཏུ་མི་རྟག་པས་དེར་འཛིན་པའི་དབང་གིས་སྐྱེ་ཞིང་འཆི་ལ། མདོར་ན་ཇི་ལྟར་བདག་དང་བདག་གི་བར་འཛིན་པ་ཡོད་པ་དེ་ ལྟར་ཀུན་ནས་ཉོན་མོངས་པ་འཁོར་བར་བསྟན་པའོ། །བཞི་པ་གཉེན་པོ་རྣམ་བྱང་དུ་གྱུར་པའི་ཚུལ་ནི། བདག་དང་བདག་གིར་ཞེས་པ་ནས། ཕྱིན་པ་རྟོགས་ཞེས་པའི་བར་ལ། དེ་ལ་བཟློག་སྟེ་བདག་དང་ བདག་གིར་མི་དམིགས་པར་རྟོགས་པས་རྣམ་པར་བྱང་བར་གསུངས་ཏེ། གཞན་ལུགས་འདི་ལ་གང་ཡང་ཀུན་ནས་ཉོན་མོངས་པ་དང་གཉེན་པོ་རྣམ་བྱང་རྣམ་པར་དག་པར་འགྱུར་བ་མེད་ལ། བྱང་ཆུབ་སེམས་

103 ༄༅། །དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་དོན་རྟོགས་སོ། །ལྔ་པ་ཆོས་དེ་རྗེས་སུ་བསྒྲུབ་པ་ལ་གསུམ་ལས། དགོས་པའི་སྒོ་ནས་ཆོས་རྗེས་སུ་བསྒྲུབ་པར་གདམས་པ་ལ་གསུམ་ལ་ཚོགས་རྒྱ་ ཆེན་པོ་བདེ་བླག་ཏུ་སོག་པ་ནི། འཛམ་བུ་གླིང་ན་ཞེས་པ་ནས། འཇུག་པར་བྱ་ཞེས་པའི་བར་ལ། དེ་ལྟར་བསྒོམས་ཕན་ཡོན་ཆེ་བ་དཔེ་ཡིས་བསྟན་པ་ནི། དཔེར་ན་འཛམ་བུ་གླིང་ན་སེམས་ཅན་ཇི་སྙེད་ཡོད་པ་ མ་ལུས་པ་དེ་དག་ཐམས་ཅད་བརྟེན་མཆོག་ཏུ་བྱེད་པ་ལ་སྔོན་འགྲོ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བྱས་ནས། དངོས་གཞི་སྦྱོར་བ་དུས་རིང་བ་ལོ་སྟོང་བྱེ་བ་མང་པོར་སངས་རྒྱས་དང་སེམས་ཅན་ལ་ སྨིན་པར་བྱེད་པ་གྱ་ནོམ་པར་མང་པོར་བྱིན་པར་བྱས་ལ། རྗེས་ལ་བསོད་ནམས་ཀུན་ཀྱང་ཆེད་དུ་བྱ་བ་འགྲོ་བའི་དོན་གྱི་ཕྱིར་བསྔོ་ས་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་ཡང༌། གང་ཟག་གང་ལ་ལ་ཞིག་གིས་ སྔར་བཤད་པ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བསྒོམ་པ་དང་གཞན་ལ་སྟོན་པ་ལ་མངོན་པར་བརྩོན་པར་བྱེད་པ་དེ། ཐ་ན་དུས་ཉི་མ་གཅིག་ཅིག་རྗེས་སུ་མཐུན་པར་བྱེད་ན། དེ་ལ་སྔར་བཤད་པའི་ཕུང་ པོས་བསོད་ནམས་བརྒྱའི་ཆ་ནས་རྒྱུའི་བར་གྱི་ཆར་ཡང་མི་ཕོད་དོ། །རྒྱུའི་ཕྱིར་ན་ལེ་ལོ་དང་བྱ་བ་གཞན་གྱིས་གཡེལ་བ་མེད་པར་རྟག་ཏུ་ཤེས་རབ་ཀྱིས་ཉམས་སུ་ལེན་པ་བརྩོན་པས་འཇུག་པར་བྱའོ། །གཉིས་

104 པ་འགྲོ་བ་རྣམས་ཀྱི་སྦྱིན་སོགས་སུ་གྱུར་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས། ཡོངས་སུ་སྤྱོད་ཞེས་པའི་བར་ལ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པའི་རྣལ་འབྱོར་པ་དེ། སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་བདེན་པའི་འདུ་ཤེས་མེད་པའོ། དེའི་ཚེ་མཁས་པ་དེ་ལ་ཕུལ་ན་འགྲོ་བ་རང་མི་ལྕི་ལ་གཞན་གྱི་དགེ་བ་འཕེལ་བས་འགྲོ་བ་ཀུན་གྱི་སྦྱིན་པའི་ གནས་པར་འགྱུར་བས་ན། རྟག་ཏུ་ཡུལ་འཁོར་གྱིས་ཕུལ་བའི་བསོད་སྙོམས་དོན་ཡོད་པར་ཡོངས་སུ་སྤྱོད་པ་ཡིན་ནོ། །གསུམ་པ་གདུལ་བྱའི་ལམ་སྟོན་པར་འགྱུར་བ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། བརྩོན་པར་བྱ་ཞེས་པའི་བར་ལ། ཡང་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་འཁོར་འདི་དུས་ཡུན་རིང་པོ་ཐོག་མ་མེད་པ་ནས་འབྲེལ་བའི་ལྷ་དང་མི་དང་ངན་སོང་གསུམ་གྱི་སེམས་ཅན་སྡུག་བསྔལ་རྒྱུ་དང་ བཅས་པ་ལས་གྲོལ་བའི་ཕྱིར། གང་ཡང་ཤོང་བས་ལམ་ཡངས་པ་ཕ་རོལ་ཏུ་ཕྱིན་པ་འདི་སེམས་ཅན་གྱི་ཁམས་ལ་སྟོན་པར་འདོད་པས་ཀྱང༌། དེའི་ཐབས་སུ་ཉིན་མཚན་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་ཆོས་སྤྱོད་བཅུས་བརྩོན་པར་བྱའོ། །དཔེའི་སྒོ་ནས་ཇི་ལྟར་མཚོན་པར་བྱ་བ་ནི། མི་ཞིག་སྔོན་ཆད་ཞེས་པ་ནས། འགྱུར་བ་ཡིན་ཞེས་པའི་བར་གྱིས། ཤེས་རབ་སྟོན་པར་བྱེད་པའི་ཚིག་བདེ་བླག་ཏུ་མྱུར་དུ་

105 ༄༅། །བསྒྲུབ་དགོས་པ་ནོར་བུ་རྙེད་པའི་དཔེ་དེ་ལྟར་བྱང་ཆུབ་མཆོག་གི་ལམ་ལ་ཞུགས་པ་རྣམས་ཀྱིས་རིན་ཆེན་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྙེད་ནས་ཉམས་སུ་ལེན་པ་ལ་རྣལ་འབྱོར་པ་ གང་ཞིག་བརྩོན་འགྲུས་དང་ལྡན་པས་དོར་བར་མི་བྱའོ། །སྔར་སྟོན་པའི་རིན་ཆེན་རྙེད་ནས་བླངས་ཏེ། རབ་ཏུ་བརྩོན་པས་བཀྲིས་ཤིང་སྦས་ནས། མྱུར་དུ་རང་གི་གནས་སུ་འགྲོ་བར་བྱེད་པ་དང༌། དེས་འགྲོ་ བའི་སྡུག་བསྔལ་ཞི་བར་འགྱུར་བ་བཞིན་ནོ། །དེ་ལྟར་བརྩོན་པར་བྱ་བའི་ཕན་ཡོན་ལ་བཞི་ལས། བསྒྲུབ་པ་གཞན་ཟིལ་གྱིས་གནོན་པ་ནི། ཉི་མ་སྤྲིན་དང་བྲལ་བའི་ཞེས་པ་ནས། ཟིལ་གྱིས་གནོན་ཞེས་པའི་ བར་ལ། ཡང་དཔེར་ན་ཉི་མ་སྤྲིན་དང་བྲལ་བའི་འོད་ཟེར་དྲ་བ་ཅན་ཤར་བས། མི་མཐུན་པའི་ཕྱོགས་མུན་ནག་ཐིབས་པོའི་མུན་པ་ཐམས་ཅད་འཇོམས་ཤིང་སྣང་བ་འཆར་བ་དེས་འཐུན་ཕྱོགས་སྲིན་བུ་མེ་ཁྱེར་ དང་སྲོག་ཆགས་འབྱུང་པོ་ཐམས་ཅད་ཀྱི་འོད་དང༌། ཡང་སྐར་མའི་ཚོགས་ཀྱི་འོད་དང་ཟླ་བའི་འོད་ཀུན་ཀྱང་ཉི་མའི་འོད་ཀྱིས་ཟིལ་གྱིས་གནོན་ཏེ། དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉི་མ་ལྟ་བུའི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ནི་སྟོང་པ་ནི་མཚན་མ་མེད་པ་ལ་སྤྱོད་པ་དང༌། ཐབས་མཁས་པས་མི་མཐུན་པའི་ཕྱོགས་བདག་དང་ཆོས་སུ་བལྟ་བའི་མ་རིག་པའི་ཐིབས་པོ་བཅོམ་ནས་མཐུན་

106 ཕྱོགས་འགྲོ་བ་ཀུན་གྱི་བསོད་ནམས་ཆ་མཐུན་དང༌། ཐར་པ་ཆ་མཐུན་གྱི་དགེ་བ་དགྲ་བཅོམ་པ། རང་རྒྱལ་གྱི་དགེ་བ་དང་ཐེག་ཆེན་གྱི་དགེ་བ་བྱང་ཆུབ་སེམས་དཔའི་དམིགས་བཅས་ཀྱི་དགེ་བ་མང་པོ་ དམིགས་མེད་ཀྱི་ཟིལ་གྱིས་གནོན་ནོ། །གཉིས་པ་ལྷ་མིའི་མགོན་དུ་གྱུར་པ་ནི། དཔེར་ན་རྒྱལ་པོའི་བུ་ཞིག་ཞེས་པ་ནས། སྨོས་ཅི་དགོས་ཞེས་པའི་བར་གྱིས། ལམ་མཆོག་ཏུ་གྱུར་པ་ཉམས་སུ་ལེན་པ་དེ་ལྷ་མིའི་ དཔལ་དུ་འགྱུར་བ་ནི་རྒྱལ་བུ་གཞོན་ནུའི་དཔེ་དེ་བཞིན་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་ནད་གསོ་བ་ཡང༌། བདུད་རྩི་ལྟ་བུའི་སྦྱིན་ པ་སྦྱིན་པར་བྱེད་ཅིང་དེའི་དབང་གིས་ལྷ་དང་མི་རྣམས་དགའ་བས་དེའི་དྲུང་དུ་འོང་ཞིང་། བྱང་ཆུབ་སེམས་དཔའ་འདི་ནི་རྒྱལ་སྲས་ཀྱི་དུས་ད་ལྟ་ན་ཡང་སེམས་ཅན་མང་པོ་ལ་ཕན་གདགས་པར་བརྩོན་པར་ བྱེད་ན། ནམ་ཞིག་ཆོས་ཀྱི་རྒྱལ་པོར་སངས་རྒྱས་པ་ལ་གནས་པར་འགྱུར་ན་སེམས་ཅན་གྱི་དོན་བྱེད་པ་ལ་སྨོས་ཅི་དགོས་སྙམ་དུ་རེ་བ་བསྐྱེད་དོ། །གསུམ་པ་བདུད་ཕམ་པར་བྱེད་པ་ལ་གསུམ་ལས་བདུད་ཀྱི་ དབྱེ་བ་ནི། དེའི་ཚེ་ན་ཞེས་པ་ནས། སྐར་མདའ་གཏོང་ཞེས་པའི་བར་ལ། ཡང་དེའི་ཚེ་ན་བདུད་ནི་བྱང་ཆུབ་སེམས་དཔའ་འདི་བདག་གི་གཡུལ་ལས་རྒྱལ་བར་འགྱུར་རོ་སྙམ་དུ་སེམས་ཟུག་རྔུ་དང་ལྡན་པར་

107 ༄༅། །གྱུར་ལ་ཡིད་མྱ་ངན་གྱིས་ཉམས་ཐག་ལུས་ན་ཚས་སྡུག་བསྔལ་ཞིང་ཚོར་བ་ཡིད་མི་བདེ་ལ་ལུས་སེམས་ཀྱི་དཔའ་ཞུམ་པས་ཉམས་ཆུང་ངོ་། །ཡང་ད་རུང་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ བྱང་ཆུབ་ཀྱི་སྤྱོད་པ་ལས་ཇི་ལྟར་བྱས་ན་ཡིད་ནུར་བར་འགྱུར་ཞེས་བསམས་ནས། སྦྱོར་བས་འཇིགས་པ་བསྟན་པའི་ཕྱིར་དེའི་ཉེ་འཁོར་དུ་ས་ཕྱོགས་རྣམས་མེས་བསྲེགས་ཅིང་སྟེང་ནས་སྐར་མདའ་སྟེ་ཐོག་ གཏོང་བར་བྱེད་དོ། །གཉིས་པ་དེས་མི་ཚུགས་པ་ནི། གང་ཚེ་མཁས་པ་ཞེས་པ་ནས། ག་ལ་འགྱུར་ཞེས་པའི་བར་ལ། འོན་ཀྱང་གང་གི་ཚེ་བྱང་ཆུབ་སེམས་དཔའ་མཁས་པ་དེ་དག་བསམ་པ་དྲག་པོ་བྱམས་སྙིང་ རྗེ་དང་ལྡན་ཞིང༌། སྦྱོར་བ་དུས་ཉིན་མཚན་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མཆོག་གི་དོན་ལ་བལྟའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དེའི་ལུས་དང་སེམས་དང་ངག་དང་གསུམ་ནི་མཁའ་ལ་འགྲོ་བའི་བྱ་ ལྟར་དུ་མཐའ་གཉིས་དང་བྲལ་བའམ་གནོད་པ་མེད་པར་རྒྱུ་ལ། དེ་ལ་བདུད་དང་ནག་པོའི་རྩ་ལག་དེའི་འཁོར་དུ་གཏོགས་པ་རྣམས་ཀྱི་གླགས་བལྟས་ཀྱང་གླགས་རྙེད་པར་ག་ལ་འགྱུར་ཏེ་གླགས་མི་རྙེད་དོ། ། གསུམ་པ་ཞོར་ལ་ཚོགས་པ་ནི། གང་ཚེ་བྱང་ཆུབ་སེམས་དཔའ་ཞེས་པ་ནས། སངས་རྒྱས་ཆོས་འདི་སློབ་ཞེས་པའི་བར་ལ། ཡང་དུས་གང་ཞིག་གི་ཚེ་བྱང་ཆུབ་སེམས་དཔའ་འགའ་ཞིག་གི་ལུས་ཀྱི་འཐབ་པ་དང་

