མྱ་ངན་ལས་འདས་པ་
མྱ་ངན་ལས་འདས་པ་ ཞེས་པ་ནི་འཁོར་བའི་སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་རྩད་ནས་སྤངས་ཏེ། འཁོར་བའི་མྱ་ངན་ལས་ཡོངས་སུ་འདས་ཤིང་ཞི་བའི་གོ་འཕང་ལ་གནས་པ་ལ་བྱ་སྟེ། སློབ་དཔོན་དབྱིག་གཉེན་གྱི་མཛོད་ལས། “ཟག་པ་ཟད་པས་མྱ་ངན་འདས། །”[1] ཞེས་གསུངས་པ་ལྟར་རོ།།
ངེས་ཚིག
[edit]ཐ་སྙད་འདིའི་ངེས་ཚིག་ནི། མྱ་ངན་ཞེས་པ་ནི་རྒྱུ་ལས་དང་ཉོན་མོངས་དང་བཅས་པའི་འབྲས་བུ་འཁོར་བའི་སྡུག་བསྔལ་ལ་བྱ་ཞིང་། དེ་ལས་འདས་པ་ཞེས་པ་ནི་སྡུག་བསྔལ་དེ་དག་ལས་གྲོལ་བའི་ཐར་པ་སྟེ་ཞི་བའི་དོན་ཡིན་པས་མྱ་ངན་ལས་འདས་པ་ཞེས་བརྗོད་པ་ཡིན།[2]
དབྱེ་བ།
[edit]མྱ་ངན་ལས་འདས་པ་ལ་ངོ་བོ་དང་རྣམ་གྲངས་ཀྱི་སྒོ་ནས་དབྱེ་ན་གཙོ་བོ་བཞི་ཡོད་དེ།
ལྷག་བཅས་ཀྱི་མྱ་ངན་ལས་འདས་པ། འཕགས་པ་ཉན་ཐོས་དང་རང་རྒྱལ་རྣམས་ཀྱིས་བདག་འཛིན་ལྷན་སྐྱས་ཀྱི་ས་བོན་དང་བཅས་པའི་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་མྱ་ངན་ལས་འདས་པ་ཐོབ་ཀྱང་། སྔོན་གྱི་ལས་དང་ཉོན་མོངས་ཀྱི་དབང་གིས་གྲུབ་པའི་ཟག་བཅས་ཀྱི་ཕུང་པོའི་ལྷག་མ་མ་ཟད་པར་བཞུགས་པའི་གནས་སྐབས་ཀྱི་མྱ་ངན་ལས་འདས་པ་ལ་ཟེར། དཔེར་ན། དགྲ་བཅོམ་པའི་གོ་འཕང་ཐོབ་ནས་ཚེ་འདིའི་ཕུང་པོ་མ་འགག་བར་གྱི་གནས་སྐབས་ལྟ་བུའོ།།[3]
ལྷག་མེད་ཀྱི་མྱ་ངན་ལས་འདས་པ། གོང་དུ་བཤད་པའི་ལྷག་བཅས་མྱང་འདས་ཐོབ་པའི་གང་ཟག་དེས། ཚེ་འདིའི་འཕེན་བྱེད་ཀྱི་ལས་ཟད་དེ་ཚེའི་འདུ་བྱེད་བཏང་བ་ན། སླར་ཡང་ལས་ཉོན་གྱི་དབང་གིས་སྲིད་པར་སྐྱེ་བ་མི་ལེན་ཞིང་། ཟག་བཅས་ཀྱི་ཕུང་པོའི་རྒྱུན་ཡོངས་སུ་འགག་སྟེ་ཕུང་པོའི་ལྷག་མ་ཙམ་ཡང་མེད་པར་ཞི་བའི་དབྱིངས་སུ་འགྲོ་བ་ལ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་བྱ།[4] འདི་ལ་ཉན་རང་རྣམས་ཀྱིས་ཞི་བ་ཕྱོགས་གཅིག་པའི་མྱང་འདས་ཞེས་ཀྱང་འགྲེལ་མཆན།
མི་གནས་པའི་མྱ་ངན་ལས་འདས་པ། ཐེག་པ་ཆེན་པོའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ཤེས་རབ་ཆེན་པོས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་རྟོགས་པས་འཁོར་བའི་སྡུག་བསྔལ་གྱི་མཐའ་ལ་མི་གནས་པ་དང་། ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་དམིགས་པས་ཉན་རང་ལྟ་བུའི་ཞི་བའི་མཐའ་ལ་མི་གནས་པར་མཛད་དེ། སྲིད་པ་དང་ཞི་བ་གཉིས་ཀའི་མཐར་མི་གནས་པར་མ་འཁོར་བ་ཇི་སྲིད་བར་དུ་སེམས་ཅན་གྱི་དོན་དུ་འཁོར་བར་གནས་པའི་ཁྱད་པར་ཅན་གྱི་མྱ་ངན་ལས་འདས་པ་དེ་ཡིན།[5]
རང་བཞིན་གྱི་མྱ་ངན་ལས་འདས་པ། འདི་ནི་གོང་གསལ་གྱི་གང་ཟག་སོ་སོའི་རྒྱུད་ཀྱི་དྲི་མ་གློ་བུར་བ་རྣམས་སྤངས་པའི་མྱང་འདས་གནས་སྐབས་པ་ལྟར་མ་ཡིན་པར། ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་ངོ་བོ་སྟོང་པ་ཉིད་དེ་ལ་བྱ་ཞིང་། དེ་ནི་ངོ་བོའི་སྒོ་ནས་འདུས་མ་བྱས་པ་དང་། ཐོག་མ་དང་ཐ་མ་མེད་པ། རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བའི་ཕྱིར་རང་བཞིན་གྱི་མྱ་ངན་ལས་འདས་པ་ཞེས་བརྗོད་པ་ཡིན།[6] མྱ་ངན་ལས་འདས་པ་འདི་ནི་གོང་དུ་བཤད་པའི་གང་ཟག་གི་མྱ་ངན་ལས་འདས་པ་གཞན་གསུམ་པོ་དེ་དག་ཐོབ་པའི་གཞི་རྟེན་ཡིན་ཏེ། ཆོས་ཉིད་དེ་ཉིད་རྟོགས་པའམ་མ་རྟོགས་པ། ཕྱོགས་ཙམ་རྟོགས་པ་དང་ཡོངས་སུ་རྫོགས་པར་རྟོགས་པ་སོགས་ཀྱི་སྒོ་ནས་གང་ཟག་གི་མྱང་འདས་ཀྱི་དབྱེ་བ་དེ་དག་འབྱུང་བའི་ཕྱིར་རོ།།[7]
ལུང་ཁུངས།
[edit]- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།