108 ངག་གིས་རྩོད་པར་འགྱུར་ཞིང༌། ཡིད་ཀྱིས་ཕན་ཚུན་གཅིག་ལ་ཅིག་མི་མཐུན་ཞིང་འཁྲོས་པའི་སེམས་དང་ལྡན་པར་འགྱུར་ལ། དེའི་ཚེ་བདུད་འཁོར་དང་བཅས་པ་རྣམས་ནི་ཡིད་དགའ་ཞིང་ལུས་མཆོག་ཏུ་ ཉམས་བདེ་ཞིང་འདི་སྙམ་དུ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་འཐབ་རྩོད་བྱེད་པ་དེ་གཉིས་རྒྱལ་བའི་ཡེ་ཤེས་ལས་ནི། ཐག་རིངས་སུ་འགྱུར་བས་བདག་གི་དོན་འགྲུབ་པོ་སྙམ་དུ་སེམས་དགའ་བར་འགྱུར་རོ། ། དངོས་པོ་ལ་ཡང་བྱང་ཆུབ་སེམས་དཔའ་དེ་གཉིས་ཡེ་ཤེས་རིང་དུ་འགྱུར་ཞིང་རྒྱུ་གཏུམ་པ་ཤ་ཟ་བར་འགྱུར་ལ། །དེ་ལྟར་གཉིས་ཀ་སྔར་རང་གི་སེམས་བསྐྱེད་པའི་དམ་བཅས་པ་དེ་ལས་ཉམས་པར་འགྱུར་རོ། ། དེ་ལྟར་ཉམས་པར་འགྱུར་ཞེ་ན། བསམ་པ་དེ་ཞེ་སྡང་ཞིང་བཟོད་པ་དང་བྲལ་བ་ལ་བྱང་ཆུབ་ག་ལ་ཡོད་དེ་མེད་དོ། །དེ་ལྟ་བུའི་ཚེ་བདུད་རྣམས་ཕྱོགས་དང་བཅས་པ་སྟེ་ཡིད་རབ་ཏུ་དགའ་བར་འགྱུར་བ་ལ་ཁྱད་ པར་དུ་ཡང་ལུང་བསྟན་མ་ཐོབ་པའི་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས། སྔར་ལུང་བསྟན་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་སེམས་ཁྲོས་ཤིང་རྩོད་པར་རྩོམ་པར་བྱེད་ན། ཉོན་མོངས་པའི་ཐ་བའི་ སྐྱོན་དང་ལྡན་པ་ཡིན་པས་སེམས་ཀྱི་སྐད་ཅིག་མའི་གྲངས་ཇི་སྙེད་པ། དེ་སྙེད་ཀྱི་བསྐལ་པར་གཞི་ནས་བཟོད་པའི་གོ་ཆ་བགོས་དགོས་སོ། །སྡིག་པ་དེའི་གཉེན་པོའམ་དེ་ལ་བཟློག་པའི་ཐབས་ནི་བཟོད་པ་

109 ༄༅། །ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་བྱང་ཆུབ་ཀྱི་མཆོག་ལ་རེག་པ་ཡིན་པ་ལ། ཞེ་སྡང་གི་སེམས་འདི་བཟང་བ་མིན་སྙམ་ན་འགྱོད་པའི་དྲན་པ་ བསྐྱེད་པར་བྱེད་ཅིང༌། གཉེན་པོ་སྣ་ཚོགས་ཀྱིས་སོ་སོར་བཤགས་པར་བྱེད་ཅིང་དེ་ལྟ་བུའི་བསམ་སྦྱོར་ཕྱིས་ཀྱང་སྡོམ་པར་བྱེད་ལ། སྔར་གྱི་ལ་ཡིད་དགའ་བར་མི་བྱེད་པ་དེ་ནི་སངས་རྒྱས་ཀྱི་བསྟན་པའི་ཆོས་ འདི་ལ་སློབ་པ་ཡིན་ནོ། །བཞི་པ་བསྒྲུབ་པ་ཕུན་སུམ་ཚོགས་པ་ལ་གསུམ་ལས། ཡང་དག་པའི་བསླབ་པ་ཟབ་པ་ལ་གཉིས་ལས་རང་བཞིན་ནི། གང་ཞིག་སློབ་ཚེ་ཞེས་པ་ནས། ཆོས་འདིར་སློབ་ཞེས་པའི་བར་ ལ༑ བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་པའི་ཚེ་ཡང་དག་པའི་བསླབ་པ་གང་ཡང་ཁས་མི་ལེན་པའི་ཕྱིར་རོ། །དེ་ལྟར་སློབ་པ་པོ་དང་བསླབ་པར་བྱ་བའི་ཆོས་འདི་རྣམས་མི་ དམིགས་ཤིང་། བསླབ་པར་བྱ་བ་དང་བསླབ་པར་བྱ་བ་མ་ཡིན་པ་འདི་གཉིས་ཐ་དད་དུ་བདེན་པར་མི་རྟོག་པ། དེ་ལྟར་གང་ཞིག་སློབ་པ་དེ་ནི་སངས་རྒྱས་ཀྱི་བསྟན་པའི་ཆོས་འདིར་སློབ་པའོ། །གཉིས་པ་ཤེས་ པའི་ཕན་ཡོན་ལ་གསུམ་ལས། བསླབ་པའི་དོན་ཚང་བ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། དེ་ལྟར་སློབ་ཞེས་པའི་བར་ལ། ཡང་རྟེན་གྱི་གང་ཟག་བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་མ་གཏོགས་

110 པའི་བསླབ་པ་འདི་ཤེས་པ་འདི་གཞན་ཡང་བསླབ་པ་གཉིས་པོ་ཉམས་ཤིང་ཚུལ་ཁྲིམས་འཆལ་བར་མི་འགྱུར་ཏེ་ཉམས་པའི་རྒྱུ་མི་དམིགས་པའི་ཕྱིར་རོ། །དེ་ནི་སངས་རྒྱས་ཀྱི་ཆོས་ཀྱིས་མཉེས་པར་བྱ་བའི་ ཕྱིར་ཡུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་འདི་ལ་སློབ་ཏེ། དེ་ལྟ་བུའི་བསླབ་པ་དེ་ནི་ལྷག་པའི་སེམས་དེ་དང་ཚུལ་ཁྲིམས་གཉིས་ལས། བསླབ་པ་འདི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་པས་དེ་ལ་ མཁས་ཏེ་དམིགས་པ་མེད་པའི་ཕྱིར་རོ། །དེ་ནི་མ་རིག་པ་སེལ་བ་ལ་མཁས་པའི་འོ་བྱེད་པ་རྣམས་ཀྱི་མི་དམིགས་པའི་ཤེས་རབ་ལ་དེ་ལྟར་སློབ་པ་ཡིན་ནོ། །གཉིས་པ་མི་དགེ་བའི་སྒོ་རྣམས་མི་བྱེད་པ་ནི། དགེ་བ་ཡིན་ཞེས་པ་ནས། མི་གནས་བཞིན་ཞེས་པའི་བར་ལ། དེ་ཡང་དེ་ལྟར་སློབ་པ་དེ་ལ་ཆགས་སྡང་དང་གཏི་མུག་མེད་པས་དགེ་བ་མ་ཡིན་པའི་སེམས་སྐད་ཅིག་ཙམ་ཡང་བསྐྱེད་པར་མི་བྱེད་དོ། །དཔེར་ན་ ཉི་མ་མཁའ་ལ་འགྲོ་བ་བཞིན་ནོ། །གསུམ་པ་དགེ་བ་ཐམས་ཅད་བསྡུད་པ་ནི། ཤེས་རབ་ཕ་རོལ་ཕྱིན་ཞེས་པ་ནས། འདུས་པར་གསུངས་ཞེས་པའི་བར་ལ། བསྡུ་བྱེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ དམིགས་མེད་དུ་བསླབ་པ་བྱས་པ་རྣམས་ཀྱི་ནང་དུ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཐམས་ཅད་མི་དམིགས་པར་ཤེས་པའི་ཤེས་རབ་དེར་འདུས་པར་འགྱུར་རོ། །དཔེར་ན་འཇིགས་ཚོགས་ཀྱི་ལྟ་

111 ༄༅། །བར་བལྟ་བ་དྲུག་ཅུ་རྩ་གཉིས་འདུས་པ་ལྟར་དུ། དཔེ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པར་གསུངས་སོ། །དེ་ལ་སྤྱིར་དབང་པོ་ཉི་ཤུ་ རྩ་གཉིས་ལས་རྣམ་བྱང་གི་དབང་པོ་ནི། དད་པའི་དབང་པོ་དང༌། དྲན་པའི་དང༌། བརྩོན་འགྲུས་ཀྱི་དང༌། ཏིང་ངེ་འཛིན་གྱི་དང༌། ཤེས་རབ་ཀྱི་དང༌། མི་ཤེས་པ་ཀུན་ཤེས་པ་ཡི་དང༌། ཀུན་ཤེས་པ་དང༌། ཀུན་ཤེས་པ་གྲོལ་བས་དང་བརྒྱད། །ཉོན་མོངས་པ་འཁོར་བའི་དང༌། མིག་གི་དབང་པོ་ལ་སོགས་པ་ལྔ་དང༌། ཡིད་ཀྱི་དང་ཡིད་བདེ་མི་བདེ་གཉིས་དང༌། ཚོར་བའི་བདེ་སྡུག་བཏང་སྙོམས་གསུམ་དང༌། སྲོག་ གི་དབང་པོ་དང༌། ཕོ་མོའི་དབང་པོ་གཉིས་ཏེ་བཅུ་བཞི་དེ་ལྟར་ན་དབང་པོ་ཉི་ཤུ་རྩ་གཉིས་ཡོད་པ་ལས། དཔེར་ན་སྲོག་གི་དབང་པོ་གཅིག་པུ་འགགས་ན་དབང་པོ་རྩ་ཅིག་པོ་གཞན། གང་དག་ཇི་སྙེད་པ་ ཐམས་ཅད་འགགས་པར་འགྱུར་བས་སྲོག་གི་དབང་པོར་དབང་པོ་གཞན་རྣམས་འདུས་པའོ་དཔེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་མཁས་པ་མཆོག་ཏུ་གྱུར་པ་རྣམས་ཀྱིས། ཕ་རོལ་ཏུ་ཕྱིན་པ་ ལྔ་ཐམས་ཅད་མི་དམིགས་པར་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ནི་འདུས་པར་གསུངས་སོ། །ཐེག་པ་ཐམས་ཅད་ལ་སློབ་པས་བསླབ་པ་རྒྱ་ཆེ་བ་ནི། བྱང་ཆུབ་སེམས་མཁས་ཞེས་པ་ནས། དེ་

112 ཕྱིར་སློབ་ཞེས་པའི་བར་ལ། བྱང་ཆུབ་སེམས་དཔའ་མཁས་པ་གསལ་བ་གང་ཞིག་ཉན་ཐོས་ཡོན་ཏན་གང་ཞིག་ཡོད་པ་དང༌། དེ་བཞིན་དུ་རང་རྒྱལ་བའི་ཡོན་ཏན་ཀུན་ལ་གཞན་དོན་དུ་སློབ་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་དེ་དག་ཡོན་ཏན་དེ་ལ་ཞེན་པའི་ཚུལ་གྱིས་མི་གནས་པ། རོ་མྱང་པའི་ཚུལ་གྱིས་འདོད་པ་མི་བསྐྱེད་དོ། །ཉན་རང་གི་ཡོན་ཏན་འདི་ནི་གཞན་དོན་དུ་བྱང་ཆུབ་སེམས་དཔའ་དག་གི་བསླབ་ བྱ་ཡིན་སྙམ་ནས་གཞན་ལ་ཡང་དེའི་ཕྱིར་སློབ་པའོ། །གཞན་གྱི་ལ་རྗེས་སུ་ཡིད་རང་བས་དོན་ཆེ་བ་ནི། མི་ལྡོག་བྱང་ཆུབ་ཞེས་པ་ནས། ཆོས་སྦྱིན་བྱེད་པ་ཞེས་པའི་བར་ལ། ཕྱིར་མི་ལྡོག་པའི་བྱང་ཆུབ་ཀྱི་ མཆོག་ལ་རབ་ཏུ་ཞུགས་པའི་གང་ཟག་འགའ་ཞིག་སེམས་བསྐྱེད་པ་ལ་གང་ཟག་གཞན་གྱི་བསམས་པ་ཐག་པས་རྗེས་སུ་ཡིད་རང་བར་བྱེད་ན། རྟག་པ་མཐའ་བཟུང་བའི་དཔེ་ནི། སྟོང་གསུམ་རི་རབ་དང་ བཅས་པའམ་རི་རབ་ཉིད་སྲང་ལ་གཞལ་བས་སྲང་གྲངས་ཀྱི་ཚད་བཟུང་དུ་རུང་གིས། སྔར་གྱི་རྗེས་སུ་ཡིད་རང་བ་ལས་བྱུང་བའི་དགེ་བ་དེ་ནི་དེ་ལྟར་བཟུང་དུ་རུང་བ་མ་ཡིན་ནོ། །དེ་ཆེ་བའི་རྒྱུ་མཚན་ནི། དགེ་ བ་དོན་དུ་གཉེར་བ་པོ་སེམས་ཅན་ལ་ཕན་པར་འདོད་པའི་སེམས་ཅན་ཇི་སྙེད་ཡོད་པ་ཀུན་གྱི་བསོད་ནམས་ཀྱི་ཕུང་པོ་ལ་ཡང་ཡིད་རང་བར་འགྱུར་ལ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་དག་ཕྱིར་མི་ལྡོག་

113 ༄༅། །པའི་རྒྱལ་བའི་ཡོན་ཏན་ཐོབ་པར་གྱུར་ནས། སེམས་ཅན་ཀུན་གྱི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་འཇིག་རྟེན་དུ་ཆོས་ཀྱི་སྦྱིན་པ་བྱེད་པས་སེམས་ཅན་ཀུན་གྱི་རྒྱུད་ཀྱི་དགེ་བ་བསྐྱེད་བའི་ཕྱིར་ རོ༑ ༑དེས་རྟེན་གྱི་གང་ཟག་ངོས་བཟུང་སྒོ་ནས་བསླབ་པའི་རིམ་པ་སོང་ནས། སྤྱི་དོན་བཞི་པ་དེ་ལྟར་སློབ་པའི་གང་ཟག་གི་ཆེ་བ་བསྔགས་པ་ལ་གསུམ་ལས། མི་རྟོག་པའི་སྤྱོད་པ་ཐོབ་པ་ནི། བྱང་ཆུབ་སེམས་ དཔའ་གང་ཞེས་པ་ནས། ཉེ་བར་ཞི་བ་སྤྱོད་ཞེས་པའི་བར་ལ། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་མི་རྟོག་པའི་བློ་གཟུགས་ལ་སོགས་པའི་ཆོས་རྣམས་ཀུན་ངོ་བོས་སྟོང་བའི་སྟོང་པ་ཉིད་དང་རྒྱུས་སྟོང་པའི་ མཚན་མ་མེད་པ་དང༌། འབྲས་བུས་སྟོང་པའི་སྨོན་པ་མེད་པར་ཡོངས་སུ་ཤེས་པ་འདི་ནི་ཤེས་རབ་ཀྱིས་གཟུང་འཛིན་གཉིས་ཀྱིས་སམ། ཡང་བདག་མེད་གཉིས་ཀྱིས་བྱང་ཆུབ་ཚོལ་བར་མི་བྱེད་པའི་རྣལ་འབྱོར་ པ་དེ་མི་དམིགས་པར་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་བརྩོན་པ་ཡིན་ནོ། །དཔེར་ན་ཤར་ཕྱོགས་ཀྱི་ནམ་མཁའི་ཁམས་དེ་དང་ནི་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས་མཐོ་དམན་དང་རིང་ཐུང་ དང་དེ་ལྟར་འགལ་བ་ཡོད་པ་མ་ཡིན་ལ་གང་ཟག་གང་གིས་ཀྱང་ནི་ཐ་དད་ཀྱི་དོན་དེ་མི་འཐོབ་བོ། །དཔེ་དེ་བཞིན་དུ་མི་དམིགས་པར་ཤེས་པའི་ཤེས་རབ་ལ་སྤྱོད་པ་མཁས་པའི་བྱང་ཆུབ་སེམས་པའི་སྒོ་གསུམ་

114 ཡང་༑ རྟོག་པ་གང་ཡང་མེད་པའི་དཔེ་ནམ་མཁའ་ལྟ་བུའི་མིན་ཏེ་བྱང་ཆུབ་སེམས་དཔའ་ལ་འདི་ཉེ་འདི་རིང་གི་རྟོག་པ་ཉེ་བར་ཞི་ལ་སྤྱོད་དོ། །མི་རྟོག་པའི་བྱ་བ་བྱེད་པའི་དཔེས་བསྟན་པ་ལ་གསུམ་ལས། སྒྱུ་ མའི་དཔེ་ནི། སྐྱེ་བོའི་དབུས་ན་ཞེས་པ་ནས། མི་རྟོག་སྤྱོད་ཞེས་པའི་བར་ལ། དེ་ལྟར་ཡང་སྤང་བླང་གི་བྱ་བ་བྱེད་པ་མི་འཐད་དོ་ཞེ་ན། མི་འགལ་བ་ནི་སྒྱུ་མའི་སྐྱེས་བུའི་དཔེ་དེ་བཞིན་དུ་ཤེས་རབ་ལ་སྤྱོད་པ་ལ་ མཁས་ནི་ཡང་འདི་སྙམ་དུ། བདག་གིས་བྱང་ཆུབ་རྟོགས་ཤིང་ཐོབ་ནས་འགྲོ་བ་སེམས་ཅན་རྣམས་སྡུག་བསྔལ་ལས་ཡོངས་སུ་བསྒྲོལ་བར་བྱ་སྙམ་དུ་མི་སེམས་ཀྱང་སྐྱེ་བ་ལ་དབང་ཐོབ་པས། གང་ལ་གང་ འདུལ་གྱི་སྐྱེ་བ་སྣ་ཚོགས་སྟོན་པ་དང་ནི་བསྡུ་བ་བཞི་ལ་སོགས་པའི་བྱ་བ་མང་པོ་དང་ལྡན་པའོ། །དཔེ་སྒྱུ་མའི་སྐྱེས་བུ་སྟོན་ཀྱང་བློ་རྣམ་པར་མི་རྟོག་པ་ལ་སྤྱོད་པའོ། །གཉིས་པ་སྤྲུལ་པའི་དཔེ་ནི། དཔེར་ན་ སངས་རྒྱས་ཞེས་པ་ནས། ཐམས་ཅད་སྟོན་ཞེས་པའི་བར་ལ། སངས་རྒྱས་ཀྱི་སྤྲུལ་པའི་དཔེ་དེ་བཞིན་དུ་མི་དམིགས་པར་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་མཁས་པའི་བྱང་ཆུབ་སེམས་ དཔའ་ཡང༌། དེ་སངས་རྒྱས་ཀྱི་སྤྲུལ་པ་དང་། སྒྱུ་མའི་སྐྱེས་བུ་བཞིན་དུ་རློམ་པ་དང་དྲེགས་པ་མེད་བཞིན་དུ་འགྲོ་བ་འདུལ་བའི་བྱ་བ་ཐམས་ཅད་སྟོན་པར་བྱེད་དོ། །གསུམ་པ་ཤིང་གི་སྐྱེས་བུའི་དཔེ་ནི། ཤིང་

115 ༄༅། །མཁན་བཟོ་བོ་ཞེས་པ་ནས། ཐམས་ཅད་ཞེས་པའི་བར་ལ། ཤིང་མཁན་གྱི་བཟོ་བོས་བྱས་པའི་སྐྱེས་བུའི་དཔེ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་མཁས་པའི་བྱང་ཆུབ་ སེམས་དཔའ་ཡང༌། བློ་རྣམ་པར་མི་རྟོག་བཞིན་དུ་ཡང་ཡེ་ཤེས་ཀྱི་བྱ་བ་ཐམས་ཅད་བྱེད་པ་ལྟར་སྣང་ངོ༌། །མི་རྟོག་པ་སྤྱོད་པ་ལ་གསུམ་ལས། ལྷས་བསྐུལ་བ་ནི། དེ་ལྟར་སྤྱོད་མཁས་ཞེས་པ་ནས། ཚོལ་བར་ བྱེད་ཞེས་པའི་བར་ལ། ཚུལ་ཇི་ལྟར་སྤྱོད་པའི་མཁས་པ་ལྷས་བཀུར་བ་རྣམས་ལ་འདོད་གཟུགས་ཀྱི་ལྷ་ཚོགས་མང་པོ་དག །བྱང་ཆུབ་སེམས་དཔའ་དེ་བཞུགས་པའི་ཕྱོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདུད་ པ་དང་ཕྱག་འཚལ་བར་བྱེད་དོ། །གཉིས་པ་སངས་རྒྱས་ཀྱི་བསྔགས་པ་ནི། ཕྱོགས་བཅུའི་ཞེས་པ་ནས། བརྗོད་པ་མཛད་ཞེས་པའི་བར་ལ། གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཇི་ སྙེད་པ་བཞུགས་པའང༌། དེ་ལ་གཟིགས་ནས་འདི་ནི་སྐྱེས་བུ་དམ་པ་དཔའ་བོ་ཞེས་པ་ལ་སོགས་པའི་ཡོན་ཏན་གྱི་བསྔགས་པའི་ཕྲེང་བ་ལྟར། བར་མ་ཆད་པར་ཡོངས་སུ་བརྗོད་པ་མཛད་དོ། །གསུམ་པ་བདུད་ ཀྱིས་མི་རྫི་བ་ནི། གང་གའི་ཀླུང་མཉམ་པ་ཞེས་པ་ནས། བྱིན་བརླབས་ཅན་ཞེས་པའི་བར་ལ། ཡང་གང་གའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་ཞིང་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ལ་ཀུན་གྱིས་ཡོངས་སུ་

116 རྟག་པའི་བསམ་པ་བཟུང་སྟེ། བདུད་དུ་གྱུར་པ་དེ་དག་རེ་རེའི་བ་སྤྲུའི་ཉག་མ་རེ་རེ་ལས་ཀྱང་ཤར་གྱི་བདུད་དེ་སྙེད་ཅིག་སྤྲུལ་པ་བྱས་ཀྱང༌། བདུད་དེ་དག་ཀུན་གྱིས་བྱང་ཆུབ་སེམས་དཔའ་མཁས་པ་དེ་ལ་ བར་ཆད་བྱ་བར་མི་ནུས་ཏེ། འདི་ལྟར་རྒྱུ་རྣམ་པ་བཞི་ཡིས་བྱང་ཆུབ་སེམས་དཔའ་ཐབས་མཁས་ཤིང་ཤེས་རབ་ཀྱི་སྟོབས་དང་ལྡན་ཞིང་། ལྷའི་བུའི་བདུད་ལ་སོགས་པའི་བདུད་བཞིས་ཐུབ་པར་དཀའ་ཞིང་ ཅུང་ཟད་ཀྱང་བསྐྱེད་པར་མི་ནུས་ཏེ། རྒྱུ་བཞི་གང་ཞེ་ན། རང་གི་བློ་གནས་ལུགས་སྟོང་པར་གནས་པས་དོན་དམ་པར་བར་དུ་གཅོད་པ་བྱེད་པ་མེད་པ་དེ། ཀུན་རྫོབ་ཏུ་དོན་དམ་མ་རྟོགས་པའི་སེམས་ཅན་སྙིང་ རྗེ་ཆེན་པོས་ཡོངས་སུ་མི་གཏོང་བ་དང་། ཇི་སྐད་སྨྲས་ཤིང་དམ་བཅས་པ་བཞིན་མ་ཉམས་པར་བྱེད་པ་དང༌། དེ་ལྟ་བུ་དེ་ལ་བདེ་བར་གཤེགས་པ་བྱིན་བརླབས་ཅན་རྣམས་ཀྱིས་བྱིན་གྱི་བརློབ་པས་སོ། །དེས་ གང་ཟག་གི་ཆེ་བ་བསྔགས་པ་སོང་ནས། སྤྱི་དོན་ལྔ་པ་སྤྱད་བྱ་ཆོས་ཀྱི་ཆེ་བ་བསྔགས་པ་ལ་གསུམ་ལས། ཡུམ་ལ་མོས་པ་བྱང་ཆུབ་ཀྱི་ལམ་སྣ་ཟིན་པ་ནི། དེ་བཞིན་གཤེགས་པ་ཡུམ་ཞེས་པ་ནས། ཞུགས་རིག་ བྱ་ཞེས་པའི་བར་ལ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་བསྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆད་པའི་ཚེ། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་བསམ་པ་མོས་པར་བྱེད་ཅིང༌།

117 ༄༅། །འདུན་པའི་བསམ་པ་ཐག་པའི་སྒོ་ནས་བསྒྲུབ་པར་བྱེད་པ་ལ་མངོན་པར་བརྩོན་པར་བྱེད་ན། དེ་ལྟ་བུའི་བསམ་སྦྱོར་དང་ལྡན་པ་དཔེ་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངེས་པར་ ཞུགས་པར་རིག་པར་བྱའོ། །གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལ་གསུམ་ལས། བྱང་ཆུབ་སེམས་དཔའ་ངོས་བཟུང་བ་ནི། ཆོས་དབྱིངས་དེ་བཞིན་ཉིད་ཞེས་པ་ནས། གནས་མ་ཡིན་ཞེས་པའི་བར་ལ། གཞི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་བློ་ཞེན་པའི་ཚུལ་གྱིས་གནས་པར་མི་འགྱུར་ཞིང་། མི་གནས་པ་དཔེ་བར་སྣང་ལ་གནས་པའི་སྤྲིན་བཞིན་དམིགས་ཡུལ་འགའ་ལ་ཡང་གནས་པ་མེད་པར་གནས་སོ། ། ཡང་དཔེར་ན་རིགས་སྔགས་འཆང་བ་ཡང་གནས་པ་མེད་པར་ནམ་མཁའ་ལ་རྒྱུ་ཞིང་གནས་པར་འདོད་པ་དང༌། ཡང་སྔགས་གྲུབ་པའི་མཐུས་སྐྱེ་བའི་དུས་མིན་པ་དགུན་ལྟ་བུ་མེ་ཏོག་དང་ལྡན་པར་བྱེད་པ་ལ། ཤིང་སྐམ་པོ་བྱིན་གྱིས་རློབ་པར་བྱེད་དོ། །དཔེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཐབས་མཁས་ཤིང་དབང་པོ་གསལ་བ་ཡིད་གཞུངས་པའི་བློ་གྲོས་དང་ལྡན་པ་གང་ཞིག །རང་གིས་སྟོང་པར་བྱེད་པའི་ལམ་ དང་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་དང༌། སྟོབས་ལ་སོགས་པའི་ཆོས་རྣམས་དམིགས་པར་མི་འགྱུར་རོ། །ཆོས་འཆད་པའི་སློབ་དཔོན་དང༌། ཆོས་འདོད་པའི་སློབ་མ་ལ་བལྟ་བར་བྱེད་པ་མི་དམིགས་ཏེ་

118 དབྱེར་མེད་པའི་ཕྱིར་རོ། །འདི་ནི་བདག་གཞན་གྱི་སྡུག་བསྔལ་ཞི་བར་འདོད་པའི་ཡོན་ཏན་བསྒྲུབ་པ་ལ་དགའ་བའི་བྱང་ཆུབ་སེམས་དཔའི་གནས་སམ་བརྟེན་བྱེད་པའི་རིགས་མ་ཡིན་ནོ། །གཉིས་པ་གཞན་ལ་ མཆོག་ཏུ་བསྟན་པ་ནི། དགྲ་བཅོམ་རྣམ་ཐར་ཞེས་པ་ནས། འདའ་མི་འགྱུར་ཞེས་པའི་བར་ལ། ཡང་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་དང་དེ་བཞིན་གཤེགས་པའི་རྒྱུད་ལ་མངའ་བ་འདི་རྣམ་ཐར་མ་ གཏོགས་པར། བྱང་ཆུབ་སེམས་དཔའི་གནས་པ་འདི་ནི་འཕགས་པ་ཉན་ཐོས་དང་རང་རྒྱལ་བ་དང་བཅས་པའི་གནས་པ་ཉོན་མོངས་པ་ཞི་བའི་བསམ་གཏན་གྱི་ཏིང་ངེ་འཛིན་ཟག་མེད་ཀྱི་བདེ་བས་ཡིད་རབ་ཏུ་ དགའ་ཞིང་ལུས་བདེ་བ་དང་ལྡན་པ། དེ་ཇི་སྙེད་ཡོད་པ་ཀུན་གྱི་མཆོག་དང་གོང་ན་མེད་པ་ཡིན་ནོ། །མི་དམིགས་པ་བསྒོམས་ན་ཉོན་མོངས་པ་ཟད་ནས་མྱ་ངན་ལས་འདའ་བ་མི་འཐད་དོ། །ཞེ་ན། འཐད་དེ་ཇི་ ལྟར་འདབ་ཆགས་ནམ་མཁའ་སྟོང་པ་ལ་གནས་ཀྱང་ཡང་ས་ལ་ལྟུང་བར་འགྱུར་བ་མ་ཡིན་པ་དང༌། ཉ་ནི་ཆུ་ལ་གནས་ཀྱང་ཆུས་འཚུབས་ཏེ་འཆི་བའང་མེད་པ་དེ་ལྟར། བྱང་ཆུབ་སེམས་དཔའ་མི་གནས་པའི་ བསམ་གཏན་བཞི་དང༌། སྟོབས་བཅུ་དག་གིས་འཁོར་བའི་ཕ་རོལ་དུ་ཕྱིན་པ་ཤེས་རབ་ཀྱི་སྟོང་པར་གནས་ཀྱང་ཐབས་སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་རོ། །དོན་ཀུན་འདོད་པས་དེ་

119 ༄༅། །ལ་གནས་པ་ནི། སེམས་ཅན་ཀུན་གྱི་ཞེས་པ་ནས། སྟོན་པར་གྱིས་ཞེས་པའི་བར་ལ། དཔེར་ན་སེམས་ཅན་ཀུན་གྱི་ནང་ནས། ཡོན་ཏན་གྱི་མཆོག་ཏུ་འགྲོ་བ་བསམ་གཏན་མངོན་ཤེས་དང་ཐུན་ མོང་མ་ཡིན་བ། སངས་རྒྱས་ཀྱི་ཡེ་ཤེས་མཆོག་ཏུ་གྱུར་ཅིང་རྨད་དུ་འབྱུང་བ་མཆོག་ལ་རེག་པར་འདོད་པ་དང༌། སེམས་ཅན་ཐམས་ཅད་ལ་ཐེག་ཆེན་གྱི་ཆོས་ཀྱི་སྦྱིན་པ་རབ་མཆོག་དམ་པ་སྦྱིན་པར་འདོད་པ་ གང་ཡིན་པའི་རྒྱལ་སྲས་སེམས་ཅན་རྣམས་ལ་ཕན་པར་མཛད་པ་རྣམས་ཀྱིས་མི་གནས་པའི་མཆོག་དེ་ལ་སྟོན་པར་གྱིས་ཤིག་ཅེས་སོ། །གསུམ་པ་ཡུམ་བསླབ་པའི་མཆོག་ཏུ་བསྟན་པ་ལ་གཉིས་ལས། མཆོག་ གི་རྒྱུ་བསླབ་བྱ་བསྟན་པ་ནི། བསླབ་པ་འདི་ནི་ཞེས་པ་ནས། བྱིན་འདི་རློབས་ཞེས་པའི་བར་ལ། མི་གནས་པའི་བསླབ་པ་འདི་ནི་འདྲེན་པས་ཐེག་པ་ཆེན་པོའི་ལམ་གྱི་བསླབ་པ་ཡིན་པར་ཡོངས་སུ་བརྗོད་པ་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ལྷག་པ་སེམས་ཀྱི་བསླབ་པ་ལ་སོགས་པའི་བསླབ་པ་ཇི་སྙེད་བརྗོད་པ་ཀུན་གྱི་ནང་ནས་ཤེས་རབ་ཀྱི་བསླབ་པ་འདི་ལས་མཆོག་དང་གོང་ན་མེད་པ་ཡིན་ཏེ་དེས་ན་ མཁས་པ་གང་ལ་ལ་ཞིག་བསླབ་པ་ཀུན་གྱི་ཕ་རོལ་ཏུ་ཕྱིན་པར་འགྲོ་བར་འདོད་པས། སངས་རྒྱས་རྣམས་ཀྱི་ལམ་ཐུན་མོང་མ་ཡིན་པའི་བསླབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སློབས་ཤིག་ཅེས་སོ། །

120 གཉིས་པ་མཆོག་ཉིད་དུ་བསྒྲུབ་པ་ལ་གཉིས་ལས། འབྲས་བུ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ནི། འདི་ནི་ཆོས་གཏེར་མཆོག་ཞེས་པ་ནས། བསྐྱེད་པའི་མཛོད་ཞེས་པའི་བར་ལ། བསླབ་པ་འདི་ནི་ཟད་མི་ ཤེས་པའི་ཡོན་ཏན་དང་ལྡན་པས་ཆོས་ཀྱི་གཏེར་མཆོག་ལྡན་ལ། སྟོབས་ལ་སོགས་པའི་འབྱུང་གནས་ཡིན་པས་ཆོས་ཀྱི་མཛོད་དམ་པ་ཡང་ཡིན་ནོ། །སངས་རྒྱས་རྣམས་ཀྱི་རྒྱུའམ་རིགས་ཡིན་ལ་འགྲོ་བའི་བདེ་ བ་དང་ཏིང་ངེ་འཛིན་གྱི་སྐྱེད་པའི་མཛོད་ཡིན་ནོ། །བརྒྱུད་ལས་འཕེལ་འགྲིབ་མེད་པ་ཡང་གཉིས་ལས། མདོར་བསྟན་ནི། འདས་དང་ཞེས་པ་ནས། ཟད་མི་འགྱུར་ཞེས་པའི་བར་ལ། སྔར་གང་དག་འདས་པ་ དང་མ་བྱོན་པ་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པའི་མགོན་པོ་སངས་རྒྱས་རྣམས། སྔར་དེ་དག་གི་དམིགས་རྐྱེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་འཁྲུངས་ཀྱང་ཆོས་ཀྱི་དབྱིངས་ཟད་ པར་མི་འགྱུར་རོ། །དཔེས་བཤད་པ་ལ་གཉིས་ལས། ཕྱི་རྟེན་འབྲེལ་ནི། ཤིང་དང་འབྲས་བུ་ཞེས་པ་ནས། འཕེལ་བ་མེད་ཞེས་པའི་བར་ལ། དེ་ཡང་ཕྱི་རྟེན་འབྲེལ་ལྟར་འགྲོ་བ་ཀུན་གྱི་བདེ་བ་དང་། བསྐྱེད་ པའི་ཆོས་རྣམས་ཇི་སྙེད་ཡོད་པ་དེ་དག་ཀུན་རྗེས་སུ་འགྲོ་བའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཉམས་སུ་བླངས་པས་བྱུང་ལ། འབྱུང་བའི་ཤེས་རབ་ལ་ནམ་ཡང་ཉུང་ངུ་ཟད་པའང་མེད་ཅིང༌།

121 ༄༅། །མང་དུ་འཕེལ་བ་གང་ཡང་མེད་པའོ། །གཉིས་པ་ནང་རྟེན་འབྲེལ་ནི། སེམས་ཅན་ཐ་མ་འབྲིང་དང་ཞེས་པ་ནས། ཐོབ་པར་འགྱུར་ཞེས་པའི་བར་ལ། ཡང་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ སེམས་ཅན་ཐ་མ་ངན་འགྲོ་གསུམ་འབྲིང་མི་དང༌མཆོག་ལྟར་གྱུར་པའི་རིགས་ཇི་སྙེད་ཡོད་པ་དེ་དག་ཀུན་ཏུ་རྒྱུ་འབྲས་དང༌། དེ་ཁོ་ན་ཉིད་མི་ཤེས་པའི་རྒྱུ་མ་རིག་པ་ལས་འབྱུང་བར་བདེ་བར་གཤེགས་པས་ གསུངས་སོ། །དེ་ལས་དང་ཉོན་མོངས་པའི་རྐྱེན་རྣམས་འཚོགས་ནས་ཁམས་གསུམ་གྱི་སྡུག་བསྔལ་གྱི་འཁྲུལ་འཁོར་རབ་ཏུ་འབྱུང་ལ། རྒྱུ་མ་རིག་པའི་འཁྲུལ་འཁོར་དེ་ནི་ཟད་པའང་མེད་ལ་འཕེལ་བ་ཡང་མེད་ དོ། །དཔེ་དེ་བཞིན་དུ་མཐར་ཕྱིན་པའི་ཡེ་ཤེས་ཚུལ་ཅེས་པས་བསྒོམས་པའི་ལམ་དང༌། སྒོ་ཅེས་པས་མཐོང་བའི་ལམ་དང༌། ཐབས་ཅེས་པས་སྦྱོར་བའི་ལམ་དང༌། རྩ་བ་ཅེས་པས་ཚོགས་ལམ་སོགས་ཇི་སྙེད་ པ་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་འདི་ལས་འབྱུང་ངོ༌། །མ་རིག་པ་བག་ཆགས་ཀྱི་ས་དང་ཟག་པ་མེད་པའི་ལས་ཀྱི་རྐྱེན་རྣམས་འཚོགས་ནས་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ལ་སོགས་པའི་ ལས་ཀྱི་འཁྲུལ་འཁོར་རབ་ཏུ་བྱུང་ལ། ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཟད་པ་མེད་ཅིང་འཕེལ་བའང་མེད་དོ། །བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་ངོ་བོ་རྟེན་ཅིང་འབྲེལ་བར་འབྱུང་བ་

122 ལ། རང་བཞིན་སྐྱེ་བ་མེད་པ་དང་ཟད་ཅིང་འགག་པ་མེད་པར་ཤེས་པའི་ཤེས་རབ་འདི་ཤེས་ཏེ། དཔེར་ན་ཉི་མ་སྤྲིན་མེད་པའི་འོད་ཟེར་འཕྲོ་བས། མུན་པའི་ཚོགས་བསལ་བ་ལྟར། ཐོག་མ་མེད་པའི་དུས་ཀྱི་ མ་རིག་པ་གཉིད་ཀྱི་འཐིབས་པོ་བཅོམ་ནས་མཐོང་ལམ་དང་བསྒོམ་ལམ་གྱི་རང་འབྱུང་གི་ཡེ་ཤེས་ཐོབ་པར་འགྱུར་རོ། །དེ་ཡན་ཆད་ཀྱིས་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བསྟན་ཏོ། །

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ།

[edit]

ད་ནི་ཕ་ རོལ་ཏུ་ཕྱིན་པ་ལྔ་སྟོན་པ་ལས། ལྷག་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པ་ལ་གསུམ་ལས། འབྲས་བུ་དམ་པའི་རྟེན་བྱེད་པ་ནི། མཐུ་ཆེན་ལྡན་པ་ཞེས་པ་ནས། ཟད་ཕྱིར་སློབ་པ་མིན་ཞེས་ པའི་བར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ལྡན་ཞིང་མཐུ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་བསམ་གཏན་དང་ལྡན་པ་ལ་སོགས་པ་བཞིས་ཀྱང་གཞན་དོན་དུ་གནས་པར་བྱེད་ལ། དེ་ དག་ལ་མཚན་མར་འཛིན་ཅིང་རོ་མྱང་བའི་ཚུལ་གྱིས་རྟེན་པར་བྱེད་པ་མང་ཞིང་། དེ་དག་ལ་རྒྱུན་དུ་གནས་པར་བྱེད་པ་མེད་ལ། མེད་བཞིན་དུ་ཡང་དེ་དག་ལ་འཇུག་པ་ནི། འོན་ཀྱང་བསམ་གཏན་བཞིའི་ཡན་ ལག་དྲུག་གམ་བཅོ་བརྒྱད་བཅས་པ་བཞི་པོ་འདིར། ཐེག་ཆེན་གྱི་བྱང་ཆུབ་སེམས་དཔའ་མཐོང་ལམ་དང༌། དམ་པའམ་མཆོག་རྫོགས་པའི་སངས་རྒྱས་ཐོབ་པའི་རྟེན་དུ་འགྱུར་ལ། དེ་རྣམས་ཐམས་ཅད་ལྡན་

123 ༄༅། །པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཐོབ་ནས། ཟག་མེད་ཀྱི་བསམ་གཏན་གནས་པ་ནི་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ཏིང་ངེ་འཛིན་དམ་པ་བཞི་ཡང་། གཞན་དོན་དུ་རེ་ཤིག་ཙམ་ ཉམས་སུ་མྱོང་བར་བྱེད་དོ། །དགོས་པ་ཅིའི་ཆེད་དུ་ཞེ་ན། བསམ་གཏན་དང་ཏིང་ངེ་འཛིན་འདི་དག་བྱང་ཆུབ་དམ་པའི་ཕྱིར་ཡིན་གྱི། ཉན་ཐོས་ལྟར་དུ་བྱང་ཆུབ་སེམས་དཔའ་རང་གི་ཟག་པ་ཟད་པར་བྱ་བའི་ ཕྱིར་སློབ་པ་མ་ཡིན་ནོ། །གཉིས་པ་བྱ་བ་ཆེན་པོ་བསྒྲུབ་པ་ལ་གཉིས། མ་ཆགས་པའི་ཁྱད་པར་ནི། འདི་ནི་ཡོན་ཏན་ཚོགས་ཞེས་པ་ནས། ཆོས་མི་གནས་ཞེས་པའི་བར་ལ། འདི་ནི་ཡོན་ཏན་ཚོགས་པའི་བྱང་ ཆུབ་སེམས་དཔའ་རྨད་བྱུང་འདི་གང་ཞེ་ན། བསམ་གཏན་བཞི་དང་གཟུགས་མེད་བཞིའི་ཏེང་ངེ་འཛིན་ལ་བྱང་ཆུབ་སེམས་དཔའ་གནས་ནས་མཚན་མར་འཛིན་པའི་སྒོ་ནས་རོ་མྱང་བ་མེད་ལ། དེ་ལ་གནས་པ་ རྣམས་འདོད་ཁམས་སུ་སྨོན་ལམ་བཏབ་ནས་གལ་ཏེ་ལུས་འདི་ཞིག་པར་འགྱུར་ན། འདོད་པའི་འདོད་ཆགས་དང་བྲལ་ཡང་སྨོན་ལམ་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་འདོད་པའི་ཁམས་སུ་སྔར་བཞིན་དུ་ཡང་ སྐྱེའོ། །དེ་ཡང་དཔེར་ན་འཛམ་གླིང་རྒྱལ་པོ་གྲགས་པ་མཐའ་ཡས་ལྟ་བུའི་མི་ཞིག་གིས་སྔོན་ཆད་ལྷའི་ཡུལ་གྱི་ལྷའི་གྲོང་ཁྱེར་མཆོག་ཏུ་སྔར་མ་ཕྱིན་པར་ཕྱིས་སོང་སྟེ། དེ་ན་ལྷ་རྣམས་ཀྱིས་ཡོངས་སུ་བཟུང་བའི་

124 ཡུལ་དེ་རྣམས་མཐོང་ཞིང་ལོངས་སྤྱད་ནས། ངན་སེམས་ཀྱིས་ཕྱིར་འཛམ་བུའི་གླིང་འདིར་འོང་བར་གྱུར་ན་ལྷ་ཡུལ་ལ་འཆགས་པར་མི་བྱེད་པ་ལྟར། དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མི་དམིགས་པའི་ ཏིང་ངེ་འཛིན་གྱིས་ཡོན་ཏན་མཆོག་འཆང་བ་ལས་རྣལ་འབྱོར་པ་བརྩོན་པ་སྟེ། སྔར་བསམ་གཏན་བཞི་དང་ཏིང་ངེ་འཛིན་བཞི་ལ་གནས་ཏེ། ཕྱིར་ཡང་འདོད་པའི་ཁམས་སུ་གནས་ཏེ་སྔར་གྱི་བསམ་གཏན་གྱི་ རོ་ལ་ཆགས་པ་མེད་དེ། དཔེར་ན་ཆུའི་པད་མ་ཆུས་མ་གོས་པ་བཞིན་དུ། འདོད་ཁམས་སུ་སྐྱེས་ཀྱང་བྱིས་པ་འདོད་པའི་ཆོས་ལ་མི་གནས་སོ། །བྱ་བ་བསྒྲུབ་པའི་པར་ལ་གཉིས་ལས། རང་གི་བྱ་བ་བསྒྲུབ་ པ་ནི། བདག་ཉིད་ཆེན་པོ་ཞེས་པ་ནས། གཉེར་མི་བྱེད་ཞེས་པའི་བར་ལ། བདག་ཉིད་ཆེན་པོ་དེ་གདུལ་བྱ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། རང་གི་ཕ་ རོལ་ཏུ་ཕྱིན་པ་དྲུག་གི་ཚོགས་རྫོགས་པའི་དོན་བྱེད་པ་ཁོ་ནར་ཟད་ཀྱིས་འདོད་པའི་བདེ་བ་ཆགས་པའི་ཕྱིར་མ་ཡིན་ནོ། །འོ་ན་ཏིང་ངེ་འཛིན་དེ་ལ་གནས་པས་གཟུགས་མེད་དུ་ཅང་སྐྱེ་འམ། ཞེ་ན་མི་སྐྱེ་སྟེ། བྱང་ ཆུབ་སེམས་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་ལས་ཉམས་པར་འགྱུར་དུ་འོང་ངོ༌། །ཞེས་གཟུགས་མེད་ཀྱི་ཁམས་སུ་སྐྱེ་བ་ལེན་པ་དོན་དུ་གཉེར་བར་མི་བྱེད་དོ། །གཉིས་པ་སེམས་ཅན་ལ་བདེ་བ་

125 ༄༅། །སྦྱིན་པ་ནི། དཔེར་ན་མི་ཞིག་ཞེས་པ་ནས། འདོད་ཁམས་གཟུགས་ཞེས་པའི་བར་ལ། རིན་པོ་ཆེའི་གཏེར་རྙེད་པའི་མིའི་དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྦྱངས་པ་དང་ལྡན་པ་མཁས་པ་ གཞན་གྱི་དོན་བྱེད་པ་ལས་དགའ་བ་དང༌། གཞན་ལ་བདེ་བ་སྦྱིན་པ་ཡང་བསམ་གཏན་བཞི་དང་ཏིང་ངེ་འཛིན་བཞིའི་ཞི་བ་བཞི་ཐོབ་ནས། དེ་ལ་ཡང་མ་ཆགས་པར་བསམ་གཏན་གྱི་བདེ་བ་དང་ལྡན་པས་ བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་བཏང་སྟེ། འགྲོ་བ་རྣམས་ལ་སྙིང་བརྩེ་བ་དང་ལྡན་པས་ཕྱིར་ཡང་འདོད་པའི་ཁམས་སུ་འཇུག་པར་འདོད་དོ། །བསམ་པའི་དབང་གི་མཆོག་དམན་དུ་དབྱེ་བ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་པ་ནས། ཡིན་པར་ཤེས་པར་བྱ་ཞེས་པའི་བར་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་སྔར་བཤད་པའི་ཏིང་ངེ་འཛིན་དང་བསམ་གཏན་ཐོབ་ཅིང་གནས་པ་དེ། ཆེད་དུ་བྱ་བ་ དགྲ་བཅོམ་པ་དང་རང་རྒྱལ་བའི་ཐེག་པ་ཐོབ་པར་འདོད་པའི་བློ་སྐྱེས་ན། མཉམ་པར་བཞག་སྟེ་རྒོད་ཅིང་སེམས་བསམ་གཏན་ལ་གནས་ཀྱང་ཐེག་ཆེན་གྱི་མི་མཐུན་སོགས་ལ་འཕྲོས་པས་གཡེང་བར་གྱུར་པ་ སྟེ། སངས་རྒྱས་ཀྱི་ཡོན་ཏན་སྟོབས་ལ་སོགས་པ་ཐོབ་པ་ལས་ཡོངས་སུ་ཉམས་པའི་ཕྱིར། དཔེར་ན་གཉན་པ་རྒྱ་མཚོའི་སྟེང་དུ་གྲུ་ཞིག་པ་བཞིན་ནོ། །གཞན་བྱང་ཆུབ་སེམས་དཔའ་གཟུགས་དང་སྒྲ་དང་དེ་

126 བཞིན་དུ་དྲི་དང་རོ་དང༌། རེག་བྱ་དང་འདོད་པའི་ཡོན་ཏན་ལྔ་ལ་ཞེན་པ་མེད་པར་མངོན་པར་སྤྱོད་ཅིང་བརྩོན་པར་གྱུར་ཀྱང་མི་མཐུན་པའི་ཕྱོགས་དགྲ་བཅོམ་པ་དང་རང་རྒྱལ་གྱི་ཐེག་པ་དང་བྲལ་ཏེ། རྫོགས་ པའི་བྱང་ཆུབ་དམ་པ་ཐོབ་པ་ལ་སེམས་དགའ་ན། ཐོབ་བྱ་ལས་སེམས་མི་གཡོ་བས་དཔའ་བོ་བྱང་ཆུབ་སེམས་དཔའ་རྟག་ཏུ་མཉམ་པར་བཞག་པ་ཡིན་པ་ཤེས་པར་བྱའོ། །དེ་ཡན་ཆད་ཀྱིས་རྩེ་མོའི་སྐབས་ བསྟན་ནས། དེ་ནས་སྤྱོད་པ་ལ་རྗེས་ཐོབ་གཙོ་བོར་གྱུར་པ་མཐར་གྱིས་པ་དང་སྐད་ཅིག་མ་ཡིན་པས་སྐབས་དྲུག་པ་མཐར་གྱིས་པའི་སྦྱོར་བའི་ངོ་བོ་ནི་ཆོས་སྐུའི་དོན་གཞི་ལམ་འབྲས་གསུམ་མི་དམིགས་པར་བསྒོམ་ པ་གང་ཞིག་བྱང་ཆུབ་ཀྱི་སྤྱོད་པ་རིམ་པ་ཅན་ཉམས་སུ་ལེན་པའོ། །དེ་ཡང་རྗེས་ཐོབ་ཀྱི་སྣང་བ་ལ་ཞེན་མེད་ཀྱི་བྱ་བ་དགེ་སྦྱོར་ཡིན་པས། གཞུང་འདིར་བརྩོན་འགྲུས་ནས་སྦྱིན་པ་ཚུན་ཆོད་ཀྱིས་བསྟན། ཡེ་ ཤེས་ཞབས་ཀྱིས་གནས་སྐབས་ཀྱི་ཕན་ཡོན་དྲུག་གིས་བསྟན་པར་བཞེད་དོ། །འདི་ལ་དབྱེ་བ་བཅུ་གསུམ་ཡོད་དེ་གཞུང་འདི་ཁྲིག་ཆགས་མེད་དོན་གྱིས་ཚང་ངོ༌། །

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ།

[edit]

ད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་ གསུམ་སྟེ། ཆེད་དུ་སྦྱོར་བ་གཞན་དོན་ལ་ཡང་གསུམ་ལས། གུས་པས་འགྲོ་བ་ནི། སེམས་ཅན་གང་ཟག་ཅེས་པ་ནས། དེ་ཉིད་བསྲེག་ཞེས་པའི་བར་ལ། སེམས་ཅན་གང་ཟག་གཞན་གྱི་ཆོ་གའི་བརྩོན་འགྲུས་

127 ༄༅། །ཀྱི་དཔེ་རྣམ་པར་དག་པ་དེ་ཀུན་རྫོབ་ཏུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་ཞིང་དམིགས་པ་མེད་པའི་རྣམ་པར་སྤྱོད་པ་ཡིན་ཏེ། བྲན་མོའི་དཔེ་དེ་བཞིན་དུ་ཐོབ་བྱ་བྱང་ཆུབ་ ཆེན་པོའི་ཆེད་དུ་བྱང་ཆུབ་སེམས་དཔའ་བསམ་པ་མཆོག་ཏུ་ཞུགས་པ་རྣམས་ཀྱིས་ཀྱང༌། འགྲོ་བ་སེམས་ཅན་ཀུན་ལ་བྲན་དུ་འགྱུར་བ་བཞིན་དུ་བསམ་སྦྱོར་ལ་གནས་པར་བྱའོ། །དེ་ལྟར་བྱས་པས་འདི་ལས་ བྱང་ཆུབ་ཐོབ་ཅིང་གནས་སྐབས་ཀྱི་ཡོན་ཏན་རྫོགས་པར་འགྱུར་རོ། །དེ་ལྟར་མ་ཡིན་པར་ཁེངས་པ་དང་ཞེ་སྡང་བྱས་ན་རང་རྒྱུད་བསྲེག་པ་དཔེར་ན་རྩ་དང་ཤིང་ལས་མེ་བྱུང་བས་ནི་རྩ་ཤིང་དེ་ཉིད་བསྲེག་པ་ བཞིན་ནོ། །གཉིས་པ་རང་བདེ་བ་ལ་མ་ཆགས་པ་ནི། བདག་གི་བདེ་བ་བཏང་ནས་ཞེས་པ་ནས། མངོན་པར་བརྩོན་ཞེས་པའི་བར་ལ། ཡང་དཔེར་ན་བདག་གི་འདོད་གཟུགས་ཀྱི་ཁམས་ཀྱི་བདེ་བ་བཏང་ནས་ ལན་ལ་རེ་བ་མེད་པའི་སེམས་ཀྱི་སེམས་ཅན་གཞན་གྱི་དགོས་པ་དུས་ཉིན་མཚན་མེད་པར་བརྩོན་པའོ། །གསུམ་པ་གཞན་གྱི་དོན་ལ་མི་སྐྱོ་བ་ནི། བུ་གཅིག་པ་ལ་ཞེས་པ་ནས། གནས་པར་གྱིས་ཞེས་པའི་བར་ ལ། ཚུལ་དེ་ལྟར་བུ་ཅིག་པ་ལ་མ་ནི་བརྩེ་བས་རིམ་གྲོ་བྱེད་པ་ལྟར་དུ། གཞན་དོན་བྱེད་པ་ལ་བསམ་པ་ཐག་པས་ཡིད་རྣམ་པར་སྐྱོ་བ་མེད་པར་གནས་པར་གྱིས་ཤིག་ཅེས་པའོ། །དེས་ཆོས་ཀྱི་སྐུའི་སྐབས་

128 བསྟན་པའོ། ། གཉིས་པ་བྱ་བ་རྒྱ་ཆེན་པོ་ཉིད་དུ་བསྟན་པ་ལ་ལྔ་ལས། སྤྱིར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། གཡེལ་བ་མེད་ཞེས་པའི་བར་ལ། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་ད་རུང་ དུ་དུས་ཡུན་རིང་དུ་འཁོར་བར་གནས་པར་འདོད་ཅིང༌། དེར་བྱ་བ་སེམས་ཅན་གྱི་དོན་བྱེད་པ་དང་སངས་རྒྱས་ཀྱི་ཞིང་ལ་སྦྱོར་བ་དང་རང་གི་ཚོགས་རྫོགས་པར་བྱ་བ་ལ་བརྩོན་པའི་རྣལ་འབྱོར་པ་དེ། སྦྱོར་བ་ བྱ་དཀའ་ཞིང་དུས་ཡུན་རིང་བ་ལ་ཡིད་སྐྱོ་བའི་བློ་ནི་རྡུལ་ཕྲ་རབ་ཙམ་ཡང་སྐྱེ་བར་མི་འགྱུར་བར་འདུག་ན། དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཞིང་ཐེག་ཆེན་གྱི་བསམ་པ་དང་སྦྱོར་བ་ལས་ གཡེལ་བ་མེད་པ་ཡིན་ནོ། །གཉིས་པ་དུས་ཡུན་རིང་བས་ཞུམ་པ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། ལེ་ལོ་ཅན་ཞེས་པའི་བར་ལ། དེ་ཡང་དེ་ལས་བཟློག་སྟེ་བྱང་ཆུབ་སེམས་དཔའ་ཐེག་ཆེན་གྱི་དོན་ལ་ མི་མཁས་པས་འགའ་ཞིག་བསྐལ་པ་བྱེ་བ་ལ་སོགས་པའི་ཚོགས་བསགས་པ་འགྲང་ཞིང༌། གལ་ཏེ་དེ་ལ་དུས་རིང་བར་འདུ་ཤེས་པ་དང་སྦྱོར་བ་བྱ་དཀའ་བ་ལ་སྡུག་བསྔལ་བའི་ཡིད་ཀྱིས་བྱང་ཆུབ་བསྒྲུབ་ལ། བསྒྲུབ་བྱ་ཡང་དག་པའི་ཆོས་སྒྲུབ་པར་བྱེད་པ་དེའི་ཚེ་འདུ་ཤེས་དེ་ཉིད་ནད་ཀྱིས་དུས་ཡུན་རིང་པོར་སྡུག་བསྔལ་དུ་འགྱུར་རོ། །དེ་བས་ན་དེ་ནི་གོ་ཆའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པས་སྒྱིད་

129 ༄༅། །ལུག་པའི་ལེ་ལོ་ཅན་ཡིན་ནོ། །གསུམ་པ་མ་ཞུམ་པ་ནི། བྱང་ཆུབ་མཆོག་ཏུ་ཞེས་པ་ནས། རིག་པར་བྱ་ཞེས་པའི་བར་ལ། ཡང་གང་ཟག་གང་ཞིག་བྱང་ཆུབ་ཏུ་སེམས་བསྐྱེད་པའི་འདུན་པ་དང་ ལྡན་པ་ནས་བཟུང་སྟེ། མཐར་འབྲས་བུ་བྱང་ཆུབ་བླ་ན་མེད་པ་ཐོབ་པར་མ་གྱུར་གྱི་བར་ལ། དུས་ཉིན་མཚན་གྱི་ཆ་ཅིག་ཙམ་དུ་ནི་ཡིད་ལ་སེམས་པར་བྱེད་ན། སྔར་སྦྱངས་པས་མཁས་པ་དང་ད་ལྟར་རིག་པས་ གསལ་བ་ཡང་དག་པའི་གོ་ཆ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྩམ་པར་རིག་པར་བྱའོ། །བཞི་པ་སྦྱོར་བ་བྱ་དཀའ་བས་ཞུམ་པ་ནི། གལ་ཏེ་འགའ་ཞིག་ཞེས་པ་ནས། གྱུར་པ་ཡིན་ཞེས་པའི་བར་ལ། ཡང་ གལ་ཏེ་གང་ཟག་འགའ་ཞིག་ལ་སངས་རྒྱས་ཀྱིས་འདི་སྐད་སངས་རྒྱ་བའི་ཕྱིར་དཀའ་བ་སྤྱད་པའི་དཔེ་ནི་རི་རབ་རི་བཤིག་པའི། དཀའ་སྤྱད་བྱས་པའི་རྗེས་ལ་རྫོགས་པའི་བྱང་ཆུབ་མཆོག་དེ་ཐོབ་པར་འགྱུར་རོ། ། ཞེས་སྨྲ་བ་ལས། ཅི་སྟེ་དཀའ་ཐུབ་ལ་སྐྱོ་བའི་བློ་བསྐྱེད་ཅིང་རི་རབ་ཀྱི་ཚད་ཀྱང་སེམས་པར་བྱེད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་སྒྱིད་ལུག་པའི་ལེ་ལོར་གྱུར་པ་ཡིན་ནོ། །ལྔ་པ་མ་ཞུམ་པ་ནི། ཅིས་ཏེ་དེ་ ནི་ཞེས་པ་ནས། མཆོག་ཐོབ་འགྱུར་ཞེས་པའི་བར་ལ། ཡང་དེ་ལས་བཟློག་སྟེ་ཅི་སྟེ་བྱང་ཆུབ་སེམས་དཔའ་དེ་ནི་དཔེ་འདི་ཙམ་ཚོད་ཀྱི་བྱང་ཆུབ་ཐོབ་ན་དེ་ལྟ་ཅི་དཀའ་ཞེས་ཟེར་ཏེ། དུས་མྱུར་བ་སྐད་ཅིག་ཙམ་

130 རང་ལ་རི་རབ་ཀྱང་ཐལ་བར་བརླག་པར་ནུས་སོ་སྙམ་དུ་སེམས་བསྐྱེད་ན། བྱང་ཆུབ་སེམས་དཔའ་དེ་ཉིད་མཁས་པ་གསལ་བ་གོ་ཆའི་བརྩོན་འགྲུས་བརྩམས་པ་དང་ལྡན་པ་ཡིན་ཏེ། དེ་ཉིད་དུས་རིང་པོར་མི་ ཐོགས་པར་འདྲེན་པ་སངས་རྒྱས་རྣམས་ཀྱིས་ཐོབ་པའི་བྱང་ཆུབ་ཀྱི་མཆོག་དེ་ཐོབ་པར་འགྱུར་རོ། །གསུམ་པ་འཁོར་གསུམ་རྣམ་པར་དག་པ་ལ་གཉིས་ལས་བཟློག་པ་ནི། འགྲོ་བ་ཡོངས་སུ་ཞེས་པ་ནས། གནམ་ས་བཞིན་ཞེས་པའི་བར་ལ། གང་ཟག་དངོས་པོར་འཛིན་པ་འགའ་ཞིག་འདི་སྙམ་དུ་འགྲོ་བ་ཡོངས་སུ་སྨིན་པར་བྱས་ནས་བདག་གིས་དོན་བྱའོ་ཞེས། གལ་ཏེ་བདག་ཏུ་བཟུང་བའི་ལུས་དང་ངག་དང་ ཡིད་ཀྱིས་བརྩོན་པར་བྱེད་ན། གང་ཟག་གི་བདག་ཏུ་བདེན་པའི་འདུ་ཤེས་གནས་པས་དེའི་དབང་གིས་ལེ་ལོར་གྱུར་པ་སྟེ། དེ་ལྟ་བུ་དེ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཉིད་ཐོབ་པ་ལས་རིང་དུ་འགྱུར་བའི་ དཔེ་ནི་གནམ་སའི་བར་བཞིན་ནོ། །གཉིས་པ་ཡང་དག་པ་ནི། གང་ཚེ་ལུས་དང་ཞེས་པ་ནས། མཛད་པས་གསུངས་ཞེས་པའི་བར་ལ། གང་ཞིག་ཚེ་བདག་ཏུ་བཟུང་བའི་ལུས་དང་སེམས་དང་སེམས་ཅན་ཆེད་ དུ་བྱ་བའི་འདུ་ཤེས་མེད་འཁོར་གསུམ་མམ་བྱ་བྱེད་ཀྱི་འདུ་ཤེས་ཐམས་ཅད་རྣམ་པར་ལོག་ནས་བྱ་བྱེད་གཉིས་སུ་མེད་པའི་ཆོས་ལ་སྤྱོད་ན། འདི་ནི་བྱང་ཆུབ་ཞི་བ་རྟོགས་གཞན་དོན་འདོད་པས་མི་ཉམས་ཤིང་

131 ༄༅། །མཆོག་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཅེས་ཕན་པ་མཛད་པའི་སངས་རྒྱས་ཀྱིས་གསུངས་སོ། །དེ་ཡན་ཆད་ཀྱིས་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པའོ། །

བཟོད་པའི་ཕ་རོལ་ཏུ་ཕྱིན་པ།

[edit]

ད་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པར་བྱ་སྟེ། དེ་ལ་གསུམ་ཆོས་ལ་ངེས་པར་སེམས་དཔའི་བཟོད་པ་ལ་གཉིས་ལས་ངོ་བོ་ནི། གལ་ཏེ་གཞན་ལས་ ཞེས་པ་ནས། འཛངས་པ་ཡིན་ཞེས་པའི་བར་ལ། གལ་ཏེ་གང་ཟག་གཞན་ལས་བདག་ལ་གསོད་པ་ལྟ་བུའི་ངན་ཏུ་བརྗོད་པའི་ཚིག་བརྩུབ་མོ་ཐོས་པར་གྱུར་ན། ཀུན་རྫོབ་ཏུ་བདག་གིས་བཟོད་པ་བསྒོམ་པ་ བདེ་བ་ལྟར་ཡིན་ཞེས་བྱང་ཆུབ་སེམས་དཔའ་མཁས་པ་དེ་ཡིད་དགའ་ལ། དོན་དམ་པར་སྨྲ་བ་པོ་སུས་སྨྲ་གང་ཟག་སུས་ཐོས་རྒྱུ་མཚན་གང་གིས་བརྗོད་བྱ་གང་ཞིག་དགོས་པ་གང་གི་ཕྱིར་དམིགས་ཏེ་སྤྱད་ན། དེ་ རྣམས་ལ་དམིགས་པའི་ཆོས་ལ་ངེས་པར་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ལྡན་པ་ཡིན་པས་འཛངས་པ་ཡིན་ནོ། །གཉིས་པ་འབྲས་བུ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་ཞེས་པ་ནས། དག་འགྱུར་མཁས་ཞེས་པའི་བར་ལ། གོང་གི་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་བཟོད་པའི་ཕན་ཡོན་ལེགས་པའི་ཆོས་དང་ལྡན་པ་ཡི། གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོ་འདི་

132 རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཡུལ་འཇིག་རྟེན་མཁྱེན་པའི་སངས་རྒྱས་རྣམས་དང་ཉན་ཐོས་དགྲ་བཅོམ་པ་དང་རང་རྒྱལ་རྣམས་ལ་དད་གུས་ཀྱིས་ཕུལ་བར་བྱས་པ་ཡི། སྦྱིན་པའི་ཕུང་པོས་བཟོད་པ་བསྒོམས་ པ་དེ་ལ་བསོད་ནམས་བརྒྱའི་ཆ་དང་བྱེ་བ་བརྒྱའི་ཆའི་བར་དུ་ཡང་ཆར་མི་ཕོད་དོ། །དེ་ལྟར་བཟོད་པ་ལ་གནས་པའི་ལུས་ནི་མཚན་དཔེ་འམ་མདངས་དང་སྟོབས་དང་ལྡན་པས་ཡོངས་སུ་དག་པར་འགྱུར་ཏེ། ཕྱག་ཞབས་འཁོར་ལོ་ལ་སོགས་པའི་སུམ་ཅུ་རྩ་གཉིས་ཀྱི་མཚན་དང་མཐུ་སྟོབས་ཕ་མཐའ་ཡས་པ་འབྱུང་བ་དང༌། སེམས་ཅན་གཞན་ལ་ཡང་ཆོས་རྣམས་རབ་མཆོག་སྟོང་པ་ཉིད་སྒྲོགས་པར་བྱེད་པ་འདི་ནི་ བཟོད་པ་དང་ལྡན་པ་དེ་ལ་འགྲོ་བ་དད་ཅིང་དགའ་བར་འགྱུར་བ་དེ་ཁོ་ན་ཉིད་ཤེས་པས་མཁས་པ་ཡིན་ནོ། །གནོད་པ་ལ་མི་འཆེད་པའི་བཟོད་པ་ལ་གཉིས་ལས་ངོ་བོ་ནི། གལ་ཏེ་སེམས་ཅན་ལ་ལས་ཞེས་པ་ ནས། བསྐྱེད་པར་བྱེད་ཞེས་པའི་བར་ལ། ཡང་གལ་ཏེ་སེམས་ཅན་ལ་ལས་གུས་པས་ཙན་དན་གྱི་ཕུར་མ་བླངས་པས། རབ་ཏུ་གུས་བྱང་ཆུབ་སེམས་དཔའ་ལ་ནི་ལུས་ལ་གཏུག་པར་བྱེད་པ་ལ་ཡང་གཞན་ཞིག་ གིས་སྡང་བས་མེ་མདག་མགོ་བོའམ་ལུས་ལ་འཐོར་བར་བྱེད་པ་དེ་གཉིས་ཀ་ལ། བྱང་ཆུབ་ཀྱི་སེམས་དེ་ཡིས་ཆགས་སྡང་མེད་པར་མཉམ་ཞིང་སྙོམས་པའི་ཡིད་ནི་བསྐྱེད་པར་བྱེད་པའོ། །གཉིས་པ་ཕན་ཡོན་ནི།

133 ༄༅། །བྱང་ཆུབ་སེམས་དཔའ་ཞེས་པ་ནས། ཟིལ་གྱིས་གནོན་ཞེས་པའི་བར་ལ། དེ་ལྟར་བྱང་ཆུབ་སེམས་དཔའ་མཁས་པས་དེ་ལྟར་བཟོད་པར་བྱས་ནས། ད་ལྟ་བཟོད་པའི་སེམས་བསྐྱེད་པའི་དགེ་ བ་དེ་ནི་བྱང་ཆུབ་སེམས་ཀྱི་མཆོག་ཏུ་ཡོངས་སུ་བསྔོས་ན། དཔའ་བོ་འཇིག་རྟེན་པའི་གནོད་པ་ཀུན་ལ་བཟོད་པའི་དགེ་བ་དེས་དགྲ་བཅོམ་པ་དང༌། རང་རྒྱལ་བ་དང་སེམས་ཅན་ཁམས་ཀྱི་དགེ་བ་ཇི་སྙེད་ཡོད་ པ་དེ་ཐམས་ཅད་བཟོད་པའི་དག་པས་ཟིལ་གྱིས་གནོན་པར་འགྱུར་རོ། །སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ལ་གཉིས་ལས་བསམ་པ་ནི། བཟོད་བྱེད་འདི་སྙམ་བྱེད་ཞེས་པ་ནས། བཟོད་མི་བྱ་སྙམ་ཞེས་པའི་ བར་ལ། ཡང་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་བཟོད་པ་བྱེད་པས་འདི་སྙམ་དུ་ཡང་སེམས་ནི་བསྐྱེད་པར་བྱ་སྟེ། བདག་གིས་སྔོན་ཆད་དོན་མེད་པར་ཟད་པའི་སེམས་ཅན་དམྱལ་བའི་ལུས་དང༌དུད་འགྲོའི་ ལུས་དང༌གཤིན་རྗེའི་དང་ཡི་དྭགས་ཀྱི་ལུས་དང་འཇིག་རྟེན་གྱི་ལུས་བླངས་པས་སྡུག་བསྔལ་ཞིང་དར་དྲག་དང་ཡུན་རིང་བ་ཐམས་ཅད་འདོད་པའི་ཡོན་ཏན་ལ་ཆགས་པའི་རྒྱུ་ཡིས་རང་ལ་རང་དབང་མེད་པར་ གནོད་པ་གྲངས་མང་པོ་མྱོང་ན། ད་དོན་ཆེན་པོ་བྱང་ཆུབ་བསྒྲུབ་པའི་ཆེད་དུ་ཅིའི་ཕྱིར་དལ་བ་རྙེད་དུས་འདིར་ད་ནི་བཟོད་པར་བྱས་ཏེ་བཟོད་པ་བསྒོམ་དགོས་སྙམ་དུ་བསམ་མོ། །གཉིས་པ་སྦྱོར་བ་ནི། ལྕགས་

134 དབྱིག་མཚོན་དང་ཞེས་པ་ནས། ཕ་རོལ་ཕྱིན་པ་ལ་གནས་ཞེས་པའི་བར་ལ། སྦྱོར་བ་ལྕགས་དང་དབྱིག་པ་དང་མཚོན་བསྣུན་པ་དང་བསད་པ་དང་བཅིང་པ་དང་རྡོ་བས་བརྡེག་པ་དང༌། མགོ་གཅོད་པ་དང་རྣ་ བ་དང་རྐང་ལག་གཅོད་པ་དང༌། དེ་ལ་སོགས་པའི་འཇིག་རྟེན་ན་སྡུག་བསྔལ་གྱི་རིགས་ཇི་སྙེད་བྱུང་ཡང་བདག་གིས་བཟོད་པར་བྱའོ་སྙམ་པའི་བྱང་ཆུབ་སེམས་དཔའ་ནི་སྡུག་བསྔལ་དང་དུ་ལེན་པའི་བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ། །

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ།

[edit]

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ་ལས། རློམ་སེམས་ཡོད་མེད་ཀྱི་སྒོ་ནས་དམན་པ་དང་མཆོག་ཏུ་བསྟན་པ་ནི་གཉིས་ལས། མདོར་བསྟན་པ་ནི། ཚུལ་ ཁྲིམས་ཀྱིས་ནི་ཞེས་པ་ནས། བྱང་ཆུབ་བསྔོ་ཞེས་པའི་བར་ལ། ཐེག་པ་ཆེན་པོའི་ཚུལ་ཁྲིམས་ཀྱིས་ནི་སྡུག་བསྔལ་དང་སྤྲོ་བ་ཉེ་བར་ཞི་བ་རྣམས་སྡུག་བསྔལ་ལམ་ཉན་ཐོས་ཀྱི་ས་རྣམས་དང་དེ་བཞིན་དུ་ འཕགས་པར་འགྱུར་ལ། སྟོབས་བཅུ་ཐོབ་ནུས་པའི་སྤྱོད་ཡུལ་ཉམས་ཤིང་དེ་ལ་གནས་པས་ཚུལ་ཁྲིམས་ཉམས་པ་མེད་ལ། འདི་ལ་སྡོམ་པ་ཐམས་ཅད་ཚང་བས་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་ཇི་སྙེད་ཡོད་ པ་ཀུན་གྱི་རྗེས་སུ་འཇུག་ཅིང་ཞུགས་པའི་དགེ་བ་དེ་ཆེད་དུ་བྱ་བ་སེམས་ཅན་ཀུན་ལ་ཕན་པར་བྱ་བའི་ཕྱིར་དེ་ཡང་འབྲས་བུ་བྱང་ཆུབ་ཏུ་བསྔོ་བ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ནི་གལ་ཏེ་རང་རྒྱལ་ཞེས་

135 ༄༅། །པ་ནས། ཕྱིན་ལ་གནས་ཞེས་པའི་བར་ལ། གལ་ཏེ་དགེ་བ་དེས་ཆེད་དུ་བྱ་བ་རང་རྒྱལ་བ་དང་དགྲ་བཅོམ་པ་དང་བྱང་ཆུབ་ཐོབ་པར་འདོད་ན། ཐེག་ཆེན་གྱི་ཚུལ་ཁྲིམས་འཆལ་ཅིང་སྦྱོར་བ་དོན་ ཆུང་བས་མི་མཁས་པ་ཡིན་ལ་དེ་བཞིན་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་ཉམས་སོ། །ཡང་དེ་ལས་བཟློག་སྟེ། ཅི་སྟེ་བྱང་ཆུབ་ཞི་བ་མཆོག་ཏུ་དམིགས་པ་མེད་པར་ཡོངས་སུ་བསྔོ་ན། རྟེན་ཁྱིམ་པར་གྱུར་པ་འདོད་ཡོན་ ལ་ལོངས་སྤྱོད་པ་ལ་བརྩོན་ཡང་ཐེག་ཆེན་གྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ། །ཀུན་སློང་ཡོད་མེད་ལ་གཉིས་ལས་མདོར་བསྟན་པ་ནི། ཆོས་གང་དེས་པའི་ཞེས་པ་ནས། འདྲེན་པས་ གསུངས་ཞེས་པའི་བར་ལ། གཞན་ཡང་ཆོས་གང་ལ་འཇུག་ལྡོག་བྱས་པ་ཙམ་དེས་རྫོགས་པའི་བྱང་ཆུབ་ཀྱི་ཡོན་ཏན་འབྱུང་བར་འགྱུར་བ་དེ་ནི་ཐེག་ཆེན་གྱི་ཡོན་ཏན་གྱི་ཆོས་དང་ལྡན་པ་རྣམས་ཀྱི་ཚུལ་ཁྲིསམ་ ཀྱི་དོན་ཡིན་ནོ། །བཟློག་པ་ཆོས་གང་ལ་ཞུགས་པ་ཙམ་གྱིས་གཞན་ལ་ཕན་པར་བྱེད་པ་རྣམས་ཀྱིས་བྱང་ཆུབ་ཐོབ་པ་ལས་ཡོངས་སུ་ཉམས་པར་འགྱུར་བ་འདི་ནི། ཐེག་ཆེན་གྱི་ཚུལ་ཁྲིམས་འཆལ་པ་ཡིན་ནོ། ཅེས་རྣམ་པར་འདྲེན་པས་གསུངས་སོ། །གཉིས་པ་བཤད་པ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་པ་ནས། ཤིན་ཏུ་ལྕི་ཞེས་པའི་བར་ལ། ད་ནི་སྐྱོན་ཡོན་བཤད་པ་ནི་གལ་ཏེ་བྱང་ཆུབ་སེམས་དཔའ་ཁྱིམ་

136 པར་གྱུར་པས་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཀྱང༌། བྱང་ཆུབ་སྙིང་པོའི་བར་དུ་སངས་རྒྱས་དང་ཆོས་དང་འཕགས་པའི་དགེ་འདུན་ལ་སྐྱབས་སུ་སོང་སྟེ། ཆེད་དུ་བྱ་བ་སེམས་ཅན་གྱི་དོན་དུ་ཐོབ་བྱ་སངས་རྒྱས་ བསྒྲུབ་པར་བྱའོ་སྙམ་དུ་ཀུན་མཁྱེན་སངས་རྒྱས་ཡིད་ལ་བྱེད་པ་དང་མ་བྲལ་ན། སྦྱངས་འཕྲོ་ཡོད་པའི་མཁས་པ་ངེས་དོན་ཐེག་པ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་རིག་པར་བྱ་སྟེ་ཐེག་ ཆེན་གྱི་བསམ་སྦྱོར་ལ་སྐྱོན་མེད་པའི་ཕྱིར་རོ། །ཡང་དེ་ལས་བཟློག་སྟེ། གལ་ཏེ་དུས་རིང་བ་བསྐལ་པ་བྱེ་བར་དགེ་བའི་ལས་ཀྱི་ལམ་བཅུ་ལ་གང་སྤྱོད་ཀྱང་བསྒྲུབ་བྱ་རང་རྒྱལ་བ་དང་དགྲ་བཅོམ་པ་ཉིད་ཐོབ་ བྱར་འདོད་པ་བསྐྱེད་ན། དེ་ནི་བྱང་ཆུབ་ཀྱི་སེམས་ཉམས་པས་ཐེག་ཆེན་ཚུལ་ཁྲིམས་ལ་སྐྱོན་བྱུང་བས་ཚུལ་ཁྲིམས་ཉམས་པའི་སྐྱོན་ཡིན་ནོ། །ཉན་ཐོས་དང་རང་རྒྱལ་ལ་སོགས་པ་འབྲས་བུ་ཆུང་ངུ་ཐོབ་པར་ འདོད་པའི་སེམས་བསྐྱེད་དེ་ནི་དགེ་སློང་གི་ཕས་ཕམ་པ་སྟེ་རྩ་བ་བཞི་འཆམ་སེམས་དང་བཅས་པ་འབྱུང་བ་བས་ཀྱང་ཤིན་ཏུ་ལྕི་བ་ཡིན་ནོ། །བསྔོ་བ་ཡོད་མེད་ཀྱི་སྒོ་ནས་བསྟན་པ་ལའང་གཉིས་ལས། ངོ་བོ་ནི་ ཚུལ་ཁྲིམས་བསྲུང་ཞིང་ཞེས་པ་ནས། ཕྱིས་ནས་བརྗོད་ཞེས་པའི་བར་ལ། ཡང་བྱང་ཆུབ་སེམས་དཔའ་གང་ཞིག་དམིགས་མེད་ཀྱི་བྱང་ཆུབ་ཐོབ་པར་འདོད་པས། ཚུལ་ཁྲིམས་ལེགས་པར་བསྲུངས་ཤིང་བསོད་

137 ༄༅། །ནམས་དེ་བྱང་ཆུབ་ཀྱི་མཆོག་ཏུ་ཡོངས་སུ་བསྔོ་ལ། དེ་ལྟ་བུའི་བསོད་ནམས་དེ་ཡིས་རློམ་སེམས་བདག་འཛིན་མེད་ཅིང་བདག་ཡོན་ཏན་དང་ལྡན་ནོ་ཞེས་བསྟོད་པར་མི་བྱེད་དོ། །ཤེས་རབ་ཀྱི་ བདེན་པའི་འདུ་ཤེས་དང་སེམས་ཅན་བདེན་པའི་འདུ་ཤེས་ཡོངས་སུ་སྤངས་ནས། ཐེག་ཆེན་གྱི་ལམ་དུ་འགྲོ་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བརྗོད་དོ། །གཉིས་པ་ ཕན་ཡོན་ནི། །གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་པ་ནས། འདྲེན་པས་གསུངས་ཞེས་པའི་བར་ལ། དེ་ཉིད་ཀྱི་སྐྱོན་དང་ཡོན་ཏན་བཤད་ན་གལ་སྟེ་བྱང་ཆུབ་སེམས་དཔའ་ཐབས་མི་མཁས་པས་རྒྱལ་བའི་ ལམ་ལ་སྤྱོད་པ་དང༌། ཇི་སྙམ་དུ་འདི་དག་ཚུལ་ཁྲིམས་དང་ལྡན་པ་ཡིན་ལ་འདི་དག་ནི་ཚུལ་ཁྲིམས་འཆལ་པ་ཡིན་ཏེ་ཅེས་བརྡ་ལ་དོན་དུ་ཞེན་པས། བདག་ཏུ་བལྟ་བས་ཐ་དད་སྣ་ཚོགས་ལྟར་བདེན་པའི་འདུ་ ཤེས་ཞུགས་པ་དེ་ནི། ཐེག་ཆེན་གྱི་ཤིན་ཏུ་ཚུལ་ཁྲིམས་འཆལ་བ་ཡིན་པས། སྡོམ་པའི་ཚུལ་ཁྲིམས་ཉམས་ཤིང་དེ་ལྟར་འཛིན་པ་དེ་ལ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་ཁྲིམས་དེ་མེད་ལ། དེ་ལས་བཟློག་ ཏེ་གང་ཟག་གང་ལ་རྟག་པ་དང་བདག་ཏུ་འདུ་ཤེས་པ་དང་སེམས་ཅན་དུ་བདེན་པའི་འདུ་ཤེས་མེད་པས་ཐ་དད་བདེན་པའི་འདུ་ཤེས་ཀྱི་འདོད་ཆགས་དང་བྲལ་བ་དེ་ལ་འཆལ་བའི་རྒྱུ་ཟད་པས་སྡོམ་པ་མེད་

138 ཅེས་བྱ་བ་ག་ལ་ཡོད་དེ་མེད་དོ། །དེའི་ཕྱིར་གང་ལ་ལ་ཞིག་གིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པས་སྡོམ་པ་དང་སྡོམ་པ་མ་ཡིན་པའི་རློམ་སེམས་མེད་ལ། རློམ་པ་མེད་པ་འདི་ནི་བྱང་ཆུབ་སེམས་ དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡིན་པར་རྣམ་པར་འདྲེན་པ་ཞེས་བྱ་སྟེ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་སོ། །དེ་ཕན་ཆོད་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྣམ་པར་ཕྱེ་སྟེ་བསྟན་པའོ། །

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ།

[edit]

ད་ ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་སྟོན་པ་ནི། སྦྱིན་པ་ལ་བཞི་སྟེ། ཤེས་རབ་ཀྱིས་ཟིན་པས་མ་ཆགས་པའི་སྟོང་པ་ལ་གཉིས་ལས། རྗེས་འགྲོ་ནི། སེམས་དག་པ་ཞེས་པ་ནས། གནས་མེད་དོ་ཞེས་པའི་བར་ ལ༑ གཞན་ཡང་སེམས་ཅན་རྒྱུད་ཡོངས་སུ་དག་པ་གང་ལ་ལ་ཞིག་དེ་ལྟར་རློམ་སེམས་མེད་པའི་ཚུལ་ཁྲིམས་དང་ལྡན་པ་དང༌། བཏང་ཡུལ་ཡིད་དུ་སྡུག་པ་དང་མི་སྡུག་པ་ཀུན་ལ་ཆགས་སྡང་དུ་བལྟ་བ་མེད་ པར་གཏོང་བ་ཡིན་ལ། ནང་གི་མགོ་དང་རྐང་ལག་ལ་སོགས་པ་གཏོང་ཞིང་གཏང་བ་ལ་ཞུམ་པའི་སེམས་ཀྱང་མེད་ལ། ཕྱི་རོལ་བདོག་པ་ཐམས་ཅད་གཏོང་ཞིང་རྟག་ཏུ་བཏང་བ་ལ་ཞེན་པ་མེད་ཅིང༌། ཕྱི་ནང་ གི་ཆོས་དང་ཉོན་མོངས་པ་འཁོར་བ་དང་རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་རྣམས་རང་བཞིན་གྱིས་བདག་མེད་ཅིང་མི་བདེན་པས་ཡ་མ་རླར་སྙིང་པོ་མེད་པར་ཤེས་ནས། བྱང་ཆུབ་སེམས་དཔའ་

139 ༄༅། །བདག་གི་ཤ་ཡང་གཏོང་བ་ལ་ཞུམ་ཞིང་མི་ཕོད་པའི་སེམས་མེད་ན། མེད་པ་དེའི་ཚེ་ཕྱི་རོལ་གྱི་དངོས་པོ་གཏོང་བ་ལ་ཞུམ་པ་མེད་པ་སྨོས་ཅི་དགོས། གལ་ཏེ་ནས་བདག་མེད་རྟོགས་པས་དེ་ལ་ སེར་སྣ་བྱེད་པ་དེ་ནི་གནས་མེད་དོ། གཉིས་པ་བཟློག་པ་ནི། བདག་ཏུ་འདུ་ཤེས་པ་ནས། དེ་ཚེ་དབུལ་པོར་འགྱུར་ཞེས་པའི་བར་ལ། ཤེས་རབ་མེད་པ་བདག་ཏུ་བདེན་པར་འདུ་ཤེས་པ་རྣམས་ནི་ལུས་དང་ ལོངས་སྤྱོད་ཀྱི་དངོས་པོ་ལ་བདག་གི་བར་འཛིན་པས་ཆགས་པ་དེས་ན། དེ་ཁོ་ན་ཉིད་མི་ཤེས་པའི་བླུན་པོ་རྣམས་ལ་སྦྱིན་པ་གཏོང་བའི་བློ་ལྟ་ག་ལ་ཡོད་དེ་མེད་དོ། །དེ་ལྟར་མི་གཏོང་བའི་སེར་སྣ་ཅན་རྣམས་ ནི་རྣམ་པར་སྨིན་པའི་འབྲས་བུ་ཡི་དྭགས་ཀྱི་གནས་སུ་སྐྱེ་བར་འགྱུར་རོ། །ཅི་སྟེ་དེ་ནས་ཐོན་ནས་མིར་སྐྱེས་ན་ཡང་དེའི་ཚེ་རྒྱུ་མཐུན་གྱི་འབྲས་བུས་དབུལ་པོར་འགྱུར་རོ། །གཞན་གྱི་སྦྱིན་པ་ལ་རྗེས་སུ་ཡིད་ རང་བ་ལ་བཞི་ལས། སྙིང་རྗེས་ཟིན་པས་དགའ་བའི་གཏོང་བ་ནི། དེ་ཚེ་བྱང་ཆུབ་སེམས་དཔའ་ཞེས་པ་ནས། དེ་ལྟ་མིན་ཞེས་པའི་བར་ལ། དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྦྱིན་པ་མ་བཏང་བས་ སེམས་ཅན་ཡི་དྭགས་དང་འབུལ་པོ་འབྱུང་བར་ཤེས་ནས། སྙིང་རྗེས་འཛིན་པས་བསམ་པ་སྦྱིན་པ་གཏོང་བ་ལ་མོས་པར་འགྱུར་ཞིང་སྦྱོར་བ་རྟག་ཏུཕངས་པ་མེད་པར་ལྷག་པར་གཏོང་ལ། དེ་ལྟར་གཏོང་ཕོད་

140 པའི་རྒྱུ་མཚན་ནི། གླིང་བཞི་ལེགས་པར་བརྒྱན་པའི་ལོངས་སྤྱོད་ཐམས་ཅད་འཆིལ་མའི་ཐལ་བ་དང་འདྲ་བར་ཤེས་ནས། གཞན་ལ་བྱིན་ནས་བཏང་ན་དགའ་བར་འགྱུར་གྱི་གཞན་གྱི་བདག་ལ་བྱིན་ནས་གླིང་ ཐོབ་པ་ལ་དགའ་བ་སྐྱེ་བ་དེ་ལྟ་བུ་མིན་ནོ། །གཉིས་པ་ཐབས་ཀྱིས་ཟིན་པ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། མཆོག་ཏུ་བསྔོ་ཞེས་པའི་བར་ལ། ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་བློ་ གསལ་བ་ཅིག་ལ་སྦྱིན་པ་བྱིན་ཡང་བསམ་པས་སྲིད་གསུམ་གྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཀུན་ལ་ལོངས་སྤྱོད་སྦྱིན་པ་འདི་བྱིན་པའི་བསོད་ནམས་ཀྱིས་སེམས་ཅན་ཀུན་ལ་ཕན་པར་གྱུར་ཅིག་སྙམ་དུ་ བསམ་ནས་སྦྱིན་པ་དེ་བྱིན་ན། སྦྱིན་པའི་བསོད་ནམས་དེ་ཡང་འགྲོ་བའི་དོན་འགྲུབ་པའི་ཆེད་དུ་ཐོབ་བྱ་བྱང་ཆུབ་མཆོག་ཏུ་བསྔོ་བའོ། །གསུམ་པ་དོན་རྒྱ་ཆེ་བར་གཏོང་བ་ནི། སྦྱིན་པ་བྱིན་ནས་ཞེས་པ་ནས། ལེགས་ཚོལ་ན་ཞེས་པའི་བར་ལ། ཡང་སྦྱིན་པ་བྱིན་ནས་རྫས་ཀྱི་དངོས་པོ་ལ་གནས་ཤིང་ཆགས་པར་བྱེད་པ་མེད་ལ། བྱང་ཆུབ་སེམས་དཔའ་དེ་ནི་དུས་ནམ་དུ་ཡང་འབྲས་བུ་རྣམ་པར་སྨིན་པ་ལ་རེ་བ་མེད་ པའི་ཚུལ། དེ་ལྟར་སྦྱིན་པ་གཏོང་བ་ལ་མཁས་པ་ཐམས་ཅད་རྒྱུ་འབྲས་ལ་ཆགས་པ་དང་རེ་བ་མེད་པར་གཏོང་བ་སྟེ། བསམ་པའི་སྟོབས་ཆེ་བས་རྒྱུ་ཆུང་ངུས་བཏང་བ་ལ་ཡང་འབྲས་བུ་བཟང་ཞིང་མང་པོ་

141 ༄༅། །དཔག་ཏུ་མེད་པར་འགྱུར་ལ། ས་བླ་ས་འོག་ས་སྟེངས་ཀྱི་སྲིད་པ་གསུམ་ན་སེམས་ཅན་གྱི་གྲངས་མ་ལུས་ཇི་སྙེད་ཡོད་པས། ཡོངས་སུ་བརྟག་པའི་མཐའ་བཟུང་སྟེ་དེ་དག་ཐམས་ཅད་ཀྱང༌། སྦྱིན་པའི་ཡུལ་འཇིག་རྟེན་མཁྱེན་པ་སངས་རྒྱས་དང་དགྲ་བཅོམ་པ་དང་། རང་རྒྱལ་བ་རྣམས་ལ། དུས་བསྐལ་པ་མཐའ་ཡས་པར་སྦྱིན་པའི་དངོས་པོ་གྱ་ནོམ་པ་སྦྱིན་པ་བྱིན་ནས་འབྲས་བུ་ཉན་ཐོས་ཚོལ་ན་དེ་ ནི་བློ་དམན་པའོ། །བཞི་པ་གཞན་ཟིལ་གྱི་གནོན་པ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། ཟིལ་གྱིས་གནོན་ཞེས་པའི་བར་ལ། ཡང་བྱང་ཆུབ་སེམས་དཔའ་མཁས་པ་དངོས་པོ་དང་སྦྱོར་བ་མེད་ཀྱང་བསོད་ ནམས་འབྱུང་བས་ཐབས་མཁས་པ་གང་ལ་ལ་ཞིག་གིས། འཁོར་འདས་དེ་དག་གི་བསོད་ནམས་བྱ་བའི་དངོས་པོ་ལ་ཡིད་རང་ནས། ཡིད་རང་བ་ལས་བྱུང་བའི་བསོད་ནམས་དེའི་སེམས་ཅན་གྱི་དོན་དུ་བྱང་ ཆུབ་མཆོག་རབ་ཀྱི་རྒྱུར་ཡོངས་སུ་བསྔོ་ན། ཡོངས་སུ་བསྔོ་བས་ཉན་རང་མན་ཆད་ཀྱིས་འགྲོ་བ་ཐམས་ཅད་ཀྱི་དགེ་བ་ཟིལ་གྱིས་ནོན་སྟེ། དཔེར་ན་ནོར་བུ་འཆིང་བུའི་ཕུང་པོ་ཆེན་པོ་གྱུར་པ་ཡང༌། རིན་ཆེན་བཻ་ ཌཱུརྱ་ཅིག་གིས་འཆིང་བུའི་ཚོགས་དེ་དག་ཀུན་ཟིལ་གྱིས་ནོན་ལ། དཔེ་དེ་བཞིན་དུ་ཉན་རང་མན་ཆད་ཀྱི་འགྲོ་བ་ཀུན་གྱི་སྦྱིན་པའི་ཕུང་པོ་ཡུལ་དང་དུས་དང་དངོས་པོ་རྒྱ་ཆེན་པོ་རྣམས་ཀྱང༌། རྗེས་སུ་ཡིད་རང་

142 བ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་དགེ་བས་ཟིལ་གྱིས་ནོན་པར་འགྱུར་རོ། །ལྔ་པ་སྦྱིན་པའི་བསོད་ནམས་བསྡུ་བ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་པ་ནས། ཡར་གྱི་ངོ་བཞིན་ནོ་ཞེས་པའི་བར་ལ། མ་ཞེན་པའི་སྦྱིན་པ་དཔེའི་སྒོ་ནས་བསྔགས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་འགྲོ་བ་རྣམས་ལ་སྦྱིན་པ་བྱིན་ནས། སྦྱིན་པ་བྱིན་པའི་བསོད་ནམས་དེ་ལས་བདག་གིར་མི་བྱེད་ཅིང་། སྦྱིན་ བྱའི་དངོས་པོ་ལ་མི་འཕངས་སེར་སྣ་མེད་ན། ཞེན་པ་མེད་པའི་སྦྱིན་པ་དེ་ལས་བྱུང་བའི་དགེ་བའི་རྩ་བ་དེ་དག་མཐུ་ཆེན་པོ་འཕེལ་བར་འགྱུར་ཏེ། དཔེ་སྤྲིན་མེད་པའི་འོད་དང་ལྡན་པའི་ཟླ་བའི་དཀྱིལ་འཁོར་ ཡར་གྱི་ངོ་གོང་ནས་གོང་དུ་འཕེལ་བ་བཞིན་ནོ། །དེ་ཡན་ཆད་དུ་ཐེག་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཇི་ལྟར་བསླབ་པའི་དོན་རྒྱས་པར་མཐར་གྱིས་པའི་སྐབས་བསྟན་པའོ། །ད་ནི་དེ་ལྟར་བསླབ་པའི་ འབྲས་བུ་སྟོན་པ་ལས། རིམ་གྱིས་བསྒོམས་པའི་འབྲས་བུ་ཅིག་ཆར་དུ་རྒྱུད་ལ་སྐྱེ་བ་ཡིན་པས། སྐབས་བདུན་པ་སྐད་ཅིག་མ་ཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བའི་ངོ་བོ་ནི། ཆོས་སྐུའི་རྒྱུགཞི་ ལམ་རྣམ་གསུམ་མི་དམིགས་པ་གང་ཞིག་བློའི་ནུས་པ་བསྟན་པས་མཐར་ཐུག་པ་ཞེས་བྱ་དཀར་པོའི་ཆོས་ཐམས་ཅད་ཅིག་ཆར་དུ་བསྒོམ་པ་ཞེས་བྱའོ། །དེ་སྐད་དུ་ཡང༌། སྦྱིན་པ་ལ་སོགས་རེ་རེས་ཀྱང༌། །ཟག་

143 ༄༅། །པ་མེད་པ་ཐམས་ཅད་ནི། །ཡང་དག་བསྡུད་ཕྱིར་ཐུབ་པ་ཡིས། །སྐད་ཅིག་མངོན་རྫོགས་བྱང་ཆུབ། །ཞེས་པས། ད་ནི་འདིར་ཕན་ཡོན་དྲུག་གིས་བསྟན་ལ། ཡེ་ཤེས་ཞབས་ལྟར་འོག་ནས་ཆོས་ འདི་ཡོངས་རྫོགས་བྱས་ཞེས་པའི་ཚིག་རྐང་གཅིག་གིས་སྐབས་བདུན་བསྟན་ལ། དེ་མན་ཆད་བརྒྱད་པར་འདོད་དོ། །འདི་ལ་དབྱེ་བ་བཞི་སྟོན་ནོ། །བསྟན་པ་རྗེས་སུ་བསྒྲུབ་པའི་འབྲས་བུ་ལ་གསུམ་ལས། སོ་ སོའི་གནས་སྐབས་ཀྱི་འབྲས་བུ་ནི། །བྱང་ཆུབ་སེམས་པའི་ཞེས་པ་ནས། ཡང་དག་འདའ་བར་འགྱུར་ཞེས་པའི་བར་གྱིས། དེ་ལྟར་གོང་དུ་བསྟན་པ་བཞིན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་བྱང་ཆུབ་སེམས་ དཔའི་སྦྱིན་པས་འགྲོ་བ་དམན་པས་ཡི་དྭགས་ཀྱི་སར་འགྲོ་བ་ཡི། སྐྱེ་བའི་རྒྱུན་གཅོད་ལ། མིར་སྐྱེས་ཀྱང་ལོངས་སྤྱོད་པའི་དབུལ་བ་དང་ནི་དེ་བཞིན་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་ཅིང་འཁོར་ བ་ན་བྱང་ཆུབ་སེམས་པའི་སྤྱོད་པ་སྤྱད་པའི་ཚེ་ལོངས་སྤྱོད་མཐའ་ཡས་ཐོབ་པར་འགྱུར་ཞིང༌། སྦྱིན་པ་བཏང་བས་འཕོངས་པས་སྡུག་བསྔལ་བར་འགྱུར་བའི་སེམས་ཅན་རྣམས་བསྡུས་ནས་ཡོངས་སུ་སྨིན་པར་ བྱེད་དེ། ཚུལ་ཁྲིམས་ཀྱིས་དུད་འགྲོའི་རིགས་ཀྱི་འགྲོ་བ་དུ་མའི་ངོ་བོ་དང༌། མི་ཁོམ་པའི་གནས་བརྒྱད་སྤོང་ཞིང༌། དེ་ཡིས་དལ་བ་དང༌། །འབྱོར་པའི་ཆོས་བཅུ་རྟག་ཏུ་རྙེད་པར་འགྱུར་ལ། མི་ཁོམ་བརྒྱད་ནི།

144 དམྱལ་བ་ཡི་དྭགས་བྱོལ་སོང་དང༌། ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པའོ། །འབྱོར་པ་བཅུ་ལ་རང་འབྱོར་ལྔ་ནི། ཡུལ་དབུས་སྐྱེས་དང་མི་ ལུས་ཐོབ། །དབང་པོ་ཚང་ཞིང་གནས་ལ་དད། །ལས་ཀྱི་མཐའ་མ་ལོག་པའོ། །གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་ཡུན་དུ་གནས་པ་དང༌། །ཞུགས་དང་འཇུག་པ་གཞན་ དོན་དུ་སྙིང་བརྩེ་བའོ། །ཡེ་ཤེས་ཀྱི་ལུས་དང་འཐུན་པའི་བཟོད་པ་བསྒོམས་པས་གཞན་དོན་ནུས་པའི་གཟུགས་བཟང་པོ་དམ་པ་རྒྱ་ཆེན་པོ་ཐོབ་པར་འགྱུར་ཏེ། གཞན་གྱི་ཡིད་དུ་འོང་བའི་དཔེ་གསེར་གྱི་མདོག་ ལྟར་ཡིད་དུ་སྡུག་ཅིང་འགྲོ་བའི་ལྟ་བའི་འོས་སུ་འགྱུར་རོ། །དགེ་བ་ལ་སྤོགས་པའི་བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་གཞན་དོན་བྱེད་པ་འགྲིབ་པར་མི་འགྱུར་ཞིང་། འབྲས་བུའི་ཆོས་ཡེ་ཤེས་མཐའ་ ཡས་པ་དང་མཐར་རྒྱལ་བའི་ཡོན་ཏན་རིན་པོ་ཆེ་ཟད་མི་ཤེས་པའི་བང་མཛོད་རྙེད་པར་འགྱུར་རོ། །སེམས་བདེ་བར་གནས་པའི་བསམ་གཏན་གྱིས་ནི། འདོད་པའི་ཡོན་ཏན་ལྔ་ལ་ཞེན་ན་སྨད་པ་ཡིན་པས། དེ་ མདོར་བར་འགྱུར་ཏེ། ལྷའི་མིག་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ཟག་པ་ཟད་པ་ཡི་དང༌། དོན་རིག་པ་དང་མངོན་པར་ཤེས་པ་དང་ཏིང་ངེ་འཛིན་གྲུབ་པོ། །བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ནི་

145 ༄༅། །ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཡོངས་སུ་ཤེས་ནས། ཁམ་གསུམ་གྱི་སེམས་ཅན་མ་ལུས་པ་འཁོར་བ་ལས་ཡང་དག་པར་འདའ་བར་འགྱུར་རོ། །དེ་ལྟར་རྒྱུ་གསུམ་སྔོན་དུ་སོང་བའི་ འབྲས་བུ་ནི། འབྲས་བུ་སྐབས་བརྒྱད་པའི་དོན། གཉིས་པ་ཐུན་མོང་གི་འབྲས་བུ་བསྟན་པ་ནི། ཆོས་སྐུའི་ངོ་བོ་ནི་རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡོངས་སུ་སྨིན་ཅིང༌། གནས་ལུགས་ མི་དམིགས་པའི་རྟོགས་པ་མཐར་ཐུག་པས་གཞན་དོན་ཕུན་སུམ་འཚོགས་པའི་རྟེན་དུ་འགྱུར་བའོ། །དེ་སྐད་དུ་ཡང༌། །ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་ དང་མཛད་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཞེས་པས་འདི་ལ་ཆོས་སྐུ་མཛད་པ་དང་བཅས་པ་སྐུ་བཞིའི་ཚུལ་གྱིས་སྟོན་ཏེ། ཡང་གཞུང་ལས། མིའི་ཁྱུ་མཆོག་ཞེས་པ་ནས། ཡོངས་སུ་འཛིན་ཞེས་པའི་ བར་ལ། གཞན་དོན་བྱེད་པ་ལ་མིའི་ཁྱུ་མཆོག་སྟེ། སངས་རྒྱས་ཐོབ་ནས་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བསྐོར་བར་བྱས་ནས། དགོས་པ་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་འགྲོ་བ་ལ་ཆོས་ཀྱང་རབ་ཏུ་སྟོན་པར་ བྱེད་དོ། །དེ་ལྟར་ལམ་ཕ་རོལ་ཏུ་ཕྱིན་པ་དམིགས་པ་མེད་པའི་ཆོས་འདི་ཉན་པ་དང༌། བསམ་པ་དང༌། བསྒོམས་པས་འབྲས་བུ་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་དེ། ཕྲིན་ལས་ཡོངས་

146 སུ་དག་པས་ཕྱི་སྣོད་ཀྱི་ཞིང་དང༌། ནང་བཅུད་ཀྱི་སེམས་ཅན་གྱི་རྒྱུད་དག་པ་ཡོངས་སུ་འཛིན་ལ། སངས་རྒྱས་ཀྱི་རྒྱུད་དང་ལུང་དང༌། རྟོག་པའི་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན་ཅིང༌། དེ་བཞིན་དུ་ཉམས་སུ་ ལེན་པའི་དགེ་འདུན་གྱི་རྒྱུད་དང༌། དགེ་བའི་ཆོས་ཀུན་ཀྱང་ཡོངས་སུ་འཛིན་ནོ། །དེ་ཡན་ཆོད་དུ་དེས་བསྟན་པ་ཆོས་ཀྱི་རང་བཞིན་བསྟན་པ་ཚར་ནས། སྟོན་པས་བསྟན་པའི་དོན་བསྡུ་བ་བསྟན་ཏེ། མཐར་ ཐུག་གི་འབྲས་བུ་ནི། འགྲོ་བའི་ནད་གསོ་མཛད་པ་ཞེས་པ་ནས། འདི་གསུངས་ཏེ་ཞེས་པའི་བར་ལ། གོང་དུ་གསུངས་པ་དེ་རྣམས་ཀྱི་དགོས་པ་འགྲོ་བའི་ནད་ཅེས་པ་སྟེ། དམིགས་པ་མེད་པའི་ཆོས་ཉིད་འདི་ མི་ཤེས་པ་ཡི། གང་ཟག་རྣམས་ཕྱིན་ཅི་ལོག་ལ་ཞུགས་པ་དེ་རྣམས་ཆོས་ཉིད་སྟོང་པ་ཉིད་ལ་འཛུད་པའི་ཕྱིར་གསོ་བར་མཛད་པའི་སྟོན་པ་ཐམས་ཅད་མཁྱེན་པ་ཡི། སྨན་པའི་མཆོག་ཏུ་པ་དེས། མི་དམིགས་ པར་ཤེས་པའི་ཤེས་རབ་བསྟན་པ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཟབ་མོ་དང་ལྡན་པ་འདི་གསུངས་ཏེ། ཡང་དག་པར་བསྟན་པའོ། །དེ་ཡན་ཆོད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་ པ་དྲུག་གི་རང་བཞིན་བསྟན་པའོ། །འདིར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱི་མིང་ནི་མདོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་མཐའ་དག་བསྡུད་པར་བྱེད་པ། ཡིད་བཞིན་གྱི་ནོར་བུ་

147 ༄༅། །རིན་པོ་ཆེ་བསམ་འཕེལ་ལྟ་བུ། དེ་བཞིན་གཤེགས་པའི་གསུང་གི་ཡོན་ཏན་ཐམས་ཅད་བསྡུས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ཡང་དག་པ་ཡིན་ལ་སྤྱི་ཁྱབ་ཏུ་སེམས་ཅན་ ཐམས་ཅད་ལ་སེམས་ཅན་གྱི་ངོ་བོ་ཡེ་འདོད་མ་ནས་དག་པ་ཡིན་པས། ལམ་འདི་སེམས་ཅན་ཀུན་གྱིས་ཐོབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཉིད་ཀྱི་དོན་ཡང་དག་པར་གསུངས་སོ། །འཕགས་པ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པའི་ཊཱིཀྐ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ། ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོའི་སྡེ་ཞེས་བྱ་བ་ལས། ཐུགས་ཀྱི་མཆོག་ཟབ་མོའི་དོན་ཉམས་སུ་བླང་པའི་རིམ་ པའོ༑ ༑སྤྱིར་མདོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བཤད་ལུགས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང༌། འདི་ནི་ཕལ་ཆེར་དོན་དམ་པ་སྟོན་པ་ལས། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ཞོར་ལ་སྟོན་པའི་ལུགས་ཀྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོའི་སྔོན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གྲོགས་བྱེད་ཅིང་། གཞན་པའི་ལུགས་ཀྱིས་སྦྱིན་པ་ནས་རིམ་ གྱིས་བརྩམས་ཏེ། གཙོ་བོ་དང༌། ཕལ་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་འགྲོ་ཡང༌། འདིར་བདག་གི་ཤེས་རབ་མེད་ན་རིམ་གྱིས་འཇུག་མི་ཤེས་པའི་ཕྱིར། དེ་ཅི་སྟེ་ཞེ་ན། ཤེས་རབ་སྔོན་དུ་

148 འགྲོ་བའོ། །དེ་ཅི་སྟེ་ཞེ་ན། མདོ་སྡེ་ཡོན་ཏན་རིན་པོ་ཆེ་བསྡུད་པ་ཚིགས་སུ་བཅད་པའི་སྤྱི་ཡིས་ཀྱང་དེ་ལྟར་བསྟན་ལ། སྒོས་སུ་ཡང་སྦྱིན་པ་བྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། ཚུལ་ཁྲིམས་བཟོད་པ། བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །ཞེས་བཤད་དོ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་རྗེས་ལ་མི་འབྱུང་ངམ་ཞེ་ན་དེ་ནི་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དང་མཉམ་དུ་འབྱུང་ལ། རྟོགས་ ཚུལ་གྱི་དབང་དུ་བྱས་ན། རྗེས་སུ་ཡང་འབྱུང་ངོ་། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱིའི་རྣམ་བཞག་གོ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོ་རིན་པོ་ཆེ་བསྡུད་པ་ཚིགས་སུ་བཅད་པ་རྫོགས་སོ། །འདི་ལྟར་ བཅོམ་ལྡན་ཐུབ་ཆེན་སེང་གེ་ཡིས། །དམ་ཆོས་བསམ་ཡས་ནམ་མཁའི་མཛོད་འདྲ་ལས། བསྟན་པ་འདི་ལས་སེམས་ཅན་འདུལ་དོན་དུ། །བརྒྱད་ཁྲི་བཞི་སྟོང་དམ་ཆོས་གསང་བའི་མཛོད། །དེ་དོན་མ་རྟོགས་ འཁོར་བའི་སེམས་ཅན་རྣམས། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་རྗེ་ཡིས། །དྲང་དོན་ངེས་དོན་གསང་བའི་བརྒྱུད་རྣམས་ལས། །དབང་པོ་ཡང་བར་གྲོལ་བྱེད་དམ་པའི་ཆོས། །ཕ་རོལ་ཕྱིན་པའི་ནང་ནས་ ཡང་དག་མཆོག །མ་ལུས་འདུས་པའི་སྙིང་པོ་རིན་ཆེན་འདི། །བཅོམ་ལྡན་ཐུབ་ཆེན་སེང་གེས་གསུངས་པའི་དོན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་པའི་མཆོག །འདི་བྲིས་དགེ་བས་ནམ་མཁའི་

149 ༄༅། །མཐས་ཁྱབ་པའི། །སེམས་ཅན་འགྲོ་བའི་ཚོགས་རྣམས་མ་ལུས་པ། །ཤེས་རབ་ཕ་རོལ་ཕྱིན་པའི་མཆོག་འདི་དང༌། །བཅས་ཏེ་ཡང་དག་དོན་མཆོག་འདི་རྟོགས་ཤོག །འདི་ལྟའི་ཤེས་རབ་ཕ་ རོལ་ཕྱིན་མཆོག་འདི། །དཔག་བསམ་ལྗོན་ཤིང་གར་མཁན་མཆོག་གི་ལོ། །ལུང་བསྟན་གནས་གྱུར་མཁའ་ལྡིང་མཆོག་གི་རི། །སྒྲུབ་པའི་གནས་ཉིད་ཁྱད་འཕགས་མཆོག་ཆེན་དུ། །སྤྱན་རས་གཟིགས་དབང་ ཐུགས་རྗེའི་ཤུགས་མཆོག་གིས། །རྟོགས་ཤིང་ཡང་དག་ཚིག་མཆོག་གསལ་བར་བཀོད། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །དཔེ་པུ་ཏི་འདིས་འགྲོ་བ་སེམས་ཅན་དཔག་ཏུ་མེད་པའི་དོན་འགྲུབ་ པར་གྱུར་ཅིག །དགེའོ།། །།